Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མི་བསྐྱོད་རྡོ་རྗེས་མཛད་པའི་གཅོད་ཚིགས་བཅད་མའི་དམིགས་རིམ་མདོར་བསྡུས་དང་དམིགས་པ་ཉེར་མཁོ་འགའ་ཞིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམི་བསྐྱོད་རྡོ་རྗེས་མཛད་པའི་གཅོད་ཚིགས་བཅད་མའི་དམིགས་རིམ་མདོར་བསྡུས་དང་དམིགས་པ་ཉེར་མཁོ་འགའ་ཞིགnext

མི་བསྐྱོད་རྡོ་རྗེས་མཛད་པའི་གཅོད་ཚིགས་བཅད་མའི་དམིགས་རིམ་མདོར་བསྡུས་དང་དམིགས་པ་ཉེར་མཁོ་འགའ་ཞིག


CMR053_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

མི་བསྐྱོད་རྡོ་རྗེས་མཛད་པའི་གཅོད་ཚིགས་བཅད་མའི་དམིགས་རིམ་མདོར་བསྡུས་དང་དམིགས་པ་ཉེར་མཁོ་འགའ་ཞིག་བཞུགས་སོ། །


CMR053_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཛྙཱ་ན་ཌཱ་ཀི་ཡེ། ཡེ་ཤེས་མཁའ་འགྲོ་མ་གཅིག་ཞབས་ལ་འདུད། །མ་གཅིག་གིས་མཛད་གཅོད་ཀྱི་གདམས་པ་ནི། །ཟབ་ཅིང་རྒྱ་ཆེ་ཉི་ཟླ་ལྟར་གྲགས་ཀྱང་། །སྨོན་ལམ་དབང་གིས་ཧོར་མོ་ཅོག་ལ་སྒྲོན། །ཕོ་བདུད་ཐོད་པ་བྷ་ར་ལ་སོགས་པས། །གཅོད་ལོག་རྩོམ་མཁན་བདུད་སྤྲུལ་མང་པོའི་དཀྲུག །ཤ་སྤུ་རྟ་སྤུ་འདྲེས་ལྟར་དབྱེ་གསལ་དཀའ། །ཤར་གཅོད་ལ་སོགས་ཚད་ལྡན་འགའ་ལ་ཡང་། །ཟླ་བ་ལ་སོགས་དམ་སྲི་སྒབ་འདྲེ་དང་། །ལ་ལ་བར་སྐབས་དམ་སེལ་བརྒྱུད་པ་ཆད། །ལ་ལ་མཁས་བླུན་མང་པོས་བཅོས་པས་བསླད། །དེ་ཕྱིར་གཅོད་དཔེ་ཕལ་ལ་བློ་


CMR053_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་མེད། །མ་གཅིག་ཉིད་ནས་ད་ལྟ་ཡན་ཆད་དུ། །སངས་རྒྱས་སྤྲུལ་པ་གྲུབ་ཐོབ་བརྒྱུད་པ་ནི། །བར་མ་ཆད་པའི་བརྒྱུད་པ་ཀཾ་ཚང་ཡིན། །སྔགས་ལུགས་གཅོད་ཀྱི་བརྒྱུད་པ་པཀི་སྟེ། །མདོ་སྔགས་ཟུང་འཇུག་གཅོད་ཀྱི་བཀའ་བབས་ནི། །རང་བྱུང་རྡོ་རྗེས་གཉན་ཐོག་བརྒྱ་རྩ་བཅད། །རི་གཉན་ཕལ་ཆེར་མགོ་ལ་བཞུགས་མལ་ཡོད། །དེ་ཡི་གཞུང་ལུགས་མན་ངག་བཅུད་བསྡུས་ནས། །མི་བསྐྱོད་རྡོ་རྗེས་ཚིགས་བཅད་མ་འདི་མཛད། །བརྒྱུད་པ་ཁུངས་བཙུན་དོན་འདུས་བྱིན་རླབས་ཆེ། །རྩ་བ་རྡོ་རྗེའི་ཚིག་རྐང་རྒྱུད་དང་འདྲ། །འདི་ཡི་རི་འགྲིམ་དཀོན་མཆོག་ཡན་


CMR053_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གིས། །མཛད་ཀྱང་གཉན་ཐོག་གཅོད་མཁན་དེང་སང་དཀོན། །འདི་ཡི་འགྲེལ་པ་སིདྡྷཱ་སྤྲུལ་སྐུ་དང་། །ཚེར་ལུང་པ་ཡིས་མཛད་ངེས་ཡོད་ན་ཡང་། །ཧ་ཅང་སྒོམ་ཆེ་ཕལ་པས་ཉམས་ལེན་དཀའ། །ཧ་ཅང་དམིགས་པ་མང་ནའང་ཟིན་དཀའ་བས། །གཞན་ནས་ཁ་སབ་ལ་སོགས་མི་བྱེད་པར། །གཞུང་ཚིག་ཁོ་ན་རྡོ་རྗེའི་གསུངས་ཡིན་པས། །གཞུང་འདི་ཁོ་ན་འདོན་སྒོམ་སྦྲགས་པས་འཐུས། །རྒྱུན་དུ་གར་འདུག་གནས་དེར་ལུས་སྦྱིན་བྱ། །གཉན་ས་རང་གི་མལ་ས་གྲུ་བཞི་གཉན། །གཅོད་རྒྱུ་ལུས་ཀྱི་ན་ཚ་ལུས་གདོན་དང་། །བདུད་བཞིའི་བར་ཆད་སེམས་ཀྱི་དུག་ལྔ་གཅོད། །ཆོད་ཚད་ནད་ཞི་གདོན་ཞི་ཉམས་རྟོགས་འཕེལ། །ས་ཆ་གར་ཕྱིན་དེ་རུ་གནས་འབྲེལ་ཚུལ། །ལུས་སྦྱིན་བྱས་པས་གཉན་ཐོག་བརྒྱ་རྩ་་མ། །བཅད་དང་འདྲ་བར་ཡིན་ཞེས་གསུང་རྒྱུན་ཐོས། །གནས་འབྲེལ་ལུས་སྦྱིན་ཚར་ལྷོང་མ་འགྲིགས་ཀྱང་། །ཉེས་སྐྱོན་མེད་ཅིང་རྗེས་གཅོད་མི་དགོས་གསུངས། །དེས་ན་མང་ཉུང་འཚམས་ཤིང་བྱིན་རླབས་ཅན། །ཚིགས་བཅད་མ་འདིའི་དམིགས་རིམ་མདོར་བསྡུས་ནི། །མདུན་གྱི་ནམ་མཁར་སྐད་ཅིག་དྲན་རྫོགས་ཀྱིས། །མ་གཅིག་ལ་སོགས་རྩ་བརྒྱུད་བློ་མ་


CMR053_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །སངས་རྒྱས་ཆོས་དང་དགེ་འདུན་ལ་སོགས་པ། །སྐུ་མདོག་ཆ་ལུགས་ལ་སོགས་བསྒོམ་མི་དགོས། །ནམ་མཁའི་སྤྲིན་ལྟར་ནམ་མཁའ་གང་བར་མོས། །བདག་དང་གནོད་བྱེད་གཙོར་བྱས་སེམས་ཅན་ཀུན། །ཁ་ཞེ་མེད་པར་སྙིང་ནས་དད་པ་ཡིས། །ཐལ་མོ་སྦྱར་ནས་སྐྱབས་འགྲོ་དི་རི་རི། །རང་གིས་རིམ་བུ་བཀྱག་ཚུལ་བྱེད་པ་ཡིན། །བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ། །ཚད་མེད་བཞི་པོ་གནོད་བྱེད་གཙོར་བྱས་པའི། །སེམས་ཅན་ཀུན་གྱི་རྒྱུད་ལ་སྐྱེ་བར་བསྒོམ། །ཁྱད་པར་བདག་གི་གདོན་གྱིས་གཙོར་བྱས་པ། །འགྲོ་ཀུན་སངས་རྒྱས་ས་ལ་འགོད་སྙམ་པའི། །སེམས་བསྐྱེད་དང་ནི་དམ་བཅའ་དྲག་པོ་ཡིས། །ན་མོ་གུ་རུ། དེང་ནས་བཟུང་སྟེ་ཞེས་པ་ནས། །རྫོགས་བྱང་ཉིད་ལ་འགོད་པར་བྱ་ཡན་གྱིས། །ཤོ་ལོ་ཀ་དེ་དམིགས་པ་མ་ཟིན་བར། །གསུམ་ལྔ་བདུན་སོགས་དབྱངས་དང་བཅས་པ་བྱ། །འཇམ་པོའི་ཕཊ་རིང་བརྗོད་ཀྱང་འགལ་བ་མེད། །དེ་ནས་ཆོས་ཀུན་རང་བཞིན་སྟོང་པ་ཉིད། །དྲན་པར་བྱས་རྗེས་ནམ་མཁར་ཤཱཀྱ་ཐུབ། །ཆོས་སྐུ་ཡུམ་ཆེན་ལོངས་སྐུ་རྣམ་པར་སྣང་། །ཉེ་སྲས་བརྒྱད་སོགས་འཁོར་རྣམས་མོས་པ་ཙམ། །


CMR053_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་ཐུབ་པའི་སྐུ་ནི་གསལ་བར་བསྒོམ། །དེ་འོག་མ་གཅིག་གཅོད་ཡུལ་བརྒྱུད་པ་དང་། །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་དང་། །མ་མགོན་ལ་སོགས་ཆོས་སྐྱོང་སྲུང་མའི་ཚོགས། །འཁོར་རྣམས་མོས་ཙམ་གཙོ་མོ་གསལ་བར་བསྒོམ། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་དབྱེར་མེད་བསྟིམ། །ཡིད་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་དང་། །སྣང་སྲིད་ཐམས་ཅད་མཆོད་པའི་སྤྲིན་དུ་གྱུར། །ཕྱི་ནང་གསང་གསུམ་མཆོད་པས་མཆོད་པར་དམིགས། །ཕྱི་ནང་ཆོས་ཀུན་ནས་བཟུང་འབུལ་གྱི་བར། །དམིགས་པ་མ་ཟིན་བར་དུ་དབྱངས་བཅས་ཝིག །སྐབས་སུ་དོལ་ཞིང་འཇམ་པའི་ཕཊ་མང་བརྗོད། །དེ་ནས་རང་དང་ནད་པའི་ལུས་དབུས་སུ། །དབུ་མ་ཁང་སྟོང་ཀ་བ་བཙུགས་འདྲ་བསྒོམ། །རྐང་མཐིལ་གཉིས་སུ་ཐིག་ལེ་དཀར་དམར་ནི། །སྲན་མ་ཙམ་གཉིས་ཡར་འཕར་གསང་གནས་སུ།། །འདྲེས་པས་མ་སར་བྱ་ཡི་སྒོ་ང་ཙམ། །རང་གི་རྐང་པའི་མཐེ་བོང་རྩེ་ཙམ་ཡིན། །དེ་ཡང་ཁ་དོག་ལྔ་ལྡན་བཀྲག་མདངས་ཅན། །རང་གི་ཚེ་བསོད་རྣམ་ཤེས་ཡེ་ཤེས་དང་། །བྱིན་རླབས་ནུས་པ་ལྷ་སྒོམ་སྔགས་བཟླས་པའི། །བྱིན་རླབས་ལུས་ལྷ་ཐམས་ཅད་དབྱེར་མེད་བསྒོམ། །དེ་ལྟར་མ་ཤེས་


CMR053_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སྦྱིན་བྱས་པ་ན། །ལུས་ལྷ་གཏུབ་ཕྱིར་གསང་སྔགས་རྩ་ལྟུང་ཕོག །སྔགས་ནུས་ཉམས་ཤིང་རང་གིས་རང་བྲུབ་ཡིན། །དེ་ལྟར་ཤེས་ན་གསང་སྔགས་བསྙེན་སྒྲུབ་ཀྱི། །ཐུན་སྐབས་ནུབ་མོ་ལུས་སྦྱིན་བྱས་ཀྱང་རུང་། །འདི་ལ་གནད་ཆེན་ཡོད་དོ་སྔགས་གཅོད་ཀུན། །དེ་ནས་ཐིག་ལེ་སྐར་ཁུང་མདའ་འཕང་ལྟར་། །སྤྱི་བོར་རྒྱངས་སེ་ཐོན་ནས་དེ་མ་ཐག །ཐིག་ལེ་རྡོ་རྗེ་ཕག་མོར་གྱུར་པར་བསྒོམ། །འདི་ལ་གོམས་པས་འཕོ་བ་ཞོར་ལ་འབྱོངས། །ལུས་ལ་ཆགས་ཞེན་ཆུང་ཞིང་འཆི་དུས་ཀྱང་། །གོམས་པའི་སྟོབས་ཀྱིས་ཆགས་ཞེན་ཆུང་བར་འགྱུར། །དེ་ནས་རང་ཉིད་ཕག་མོ་ཆེར་སྐྱེས་ཏེ། །སྐུ་ཚད་སྲིད་པའི་རྩེ་ལ་སླེབ་པ་ཡིན། །ཕྱག་གཡས་གྲི་གུག་བེམ་པོར་ཚད་ཙམ་གྱིས། །པགས་པ་བཤུས་པས་གསེར་གྱི་ས་གཞི་དང་། །མགོ་བོ་རི་རབ་ལ་སོགས་གཞུང་ཚིག་ལྟར། །གླིང་བཞི་ལྷ་མི་ལོངས་སྤྱོད་དཔག་མེད་བཅས། །དེ་ཡང་དེ་འདྲ་ཆ་ཚང་གྲངས་མེད་པ། །སྟོང་ངམ་ལྔ་བརྒྱ་ལ་སོགས་སྐད་ཅིག་གིས། །རྨི་ལམ་སྒྱུ་མ་བཞིན་དུ་ཡིད་ཀྱིས་སྤྲུལ། །སྔོན་དུ་བསྒོམས་པའི་ཐུབ་པ་མ་གཅིག་སོགས། །སྐྱབས་ཡུལ་ཚོགས་ཞིང་རྣམས་ལ་འབུལ་བར་དམིགས། །བདག་ལས་


CMR053_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་མཁའ་འགྲོ་གྲངས་མེད་དང་། །གདོན་དང་ནད་པ་སེམས་ཅན་ཐམས་ཅད་ཀྱིས། །ཕྱག་འཚལ་སྔར་བྱས་སྡིག་པ་བཤགས་པ་དང་། །རྒྱལ་བ་སྲས་བཅས་དགེ་བ་གང་མཛད་ལ། །རྗེས་སུ་ཡི་རང་འབུལ་ཞིང་སངས་རྒྱས་རྣམས། །ཆོས་མི་གསུང་ལ་ཆོས་གསུངས་ཞུ་བ་འབུལ། །མྱ་ངན་འདའ་བར་བཞེད་པའི་སངས་རྒྱས་རྣམས། །བསྐལ་པའི་བར་དུ་བཞུགས་པར་གསོལ་བ་འདེབས། །དེ་ལྟར་བྱས་པའི་དགེ་བས་རྡོ་རྗེ་འཆང་། །རྒྱ་གར་གྲུབ་ཆེན་ཀུ་ཀུ་རི་པར་སྤྲུལ། །དེ་ཉིད་བོད་དུ་སངས་རྒྱས་མཉན་པ་སྟེ། །ཧེ་རུ་ཀ་དེ་འགྲུབ་པའི་ཕྱིར་དུ་བསྔོ། །བསམ་པ་དང་བཅས་རང་རིག་རང་ལུས་ནས། །འགྲུབ་གྱུར་ཅིག་གི་བར་དུ་ལན་གསུམ་སྟེ། །དམིགས་པ་མ་ཟིན་བར་དུ་ཕཊ་རེ་བརྗོད། །དེ་ནས་ནམ་མཁར་ཐུབ་པ་མ་གཅིག་ལ། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་ཀྱིས། །བསྐོར་བ་སྔོན་ནས་སྒོམ་ནི་ཡོད་པ་ཡི། །ལྷ་ཚོགས་རྣམས་ལས་འོད་ཟེར་འཕྲོས་པ་ཡིས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བྱིན་རླབས་བསྡུས། །ཐུབ་དབང་ལ་ཐིམ་སྐུ་ལས་བདུད་རྩི་བབས། །མ་གཅིག་སྤྱི་བོ་ནས་ཞུགས་སྐུ་ལུས་གང་། །ཞབས་གཡོན་མཐེ་བོང་ནས་ནི་ངང་རྒྱང་རྒྱང་། །བབས་པས་བདག་དང་ནད་པའི་


CMR053_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོ་ནས། །ཞུགས་ཏེ་ལུས་གང་ནད་གདོན་སྡིག་སྒྲིབ་རྣམས། །དུད་ཁུ་སོལ་ཁུ་ལྟར་ཐོན་ས་འོག་སོང་། །ལུས་ཀུན་ཤེལ་སྒོང་གཡའ་དག་ལྟ་བུར་གྱུར། །དེ་ལྟར་དམིགས་ནས་གནས་སྤྱི་ཞེས་སོགས་ནས། །ཡུམ་ཆེན་བྱིན་གྱིས་རློབས་བར་གསུམ་ལྔ་བདུན། །གསོལ་འདེབས་བྱའམ་ཕཊ་རིང་ཅི་མང་ནི། །དམིགས་པ་གསལ་བར་མ་ཟིན་བར་དུ་བརྗོད། །དེ་ནས་ཐུབ་དབང་མ་གཅིག་དང་བཅས་པ། །རང་དང་བསྲུང་བྱ་ལ་ཐིམ་སྟོང་པར་ཡལ། །ཉམས་ལེན་སྟོང་པའི་ཏིང་འཛིན་དལ་གཅིག་བསྒོམ། །དེ་ནས་བདག་ལུས་གཞན་ལུས་བསྲེ་བ་དང་། །གཞན་ལུས་ཚོགས་འཁོར་བསྲེ་བའི་ཉམས་མྱོང་གནད། །རྟོགས་པ་མཐོ་ན་བདག་དང་བསྲུང་བྱ་ཡི། །ལུས་ངག་ཡིད་གསུམ་དབྱེར་མེད་གཅིག་ཏུ་དམིགས། ། རྟོགས་པ་དམའ་ན་རང་ལ་གྲིབ་འོང་བས། །བདག་གཞན་སོ་སོར་རྣམ་ཤེས་སྤར་བྱས་ནས། །སེམས་ནི་གཅིག་བསྲེ་ཕག་མོར་བསྒོམ་པ་སྟེ། །སླར་ལུགས་གོང་ལྟར་སྤར་བའི་རྣམ་ཤེས་ནི། །ཕག་མོ་དམར་མོ་རི་རབ་ལས་ཆེ་བསམ། །གྲི་གུག་ཚད་པས་བེམ་པོའི་པགས་པ་བཤུས། །སྟོང་གསུམ་ཁྱབ་སྟེང་བེམ་པོར་གྲི་གུག་དེ། །ཚད་ཙམ་བྱས་པས་ཤ་རི་ཁྲག་གི་མཚོ། །


CMR053_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསུམ་འཇིག་རྟེན་དམར་དང་ལྟེམ་མེ་གང་། །འབྲུ་གསུམ་བརྗོད་པས་རྣམ་པ་ཤ་ཁྲག་ལ། །ངོ་བོ་ཟག་མེད་བདུད་རྩིའི་རྒྱ་མཚོ་སྟེ། །ཕྱི་ཤ་ནང་ཁྲོལ་རྐང་ཀླད་རྒྱུས་པ་སོགས། །གང་འདོད་ཁྱེར་དམིགས་སྤུས་འདོད་མ་ཞེས་གྲགས། །ཤ་ཁྲག་ཚིལ་རུས་ནང་ཆ་སྣ་ཚང་བར། །རྒྱུ་སྐར་བགོས་ལྟར་ཁྱེར་དམིགས་སྤྱང་སྟོན་མ། །པགས་པའི་སྟེང་དུ་གྲི་གུག་ཚད་ཙམ་གྱིས། །བང་བའི་མིག་ལྟར་རེ་ཆོད་བྱས་པ་ལ། །ལ་ལ་ཤ་དང་ལ་ལ་ཁྲག་གིས་གང་། །ལ་ལ་རུས་པ་ལ་ལ་ནང་ཆོས་བཀང་། །ལ་ལ་གསེར་གཡུ་ལ་སོགས་རིན་པོ་ཆེ། །ལ་ལ་འབྲུ་སྣ་ལ་ལ་སྨན་སྣ་དང་། །ལ་ལ་དར་ཟབ་ལ་ལ་གོ་ཁྲབ་གང་། །སུ་ལ་སུ་འདོད་ཁྱེར་དམིགས་བང་མིག་མ། །ཁྱད་པར་རང་གཞན་ན་བར་གྱུར་པ་ལ། །མིག་དང་རྣ་བ་མགོ་དང་རྐང་པ་སོགས། །གང་ནའི་ཤ་དེ་འཇིག་རྟེན་གང་བ་ལ། །ལྷ་འདྲེ་རྣམས་ཀྱིས་ཡོས་ལྟར་འགམ་པར་དམིགས། །དེ་ནས་རྐང་དུང་འབུད་པ་འདི་ལྟ་སྟེ། །དེ་ཡང་ཐོག་མར་ཁ་རྡེབ་ལན་གསུམ་རེ། །མ་འཇིགས་མ་སྐྲག་མ་དངངས་སྒྲ་རུ་བསམ། །རྐང་དུང་ལན་གསུམ་འབུད་པའི་སྒྲ་ལ་ནི། །འདུས་ཤིག་མྱུར་དུ་འདུས་ཤིག་ད་ལྟ་འདུས། །སྲིད་རྩེ་མནར་མེད་བར་


CMR053_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཐོས་པར་བསམ། །འོ་མཐོ་སྲིད་རྩེ་ནས་འཁྱེར་བར་གྱིས་ཀྱི་བར། །དམིགས་པ་གསལ་བར་མ་ཟིན་བར་དུ་ནི། །འདོན་སྒོམ་སྦྲགས་ཤིང་ཝིག་ལ་འདོན་པ་དང་། །ཕཊ་སྒྲ་ཐུང་ལ་དྲག་པ་ཅི་མང་བརྗོད། །སླར་ཡང་ཁས་ཞེན་དབང་ཆུང་བང་བུལ་བ། །རྣམས་ལ་ལྷག་རོལ་བྱིན་པས་ལྷག་མེད་བསམ། །སྔ་མ་ཞེས་ནས་དོན་དུ་བསྔོ་བའི་བར། །ལན་གཅིག་གམ་ནི་གསུམ་བརྗོད་སྟོང་ཉིད་བསྒོམ། །ཕཊ་ཀྱང་སྟོང་ཉིད་མ་གསལ་བར་དུའོ། །དེ་ཡན་དམར་འགྱེད་མདོ་ལུགས་ཉམས་ལེན་ཏེ། །སྟག་མོ་ལུས་སྦྱིན་སོགས་ཀྱི་དགོངས་པ་ཡིན། །བྱང་ཆུབ་སེམས་དཔའི་ས་ནི་མ་ཐོབ་བར། །དངོས་སུ་ལུས་ནི་སྦྱིན་པར་མི་རུང་སྟེ། །ཡིད་ཀྱིས་བྱིན་པས་དངོས་དང་བསོད་ནམས་མཉམ། །དེ་ནས་བསྲེ་ལུགས་རྣམ་ཤེས་སྤར་ལུགས་འདྲ། །རང་ཉིད་ཕག་མོ་ནམ་མཁའ་མཉམ་པའི་སྐུ། །བེམ་པོ་ཆེ་ཚོ་མདངས་རྒྱས་འཛམ་གླིང་གང་། །གྲི་གུག་ཚད་པས་ཐོད་པ་སྒར་གྱིས་ཀོག །མི་མགོའི་སྐྱེད་པུ་རང་བྱུང་རི་རབ་ཙམ། །གསུམ་གྱི་སྟེང་དུ་ཐོད་པ་བཞུགས་པ་ཡི། །རྒྱ་ཁྱོན་སྟོང་གསུམ་འཇིག་རྟེན་ཚད་དང་མཉམ། །དེ་ནང་གྲི་གུག་རྩེ་ཡིས་བེམ་པོ་བསྒྱུར། །གྲི་གུག་ཚད་


CMR053_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཤ་ཁྲག་སིལ་བུ་སོང་། །འོག་ནས་རླུང་གཡོས་མེ་འབར་ཞུ་ཞིང་ཁོལ། །བྱང་སེམས་དཀར་དམར་འདྲེས་པས་ཡེ་ཤེས་ཀྱི། །བདུད་རྩི་དཀར་ལ་དམར་མདངས་ཆགས་པ་ཡིས། ། ཐོད་པ་གང་བས་རྒྱ་མཚོ་འདྲ་བར་གྱུར། །ནམ་མཁའི་ཁམས་སུ་བཀའ་བརྒྱུད་གྲུབ་ཐོབ་ཚོགས། །བར་སྣང་མཐོ་སར་ཡི་དམ་རྒྱུད་སྡེའི་ལྷ། །དེ་འོག་ཡེ་ཤེས་འཇིག་རྟེན་ཆོས་སྐྱོང་དང་། །བྱང་སེམས་ཉན་རང་ས་གཞིར་གནོད་བྱེད་དང་། །ལན་ཆགས་བདག་པོ་ལ་སོགས་ཐེམ་འགག་གང་། །རང་གི་ཐུགས་ལས་ཌཱ་ཀི་དཀར་སེར་དམར། །ལྗང་མོ་ལ་སོགས་བྱེ་བ་དུང་ཕྱུར་འཕྲོས། །ཐོད་པའི་སྐྱོགས་ཀྱིས་བདུད་རྩིའི་རྒྱ་མཚོ་ནས། །བཅུས་ཤིང་མགྲོན་རྣམས་ཀུན་གྱི་ཕྱག་ཏུ་བཞག །གསོལ་བས་ཐམས་ཅད་མཉེས་ཤིང་ཚིམ་པ་དང་། །བུམ་པ་ཐོགས་པ་ཌཱ་ཀི་མང་པོ་ཡིས། །བདུད་རྩི་བཅུས་ནས་རིགས་དྲུག་སེམས་ཅན་ལ། །སོ་སོའི་གནས་སུ་བྱིན་པས་སྡུག་བསྔལ་ཞི། །དེ་ནི་ཐོད་ཞལ་མ་ཡི་དམིགས་པ་སྟེ། །མགྲོན་རྣམས་རང་རང་སོ་སོའི་གང་དགྱེས་པའི། །བཀྲ་ཤིས་རྫ་ས་རྟགས་མཆོད་པ་སྣ་བདུན་དང་། །འདོད་ཡོན་ལྔ་དང་སྒྲུབ་རྫས་བསྐང་བའི་རྫས། །རིན་ཆེན་འབྲུ་སྨན་དར་ཟབ་གོ་ཁྲབ་སོགས། །


CMR053_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་བཅུས་ནས་གང་འདོད་དེར་གྱུར་ཏེ། །ཀླུ་ལ་དཀར་གསུམ་མངར་གསུམ་གྱུར་དམིགས་ནས། །ཐམས་ཅད་མཉེས་ཚིམ་དགའ་མགུ་ཡི་རང་གྱུར། །གནོད་བྱེད་ཐམས་ཅད་བདུད་རྩི་མྱོང་ཙམ་གྱིས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་ལྡན་གྱུར། ། །རང་གི་དགེ་རྩ་བདེ་སྐྱིད་ཐམས་ཅད་ནི། །རིགས་དྲུག་གནོད་བྱེད་རྣམས་ལ་སིབ་སིབ་ཐིམ། །ཁོང་རྣམས་བདེ་བ་ཚད་མེད་རྒྱུད་ལ་སྐྱེས། །གདོན་གྱིས་གཙོར་བྱས་སེམས་ཅན་ཐམས་ཅད་ཀྱི། །ནད་དང་སྡིག་སྒྲིབ་སྡུག་བསྔལ་མ་ལུས་པ། །རང་ལ་སིབ་སིབ་ཐིམ་པས་ཁོང་རྣམས་ཀུན། །སྡུག་བསྔལ་སྡིག་སྒྲིབ་ཀུན་དང་བྲལ་བར་དམིགས། །དེ་ལྟར་ལུས་ནི་ཚོགས་ཀྱི་འཁོར་ལོར་ཕུལ། །བདག་གཞན་བརྗེ་བའི་བྱམས་དང་སྙིང་རྗེ་དེས། །འགྲོ་བའི་དོན་དུ་རྫོགས་པའི་བྱང་ཆུབ་མཆོག །བདག་གིས་མྱུར་དུ་ཐོབ་པར་ཤོག་སྙམ་པའི། །དམིགས་པ་མ་ཡེངས་ངང་ནས་རང་རིག་ནས། །རྒྱུར་གྱུར་ཅིག་བར་ལན་གསུམ་ཝིག་པ་དང་། །ཕཊ་ནི་ཅི་མང་དམིགས་པ་ཟིན་ངེས་བྱ། །དེ་ནི་སྔགས་ལུགས་དོན་བསྡུས་རང་གི་ལུས། །ཚོགས་ཀྱི་འཁོར་ལོ་བྱ་བའི་མན་ངག་སྟེ། །དམ་ཚིག་ཉམས་ཆག་བསྐང་བའི་མཆོག་ཡིན་ཅིང་། །


CMR053_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་འཁུ་ལྡོག་ཞི་བའི་ཐབས་ཀྱི་མཆོག །དམིགས་པ་དེ་ཉིད་བརྒྱ་རྩ་སོགས་བྱས་ན། །རྐྱེན་ཟློག་འཆི་བ་བསླུ་བའི་གདམས་ངག་ཟབ། །རང་ཉིད་ཚབས་ཆེན་ན་བར་གྱུར་པའི་དུས། །ངག་ནས་ལུས་སྦྱིན་འདོན་པར་མི་ནུས་ན། །ཡིད་ཀྱིས་དམིགས་པ་ལོ་གྲངས་སམ་བརྒྱ་རྩ་སོགས། །བསྒོམ་ཞིང་ཕཊ་ནི་ཅུང་ཟད་བརྗོད་པ་ཡིས། །ནད་ལས་འཕྲལ་དུ་གྲོལ་བ་མྱོང་བས་གྲུབ། །ནད་པ་གཞན་ལ་དེ་དང་ཁྱད་པར་མེད། །དེ་ནས་བསྲེ་བའི་དམིགས་རིམ་ཟབ་མོ་ནི། །ནམ་མཁར་དམ་པ་མ་གཅིག་པཀྴི་གསུམ། །ཐོ་བརྩེགས་སམ་ནི་གྲངས་སུ་བཞུགས་པ་ནི། །སངས་རྒྱས་ཀུན་དང་དབྱེར་མེད་ངོ་བོ་བསྒོམ། །རྟོགས་པ་མཐོ་ན་བདག་གཞན་ལུས་སེམས་བསྲེ། །དམའ་ན་སོ་སོར་བསྒོམ་པར་བྱ་བ་ཡིན། །ལུས་དང་སེམས་དང་ནད་གདོན་དབྱེར་མེད་པར། །ཡི་གེ་ཨ་ཡིག་དཀར་པོ་ཞིག་ཏུ་བསྒོམ། །ཡར་འཕྲོས་དམ་པ་རྒྱ་གར་ཐུགས་ཀར་ཐིམ། །དམ་པ་མ་གཅིག་ལ་ཐིམ་པཀྴིར་ཐིམ། །པཀྴི་ནམ་མཁར་ཐིམ་པས་ནམ་མཁའ་དང་། །དབྱེར་མེད་ནམ་མཁས་གར་ཁྱབ་རིག་པས་ཁྱབ། །རིག་པས་གར་ཁྱབ་ཆོས་སྐུས་ཁྱབ་པར་དམིགས། །དེ་ལྟར་དམིགས་པ་དབང་པོ་ཐ་མ་ཡིན། །འབྲིང་


CMR053_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དེ་ལྟར་བསྒོམས་པས་དེ་ལྟར་མཐོང་། །རབ་ཀྱིས་ཡེ་ནས་སྣང་སྲིད་དེ་ལྟར་རྟོགས། །དེ་ལྟར་རྟོགས་ཚེ་ནད་གདོན་སྡུག་བསྔལ་སོགས། །ཡེ་ནས་མ་གྲུབ་ཆོས་སྐུ་རྗེན་པར་མཐོང་། །དེ་ལྟར་མ་རྟོགས་མ་རྒན་སེམས་ཅན་ལ། །འཁྲུལ་པའི་དབང་གིས་ནད་གདོན་ན་ཚ་བྱུང་། །དེ་ཚེ་མེད་བཞིན་སྣང་བའི་སེམས་ཅན་ལ། །ཤུགས་འབྱུང་དམིགས་མེད་སྙིང་རྗེ་རང་ཤུགས་སྐྱེ། །སྙིང་རྗེ་གཟུགས་ཀྱི་སྐུ་ཡི་རྒྱུ་ཡིན་ཕྱིར། །སྟོང་པ་ཉིད་དེ་གཟུགས་ཀྱི་སྐུར་བཞེངས་ཏེ། །ནམ་མཁའ་ཐམས་ཅད་དམ་པ་རྒྱ་གར་སྐུ། །ས་གཞི་ཐམས་ཅད་མ་གཅིག་ལབ་སྒྲོན་སྐུ། །བྱེ་བ་དུང་ཕྱུར་གྱུར་པས་ཐམས་ཅད་གང་། །སྐུ་ཡི་གར་སྟབས་ཌཱ་དྲིལ་ཕཊ་སྒྲ་ཡིས། །སྟོང་གསུམ་འཇིག་རྟེན་ཤིག་ཤིག་ཡོམ་ཡོམ་འགུལ། །སྣོད་བཅུད་སྣང་སྲིད་འོད་ཞུ་ལྷ་ལ་ཐིམ། །ལྷ་རྣམས་གཅིག་ལ་གཅིག་ཐིམ་མ་གཅིག་ཐིམ། །མ་གཅིག་བདག་དང་བསྲུང་བྱ་ལ་ཐིམ་པས། །བདག་དང་བསྲུང་བྱ་དངོས་མེད་སྟོང་པར་ཡལ། །ནད་གདོན་མ་གྲུབ་སྟོང་ཉིད་ངོ་བོར་བལྟ། །དེ་ཡི་དགེ་བས་སེམས་ཅན་ཐམས་ཅད་ཀུན། །སྟོང་ཉིད་མངོན་སུམ་རྟོགས་ནས་ཡུམ་ཆེན་གྱི། །གོ་འཕང་མྱུར་དུ་ཐོབ་པར་ཤོག་


CMR053_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་ནས། །འཇིག་རྟེན་ན་ནད་གདོན་གྱི་གནོད་སོགས་ནས། །གཏན་ནས་ཐར་གྱུར་ཅིག་གི་བར་དུ་ནི། །ལན་གྲངས་གསུམ་ལྔ་བདུན་དགུ་བཅུ་ལ་སོགས། །ཝིག་ཅིང་དམིགས་པ་རྩེ་གཅིག་གཟེར་བ་ན། །ནད་གདོན་ཐམས་ཅད་སེལ་བའི་བསྲེ་བ་མཆོག །དེ་བས་རྒྱུན་ཁྱེར་ཆག་མེད་ལུས་སྦྱིན་ལ། །རྟོགས་པ་མཐོ་ན་མགྲོན་རྣམས་རང་ལ་བསྟིམ། །ཉམས་ལེན་བསྐྱོངས་བས་བོགས་ཆེན་ཚར་ལྟོང་འབྱུང་། །རྟོགས་པ་དམའ་ན་རྩུབ་ཅིང་སེམས་མི་བདེ། །དེ་ཕྱིར་མགྲོན་རྣམས་དགའ་མགུ་བཞད་དེ་རི། །སོ་སོ་རང་རང་གནས་སུ་སོང་བར་བསྒོམ། །ནད་པ་སྲིའུ་གསོ་དང་གདོན་གཅོད་དང་། །དུར་གཅོད་ལ་སོགས་གཅོད་ལ་གཞུང་བཟུང་ནས། །ཞོགས་པ་ཉིན་ཕྱེད་དགོང་མོ་སྲོད་དང་བཞི། །ཉལ་ཁ་ཐོ་རངས་དུས་དྲུག་ལུས་སྦྱིན་ནི། །གོང་ལྟར་དམིགས་རིམ་མ་འཆོལ་ཐུན་དྲུག་བྱ། །སྔ་དྲོ་བསང་དང་གཏོར་མ་ལ་སོགས་དང་། །ཕག་མོ་ཁྲོས་མ་ལ་སོགས་ལྷ་གཞུང་དང་། །དགོང་མོ་བསྐང་བ་གཅོད་ཚོགས་ལ་སོགས་བྱོ། །ནུབ་མོ་གཏོར་འབུལ་བསྟབ་པ་ལ་སོགས་བྱ། །མཐའ་གཏད་མི་བྱེད་ཁ་མེད་བྱེད་དགོས་ན། །སྲོད་ལ་བྱ་བ་ཕྱག་ལེན་ཐམས་ཅད་མཐུན། །བར་སྐབས་ཐུན་


CMR053_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་གསེབ་དམིགས་བཏང་ཞེས་པ། །ནད་གདོན་གང་ཡིན་དམིགས་པ་སོ་སོར་གཟེར། །དེང་སང་གཉན་ཐོག་གཅོད་མཁན་ཤིན་ཏུ་དཀོན། །རང་སེམས་སྟོང་ཉིད་དངོས་སུ་རྟོགས་ན་ཡང་། །སྣང་བ་སེམས་སུ་མ་རྟོགས་གང་ཟག་གི །གཉན་ཐོག་བཅད་ན་སྣང་བ་སེམས་སུ་ཆོད། །བོགས་ཆེན་འབྱུང་སྟེ་སྐབས་སུ་བབས་པ་ཡིན། །སྣང་བ་ངེས་པར་སེམས་སུ་རྟོགས་པ་ལ། །གཉན་ཐོག་གཅོད་རྒྱུ་མེད་པས་དགོས་རྒྱུ་མེད། །རང་སེམས་སྟོང་ཉིད་དངོས་སུ་མ་རྟོགས་པར། །གཉན་ཐོག་གཅོད་པ་བར་ཆད་འབྱུང་བའི་གཞི། །དེང་སང་ནད་གདོན་གཅོད་མཁན་ཤིན་ཏུ་མང་། །དེ་ཕྱིར་ནད་དང་གདོན་ལ་ཕན་པ་ཡི། །དམིགས་པ་ཉེར་མཁོ་འགའ་ཞིག་བཤད་པ་ནི། །ནད་པ་གདོན་ཆེན་བྱིན་རླབས་ལ་སོགས་དུས། །རང་ཉིད་སྐད་ཅིག་དམ་པ་རྒྱ་གར་བསྒོམ། །སྐུ་དང་ཕྱག་མཚན་ལས་ནི་མེ་དཔུང་འཕྲོས། །ནད་པའི་ནད་གདོན་ལུས་དང་བཅས་པ་རྣམས། །ཐུལ་གྱིས་བསྲེགས་རྗེས་རང་ལས་རླུང་ནག་འཕྲོས། །བསྲེགས་པའི་ཐལ་བ་གཏོར་ནས་སྟོང་པར་གྱུར། །དེ་འདྲའི་དམིགས་པ་ལན་བདུན་ཚར་རྗེས་སུ། །ནད་པ་གདོན་དང་བཅས་ལ་སྙིང་རྗེ་བསྒོམ། །


CMR053_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཉམས་ལེན་སྟོང་ཉིད་ངང་ལ་བཞག །ཡང་ན་རང་ཉིད་མ་གཅིག་སེར་མོ་ནི། །ཌཱ་དྲིལ་འཁྲོལ་བས་གར་སྟབས་བྱེད་པར་བསྒོམ། །ཧ་ཕཊ་དྲག་པོ་ལན་གསུམ་བརྗོད་པ་ཡིས། །རང་ལས་རླུང་འཚུབ་འདྲ་བའི་འོད་ཟེར་འཕྲོས། །ནད་པའི་ལུས་གདོན་ནད་དང་བཅས་པ་དེ། །ན་བུན་རླུང་འཚུབ་ཆེན་པོས་དེད་པ་ལྟར། །རྒྱ་མཚོའི་ཕར་འགྲམ་མུན་པར་སེབས་སེ་སོང་། །དེ་རྗེས་སྟོང་ཉིད་ངང་ལ་བཞག་པར་བྱ། །བགེགས་བསྲེགས་དམིགས་པ་ཡབ་ཡུམ་གཉིས་ཀྱི་ལུགས། །ཟབ་བོ་ཨྠྀི་སྙིང་ལ་འཆང་བར་བྱ། ། །རང་ངམ་གཞན་གྱི་ལུས་པོ་གང་ན་སར། །སེམས་ཅན་ཀུན་གྱི་ནད་གདོན་ཐམས་ཅད་བསྟིམ། །ཐིམ་པས་རྡུལ་བ་ལྟར་གྱུར་ཁྲག་གི་རྒྱུན། །བབས་པས་ས་ཕྱོགས་རི་ཀླུང་ཁྲག་གིས་གང་། །ལན་ཆགས་གདོན་བགེགས་ཀུན་གྱིས་ཁྲག་འཐུང་བས། །དགའ་མགུ་ལན་ཆགས་བུ་ལོན་བྱང་བར་བསྒོམ། །ཨྠྀི། །རྐང་ལག་བཞི་པོ་གང་རུང་ན་བ་ལ། །རྐང་མཐིང་ལག་མཐིལ་གཉིས་ཀྱི་དཀྱིལ་དེ་རུ། །ཡི་གེ་རཾ་ཡིག་དམར་སེར་མེ་འབར་ནས། །སྤོས་ཐུར་སྦར་ལྟར་བེམ་པོར་མ་ཐུག་པར། །རྐང་ལག་གང་ན་ཚིག་ནས་མེད་པར་བསྒོམ། །ནད་གཅོད་དམིགས་པའི་གཏར་བསྲེགས་


CMR053_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་རྒྱ། །སྟོད་འཚང་ལ་སོགས་བཤུལ་རྒྱུད་ན་བ་ལ། །དེ་རུ་ནོར་བུའི་དབྱིབས་ཅན་བུག་པ་གསུམ། །དེ་ནས་ནད་གདོན་སྔོ་དམར་དུ་བ་དང་། །རླངས་པའི་ཚུལ་དུ་ནམ་མཁར་ཐོན་པར་བསྒོམ། །ཕོ་བ་ན་ན་ཕོ་བར་ཁུང་བུག་ནས། །ནད་དང་བད་སྣབས་ཐམས་ཅད་རྡོ་རོ་རོ། །ཝ་ཆུ་ལྟ་བུར་བབས་པས་ས་ཕྱོགས་གང་། །གདོན་དང་ནད་བདག་རྣམས་ཀྱིས་འཐུང་བར་དམིགས། །བད་ཀན་སྐྱ་བོ་ཟས་མི་འཇུ་བ་ལ། །ཤ་སྦྲང་ལྕགས་ཀྱི་མཆུ་ཅན་མང་པོ་ཡིས། །ཕོ་བ་བད་ཀན་བཅས་པ་ཟོས་པར་བསྒོམ། །བད་ཀན་སྨུག་པོ་ལ་སོགས་གཅོང་ནད་ལ། །ཕོ་བ་ལ་སོགས་ལུས་ཀྱི་ནད་ཐམས་ཅད། །ཡི་གེ་ཨ་ཡིག་དཀར་པོ་མང་པོ་ཡིས། །ལུས་ཀྱི་ནང་ཀུན་ཐམས་ཅད་གང་བར་བསྒོམ། །ཚད་པའི་ནད་ལ་སྙིང་དཀྱིལ་བཾ་ཡིག་དཀར། །དེ་ལས་ག་པུར་རང་བཞིན་ཆུ་འཁྱག་བབས། །ལུས་གང་ཚད་ནད་ཐམས་ཅད་བཤལ་ཞིང་དག །འོག་སྒོ་ནས་ཐོན་ས་འོག་སོང་བར་དམིགས། །གྲང་བའི་ནད་ལ་ལྟེ་འོག་སུམ་མདོ་ནས། །རཾ་ཡིག་དམར་པོ་ཞིག་ལས་མེ་འབར་བས། །ལུས་གང་ལུས་ནང་ཐམས་ཅད་ལྕགས་སྲེག་མདོག །དམར་དང་ལྷང་ངེ་རབ་ཏུ་ཚ་བར་བསྒོམ། །


CMR053_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དམུ་ཆུ་ལ་སོགས་གྲང་བའི་ནད་སེལ་ལོ། །ཆམ་པས་སྣ་དང་གྲེ་བ་འགག་པ་ལ། །མགོ་བོ་ཤེལ་གྱི་བུམ་པ་སྣ་ནི་མཆུ། །ནད་རྣམས་བདུད་རྩི་དཀར་ལ་སེར་མདངས་ཅན། །མཆུ་ནས་བབས་པས་ས་ཕྱོགས་གང་བ་ལ། །ནད་བདག་རྣམས་ཀྱིས་འཐུངས་བས་ཚིམ་པར་བསྒོམ། །མིག་ནད་རིམས་ལ་ལུས་སེམས་ཕྲལ་བྱས་ཏེ། །མིག་གི་ཐང་མས་འཇིག་རྟེན་གང་བར་གདལ། །ལྷ་འདྲེ་རྣམས་ཀྱིས་ཡོས་ལྟར་འགམ་པ་དང་། །མིག་ནི་བྲུས་པ་བྱ་རོག་རྣམས་ལ་བྱིན། །མིག་ལས་སྟོང་པ་ལྟག་ཁུང་བར་དུ་ནི། །བུག་པ་ཧ་རེ་ཡོད་པར་བསྒོམ་པར་བྱ། །སོ་ནད་མི་ནག་ལྕགས་ཀྱི་སྐམ་ཐོགས་པས། །སོ་ཕུད་ཆུ་རྡོའི་བར་དུ་བརྡུངས་ནས་ཀྱང་། །ཐལ་བ་རླུང་བསྐུར་རྗེས་ཀྱང་མེད་པར་བསྒོམ། །གཉན་དང་ལྷོག་པ་སྐྲང་པོའི་རིགས་རྣམས་ལ། །ལུས་སྦྱིན་བྱས་རྗེས་ཤ་ཁྲག་ལྷག་མ་རྣམས། །བྱ་ཁྱུང་མེ་ཡི་གཤོག་པ་ཅན་གྱིས་ཟོས། །མེ་གཤོག་བརྡབས་པས་བསྲེགས་ནས་རྗེས་མེད་བསྒོམ། །མི་ནོར་གང་ལའང་ཕན་པའི་དམིགས་པ་ནི། །ཐོད་པ་ཡངས་ཤིང་རྒྱ་ཆེའི་ནང་དུ་ནི། །ནད་པའི་ནོར་ལུག་ལ་སོགས་བསྒོམ་པ་ལ། །མ་གཅིག་ཕྱག་ནས་བདུད་རྩི་བྷན་ཡིས། །བདུད་རྩི་བླུགས་པས་ཁྲུས་


CMR053_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནད་གདོན་དག །བྷན་ཁྲུས་ཆུས་གང་བ་བདུད་རྩི་ཡི། །རྒྱ་མཚོར་གྱུར་པ་གནོད་བྱེད་གདོན་གྱིས་འཐུང་། །བུ་ལོན་ལན་ཆགས་བྱང་ནས་དགའ་མགུ་བསྒོམ། །བློ་སེམས་མ་བདེ་སྙིང་གི་དཀྱིལ་དེ་རུ། །མ་གཅིག་རྡོ་རྗེ་སྐྱིལ་ཀྲུང་མཉམ་བཞག་ཅན། །སྙིང་གི་རྒྱབ་ནས་འོད་ཟེར་ཁ་དོག་ལྔ། །སྣལ་མ་འདྲ་བས་ཕུད་པ་ལྟར་དཀྲིས་བསྒོམ། །གོང་གི་དམར་འགྱེད་སྐབས་སུ་གཟའ་རྒྱལ་པོ། །འདྲེ་མོ་བཙན་བདུད་ཀླུ་དང་ཐེའུ་རང་སོགས། །གང་འདོད་མི་ཡི་ཁྲོམ་ལྟར་འཚོགས་པ་ལ། །ཤ་ཁྲག་རི་རབ་རྒྱ་མཚོ་ལྟར་བྱིན་ཕྱི་པས། །ངོམ་ཞིང་ཚིམས་ནས་དགའ་མགུ་ཡི་རང་བར། །བསྒོམས་པས་གང་གནོད་ལན་ཆགས་བྲལ་ཞིང་ཞི། །སྤྱིར་ནི་ལུས་སྦྱིན་ཁོ་ནར་འབད་པས་ཆོག །ཤིང་གཉན་གཅོད་དང་ཁྲག་ཐབ་རྫོགས་པ་དང་། །རོ་བཤའི་དུས་སུ་མི་ཤ་ཟ་བ་དང་། །རོ་ཡི་ཁྲག་ལོ་འཐུང་དང་ལྡག་པ་དང་། །ཆུ་མིག་ནང་དུ་ཁྲག་བླུག་རྡོ་བསྲེགས་འཕེན། །དེ་དག་བྱེད་པའི་གཅོད་ལོག་བདུད་ཀྱི་ལས། །ཡོན་བདག་ཡུལ་ཕྱོགས་བཅས་ལ་གནོད་པ་ཆེ། །རང་ཉིད་མནར་མེད་དམྱལ་བའི་བུད་ཤིང་སྟེ། །ཕོ་བདུད་ཐོད་པ་བྷ་ར་ཞེས་བྱ་དང་། །ཧོར་མོ་ཅོག་ལ་སྒྲོན་


CMR053_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཅོད་ལོག་ཡིན། །ལྷ་འདྲེའི་སྟེང་དུ་ཞེ་སྡང་ཐུབ་ཐུབ་བྱེད། །དེ་ཡང་གཅོད་ལོག་ཡིན་པས་ཤེས་པར་གྱིས། ༈ །ནད་པ་གདོན་ཆེན་ལྷ་འདྲེ་ཐམས་ཅད་ནི། །སྐྱེ་བ་དུ་མའི་ཕ་དང་མ་ཡིན་པས། །ཕན་པར་འདོད་པའི་བྱམས་དང་སྙིང་རྗེ་ཡིས། །ཤ་ཁྲག་སྦྱིན་པར་བསྔོ་ཞིང་བཟང་འབྲེལ་བཞག །བསྔོ་བ་སྨོན་ལམ་བཟང་པོས་རྒྱས་བཏབ་སྟེ། །ལྷ་འདྲེ་དགྲ་རུ་མི་ལྟ་སློབ་མ་དང་། །ཡོན་བདག་འདྲེས་ཆེན་ལྟ་བུར་བྱམས་པ་བསྒོམ། །དེ་ནི་མ་གཅིག་ལབ་སྒྲོན་ལུགས་ཡིན་ནོ། །ལྷ་འདྲེ་ནད་གདོན་ལ་སོགས་མི་མཐུན་ཕྱོགས། །གང་བྱུང་ཉམས་ལེན་ཉིད་དང་བསྲེས་བྱས་ཏེ། །བོགས་སུ་ཐོན་པར་བྱེད་པ་མ་གཅིག་གཅོད། །དམ་པའི་ཞི་བྱེད་ནཱ་རོའི་རོ་སྙོམས་དང་། །ཨོ་རྒྱན་འཕྲུལ་གཅོད་ལ་སོགས་དགོངས་པ་ཡིན། །ཀུན་གྱི་དོན་འདུས་མི་བསྐྱོད་རྒྱལ་བས་གསུངས། །ཚིག་ཉུང་དོན་ཆེན་ཅུང་ཟད་གོ་དཀའ་བ། །རྨོངས་པ་རྣམས་ཀྱིས་ཉམས་ལེན་བདེ་བའི་ཕྱིར། །དགེ་སློང་ཕུན་ཚོགས་ཁོང་དང་གཅོད་ཆུང་སོགས། །འགའ་རེའི་བསྐུལ་ནས་རཱ་ག་ཨ་སྱ་ཡིས། །འཕྲལ་དུ་བྲིས་པས་གཅོད་པ་འགའ་རེ་ལ། །ཕན་ཐོགས་འགྲོ་དོན་དཔག་མེད་འབྱུང་བར་ཤོག །སརྦ་མངྒ་ལཾ། །


previousམི་བསྐྱོད་རྡོ་རྗེས་མཛད་པའི་གཅོད་ཚིགས་བཅད་མའི་དམིགས་རིམ་མདོར་བསྡུས་དང་དམིགས་པ་ཉེར་མཁོ་འགའ་ཞིགnext