Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྗེ་རང་བྱུང་རྡོ་རྗེས་མཛད་པའི་གཅོད་ཀྱི་ཚོགས་མཆོད་རིན་ཆེན་དོན་བསྡུས་ཡིད་བཞིན་གཏེར་འབྱུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་རང་བྱུང་རྡོ་རྗེས་མཛད་པའི་གཅོད་ཀྱི་ཚོགས་མཆོད་རིན་ཆེན་དོན་བསྡུས་ཡིད་བཞིན་གཏེར་འབྱུང་།next

རྗེ་རང་བྱུང་རྡོ་རྗེས་མཛད་པའི་གཅོད་ཀྱི་ཚོགས་མཆོད་རིན་ཆེན་དོན་བསྡུས་ཡིད་བཞིན་གཏེར་འབྱུང་།


CMR053_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རང་བྱུང་རྡོ་རྗེས་མཛད་པའི་གཅོད་ཀྱི་ཚོགས་མཆོད་རིན་ཆེན་དོན་བསྡུས་ཡིད་བཞིན་གཏེར་འབྱུང་བཞུགས་སོ། །


CMR053_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲཛྙཱ་པཱ་ར་མི་ཏ་ཡེ། ཡུམ་ཆེན་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །སྤྲོས་མེད་རྣལ་འབྱོར་ཀུན་གྱི་སྤྱོད་ཡུལ་ལྟར། །གཅོད་ཀྱི་ཚོགས་མཆོད་བརྒྱ་སྟོང་བསག་ལ་མཁོ། །གཅོད་ཚོགས་མདོ་རུ་བསྡུས་པའི་ཚོགས་མཆོད་བཏང་ཚུལ་ལོ། །མཆོད་རྫས་གང་འཛོམས་བཤམས། སྐྱབས་ཡུལ་མདུན་གྱི་ནམ་མཁར་བསམས་ལ། མདུན་གྱི་ནམ་མཁར་མ་གཅིག་ལབ་ཀྱི་སྒྲོན་མ་ལ་ཕྱོགས་བཅུའི་སྐྱབས་ཡུལ་རྩ་གསུམ་རྒྱ་མཚོས་བསྐོར་བ་གསལ་བར་གྱུར། བདག་གཞན་འགྲོ་རྣམས་སྐྱབས་མཆི་སེམས་བསྐྱེད་དོ། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་མཆོད་པ་འབུལ། །ཉམས་ཆག་སྡིག་ལྟུང་སྙིང་ནས་འགྱོད་པས་བཤགས། །དགེ་


CMR053_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །བཞུགས་གསོལ་འདེབས་སོ་དགེ་རྩ་བྱང་ཆུབ་བསྔོ། །འགྲོ་ཀུན་འཁོར་བ་དོང་ནས་སྤྲུགས་ནས་ཀྱང་། །མ་གཅིག་ལབ་སྒྲོན་གོ་འཕང་མྱུར་ཐོབ་ཤོག །ཚོགས་བསགས་ཡན་ལག་བདུན་པའོ། །རང་མདུན་ནམ་མཁར་དག་པའི་ཞིང་ཁམས་དབུས། །རིན་ཆེན་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་མ་གཅིག་ལབ་ཀྱི་སྒྲོན། །དཀར་གསལ་མཛེས་འཛུམ་དར་དང་རིན་ཆེན་བརྒྱན། །དབུ་སྐྲ་ཐོར་ཚུགས་ཟལ་བུ་སྐུ་རྒྱབ་གྲོལ། །ཕྱག་གཡས་སེང་ལྡེང་ཌཱ་རུ་ནམ་མཁར་འཁྲོལ། །གཡོན་པས་དངུལ་དཀར་དྲིལ་བུ་དཀུ་


CMR053_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན། །ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་རོལ། །སྙན་གོང་གཡས་ཕྱོགས་དམ་པ་རྒྱ་གར་ལ། །ཕ་རྒྱུད་ཐབས་ཀྱི་བརྒྱུད་པའི་བླ་མས་བསྐོར། །གཡོན་དུ་རྗེ་བཙུན་ཕག་མོ་ལྷ་ལྔ་ལ། །མ་རྒྱུད་ཤེས་རབ་བརྒྱུད་པའི་བླ་མས་བསྐོར། །སྟེང་དུ་ཡུམ་ཆེན་རྒྱལ་བ་ཤཱཀ་ཐུབ་ལ། །གཉིས་མེད་དོན་གྱི་བརྒྱུད་པའི་བླ་མས་བསྐོར། །གདན་ཁྲིའི་མཐའ་བསྐོར་གཅོད་ཡུལ་བཀའ་སྲུང་ཚོགས། །མགོན་པོ་ཡོན་ཏན་མགྲོན་རིགས་དེ་རྒྱབ་ཏུ། །ལན་ཆགས་ཤ་འཁོན་སྙིང་རྗེའི་མགྲོན་ཀུན་གསལ། །མ་གཅིག་གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས། །འོག་མིན་གནས་ནས་གཅོད་ཡུལ་བརྒྱུད་པའི་ཚོགས། །མདུན་གྱི་ནམ་མཁར་སྤྱན་དྲངས་བྱོན་པར་གྱུར། །བཛྲ་ས་མ་ཡ་ཛ༔ སྤོས་བདུག་ལ། ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །ཡུམ་ཆེན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། །ཞེས་དང་། ་སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་


CMR053_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །བདེ་ཞིང་ཡངས་པར་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །པདྨ་ཀཱ་མ་ལུ་སྟྭཾ། ཞེས་སྤྱན་དྲངས་པར་བཞུགས་གསོལ་ཕྱག་འཚལ་མཆོད་པ་ནི། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་བཟང་ཆབ། །ཞལ་ཟས་རོལ་མོ་ཇི་སྙེད་པ། །བདག་གིས་གུས་པས་བཤམས་པ་འདི། །ཡུམ་ཆེན་འཁོར་དང་བཅས་ལ་འབུལ། །རྒྱལ་སྲིད་བཀྲ་ཤིས་རྫས་རྟགས་བརྒྱད། །འདོད་པའི་ཡོན་ཏན་རྣམ་པ་ལྔ། །ཕྱི་ནང་སྒེག་སོགས་ལྷ་མོ་བཅས། །ཡུམ་ཆེན་འཁོར་དང་བཅས་ལ་འབུལ། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུར་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །བསགས་སྦྱངས་སྤེལ་གསུམ་སྤྱི་ལྟར་ལ། བྱེ་བྲག་ཏུ་མཎྜལ་འབུལ་བ་ལ། ཐོག་མར་ནམ་མཁའ་སྒོ་འབྱེད་དུ་འཕོ་བ་ལ། བདག་ལུས་དབུ་མ་སྙིང་གི་པད་མོར་ཟུག །རྣམ་ཤེས་འུབ་འདུས་འོད་ཀྱི་ཐིག་ལེར་འདྲིལ། ་།ཚངས་བུག་ནས་འཕོས་མ་གཅིག་ཐུགས་ཀར་ཐིམ། །དགོངས་པ་མཉམ་ཉིད་ངང་དུ་རོ་


CMR053_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གྱུར། །ཕཊ་ཕཊ་ཕཊ། ཅེས་སྤྲོས་བྲལ་དུ་བཞག །མ་གཅིག་ཐུགས་ལས་རང་རིག་གི །ཕག་མོ་དམར་མོ་ཕྱིར་འཕྲོས་པས། །དེ་ཡིས་བེམ་པོ་བཤས་གྱུར་པའི། ། པགས་པ་གསེར་གྱི་ས་གཞི་ལ། །རང་ལུས་རི་མཆོག་ཉི་ཟླས་བརྒྱན། །སྡེབ་བཞི་གླིང་བཞི་འཁོར་ཡུག་བཅས། །ལུས་མཎྜལ་ཡོངས་སུ་རྫོགས་པ་འདི། །ཡུམ་ཆེན་རྒྱལ་བའི་དཀྱིལ་འཁོར་ལ། །ཀུན་ནས་དད་པས་བདག་འབུལ་ལོ། །ཕཊ་ཕཊ་ཕཊ། ཅེས་དང་། སླར་ཡང་བེམ་རིག་ཕྲལ་ནས་མཆོད་མགྲོན་ལ་ལུས་ཀྱི་ཚོགས་འབུལ་བ་ནི། ཕཊ། རང་རིག་རང་ལུས་ནས་ཐོན་ནམ་མཁར་འཕངས། །མཁའ་འགྲོ་མ་རུ་གྱུར་ནས་ཕྱག་གཡས་ཀྱི། །གྲི་གུག་བེམ་པོའི་ཐོད་པར་ཚད་ཙམ་གྱིས། །བྲེག་ནས་རང་བྱུང་ཐོད་སྐྱེད་སྟེང་དུ་བཙུགས། །དེ་ནང་བེམ་པོ་བཅུག་པར་མེ་རླུང་གཡོས། །ཞུ་ཞིང་ཁོལ་ནས་འབྲུ་གསུམ་བྱིན་བརླབས་པས། །རང་རང་ཅི་འདོད་མཆོད་པའི་སྤྲིན་འཕྲོ་བ། །ཟག་མེད་བདུད་རྩིའི་རྒྱ་མཚོར་གྱུར་པ་འདི། །བླ་མ་ཡི་དམ་དཀོན་མཆོག་སྲིད་ཞུའི་མགྲོན། །ཕྲིན་ལས་མགྲོན་དང་གནོད་བྱེད་ཤ་འཁོན་མགྲོན། །རིགས་དྲུག་བྱམས་དང་སྙིང་རྗེའི་མགྲོན་།


CMR053_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ། །བདག་ལུས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །རྩ་གསུམ་ཆོས་སྐྱོང་ཐུགས་དམ་བསྐང་གྱུར་ཅིག །བགེགས་རིགས་ལན་ཆགས་ཤ་འཁོན་བྱང་གྱུར་ནས། །གནོད་སེམས་ཀུན་ཞི་ཕན་སེམས་ལྡན་གྱུར་ཅིག །རིགས་དྲུག་ཀུན་ཚིམ་སྡུག་བསྔལ་ཞི་གྱུར་ཅིག །ཐམས་ཅད་སངས་རྒྱས་གོ་འཕང་ཐོབ་གྱུར་ཅིག ། ཕཊ་ཕཊ་ཕཊ། ཅེས་དཀར་འགྱེད་དང་དམར་འགྱེད་ཕུང་པོ་ཤ་ཁྱེར་ཁྲག་ཁྱེར་ལ་ཐོག་མར་ཟིལ་གནོན་དབང་སྡུད་ནི། ཕཊ། རང་ཉིད་སྐད་ཅིག་ཁྲོས་མ་ནག་མོར་གསལ། །ཐུགས་ལས་འོད་འཕྲོས་སྣང་སྲིད་ལྷ་འདྲེ་ཀུན། །སྐད་ཅིག་དབང་སྡུད་རང་མདུན་ཁྲོམ་ལྟར་འཚོགས། །ཐམས་ཅད་མ་ལུས་ཟིལ་གྱིས་གནོན་པར་གྱུར། །ཕཊ་ཕཊ་ཕཊ། རྐང་དུང་དྲག་འབུད་ལན་གསུམ་བྱ། ཀྱེ་མ། འདུས་ཤིག་འདུས་ཤིག་ཤ་ཟ་འདུས། །དབུགས་ལེན་ཐམས་ཅད་འདིར་འདུས་ཤིག །བཤའ་བཤུས་རོ་ཡི་རྩ་འདིར་འདུས། །ཤ་བགོས་རོགས་ལ་སླེབ་པར་གྱིས། །འདྲེ་ཁྱེད་རྣམས་བདག་གི་ཕ་མ་ཡིན། །བུ་ཡི་ཤ་ཁྲག་རོལ་དུ་ཤོག །ཁྱེད་རྣམས་དྲིན་ཆེན་ཕ་མ་ཡིན། །ད་རེས་བཟང་ལེན་ལེན་དུ་ཤོག །སྔོན་ཆད་ལུས་འདི་


CMR053_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

གཅེས་པར་བཟུང་། །རྒྱུ་དེས་ད་རུང་འཁོར་བར་འཁྱམས། །ད་ནི་མི་ཆགས་སྟོན་མོ་འགྱེད། །མགྲོན་རིགས་སྲིད་རྩེ་མན་ཆད་ནས། །ན་རཀ་དམྱལ་བ་ཡན་ཆད་ཀྱི། །གནས་པའི་ལྷ་དང་ལྷ་མ་སྲིན། །ཕོ་བདུད་ལས་ཀྱི་རྒྱལ་འགོང་འདུས། །མོ་བདུད་ལས་ཀྱི་འདྲེ་མོ་འདུས། །ཕོ་བདུད་རྒྱལ་འགོང་སྲོག་བདག་འདུས། །མོ་བདུད་འདྲེ་མོ་བསེན་མོ་འདུས། །སྲིད་པ་ཡི་ནི་འདྲེ་དགུ་འདུས། །གཙུག་ལག་ཁང་གི་གདོན་བཅུ་འདུས། །གཙོ་བོ་གདོན་ཆེན་བཅོ་ལྔ་འདུས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་འདུས། །བྱིས་པའི་གདོན་ཆེན་བཅོ་ལྔ་འདུས། །གློ་བུར་དགུ་བཅུ་རྩ་གཅིག་འདུས། །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་འདུས། །འདིར་ཤོག་འདིར་འདུས་ཤ་ཁྲག་རོལ། །སྤྱི་བོ་ཚངས་བུག་མན་ཆད་ནས། །རྐང་མཐིལ་སེན་མོ་ཡན་ཆད་ཀྱི། །ལུས་འདི་ཕྱི་ནང་ཐམས་ཅད་ལ། །ཁོ་བོས་ཆགས་ཞེན་མི་བྱེད་དོ། །ཤ་ཟོ་ཁྲག་འཐུང་རུས་པ་མུར། །། མགོ་བོ་ཡན་ལག་དོན་སྙིང་ཁྱེར། །ཐམས་ཅད་བག་ཕོབ་ཚིམ་པར་རོལ། །ཞི་བར་གྱིས་ཤིག་བརླག་པར་གྱིས། །ཕུང་བར་གྱིས་ཤིག་རྩ་བ་ཆོད། །ཐུལ་ཅིག་ཆོམས་ཤིག་མཱ་ར་


CMR053_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཡ། །ཕཊ་ཕཊ་ཕཊ། ཅེས་བློ་སྦྱོང་མཚོན་ཆའི་འཁོར་ལོ་ལས་བྱུང་བའོ། །དེ་ནས་གཅོད་ཡུལ་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས་པ་ནི། ན་མོ་གུ་རུ། གནས་འོག་མིན་ཆོས་། དབྱིངས་ཕོ་བྲང་ནས། །ཡུམ་ཆེན་ཤེར་ཕྱིན་བཅོམ་ལྡན་ཤཱཀྱ་ཐུབ། །འཇམ་དཔལ་སྨྲ་སེང་ཨརྱ་དེ་ཝ་དང་། །དམ་པ་རྒྱ་གར་ཨ་མ་ལབ་ཀྱི་སྒྲོན། །ཁམ་བུ་ཡ་ལེ་གྲུབ་ཆེན་ཡེ་ཤེས་འབར། །གནམ་མཚོ་བ་དང་རང་བྱུང་གཡུང་སྟོན་ཞབས། །རོལ་པའི་རྡོ་རྗེ་དར་རྒྱལ་མཁའ་སྤྱོད་དབང་། །དེ་བཞིན་གཤེགས་པ་རིན་ཆེན་བཟང་པོ་དང་། །མཐོང་བ་དོན་ལྡན་ཀུན་མཁྱེན་འཇམ་དཔལ་བཟང་། །སངས་རྒྱས་མཉན་པ་འཇིགས་མེད་མི་བསྐྱོད་རྗེ། །མཚུངས་མེད་རྒྱལ་བ་དཀོན་མཆོག་ཡན་ལག་དང་། །དབང་ཕྱུག་རྡོ་རྗེ་ཆོས་ཀྱི་དབང་ཕྱུག་ཞབས། །ཀུན་དགའ་རྣམ་རྒྱལ་ཀརྨ་ཆགས་མེད་སོགས། །གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་ཡུམ་ཆེན་མོས་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཕཊ་ཕཊ་ཕཊ། དེ་ནས་ལྷ་ཚོགས་རྣམས་ལ་བསྟོད་པ་ནི། ཕཊ། རང་རིག་ཡེ་ཤེས་སྟོན་མཛད་པའི། །ཕ་བླ་མ་རྣམས་ལ་ཕྱག་


CMR053_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་བསྟོད། །དངོས་གྲུབ་ངེས་པར་སྩོལ་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །བར་ཆད་ཐམས་ཅད་སེལ་མཛད་པའི། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་བསྟོད། །སྐྱེ་བ་བདུན་ལ་འགྲོ་དོན་མཛད། །དམ་པ་རྒྱ་གར་སྐུ་ལ་ཕྱག་འཚལ་བསྟོད། །མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །ལབ་ཀྱི་སྒྲོན་མ་དེ་ལ་ཕྱག་འཚལ་བསྟོད། །གང་ལ་གང་འདུལ་འགྲོ་དོན་མཛད། །ཕ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པ་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །ཕཊ་ཕཊ་ཕཊ། བསྙེན་པ་ནི། ཕཊ། ཡུམ་ཆེན་ཐུགས་ཀར་པད་ཟླའི་སྟེང་། །ཨ་ཡིག་མཐའ་མར་གཱ་ཏེའི་སྔགས། །གཡོན་དུ་འཁོར་བས་སྣོད་བཅུད་ཀུན། །དག་པ་གསུམ་གྱི་རང་བཞིན་གྱུར། །ཏདྱ་ཐཱ། ཨོཾ་གཱ་ཏེ་གཱ་ཏེ་པ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཅི་འགྲུབ་བཟླ་བར་བྱའོ། །དེ་ནས་ཚོགས་བསང་ཆུས་བྲན་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ། ཕཊ། མདུན་གྱི་གཅོད་ཡུལ་བརྒྱུད་པ་ཐམས་ཅད་ཀྱི། །སྐུ་ལས་འོད་ཟེར་དཔག་


CMR053_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མེད་པ་འཕྲོས། །ཡུལ་དེར་ཕོག་པས་ཨོ་རྒྱན་ཡུལ་དུ་གྱུར། །གནས་ཁང་ལ་ཕོག་གཞལ་ཡས་ཁང་དུ་གྱུར། །མགྲོན་ལ་ཕོག་པས་དཔའ་བོ་དཔའ་མོར་གྱུར། །སྣོད་བཅུད་ལ་ཕོག་པདྨ་བྷཉྫར་གྱུར། །ཚོགས་རྫས་ལ་ཕོག་ཡེ་ཤེས་བདུད་རྩིར་གྱུར། །ཕཊ་ཕཊ་ཕཊ། གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །གཅོད་ཡུལ་གྱི་གྲུབ་ཐོབ་བརྒྱུད་པ་རྣམས། །དཔའ་བོ་དང་དཔའ་མོའི་དབུས་ན་བཞུགས། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་རློབས། །གཞོང་པ་ཉི་ཟླའི་གཏོར་གཞུང་དུ། །ཚོགས་ཀྱང་འོད་དུ་ལྟེམས་སེ་ཞུ། །འོད་ཕུང་འབར་བའི་ཚོགས་མཆོད་འདི། །བླ་མ་ཡི་དམ་མཁའ་འགྲོ་དང་། །རྒྱལ་བའི་དཀྱིལ་འཁོར་མཉེས་གྱུར་ཅིག །ཕཊ་ཕཊ། ཚོགས་མཆོད་བདུད་རྩིའི་ཕུད་རླངས་ལས། །མཆོད་ལྷ་བཅུ་དྲུག་བར་སྣང་གང་། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་བདུན། །ཕྱི་ནང་གསང་མཆོད་འདོད་ཡོན་ལྔ། །ཟག་མེད་བདེ་སྟོང་མཆོད་པ་འབུལ། །ཕཊ་ཕཊ་ཕཊ། རྡོ་རྗེ་འཆང་ཆེན་མན་ཆད་ནས། །རྩ་བའི་བླ་མ་ཡན་ཆད་བཅས། །མ་ལུས་འཁོར་བཅས་


CMR053_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལ་རོལ། །ཡི་དམ་ལྷ་ཚོགས་མན་ཆད་ནས། །དཔའ་བོ་མཁའ་འགྲོ་ཡན་ཆད་བཅས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །རྡོ་རྗེ་ཕག་མོ་མན་ཆད་ནས། །རིགས་བཞིའི་མཁའ་འགྲོ་ཡན་ཆད་བཅས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ཆོས་སྐྱོང་མ་མགོན་མན་ཆད་ནས། །དཀྱིལ་འཁོར་མཐའ་སྐྱོང་ཡན་ཆད་བཅས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ཤཱཀྱ་ཐུབ་པ་མན་ཆད་ནས། །དམྱལ་ཁམས་བཅོ་བརྒྱད་ཡན་ཆད་བཅས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །སྟོང་གསུམ་གཞི་བདག་མན་ཆད་ནས། །གནས་པོ་དགེ་བསྙེན་ཡན་ཆད་བཅས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ལ་ལ་ཕྱི་ཡི་ཚོགས་ལ་རོལ། །ལ་ལ་ནང་གི་ཚོགས་ལ་རོལ། །ལ་ལ་གསང་བའི་ཚོགས་ལ་རོལ། །དེ་ཁོ་ན་ཉིད་ཀྱི་ཚོགས་ལ་རོལ། །ཨ་ཨ་ལ་ལ་སྟེ་དགྱེས་པར་མཛོད། །ཕཊ་ཕཊ་ཕཊ། དབུས་དང་ཕྱོགས་བཅུའི་གཙོ་མོ་རེ་རེ་ལ། །མཁའ་འགྲོ་འབུམ་ཕྲག་རེ་རེའི་མཐའ་བསྐོར་དུ། །ཕྱོགས་མཚམས་སོ་སོའི་ལྷ་འདྲེ་ཀུན་གྱིས་བསྐོར། །ལས་བྱེད་མཁའ་འགྲོ་འབུམ་ཚོ་འབུམ་ཚོ་ཡིས། །ཕྱོགས་བཅུའི་མགྲོན་


CMR053_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀུན་ལ་སོ་སོར་མཆོད། །ཐམས་ཅད་མཉེས་ཤིང་དགའ་མགུ་ཡི་རང་གྱུར། །ཕཊ་ཕཊ་ཕཊ། གཏོར་བསྔོས་ལས་རིམ་ནི། ཕཊ། ཡཾ་ལས་རླུང་དང་རཾ་ལས་མེ། །ཀཾ་ལས་ཐོད་སྐྱེད་གསུམ་གྱི་སྟེང་། །གཏོར་སྣོད་ཨ་ལས་ཀ་པཱ་ལར། །གཏོར་མ་ཤ་ལྔ་བདུད་རྩི་ལྔ། །མེ་སྦར་སྣོད་དྲོས་རྫས་རྣམས་ཁོལ། །ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ། ཕོ་ཕོ་ཡེ། ན་མོ་པྲཛྙཱ་པཱ་ར་མི་ཏ་སརྦ་ཏ་ཐཱ་ག་ཏ་གུ་རུ་དྷེ་ཝ་ཌཱཀི་ནི་དྷརྨ་པཱ་ལ་བ་སུ་དེ་ཝ་སརྦ་ལོ་ཀ་པཱ་ལ་ནཱ་ག་རཱ་ཛ་བྷུ་མི་པཱ་ཏི་ས་པ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་གཅོད་ཡུལ་ཕྱག་རྒྱ་ཆེན་པོ་དར་ཞིང་རྒྱས་པ་དང་། རྣལ་འབྱོར་པ་བདག་གི་ཕྲིན་ལས་རྣམ་པ་བཞི་ཐོགས་པ་མེད་པར་བསྒྲུབས་པའི་ཕྲིན་ལས་མཛོད་ཅིག །དེ་ནས་བསྔོ་བ་ནི། ཨོཾ་ཨཱཿཧཱུྃ། ཁམས་གསུམ་མ་ལུས་སྐུ་གསུང་ཐུགས། །སྐུ་གསུམ་འཁོར་འདས་ཐུགས་རྗེའི་མགྲོན། །སྟོང་གསུམ་བདུད་རྩིས་ཁེངས་པའི་རྫས། །གཏོར་མ་འདོད་ཡོན་ལྔ་རུ་བསྔོ། །ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ། །ནང་བཅུད་སེམས་ཅན་གཏོར་མས་བསྐང་། །སྐྱེ་འཆི་མེད་


CMR053_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞེས་སུ་གསོལ། །ཀ་པཱ་ལ་ཡི་གཏོར་གཞོང་དུ། །ཤ་ཁྲག་དོན་སྙིང་གཏོར་མས་བཀང་། །ཆགས་ཞེན་མེད་པའི་མཆོད་པ་བཞེས། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །ཕཊ་ཕཊ་ཕཊ། དེ་ནས་བསྐང་བ་ནི། ཧཱུྃ། བེམ་ཤུན་རང་བྱུང་ལྷུན་གྲུབ་མཎྜལ་ཆེ། །ཡན་ལག་གླིང་བཞི་མིག་གཉིས་ཉི་ཟླ་སྟེ།། །སྒལ་ཚིགས་རི་རབ་མགོ་བོ་རྣམ་རྒྱལ་ཁང་། །རྣམ་ཤེས་ཚོགས་བརྒྱད་འདོད་ཡོན་ལྷ་མོ་འཕྲོ། །ཀུན་བཟང་མཆོད་སྤྲིན་ཟག་མེད་སྐོང་རྫ་ས་འདིས། །གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་ཐུགས་དམ་བསྐང་། །ཡི་དམ་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་། །གཅོད་ཡུལ་བཀའ་སྲུང་དམ་ཅན་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་ཀུན་གྱི་ཐུགས་དམ་བསྐང་། །དེ་ལྟར་ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །ལོངས་སྤྱོད་འཛད་མེད་ཆུ་བོའི་རྒྱུན་བཞིན་སྩོལ། །གཞི་བྱེས་ལམ་གསུམ་གར་འགྲོ་གར་འདུག་ཀྱང་། །སྐྱེལ་བསུ་རོགས་དན་ཁ་འཛིན་མ་གཡེལ་ཅིག །ཉིན་མཚན་བྱ་ར་མེལ་ཚེ་མགོན་སྐྱབས་མཛོད། །བཀྲ་ཤིས་བདེ་ལེགས་འགྲུབ་པར་མཛད་དུ་གསོལ། །བཤགས་པ་ནི། ཕཊ། མཐོལ་ལོ་བཤགས་སོ་ཡེ་ཤེས་


CMR053_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ། །གནོང་ངོ་འགྱོད་དོ་གཅོད་ཡུལ་བརྒྱུད་པ་རྣམས། །དག་ཚངས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ལམ་མ་ནོར་ཆོས་ཀྱི་དབྱིངས་སུ་དྲོངས། །མི་ལྡོག་བདེ་ཆེན་གྱི་ས་ལ་འགོད་གྱུར་ཅིག །ཕཊ་ཕཊ་ཕཊ། དེ་ནས་ཚོགས་ལ་རོལ་ཞིང་ལྷག་མ་ནི། ཨོཾ་ཨཱཿཧཱུྃ། བྷནྡྷའི་སྣོད་དུ་ལྷག་མའི་གཏོར་མ་ནི། །འདོད་ཡོན་ལྔ་ལྡན་ཡེ་ཤེས་བདུད་རྩིར་གྱུར། །ལས་བྱེད་མཁའ་འགྲོའི་སྤྲུལ་པ་ཀེང་རུས་ཀྱི། །གཟུགས་ཅན་མཁའ་འགྲོ་མང་པོས་ལྷག་གཏོར་ཁྱེར། །ལྷག་སྡུད་འཇིག་རྟེན་རིགས་ཀྱི་ཌཱཀི་ལྔ། །རང་རང་མདོག་མཚུངས་ཐོར་ཚུགས་རལ་པ་ཅན། །ལག་ན་རང་རྟགས་གྲི་གུག་ཐོད་ཁྲག་བསྣམས། །ཤ་ཟ་ཞིང་སྐྱོང་ལྷག་མགྲོན་འཁོར་བཅས་ལ། །སོ་སོར་ཅི་འདོད་སྦྱིན་པས་དགྱེས་པར་རོལ། །དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛད་དུ་གསོལ། །ཨོཾ་ཨུཙྪིཥྛ་བྷཀྵ་བྷཀྵ་སྭཱ་ཧཱ། ཕཊ། ལྷག་མ་གཙང་སར་བླུག །དེ་ནས་གཏོར་མ་འབུལ་བ་ནི། ། དཀོན་མཆོག་གསུམ་དང་གཅོད་ཡུལ་བརྒྱུད་པའི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བདེན་པས་དགྲ་བགེགས་གནོད་བྱེད་ཐམས་ཅད་གཏོར་མ་ལིངྒང་འདི་ཉིད་ལ་ཁུག་ཅིག །


CMR053_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿཧཱུྃ་བཾ་ཧོཿ ཨོཾ་ཨཱཿཧཱུྃ། ཧཱུྃ། མ་གཅིག་ཁྲོས་མ་ནག་མོ་ནི། །ཤ་ཟ་ཌཱཀི་འཁོར་དང་བཅས། །གཞན་ཡང་གཅོད་ཡུལ་བརྒྱུད་པ་ཡི། །བསྟན་སྲུང་དམ་ཅན་རྒྱ་མཚོ་རྣམས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །མ་གཅིག་ལབ་སྒྲོན་སྤྱན་སྔ་རུ། །ཁས་བླངས་དམ་བཅས་དྲན་མཛོད་ལ། །གཅོད་ཡུལ་བསྟན་པ་སྲུང་བ་དང་། །གཅོད་མཁན་བདག་གི་སྡོང་གྲོགས་མཛོད། །ཡིད་ལ་མནག་པའི་དགྲ་བགེགས་སྒྲོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །སྦྱོ། འཇིག་རྟེན་བོད་ཀྱི་ཞིང་ཁམས་། སྐྱོང་མཛད་བརྟན་མ་བཅུ་གཉིས་ནི། །ནམ་མཁའི་མཐོངས་ནས་འདིར་གཤེགས་ལ། །དམ་རྫས་བདུད་རྩིའི་བཤལ་ཆུ་བཞེས། །ལབ་སྒྲོན་སྤྱན་སྔར་ཁས་བླངས་བཞིན། །བོད་ཁམས་བདེ་བའི་ཕྲིན་ལས་མཛོད། །ཅེས་དམིགས་པའི་ཕྱོགས་སམ་ཕྱི་རོལ་དུ་ཕུལ་གཏོར་གཞོང་སྦུབ་ལ་རྡོ་རྗེ་རྒྱ་གྲམ་གྱིས་མནན་ལ། ཕཊ། གནོད་བྱེད་དམ་སྲི་ཐམས་ཅད་གཏོར་གཞོང་རི་རབ་འབར་བའི་འོག་ཏུ་ཁུག་ཅིག །ཕཊ། ཕྱོགས་བཞི་འཁོར་ལོའི་རྩིབས་སྟེང་དུ། །རིགས་བཞི་མཁའ་འགྲོས་བྲོ་བརྡུངས་བས། །དཔའ་བོས་བྲོ་བརྡུང་ཁྲིགས་སེ་


CMR053_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིག །དཔའ་མོས་གར་བྱེད་ཁྱུགས་སེ་ཁྱུག །རྣལ་འབྱོར་བདག་གིས་བྲོ་བརྡུངས་བས། །དགྲ་དམ་སྲིའི་མགོ་ལ་ཆེམས་སེ་ཆེམ། །དུག་གསུམ་མགོ་ལ་ནེམས་སེ་ནེམ། །དུག་ལྔའི་མགོ་ལ་ད་རོལ་ཅིག །ཨོཾ་ལཾ་ཨཱལཾ་ཧཱུཾ་ལཾ་ཙཱ་བྷ་ཡ་ནན། དེ་ནས་མགྲོན་རྣམས་འཁོན་སེམས་སྦྱང་ཞིང་གསོ་བ་ནི། བདག་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར། །ཐུགས་ཀར་ཟླ་སྟེང་ཧྲིལ་ཡིག་དྲུག་བསྐོར། །སྐུ་ལས་བདུད་རྩི་བབས་པས་མགྲོན་རྣམས་འཐུང་། །གདུག་རྩུབ་ཀུན་ཞི་སྤྱན་གཟིགས་སྐུར་གྱུར་ནས། །ཐམས་ཅད་མགྲིན་གཅིག་ཡིག་དྲུག་འདོན་པར་གྱུར། །ཡི་གེ་དྲུག་པ་ཅི་ནུས་བཟླ། ཕཊ། ལུས་སྦྱིན་ཚོགས་འཁོར་འདི་ཕུལ་བས། །བདག་སོགས་སེམས་ཅན་ཐམས་ཅད་ཀྱི། །ལན་ཆགས་བུ་ལོན་ཤ་འཁོན་བྱང་། །ཐམས་ཅད་སངས་རྒྱས་ཐོབ་པར་ཤོག །ཕཊ་ཕཊ་ཕཊ། ན་མོ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས།་།རྒྱུ་ལས་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་


CMR053_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བར་ཆད་མེད་པའི་ལམ་བསྒྲོད་ནས། །མ་ཡུམ་ཆེན་གོ་འཕང་ཐོབ་པར་ཤོག །ཕཊ་ཕཊ་ཕཊ། དེ་ནས་རྗེས་ཆོག་ནི། གུ་རུ་དྷེ་ཝ་ཌཱཀི་ནཱི་སརྦ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨབྷཾ་སོགས་ནས་ཤརྡ་པྲ་ཏིཙྪ་ཧོས་མཆོད། །བསྟོད་པར་འོས་པ་ཐམས་ཅད་ལ་སོགས་ཀྱིས་བསྟོད། མ་འབྱོར་པ་དང་སོགས། ཡི་གེ་བརྒྱ་པ་བརྗོད། བསྔོ་བ་ནི། ཡུམ་ཆེན་རྩ་གསུམ་ལྷ་ཚོགས་དགོངས། །འཕགས་པ་སོ་སོའི་སྐྱེ་བོ་ཡིས། །དགེ་བ་ཀུན་ལ་རྗེས་ཡི་རང་། །དེ་ཡི་དགེ་བའི་རྩ་བ་དང་། །ཚོགས་འཁོར་ཕུལ་བའི་དགེ་བ་རྣམས། །ཡུམ་ཆེན་སྲས་བཅས་སྤྱན་སྔར་འབུལ། །ཀུན་བཟང་མཆོད་སྤྲིན་འབྱུང་གྱུར་ཅིག །དེ་ཡི་དགེ་བས་གནོད་བྱེད་གཙོས། །སེམས་ཅན་བདེ་ལྡན་སྡུག་བསྔལ་བྲལ། །མྱུར་དུ་མངོན་སངས་རྒྱས་གྱུར་ཅིག །དགེ་རྩ་བདག་དང་བསྲུང་བྱར་སྨིན། །ནད་གདོན་བར་ཆད་ཀུན་བྱང་ནས། །ཚེ་བསོད་ཉམས་དང་རྟོགས་པ་འཕེལ། །མཆོག་གི་དངོས་གྲུབ་ཐོབ་གྱུར་ཅིག །ནམ་ཞིག་འཆི་བའི་དུས་བྱུང་ཚེ། །བདེ་བ་ཅན་


CMR053_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྐྱེ་གྱུར་ཅིག །དེ་ནས་བཀྲ་ཤིས་ནི། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་གྱི་བཀྲ་ཤིས་ཤོག །མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ཡན་ལག་དྲུག་ཅུའི་གསུང་གི་བཀྲ་ཤིས་ཤོག །མཐའ་བྲལ་འཁྲུལ་མེད་ཐུགས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི། །མཁའ་ལ་ཉི་མ་ཤར་བ་བཞིན། །ཕྱོགས་དུས་ཀུན་ཏུ་ཁྱབ་གྱུར་ཅིག །ཕཊ་ཕཊ་ཕཊ། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡིས་མཐུས། །འགྲོ་བའི་དོན་དུ་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་འགྲོའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག །འཇིག་རྟེན་ཆོས་སྐྱོང་སྲུང་མ་རྣམས། །སོ་སོའི་ཡུལ་དུ་གཤེགས་སུ་གསོལ། །སོ་སོའི་ཡུལ་དུ་གཤེགས་ནས་ཀྱང་། ། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུ༔ རྣམ་ཤེས་དབབ་པ་ནི། ཕཊ། མ་གཅིག་ཐུགས་ཀ་ནས་རང་གི་རྣམ་ཤེས་ཀྱི་ངོ་བོ་ཐིག་


CMR053_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་དཀར་པོ་མར་བབས། །རང་གི་ཚངས་བུག་ནས་ཞུགས། །སྙིང་གི་དབུས་སུ་ཐིམ་པར་གྱུར། ཕཊ་ཕཊ་ཕཊ། དེ་ནས་བྱིན་རླབས་ཞུ་བ་ནི། ཕཊ། མ་གཅིག་ཐུགས་ལས་འོད་ཟེར་དཀར་དམར་མཐིང་། །འཕྲོས་པས་བདག་དང་བསྲུང་བྱའི་སྒོ་གསུམ་ལ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པར་གྱུར། །མ་གཅིག་འོད་ཞུ་རང་ལ་ཐིམ་པར་གྱུར། །ཡེ་སྟོང་ཐིག་ལེ་ཆེན་པོའི་ངང་དུ་ཕཊ། །ཕཊ་ཕཊ་ཕཊ། ཅེས་དང་། སེམས་ཀ་དག་ངང་ལ་མཉམ་པར་བཞག་གོ །དགེ་བ་འདི་ཡིས་མྱུར་དུ་བདག །གཅོད་ཡུལ་ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ནས། །འགྲོ་བ་སེམས་ཅན་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །སླར་ཡང་ལྷ་སྐུ་སྒྱུ་མ་ལྟ་བུའི་སྤྱོད་ལམ་ལ་འཇུག་པར་བྱའོ། །ཞེས་པ་འདི་ནང་ཆེན་གཅོད་ཚིག་མའི་བརྒྱུད་འཛིན་གཅོད་ཀྱི་རྣལ་འབྱོར་པ་པདྨ་དབང་དྲག་ནས་འདི་ལྟར་དགོས་ཞེས་ཡང་ཡང་བསྐུལ་ངོར་གཅོད་རྒན་ཨ་རཱ་གས་མདོར་བསྡུས་བྲིས་པས་གཅོད་ཡུལ་ཕྱག་རྒྱ་ཆེན་པོའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་བརྟན་པར་གྱུར་ཅིག །དགེའོ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR053_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་ཁྲམ་གཅོད་པ་གྲགས་པ་ལ་གནང་བའི་གཅོད་ཀྱི་ཞལ་གདམས་བཞུགས་སོ།། ན་མོ་པྲཛྙཱ་པཱ་ར་མི་ཏ་ཡེ། ཡུམ་ཆེན་ཤེར་ཕྱིན་ཞབས་ལ་ཕྱག་འཚལ་ནས། །དེང་སང་གཅོད་ཡུལ་ཕྱག་རྒྱ་ཆེན་པོ་ལ། །མངའ་བརྙེས་རྡོ་ཁྲམ་གཅོད་པ་གྲགས་པ་ཁྱེད། །དེང་འདིར་བདག་གི་ཕུག་སྒོར་བྱོན་པ་ལེགས། །ངག་བཅད་དམ་ཕྱིར་གསུང་གླེང་ཡི་གེར་བྲི། །ཁྱེད་ནི་བླ་མ་མང་བསྟེན་ཁྲིད་མང་ཞུས། །ད་ལྟ་ཡུམ་ཆེན་ཤེར་ཕྱིན་མངོན་སུམ་རྟོགས། །ད་ཡང་གཅོད་ལུགས་འདི་ལྟར་བཅད་ན་ལེགས། །མི་རྟག་འཆི་བ་དྲན་པས་བདག་འཛིན་གཅོད། །ནམ་འཆི་ངེས་མེད་དྲན་པས་ལེ་ལོ་གཅོད། །བློ་སྣ་བཏུང་བས་ཆོས་ལ་ཕྱི་གཤོལ་གཅོད། །ལས་འབྲས་བསླུ་མེད་དྲན་པས་སྤྱོད་ཅིང་གཅོད། །ངན་འགྲོའི་སྡུག་བསྔལ་དྲན་པས་སྡིག་ལྟུང་གཅོད། །འཁོར་བའི་ཉེས་དམིགས་དྲན་པས་ཞེན་ཚིགས་གཅོད། །དལ་འབྱོར་ཆུད་ཟོས་རྙེད་དཀའ་དྲན་པས་གཅོད། །སྐྱབས་འགྲོ་ངེས་ཤེས་འཁོར་བའི་འཇིགས་པ་གཅོད། །སེམས་བསྐྱེད་བརྟན་པོས་ཐེག་དམན་གོལ་ས་གཅོད། །བཤགས་སྦྱངས་དྲག་པོས་སྡིག་སྒྲིབ་ཐམས་ཅད་གཅོད། །མཎྜལ་མཆོད་པས་བསོད་ནམས་ཆུང་བ་གཅོད། །


CMR053_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་རྟོགས་གེགས་སྐྱོན་གསོལ་འདེབས་དྲག་པོས་གཅོད། །རྣམ་རྟོག་འཕྲོ་རྒོད་ཞི་གནས་འཐུག་པོས་གཅོད། །མི་གསལ་བྱིང་འཐིབ་རིག་པ་ངར་གྱིས་གཅོད། །གང་ཤར་ཐམས་ཅད་རང་ངོ་ལྟ་བས་གཅོད། །ཞེ་སྡང་མེ་ལོང་ཡེ་ཤེས་ངང་དུ་གཅོད། །ང་རྒྱལ་མཉམ་ཉིད་ཡེ་ཤེས་ངང་དུ་གཅོད། །འདོད་ཆགས་སོར་རྟོག་ཡེ་ཤེས་ངང་དུ་གཅོད། །ཕྲག་དོག་བྱ་གྲུབ་ཡེ་ཤེས་ངང་དུ་གཅོད། །གཏི་མུག་ཆོས་དབྱིངས་ཡེ་ཤེས་ངང་དུ་གཅོད། །གཟུགས་རྣམས་ཐམས་ཅད་སྣང་སྟོང་ངང་དུ་གཅོད། །སྒྲ་རྣམས་ཐམས་ཅད་གྲག་སྟོང་ངང་དུ་གཅོད། །དྲི་རྣམས་ཐམས་ཅད་ཚོར་སྟོང་ངང་དུ་གཅོད། །རོ་རྣམས་ཐམས་ཅད་མྱང་སྟོང་ངང་དུ་གཅོད། །རེག་རྣམས་ཐམས་ཅད་རེག་སྟོང་ངང་དུ་གཅོད། །བདེ་གསལ་མི་རྟོག་ཉམས་ལ་ཞེན་ཆགས་གཅོད། །བཟང་པོའི་རྟགས་ལ་དགའ་བྲོད་མེད་པར་གཅོད། །ངན་པའི་རྟགས་ལ་རྣམ་རྟོག་མེད་པར་གཅོད། །ཐ་མལ་རྣམ་རྟོག་བྱུང་གནས་རྩད་རྗེས་གཅོད། །འབྲིང་གིས་ཉམས་རྟོགས་ཐུག་འཕྲད་རང་གྲོལ་གཅོད། །རབ་ཀྱིས་རྣམ་རྟོག་མ་བཅོས་རང་གར་གཅོད། །དུས་རྣམས་ཀུན་ཏུ་དྲན་པའི་རྒྱང་སོས་གཅོད། །ཐ་མལ་སྣང་བ་བསྐྱེད་རིམ་བསྒོམས་


CMR053_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

པས་གཅོད། །ཐ་མལ་ངག་འཆལ་བསྙེན་སྒྲུབ་བཟླས་པས་གཅོད། །སྟོང་ཉིད་སྙིང་རྗེ་འབྲེལ་བའི་ལམ་གོལ་གཅོད། །མཁའ་འགྲོ་ཆོས་སྐྱོང་མཆོད་པས་རྐྱེན་ངན་གཅོད། །ནད་ཀྱི་ཟུག་གཟེར་ཚོར་སྟོང་ངང་དུ་གཅོད། །གདོན་གྱི་ཆོ་འཕྲུལ་བྱམས་དང་སྙིང་རྗེས་གཅོད། །ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ། །འབྱུང་བཞིའི་ཐིམ་སྡུད་རང་ངོར་བལྟས་པས་གཅོད། །དཀར་ལམ་ཤར་ཚེ་གསལ་སྟོང་ངང་དུ་གཅོད། །དམར་ལམ་ཤར་ཚེ་བདེ་སྟོང་ངང་དུ་གཅོད། ་།ནག་ལམ་ཤར་ཚེ་རིག་སྟོང་ངང་དུ་གཅོད། །འོད་གསལ་ཤར་ཚེ་རང་ངོ་ཤེས་པར་གཅོད། །ཡུན་གྱི་རིང་ཐུང་འཆི་ཁ་ཕན་པས་གཅོད། །བར་དོ་ཤར་ནས་རང་ངོ་ཤེས་པས་གཅོད། །འཁོར་བའི་གནས་ལ་ཆགས་ཞེན་སྤངས་བས་གཅོད། ། སྨོན་ལམ་བསྔོ་བས་འཁོར་བའི་གཡང་ས་གཅོད། །སྤྲུལ་སྐུའི་འགྲོ་བ་ཀུན་གྱི་སྡུག་བསྔལ་གཅོད། །དེ་ལྟར་བཅད་ནི་གཅོད་པ་མཆོག་ཏུ་འགྱུར། །དེ་སྐད་གདམས་པ་རཱ་ག་ཨ་སྱ་ཡིས། །འཕྲལ་དུ་ཡིད་ལ་གང་དྲན་སྨྲས་པ་རྫོགས། །སརྦ་མངྒ་ལཾ། དགེའོ།། །།


previousརྗེ་རང་བྱུང་རྡོ་རྗེས་མཛད་པའི་གཅོད་ཀྱི་ཚོགས་མཆོད་རིན་ཆེན་དོན་བསྡུས་ཡིད་བཞིན་གཏེར་འབྱུང་།next