Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྗེ་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེས་མཛད་པའི་གཅོད་ཚོགས་ལ་ཉེ་བར་མཁོ་བའི་དམིགས་རིམ་གོ་བདེ་བར་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེས་མཛད་པའི་གཅོད་ཚོགས་ལ་ཉེ་བར་མཁོ་བའི་དམིགས་རིམ་གོ་བདེ་བར་བཀོད་པ།next

རྗེ་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེས་མཛད་པའི་གཅོད་ཚོགས་ལ་ཉེ་བར་མཁོ་བའི་དམིགས་རིམ་གོ་བདེ་བར་བཀོད་པ།


CMR053_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེས་མཛད་པའི་གཅོད་ཚོགས་ལ་ཉེ་བར་མཁོ་བའི་དམིགས་རིམ་གོ་བདེ་བར་བཀོད་པ་བཞུགས་སོ། །


CMR053_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲཛྙཱ་པཱ་ར་མི་ཏ་ཡེ། མ་གཅིག་ཌཱཀིའི་ཚོགས་ལ་ཕྱག་འཚལ་ནས། །གཅོད་ཚོགས་དམིགས་རིམ་མདོར་བསྡུས་འདིར་བཀོད་བྱ། །ཆོས་བདག་ཌཱ་ཀི་ཚོགས་ཀྱིས་གནང་བ་སྩོལ། །དེ་ལ་ཡིད་དང་མཐུན་པའི་གནས་སུ་དཀོན་མཆོག་གི་རྟེན་བཤམས། མཆོད་གཏོར་མཐོང་བ་བརྒྱུད་པ་ལྟར་དང་། ནང་མཆོད་རྡོར་དྲིལ་ཌཱ་མ་རུ་རྐང་གླིང་རྣམས་འཚོགས་པར་བྱས་ལ་སྟན་ལ་འདུག །དེ་ནས་དཀར་བགེགས་སོགས་མི་དགོས། བདུད་རྩི་བྱིན་རླབས་དང་མཆོད་པ་བྱིན་རླབས་གཉིས་ཕག་མོ་ནས་ཁ་སབ་སྲོལ་ཡོད་ནའང་། རྒྱལ་བ་རྒྱ་མཚོ་ལྟར་བྱས་ཀྱང་རུང་། དེ་ནས་རིང་ཡུམ་


CMR053_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བསྒོམ་པ། རྐང་དུང་གི་ཁ་ལག་མཐིལ་དུ་ལན་གསུམ་བརྡབས་པས། འབྱུང་པོ་ཕྲན་བུ་ཐམས་ཅད་མ་སྐྲག་མ་སྔངས། ཤིན་ཏུ་མ་སྔངས་ཤིག་ཟེར་བའི་བརྡའ་སྟེ། རྐང་དུང་ཁ་བརྡབ་ཀྱི་དམིགས་པ་སྐོར་གསུམ་ཡིན་ནོ། །དེ་ནས་རྐང་དུང་སྐད་རིང་ཐུང་གསུམ་བཏང་བས་ཐ་མལ་པའི་སྒྲ་སྐད་མ་ཡིན་པར་ཡུམ་ཆེན་མོའི་ཆོས་ཀྱི་སྐུའི་ཆོས་ཉིད་སྐྱེ་བ་མེད་པའི་སྒྲས། ཀྱེ་ཡ་ཀི་སྲིད་རྩེ་ནས་མནར་མེད་ཡན་ཆད་སེམས་ཅན་ཐམས་ཅད་ཉོན་ཅིག །ཅེས་པའི་སྒྲ་ཐོས་ནས་ཐམས་ཅད་དུང་ངེ་ཉན་པར་བསམ། གཉིས་པས་འདུས་ཤིག་བྱས་པས་ཐམས་ཅད་འདུས། གསུམ་པས་


CMR053_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་བར་འདུས་ཤིག་ཟེར་བས་མྱུར་དུ་འུབ་ཀྱིས་འདུས་པར་བསམ། དེ་ནི་ཞི་སྡུད་ཡིན་པས་བདག་ཉིད་ཡུམ་ཆེན་གྱི་ཐུགས་རྗེ་དང་བྱིན་རླབས་ཀྱིས་བསྐུལ་ནས། ཐམས་ཅད་དད་ཅིང་གུས་པས་འདུས་ནས་འཁོད་ཅིང་བཀའ་ཉན་གསུང་སྡོད་པར་བསམ་སྟེ། བདེ་རིམ་དང་རྒྱུན་དུ་འདི་ཁོ་ནས་ཆོག །ཕཊཀྱང་དལ་ལ་རིང་བ་གསུམ་གདབ་སྟེ། དམིགས་པ་རྐང་དུང་དང་འདྲའོ། །དེ་ཡང་སྨྱོ་འདུལ་དང་གཉན་ས་གཅོད་དམ། ནད་གདོན་དྲག་པོ་འདུལ་ན། རང་ཉིད་སྐད་ཅིག་གིས་ཁྲོས་མ་ནག་མོ་ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་དང་། །གཡོན་མི་རྐང་གི་གླིང་བུ་འཛིན་པ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ། ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པར་བསྒོམ། དེ་ཡི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་དཔག་ཏུ་མེད་པ་འཕྲོས་པས། གནོད་བྱེད་ཀྱིས་གཙོར་བྱས་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་བྱིའུ་ཁྲས་གཅུམ་པ་བཞིན་དུ་བསྡུས་ཤིང་དེད་ནས་རང་དབང་མེད་པར་རང་གི་འཁོར་དུ་བཞག་སྟེ། རང་ཉིད་གཙོ་མོ་ལ་སྐྲག་ཅིང་ཟིལ་གྱིས་ནོན་ནས་གནས་པར་བསམ། རྐང་དུང་གསུམ་དང་ཕཊསྒྲ་བྱའོ། །མགྲོན་རིགས་ལ་ཞིབ་ཏུ་ཕྱེ་ན་མང་དུ་ཡོད་ཀྱང་བསྡུ་


CMR053_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ན་བཞིར་འདུས་པས། རང་གི་སྨིན་མཚམས་ཡན་ཆད་ཀྱི་ནམ་མཁའ་ལ་དཀོན་མཆོག་སྲིད་ཞུའི་མགྲོན་ཐམས་ཅད་ནམ་མཁའ་ཁྱབ་པར་བསྒོམ་པ་ཟིལ་གནོན་ཡིན་ནོ། །རང་གི་གཡས་གཡོན་དུ་ཕ་མས་གཙོར་བྱས་རིགས་དྲུག་སྙིང་རྗེའི་མགྲོན་ཐམས་ཅད་རང་ལས་ཅུང་ཟད་དམའ་བའི་ཕྱི་རོལ་དུ་མགོན་པོ་ཡོན་ཏན་གྱི་མགྲོན་དཔལ་མགོན་བདུན་ཅུ་ལ་སོགས། རང་གི་འོག་ཕྱོགས་ཀྱི་མདུན་དུ། དམིགས་ཡུལ་གནོད་བྱེད་གང་ཡིན་དེ་ལན་ཆགས་བུ་ལོན་གྱི་མགྲོན་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་གནོད་བྱེད་ཐམས་ཅད་ཀྱིས་བསྐོར་བར་བསྒོམ། མགྲོན་ཕྱི་ནང་གི་དབྱེ་བ་བསྒོམ་ལུགས་ནི། ནད་གདོན་ཞི་བའི་ཆེད་དུ་ཡིན་ན་ནང་ལུས་གདོན་འཁོར་བཅས་ནང་མགྲོན། གནས་གདོན་བར་མགྲོན། ལས་གདོན་ཕྱི་མགྲོན་ཡིན་ནོ། །ཡང་གནས་གདོན་འདུལ་ལམ་གནས་བདག་ལ་ཕྲིན་ལས་བཅོལ་ན་གནས་གདོན་ནང་། ལུས་གདོན་བར། ལས་གདོན་ཕྱི་མགྲོན་ནོ། །སྤྱིར་ནི་སྐྱབས་ཡུལ་ནང་མགྲོན། ཀླུ་གཞི་བདག་རིགས་དྲུག་ལན་ཆགས་བར་མགྲོན། ལྷ་འདྲེ་ནག་ཕྱོགས་ཕྱི་མགྲོན། དེ་མདོར་ན་གལ་ཤིན་ཏུ་ཆེ་བ་ནང་། ཅུང་ཟད་ཆེ་བ་བར། གལ་ཆུང་བ་ཕྱི་མགྲོན་


CMR053_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྐྱེད་དོ། །དེ་ནས་སྐྱབས་ཡུལ་རྒྱས་པར་བསྐྱེད་ཅིང་སྤྱན་འདྲེན་མཆོད་བསྟོད་བྱ་བ་རྣམ་བཤད་ནས་གསུངས་ཀྱང་། ཕྱག་ལེན་ལ་ནི། ཡུམ་ཆེན་མོ་སྲས་འཁོར་དང་བཅས་པ་སྐད་ལྟཅིག་ལ་མདུན་གྱི་ནམ་མཁའ་ལ་སྤྲིན་འཁྲིགས་པ་ལྟར་བསྐྱེད་ལ། ན་མོ་ཕྱོགས་བཅུ་ན་བཞུགས་པའི་ཞེས་སོགས་སྙན་གསན་ཞུས་ནས་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་ལས་སྐྱབས་པར་དཀོན་མཆོག་རིན་ཆེན་ཁྱེད་མཁྱེན་སྙམ་པས། རང་དང་གནོད་བྱེད་ཀྱིས་གཙོར་བྱས་རིགས་དྲུག་ཐམས་ཅད་ཀྱིས་སྐྱབས་འགྲོ་འུར་དི་རི་རི་བྱེད་པར་བསམ་ལ་སྐྱབས་འགྲོ་བརྒྱའམ་ཉེར་གཅིག་གམ་ཐ་མའང་གསུམ་བྱ་སྟེ། བདག་ཅག་རྣམས་ལ་སྡང་བར་བྱེད་པའི་དགྲ། ཞེས་པ་ནས། དགེ་འདུན་ལ་སྐྱབས་སུ་མཆིའོ། །བར་ཕྱིའི་སྐྱབས་འགྲོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཅེས་པ་ནས། རིགས་གསུམ་གྱི་མགོན་པོ་རྣམས་ཞེས་པའི་བར་ནང་གི་སྐྱབས་འགྲོ། བླ་མ་རྡོ་རྗེ་མཁའ་འགྲོ་ཞེས་པ་ནས་དྲིན་ཆེན་རྩ་བའི་བླ་མ་ཞེས་པའི་བར་ནི་གསང་བའི་སྐྱབས་འགྲོ། རང་སེམས་སྐྱེ་བ་མེད་པ་ཞེས་སོགས་ཀྱི་དེ་ཁོ་ན་ཉིད་ཀྱི་སྐྱབས་འགྲོ་ཡིན་ཏེ། དེ་རྣམས་ཁ་ཙམ་མ་


CMR053_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་སྙིང་ཁུང་རུས་པའི་གཏིང་ནས་བློ་ཁེལ་ངེས་སུ་བྱ་ཞིང་། སྐྱབས་སུ་གསོལ་ཞེས་བརྗོད་དེ་སྐྱབས་ཡུལ་རྣམས་ཀྱི་ངེས་པར་སྐྱོབ་པར་ཞལ་བཞེས་གནང་ནས། སྐུ་གསུང་ཐུགས་ལས་འོད་ཟེར་བྱུང་བས་བདག་གཞན་ཐམས་ཅད་ཀྱི་སྒོ་གསུམ་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་དག་སྟེ་ལུས་ཤེལ་སྒོང་ལྟར་སོང་། དཀོན་མཆོག་སྐྱབས་འོག་དམ་པར་ཚུད་ཨང་སྙམ་པའི་ངེས་ཤེས་བརྟན་པོས། རང་སར་དག་པར་གྱུར་ཅིག་སོགས་བརྗོད། ཉེས་ཚོགས་ཞི་བར་གསོལ་བ་འདེབས་པ་ནི། དེའི་ངང་ལས་སྐྱབས་ཡུལ་སྐྱོབ་མཁན་སྐྱབས་འགྲོ་གསུམ་ཀ་དོན་དམ་པའི་ངང་ལ་བཞག་ཅིང་། རང་སར་སྟོང་པར་གྱུར་ཅིག །མཐར་ཐུག་དོན་གྱི་སྐྱབས་འགྲོ་ཡིན་ལ། དེ་ཡང་རང་གཞན་ན་དོགས་འཆི་དོགས་འདྲེས་ཁྱེར་དོགས་པ་ནས་སྐྱབས་འགྲོ་བྱས་ན་གཅོད་ལུགས་ལ་འགལ་བས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་འཛིན་བློས་ཐེང་འགལ་རྐྱེན་ལམ་དུ་སློང་། བདེ་སྡུག་རོ་སྙོམས་གཅོད་ཡུལ་མཐར་ཕྱིན་པའི་དོན་དུ་སྐྱབས་སུ་འགྲོ་བ་ཡིན་ནོ། །དེ་ནས་རང་གཞན་ཐམས་ཅད་ཀྱིས་དཀོན་མཆོག་ལ་ཕྱག་འཚལ་ཞིང་མཆོད། སྡིག་སྒྲིབ་ཐམས་ཅད་བཤགས། དགེ་བ་ཐམས་ཅད་ལ་ཡི་


CMR053_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

རང་བསྒོམ། ང་པ་རྣམས་ཀྱི་དང་པོར་བྱང་ཆུབ་པས་གསུམ་མགོན་པོ་རྣམས་ཞི་བ་ཆབ་ཀྱིས་རང་དང་བསྲུང་བྱ་མགྲོན་ལ་འཕོ་བར་བྱེད་དོ། །འདིར་ལུགས་བསྐྱེད་ལ་དོན་གྱིས་ཐམས་ཅན་གྱི་དོན་དུ་བྱའོ་སྙམ་ནས་དོན་དམ་སེམས་བསྐྱེད་བསླབ་བྱ་བརྗེས་འདི་མཛད་གསུངས་རང་བསྒོམ།་བྱང་ཆུབ་ཏུ་སེམས་བསྐྱེད་སྙམ་པས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ་ཞེས་པ་ནས། སངས་རྒྱས་འགྲུབ་པར་ཤོག་གི་བར་བརྗོད། ཇི་ལྟར་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་དང་པོར་བྱང་ཆུབ་ཏུ་ཐུགས་བསྐྱེད་ཅིང་། བར་དུ་བསྐལ་པ་གྲངས་མེད་པར་ཕར་ཕྱིན་དྲུག་ལ་བསླབ་པ་ལྟར། བདག་གིས་ཀྱང་དེ་ལྟར་སེམས་བསྐྱེད་ནས་སེམས་ཅན་གྱི་དོན་དུ་བྱའོ་སྙམ་ནས། ཇི་ལྟར་དུས་གསུམ་མགོན་པོ་རྣམས་ཞེས་པ་ནས་བསྐྱེད་པར་བགྱི་ཡི་བར་གྱི་ཀུན་རྫོབ་སེམས་བསྐྱེད་དང་། བསྐྱེད་པ་རྣམས་ནི་དྲན་པར་བགྱི། ཞེས་སོགས་ཚིག་གཉིས་ཀྱིས་དོན་དམ་སེམས་བསྐྱེད་བསླབ་བྱ་བཟུང་། དེ་ཡང་རབ་ཀྱིས་རང་དང་བསྲུང་བྱ་མགྲོན་རིགས་ཐམས་ཅད་སྐྱབས་འགྲོ་དུས་ནས་སྟོང་ཉིད་ཀྱི་ངང་དུ་དབྱེར་མེད་དུ་བསྲེ། འབྲིང་འཕོ་བའི་སྐབས་ནས་བསྲེ། དྲུང་པ་རིན་པོ་ཆེས་འདི་མཛད་གསུངས་ཐ་མས་རང་གཞན་ཐ་དད་དུ་འཕོ་བར་བྱེད་དོ། །འདིར་ལུགས་མི་གཅིག་པ་མང་ན་ཡང་། སྐྱབས་ཡུལ་རྣམས་སྤྲོས་མེད་བཏང་སྙོམས་སུ་བཞག་པས་ཆོག༔ རང་ལ་བསྡུས་བ་དང་གཤེགས་པ་སོགས་མི་དགོས། ཚད་མེད་བཞི་ནི་གོང་གིས་སེམས་བསྐྱེད་ལ་དོན་གྱིས་


CMR053_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

འཐུས་པས་འདིར་མི་དགོས་སོ། །ཏྲི་མཎྜལ་ཞེས་པས་འདིར་དཀྱིལ་འཁོར་གྱི་བརྡའ་དོན་ཡིན་གཞལ་ཡས་ཁང་བསྐྱེད་ན་ལེགས་འདིར་ཁམས་གསུམ་ཟིལ་གྱིས་གནོན་ཕྱིར་ལྷ་ཐོ་བརྩེགས་ཡིན་པས་གཞལ་ཡས་ཁང་མ་བསྐྱེད་ཀྱང་རུང་། མ་གཅིག་གི་ཞལ་ནས་རང་ཐ་མལ་དུ་གནས་པའི་སྤྱི་བོར་ཆོག་པས་བསྐྱེད་གསུངས་པས། བདག་བསྐྱེད་མི་བསྐྱེད་པ་ལེགས་སོ། །རང་ཉིད་ཐ་མལ་དུ་གནས་པའི་སྤྱི་བོར་ཁྲུ་གང་གི་ཐད། མདུན་གྱི་ནམ་མཁར་འོག་མིན་ཆོས་དབྱིངས་དག་པའི་ཞིང་ཁམས་ཕུན་སུམ་ཚོགས་པའི་དབུས་སུ་ཧཱུྃ་ལས་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ་ལྷ་རྫས་ཀྱི་གོས་ཀྱིས་བཀབ་པ། དེ་ཡི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་འདབ་མ་མཐའ་ཡས་ཤིང་རྒྱ་ཆེ་བའི་གདན། དེ་ཡི་སྟེང་དུ་མ་ལས་ཉི་མ་དང་ཨ་ལས་ཟླ་བའི་གདན་ཡངས་ཤིང་རྒྱ་ཆེ་བ་དང་། ལྷ་ཐམས་ཅད་ལ་ཡང་རང་རང་ཇི་ལྟར་འོས་པའི་གདན་བསྒོམ། མཎྜལ་ཞེས་པ་ནས། ཙཎྜ་མཎྜལའི་བར་བརྗོད་པས་གདན་བསྐྱེད་པའོ། ། དེ་ཡི་ལྷ་གནས་སུ་མས་རིམ་ལྟར་རིགས་ལྔ་ལ་བྷྲཱུྃ་ཧཱུྃ་ཨོཾ་ཛིཾ་ཁཾ་དང་ཡུམ་ཆེན་དང་ཐུབ་པར་སུཾ་ཡིག་དམར་སེར་མཁའ་འགྲོ་སྡེ་ལྔ་ལ་ཧྲཱིཿཧ་རི་ནི་ས་དང་མ་གཅིག་ལ་ཧཱུྃ་དཀར་བསྒོམ་པ་ནི་ས་བོན་


CMR053_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པའོ། །དེ་ཡང་གདན་འོག་མའི་ས་བོན་ཧཱུྃ་ཡིག་ཞུ་བས། མ་གཅིག་ལ་གནས་གསུམ་མཁའ་འགྲོས་བསྐོར་བ། དེ་ཡི་སྙན་གོང་གཡས་སུ་དམ་པ་སངས་རྒྱས་ལ་གྲུབ་ཆེན་བརྒྱད་ཅུ་སོགས་ཀྱིས་བསྐོར་བ། གཡོན་དུ་པད་ཉི་རོའི་གདན་ལ་ས་བོན་ཧྲཱིཿརྣམས་ལས་ཕག་མོ་ལྷ་ལྔ་ལ་མ་རྒྱུད་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ། མ་གཅིག་གི་དབུ་སྟེང་གི་ཁྲི་གདན་ལ་ས་བོན་ལས། བསྟན་པའི་བདག་པོ་ལ་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་བྱང་སེམས་ཉན་རང་ཐམས་ཅད་ཀྱིས་བསྐོར་བ། དེའི་སྟེང་གི་ཁྲི་གདན་ལ་ས་བོན་ལས་ཡུམ་ཆེན་མོ་ལ་སྲས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་བྱང་སེམས་རྣམས་ཀྱིས་བསྐོར་བ། དེའི་སྟེང་གི་ཟླ་གདན་ལ་ས་བོན་ལས་རྒྱལ་བ་རིགས་ལྔ། ཡུམ་ཆེན་གྱི་མདུན་གྱི་ནམ་མཁར་པད་ཉི་ཟླ་གདན་གྱི་སྟེང་དུ་འཕགས་མ་སྒྲོལ་མ། དེ་དག་གི་རྒྱབ་ཕྱོགས་ཀྱི་གདན་ལ་གངས་ཅན་མཚོ་རྒྱལ། གཞན་ཡང་གཡས་སུ་དཔའ་བོ་གཡོན་དུ་དཔའ་མོ་ལ་སོགས་དེ་དག་ཐམས་ཅད་ཆ་ལུགས་སོགས་གཞུང་ལྟར་ཡོངས་སུ་རྫོགས་པ་ཏིལ་གྱི་སྒང་བུ་ཁ་བྱེ་བ་ལྟར་བསྒོམ། མ་གཅིག་གི་གདན་ལས་ཅུང་ཟད་དམའ་བའི་ཕྱོགས་མཚམས་སུ་པད་ཉི་རོའི་གདན་ལ་གཡས་སུ་ཆོས་སྐྱོང་ཕོ་རྒྱུད། །


CMR053_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་མོ་རྒྱུད་ཐམས་ཅད་གཟི་བརྗིད་དང་ལྡན་པ། དེ་ཡི་འོག་ཏུ་ཕྱི་རྒྱུད་འཇིག་རྟེན་པའི་པའི་ཆོས་སྐྱོང་སྲུང་མ་ཐམས་ཅད་དང་། ཕྱོགས་བཞིར་རྒྱལ་ཆེན་སྡེ་བཞི་སོགས་ནམ་མཁའ་ལ་སྤྲིན་འཁྲིགས་པ་ལྟར་བསྐྱེད་པ་ནི་ལྷ་བསྐྱེད་དོ། །དེ་ནས་ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་དཔྲལ་བར་སྐུ་རྡོ་རྗེ་དང་ལུས་ཀྱི་ངོ་བོ་ཨོ་དཀར་པོ། མགྲིན་པར་གསུང་རྡོ་རྗེ་དང་ངག་གི་རང་བཞིན་ཨཱདམར་པོ། ཐུགས་ཀར་ཐུགས་རྡོ་རྗེ་དང་སེམས་ཀྱི་ངོ་བོ་ཧཱུཾ་སྔོན་པོ། སྙིང་ཁའི་དབུས་སུ་ཡེ་ཤེས་པ་ཐམས་ཅད་རང་རང་ཐུགས་སྲོག་ས་བོན། འཇིག་རྟེན་པ་ཐམས་ཅད་ལ་ཡང་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་མཚན་པར་བསྒོམ་པ་ནི་གནས་གསུམ་བྱིན་གྱིས་རླབས་པའོ། །དེ་རྣམས་ནི་དམ་ཚིག་འཁོར་ལོ་བསྒོམ་པ་ཞེས་བྱ་བ་སྟེ། ཡེ་ཤེས་ཀྱི་འཁོར་ལོ་བཞུགས་པ་ནི། དྷེ་ཝ་ཌཱཀི་ནི་ཛཧཱུྃ་སོགས་བརྗོད་པས་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་སྣ་ཚོགས་པ་ལྕགས་ཀྱུ་ལྟ་བུ་འཕྲོས་པས། འོག་མིན་ཆོས་ཀྱི་དབྱིངས་ནས་ཡུམ་ཆེན་མོ་འཁོར་དང་བཅས་པ་དང་། ཤར་ཕྱོགས་མངོན་པར་དགའ་བ། ལྷོ་དཔལ་དང་ལྡན་པ། ནུབ་བདེ་བ་ཅན། བྱང་ཕྱོགས་ལས་རབ་རྫོགས་པ། དབུས་


CMR053_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་འཐུག་པོ་བཀོད་པའི་ཞིང་ནས་རྒྱལ་བ་རིགས་ལྔ་དང་། ནུབ་ཕྱོགས་ཨུ་རྒྱན་གྱི་གནས་ནས་ཡུམ་རྡོ་རྗེ་ཕག་མོ་དང་མ་གཅིག་ལབ་ཀྱི་སྒྲོན་མ་མཁའ་འགྲོ་འབུམ་དང་བཅས་པ་དང་། །རིག་འཛིན་གྱི་གནས་དང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ནས་སངས་རྒྱས་བྱང་སེམས་གྲུབ་ཐོབ་བརྒྱུད་པའི་བླ་མ་ཐམས་ཅད་དང་། ཡུལ་ཉི་ཤུ་རྩ་བཞི་དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་ནས་དཔའ་བོ་ཌཱཀི་ཆོས་སྐྱོང་ཐམས་ཅད་འོད་ཟེར་གྱིས་བསྐུལ་ནས། སྔོན་གྱི་ཐུགས་དམ་དང་སྨོན་ལམ་གྱི་དབང་གིས་རང་དབང་མེད་པར་ཤོག་སྐྱ་རླུང་གིས་བསྐྱོད་པའམ་བྱ་ཁྱུ་འགྲོགས་པ་བཞིན་དུ་མདུན་གྱི་ནམ་མཁར་བྱོན་པར་བསྒོམ་ཞིང་། ཧཱུྃ། མ་ལུས་སེམས་ཅན་ཀུན་སོགས་ནས། གཤེགས་སུ་གསོལ་གྱི་བར་བརྗོད་ལ། ཡིད་ཀྱིས་ཕྱག་འཚལ་མཆོད་པ་འབུལ་བར་དམིགས་ལ་ཛཿཞེས་པས་ལྷ་དམ་ཚིག་པ་རྣམས་ཀྱི་སྤྱི་བོར་བྱོན། ཧཱུྃ་ཞེས་པས་ཡེ་ཤེས་པ་རྣམས་ཆུ་ལ་ཆུ་ཐིམ་པར་ལྟར་ཞུགས། བོ་ཞེས་པས་དེ་གཉིས་དབྱེར་མེད་དུ་གྱུར། ཧོཞེས་པས་ཤིན་ཏུ་དགྱེས་པར་བསམ། དེ་ལྟར་ལྷ་རྣམས་བྱོན་པས་རང་ཡིད་དགའ་ཞིང་། དེ་ནས་དེ་རྣམས་རང་རང་གི་གདན་ལ་བདག་གིས་ཚོགས་མཆོད་ཀྱི་བྱ་བ་མ་གྲུབ་


CMR053_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་བཞུགས་པར་བསམ། ཡུམ་ཆེན་འདིར་ནི་བྱོན་པ་ལེགས་སོགས་དང་། ཀཱ་མ་ལཱ་ཡ་ཧཱུྃ། ཞེས་པའི་བར་བྱ་བ་ནི་སྤྱན་དྲངས་དང་བྱོན་ལེགས་གདན་འབུལ་བཞུགས་གསོལ། དེ་ནས་མཆོད་པ་ནི་མཆོད་རྫས་རྣམས་དམིགས་རྟེན་དུ་བྱ་སྟེ། རང་གི་ཐུགས་ཀ་ནས་ལྷ་མོ་དཀར་སེར་དམར་ལྗང་མཆོད་རྫས་ཐོགས་པ་རེ་རེ་ལ་ཡང་གྲངས་མེད་ནམ་མཁའ་བར་སྣང་ཁྱབ་པ་དང་། རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྫས་བརྒྱད་སོགས་ལྷ་དང་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པས་མཆོད་པར་བསམ་ལ། ཡོན་ཆབ་ཁྲུས་ཆབ་ནས། །འཁོར་དང་བཅས་ལ་འབུལ་ཞེས་པའི་བར་ཚིགས་བཅད་གསུམ་བརྗོད་པ་ནི། ཕྱི་ཡི་མཆོད་པའོ། །སྟོང་གསུམ་རབ་འབྱམས་མཐའ་ཡས་མུ་མེད་པའི། གཟུགས་སྒྲ་དྲི་རོ་རེག་བྱའི་ངོ་བོ་ཐམས་ཅད་རྣམ་པ་འདོད་ཡོན་གྱི་ལྷ་མོ་དཔག་ཏུ་མེད་པར་དམིགས་ནས་འབུལ་ཞིང་། གཟུགས་དང་སྒྲ་དང་དྲི་དང་སོགས་ཤོ་ལོ་ཀ་གཅིག་བརྗོད་པ་ནང་གི་མཆོད་པའོ། །ཡང་རང་གི་ཐུགས་ཀ་ནས་གསང་བའི་རིག་མ་སྒེག་མོ་དཀར་མོ་སོགས་གྲངས་མེད་པ་སྤྲོས་ནས་ཕུལ་བས། ལྷ་ཚོགས་ཐམས་ཅད་ལ་ཟག་མེད་དགའ་བདེའི་མཆོད་པས་མཉེས་ཤིང་། སེམས་ཅན་


CMR053_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱང་ཐ་མལ་སྙོམས་འཇུག་གི་ཟག་པ་ལས་གྲོལ་བར་བསམ་ལ། སྒེག་མོ་ཕྲེང་བ་སོགས་ཚིགས་བཅད་གཅིག་བརྗོད་པ་གསང་མཆོད་ཡིན་ལ། ཕྱི་སྣོད་གླིང་བཞི་རི་རབ་ཉི་ཟླ་དང་བཅས་པ། ནང་བཅུད་ལྷ་དང་མི་ཡི་ལོངས་སྤྱོད་དང་། ལུས་ཁ་རྗེ་དབང་ཐང་དུས་གསུམ་བསགས་པའི་དགེ་བ་དང་བཅས་པ་ཐམས་ཅད་བློས་བླངས་ཏེ་མཎྜལ་དུ་འབུལ་བར་བསམས་ལ། ས་གཞི་སྤོས་ཆུས་སོགས་བརྗོད། དེ་ལྟར་མཆོད་པ་ཕུལ་བས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚོགས་རྫོགས་ཤིང་སྒྲིབ་པ་བྱང་ནས་རྣམ་མཁྱེན་རྫོགས་པའི་བྱང་ཆུབ་བདེ་བླག་ཏུ་འགྲུབ་པར་བསམ་ཞིང་སྤྲོས་བྲལ་མཉམ་པ་ཉིད་དོན་དམ་པའི་མཆོད་པ་ལ་མཉམ་པར་བཞག་གོ །དེ་ནས་བསྟོད་པ་ནི། གང་གི་དྲིན་གྱིས་སོགས་བླ་མའི་བསྟོད་པ། སངས་རྒྱས་ཀུན་གྱི་རང་བཞིན་སོགས་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ལ་བསྟོད་པ། སྨྲ་བསམ་བརྗོད་མེད་སོགས་ཆོས་སྐུ་ཡུམ་ཆེན་མོ་ལ་བསྟོད་པ། ལྟ་བས་མི་ངོམས་སོགས་གཟུགས་སྐུ་ཡུམ་ཆེན་ལ་བསྟོད་པ། ཞིང་ཁམས་ཐམས་ཅད་སོགས་སྒྲོལ་མ་ལ་བསྟོད་པ། སྤྲོ་ན་སྐབས་འདིར་ཆོས་སྐུ་ནམ་མཁའ་མ་སོགས་ཀྱིས་རིགས་ལྔ་ལ་བསྟོད་པ་ཤོ་ལོ་ཀ་བཙུད། མགོན་


CMR053_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཐུགས་རྗེ་སོགས་ནས་དགེ་འདུན་རྣམས་ལ་ཞེས་པའི་བར་གྱི་དཀོན་མཆོག་གསུམ་ལ་བསྟོད་པ། སྐབས་འདིར་སྤྲོ་ན་དམ་པ་རྗེ་བཙུན་མ་གཅིག་གསུམ་གྱི་བསྟོད་པ་ཚིགས་བཅད་གང་རུང་རེས་བསྟོད། བྱ་སྤྱོད་རྣལ་འབྱོར་རྒྱུད་སྡེ་བཞི་ཞེས་སོགས་ཀྱིས་ཡི་དམ་བཞི། སྟོན་པའི་བསྟན་པ་ཞེས་སོགས་ཆོས་སྐྱོང་བཞི། ཐམས་ཅད་སྤྱི་ལ་ཕྱག་བྱར་འོས་པ་སོགས་ཀྱིས་རང་གཞན་ཀུན་གྱིས་རྩེ་གཅིག་ཏུ་བསྟོད་ནས། སླར་ཡང་ཕྱག་འཚལ་བ་དང་ཞེས་སོགས་ཚིགས་བཅད་ཀྱིས་ཡན་ལག་བདུན་པ་བསྡུས་པ་ཙམ་འབུལ་ལོ། །དེ་ནས་བཟླས་པ་ནི། མ་གཅིག་གི་ས་བོན་ཨ་དཀར་པོ་ལ་སྔགས་ཕྲེང་གཡོན་དུ་སྐོར་བ་བྱེད་པ་ཡོད་ཀྱང་། ཡུམ་ཆེན་གྱི་ཐུགས་ཀར་པད་ཟླའི་སྟེང་དུ་ཧཱུྃ་དཀར་པོའི་མཐར་ག་ཏེའི་སྔགས་ཕྲེང་སེར་པོ་གཡས་སུ་བཀོད་ཅིང་གཡོན་དུ་ཀྱི་ལི་ལི་འཁོར་བར་དམིགས་ནས་ཐམས་ཅད་ཀྱིས་སྔགས་ཀྱི་སྒྲ་འུར་དི་རི་རི་སྒྲོག་པར་བསམས་ལ། སྒྲ་གྲག་སྟོང་བྲག་ཆ་ལྟ་བུའི་དོན་ཤེས་པའི་ངང་ནས་བརྒྱ་སྟོང་ཅི་ནུས་བཟླའོ། །ཡང་ན་མ་གཅིག་གི་ཐུགས་ཀར་ཧཱུྃ་གི་མཐར་གཡས་བསྐོར་དུ་ག་ཏེའི་སྔགས་ཕྲེང་དཀར་པོ་གཡས་སུ་བསྐོར་བར་དམིགས་ཏེ་བཟླས་ན་ཡང་ལེགས་ཏེ། དྲུང་


CMR053_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པ་རིན་པོ་ཆེས་བཞེད་པ་ཡིན་ནོ། །དེ་ནི་ས་བོན་བཀོད་ཅིང་བཟླས་པ་བྱ་ཚུལ་ལོ། །དེ་ནས་བྱིན་རླབས་བསྡུ་བའི་དམིགས་པ་ནི། ཕཊབརྗོད་པས་མ་གཅིག་གི་ཐུགས་ཀའི་སྔགས་ཕྲེང་ས་བོན་དང་བཅས་པ་ལས་འོད་ཟེར་འཕྲོས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཕོག །དེ་དག་གི་འོད་ཟེར་ཡུམ་ཆེན་ལ་ཕོག །ཡུམ་ཆེན་གྱི་འོད་ཀྱིས་འོག་མིན་ནས་ཡུམ་ཆེན་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཐུགས་རྗེའི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་སྣ་ཚོགས་ཀྱི་རྣམ་པར་འདུས་མ་གཅིག་གི་ཐུགས་ཀར་སིབ་ཀྱིས་ཐིམ། །སླར་ཡང་འོད་ཟེར་འཕྲོས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་བྱིན་རླབས་མཐུ་སྟོབས་རྣམས་ཡུམ་ཆེན་གྱི་ཐུགས་ཀར་ཐིམ་པས། །ངོ་བོ་སྐྱབས་གནས་རྣམས་ཀྱི་ཐུགས་རྗེ་དང་བྱིན་རླབས་ལ་རྣམ་པ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་དཀར་པོ་འོ་མ་ལྟ་བུའི་མ་གཅིག་གི་སྐུ་ཐམས་ཅད་ཁྲིག་གིས་གང་བར་བསམ། འདི་དྲུང་པའི་བཞེད་པ་ཡིན་ལ། གཞན་རྣམས་ཀྱི་བྱིན་རླབས་ཡུམ་ཆེན་ལ་བསྡུས་པ་ཡིན་ཏེ། དེ་གཉིས་གང་བྱེད་སྔགས་ཕྲེང་བསྙེན་པ་གང་ལ་བྱས་པ་དེ་ལ་བྱིན་རླབས་བསྡུ་བ་འཐད་ཅིང་ཁྱད་མེད་པ་ཡིན་ནོ། །དེ་ནས་སྒྲིབ་པ་སྦྱོང་བའི་


CMR053_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ནི། ཡུམ་ཆེན་མོའམ་མ་གཅིག་གི་ཞབས་གཡོན་པའི་མཐེབ་སྲིན་ནས་བདུད་རྩིའི་རྒྱུན་ན་ན་ར་བྱུང་ནས། རང་དང་བསྲུང་བྱའི་སྤྱི་བོའི་ཚངས་བུག་ནས་ཞུགས། ཕྱི་ལུས་ཀྱི་སྡིག་སྒྲིབ་ནང་སེམས་ཀྱི་སྡིག་སྒྲིབ་ཐམས་ཅད་འོག་སྒོ་རྐང་སེན་གྱི་རྒྱུད་བ་སྤུའི་བུ་ག་ནས་སངས་ཀྱིས་ཐོན་ནས་དབང་ཆེན་གསེར་གྱི་ས་གཞི་ལ་ཐིམ། ལུས་ཀྱི་རྩ་་གནས་ཐམས་ཅད་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་སྟེ་ལུས་སྟོང་གསལ་ཤེལ་སྒོང་ལྟར་སོང་ཞིང་། དེ་དང་མཉམ་དུ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་པར་བསམ་མོ། །དེ་ནས་ལན་ཆགས་འཇལ་བའི་དམིགས་པ་ནི་ནད་པ་ལ་བྱ་སྟེ་གཞན་ལ་མི་དགོས། དེ་ཡང་ལུས་བཀྲུས་པའི་ཁུ་བ་དེ་ངོ་བོ་བདུད་རྩི་ལ། རྣམ་པ་འདོད་ཡོན་བཟའ་བཏུང་སྣ་ཚོགས་སུ་གྱུར་ནས་རང་གི་འོག་ཏུ་ལུས་གདོན་ཡོད་པའི་ཁར་སོང་བས་ལན་ཆགས་བུ་ལོན་བྱང་། གནོད་སེམས་ཞི་ནས་ཕན་སེམས་དང་ལྡན་པར་བསྒོམ། འདིར་ནག་འགྱེད་དང་དུག་དང་ནད་དང་ཁྲོ་ཆུར་བསྒོམས་ནས་སྦྱིན་པ་སོགས་ནི། གཅོད་ལོག་ཡིན་པས་མི་རུང་ཞེས་རྗེ་བཙུན་ཀུན་དགའ་རྣམ་རྒྱལ་གྱིས་གསུངས་སོ། །དེ་ཡན་སྔོན་འགྲོའི་དམིགས་རིམ་མོ།། ༈ ད་


CMR053_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞི་ལ། གཅོད་རབ་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་སྟེ། ལུས་དང་སེམས་དང་མགྲོན་སོགས་ཆོས་ཐམས་ཅད་རང་བཞིན་གྱི་རྣམ་པར་དག་པ་སྟོང་ཉིད་ཕྱག་རྒྱ་ཆེན་པོའི་ངང་དུ་བཞག་ནས། འཕོ་བྱ་འཕོ་བྱེད་དང་ལུས་དང་མགྲོན་སོགས་མི་དམིགས་པའོ། །གཅོད་འབྲིང་ནམ་མཁའ་སྒོ་འབྱེད་ནི། རང་རང་བསྲུང་བྱའི་ལུས་ཕྱི་ནང་མི་སྒྲིབ་པར་ཕྲུ་མ་ཕུས་བཏབ་པ་ལྟར་བསྒོམས་པའི་དབུས་སུ། རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་མཚན་ཉིད་བཞི་དང་ལྡན་པ་ཕྲ་སྦོམ་སྦ་ལྕག་འབྲིང་པོ་ཙམ། ཡར་སྣེ་ཚངས་བུག་ཏུ་ཟུག་པ་སྐར་ཁུང་ལྟ་བུ་ལ། མར་སྣེ་ལྟེ་འོག་སྙིང་ཁར་པདྨ་འདབ་བརྒྱད་དཀར་ཞིང་ལྟེ་བ་མཐིང་ཁའི་དབུས་སུ་ཟུག་ཅིང་འདབ་མ་ཅུང་ཟད་ནོན་པར་གསལ་བཏབ། སྙིང་ཁའི་པདྨའི་དབུས་སུ་རླུང་སེམས་ཀྱི་ངོ་བོ་འོད་ཀྱི་ཐིག་ལེ་བྱ་མ་སར་གྱི་སྒོ་ང་ལྟར་ཁ་དོག་སྣ་ཚོགས་དང་ལྡན་ཞིང་འོད་ཟེར་འཚེར་བ་ཐེའུ་ཆུང་གི་མགོ་ཙམ་བསྒོམ། ཐིག་ལེ་དེ་འཕར་འདར་ལིང་ངེ་ཡོད་པ་དེ་ཕཊ་བརྗོད་པས་རླུང་དྲག་པོའི་ཤུགས་ཀྱིས་སྤྱི་བོར་རྒྱང་གིས་ཐོན་པར་བསྒོམ་སྟེ། སྐབས་འདིར་བསྲུང་བྱ་རྣམས་དང་བསྲེ་སྟེ། རང་གཞན་གྱི་ལུས་གཅིག་ཏུ་བསྲེ། བསྲུང་བྱའི་རླུང་སེམས་ཐིག་ལེ་སྤར་བ་


CMR053_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁར་རང་གི་ཐིག་ལེ་དང་བསྲེ། དེ་གཉིས་དབྱེར་མེད་པ་ཡུམ་ཆེན་མོའམ་མ་གཅིག་གི་ཐུགས་ཀར་བསྟིམས་ནས་ཐུགས་ཆོས་ཉིད་ཀྱི་ནམ་མཁའ་དང་རང་སེམས་གཅིག་ཏུ་བསྲེས་ཏེ་ཁྱབ་གདལ་དུ་བཞག་གོ །འདིར་འཕོ་ལུགས་ཡིག་འབྲུ་འཕོ་བ་དང་རིམ་པར་འཕོ་བ་སོགས་མང་ན་ཡང་ཚོགས་དུས་འདི་རང་བྱའོ། །ཡང་ན་བསྲུང་བྱའི་རྣམ་ཤེས་རང་གི་སྙིང་ཁར་བསྟིམས་ལ་དབྱེར་མེད་དུ་བསྲེས་པའི་ངོ་བོ་འོད་ཀྱི་ཐིག་ལེ་དམིགས་ནས་མ་གཅིག་གི་ཐུགས་ཀར་བསྟིམ། ཡང་ན་གཅིག་ཆར་དུ་འཕོས་ལ་དབྱིངས་རིག་ཏུ་བསྲེ་བ་དྲུང་པའི་བཞེད་པ་ཨཱརྱ་དེ་ཝའི་རྒྱ་གཞུང་དང་མཐུན་ནོ། །དེ་ནི་བེམ་རིག་ཕྲལ་ཞིང་དབྱིངས་རིག་བསྲེ་བའི་དམིགས་པའོ། །ད་མཎྜལ་དུ་འབུལ་བ་ནི་ཕྱི་ནང་གསང་གསུམ་ལས། ཕྱི་སྣང་བ་རྒྱན་གྱི་སོགས་ཚིག་རྐང་བདུན་གྱིས་འབུལ་བ་ཕྱིའི་མཎྜལ་ལོ། །གོང་དུ་ལུས་སེམས་ཕྲལ་བའི་སྟོང་གསུམ་གང་བ་ལ་ཡུམ་ཆེན་གྱི་ཐུགས་ཀ་ནས་རང་གི་རིག་པ་དེ་ཧྲི༔ཡིག་དམར་པོ་ཞིག་ཏུ་བྱུང་བ་དེ་ཉིད་རྡོ་རྗེ་ཕག་མོར་གྱུར། ཕཊབྱས་པས་པགས་པ་ཤག་གིས་རལ་བ་ལས་གསེར་གྱི་ས་གཞིའི་སྟེང་དུ་ཞག་དང་། ཆུ་སེར་སྤོས་ཆུས་ཆག་ཆག་གདབ་ཅིང་བཻཌཱུརྱ་ཞུན་མས་མིག་


CMR053_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

མང་རིས་སུ་བྲིས་པ། སོར་མཛུབ་ལྕགས་རི་ཡན་ལག་གླིང་བཞི་ཉིང་ལག་གླིང་ཕྲན་བརྒྱད། ཁོག་ཟོམ་རི་རབ་མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་། མིག་གཉིས་ཉི་མ་དང་ཟླ་བ། །རྒྱུ་མ་དཀར་ནག་གསེར་གྱི་རི་བདུན། ཁྲག་རོལ་པའི་མཚོ་བདུན། སོ་རྣམས་རྒྱུ་སྐར། རྣ་བ་གཉིས་གདུགས་དང་རྒྱལ་མཚན། ལྕེ་རྔ་ཡབ་དང་བ་དན་ཀླད་སྤྱི་མཆིན་ཀྲི་ནི་ལྷའི་གོས་སྣ་ཚོགས་བླ་བྲེ་དང་ཡོལ་བ། ཨོལ་ཀྲོང་ཕྲེང་བ་དང་རང་བྱུང་ཤེལ་གྱི་མཆོད་རྟེན་བརྒྱད། སྙིང་ཡིད་བཞིན་ནོར་བུ། གློ་བ་ཅང་ཤེས་ཀྱི་རྟ། མིག་སྤྱི་སྲོག་རྩ་དཔག་བསམ་གྱི་ཤིང་། མཚེར་པ་འདོད་འཇོའི་བ། །ཕོ་བ་གཏེར་གྱི་བུམ་པ། དེ་ལ་སོགས་རང་གི་ཕུང་པོ་ལས་གྲུབ་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་བསྒོམས་ནས་འབུལ་ཏེ། པགས་པ་གསེར་གྱི་ས་གཞིའི་དབུས་ཞེས་སོགས་བརྗོད་པ་ནང་གི་མཎྜལ་ལོ། །བདག་དང་མཎྜལ་དང་མཆོད་ཡུལ་གསུམ་ཀ་དམིགས་མེད་སྟོང་ཉིད་ངང་དུ་བཞག་ལ། གསང་བ་ཆོས་ཉིད་ཀྱི་མཎྜལ་ལ། ཞེས་སོགས་དང་ཕཊཿ ཀྱིས་གདབ་བོ། །དེ་ནི་གསང་བའི་མཎྜལ་ལོ། །མཆོད་སྦྱིན་སྐབས་སུ་ཕཊཿནི་ལྷུག་པ་སྦོམ་པོ་འབྲོང་གི་རྔ་མ་ལྟ་བུ་འཇམ་ཞིང་སྙན་པར་


CMR053_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། དེ་ནི་དམིགས་པ་འདི་ཐམས་ཅད་ལ་འཕོ་བའི་སྐབས་ལྟར་བེམ་རིག་ཕྲལ་ནས་ཡུམ་ཆེན་ནམ་མ་གཅིག་ལ་བསྟིམ་པ་དང་། སྒྱུ་ལུས་ནི་ཁྲོལ་གྱིས་འགྱེལ་བས་དཀར་ལ་སྣུམ་པ། སྙི་ལ་འབོལ་བ། མངར་ལ་ཞིམ་པ། ཆེ་ལ་ཚོ་བ་རོ་མཆོག་བརྒྱད་དང་ལྡན་པ། ཆེ་ཆུང་ནི་སྟོང་གསུམ་མམ་གཉིས་སམ་གཅིག་གམ་འཛམ་བུའི་གླིང་ངམ། ཐ་ན་རང་གི་ཡུལ་ཕྱོགས་དང་གཉན་ས་ཐམས་ཅད་ཁྱབ་པར་བསྒོམ་སྟེ། འདི་ནི་ཀུན་ལ་སྤྱི་འགྲོ་ཡིན་ལ། མཆོད་ཡུལ་ལ་མཆོད་ལུགས་ཀྱི་དམིགས་པ་དུ་མ་ཡོད་དེ། དེ་ལྟར་སྒྱུ་ལུས་ཕུང་པོ་མཛེས་ཤིང་བཀྲག་མདངས་དང་ལྡན་པ་སྟོང་གསུམ་གང་བར་གནས་པ་ལས། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཕུང་པོ་ལ་ཕོག་ནས་མི་གཙང་བའི་དྲི་མ་ཐམས་ཅད་སྦྱང་ནས། རྣམ་པར་དག་པའི་རླངས་པ་ལས་མཆོད་སྤྲིན་སྣ་ཚོགས་འཕྲོ་བ་ངོ་བོ་ཟག་མེད་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་དུ་དམིགས་ལ། ལྷ་ཚོགས་དེ་ཐམས་ཅད་ཀྱི་ལྗགས་རང་རང་གིས་ཕྱག་མཚན་གྱི་དབྱིབས་ཅན་གྱིས་རྩེ་མོ་འོད་ཀྱི་སྦུ་གུ་ཟུག་ནས་བཞེས་པས། སྐུ་གསུང་ཐུགས་མཉེས་པར་བསྒོམ། ཕཊཿ འདི་བསྡུས་པ་བམ་རིལ་མའོ།།


CMR053_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡུམ་ཆེན་ནམ་མ་གཅིག་གི་ཐུགས་ཀ་ནས། རང་རིག་དེ་ལས་བྱེད་ཀྱི་མཁའ་འགྲོ་མ་རྡོ་རྗེ་རྣལ་འབྱོར་མའི་སྐུར་བྱོན་པའི་ཐུགས་ཀ་དང་བ་སྤུ་ཐམས་ཅད་ནས་མཁའ་འགྲོ་གྲངས་མེད་པ་སྤྲོས་ནས། བེམ་པོས་པགས་པ་ཤག་གིས་རལ་བ་ལས། བྷནྡྷའི་སྣོད་སྟོང་གསུམ་ཁྱབ་པའི་ནང་དུ་ཤ་ཁྲག་ཐམས་ཅད་ཉིལ་གྱིས་ཞིག་པའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གསུམ་བསྒོམ། རྗེ་བཙུན་མའི་གྲི་གུག་གིས་ལན་གསུམ་དཀྲུགས་ནས་ཡི་གེ་གསུམ་ཞུ་བས་ཡེ་ཤེས་ཀྱི་བདུད་རྩི་རྣམ་པར་དག་པ། ཤ་ལྔ་བདུད་རྩི་ལྔའི་རང་བཞིན་རླངས་པ་མཆོད་པའི་སྤྲིན་ཕུང་འཕྲོ་བ་ལ། ལས་བྱེད་སྤྲུལ་པའི་མཁའ་འགྲོ་མ་རྣམས་ཀྱིས་ཐོད་པའི་ཞལ་བུས་བཅུས་ཏེ་ལྷ་ཚོགས་རྣམས་ལ་ཕུལ་བར་དམིགས། ཕཊཿ དེ་འབྲིང་བ་བདུད་རྩི་དཀར་འགྱེད་དོ།། ༈ ཡང་རང་རིག་པའི་ངོ་བོ་རྗེ་བཙུན་མ་དམར་མོ་གྲི་གུག་ཐོད་པ་འཛིན་ཅིང་སྤྱན་ནམ་མཁའ་ལ་གཟིགས་པ། དེའི་ཐུགས་ཀ་ནས་རང་འདྲ་བ་དཔག་ཏུ་མེད་པ་འཕྲོས། ཕཊཿ རང་བྱུང་གི་ཐོད་སྐྱེད་གསུམ། ཕཊཿ ཀ་པཱ་ལ་འཕར་ནས་ཐོད་སྐྱེད་གསུམ་གནས་པའི་སྟེང་དུ་བཙུགས་པའི་ནང་དུ་ལུས་འཕར་བའི་ཤ་ཁྲག་རྣམས་ཉིལ་གྱིས་ཞིག་པ་རྗེ་བཙུན་མའི་གྲི་གུག་གིས་དཀྲུགས་


CMR053_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཤ་ལྔ་བདུད་རྩི་ལྔ་དམ་ཚིག་གི་བདུད་རྩིར་གྱུར་པའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གནས་པས། སླར་ཡང་གྲི་གུག་གིས་དཀྲུགས་པས་ཡི་གེ་རྣམས་ཞུ་བ་དང་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་རླངས་པ་ཀུན་བཟང་གིས་མཆོད་སྤྲིན་ལྟ་བུར་འཕྲོ་བ་དྭངས་མ་བདུད་རྩིའི་རྒྱ་མཚོའོ། །སྙིགས་མ་ཤ་ལྔའི་རོ་མཆོག་བཅུད་ཕུན་སུམ་ཚོགས་པར་བསམ། ལྷ་ཚོགས་ཐམས་ཅད་གཞུ་འདོམ་ཉེར་ལྔའི་ནམ་མཁའ་ལ་འཕགས་ནས་བཞུགས་པ་ལ། མཁའ་འགྲོ་རྣམས་ཀྱིས་གཡས་ཐོད་པ་དང་གཡོན་རང་རྟགས་ཀྱི་ཕྱག་མཚན་བསྣམས་པ་རྣམས་ཀྱིས་ཐོད་པའི་བདུད་རྩི་བཅུས་ནས། དང་པོ་ཡུམ་ཆེན་ལ་ལན་གསུམ་ཕུལ། དེ་ནས་ཐུབ་པ་འཁོར་བཅས་དང་། དེ་ནས་དམ་པ་དང་། མ་གཅིག་དང་། ཕག་མོ་ལྷ་ལྔ་རྣམས་ལ་གསུམ་རེ་འབུལ་འདོད་གསོལ་བྱ། དེ་ལྟར་ཚན་ལྔ་པོ་དེ་ལ་དམར་འགྱེད་བྱེད་སྲོལ་ནི་ནམ་ཡང་མེད་དོ། །དེ་ནས་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ལ་འབུལ་ཕྲིན་ལས་བཅོལ། རྒྱས་པ་ཐོད་ཞལ་མའོ། ༈ ཡང་མ་མགོན་རྣམས་ལ་དམར་འགྱེད་བྱེད་ན། ཕུང་པོ་དེ་ཉིད་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ལ་ངོ་བོ་ཡེ་ཤེས་བདུད་རྩི་ལ། རྣམ་པ་ཤ་ཁྲག་ཏུ་དམིགས་ནས་


CMR053_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་ལ་ཕྲིན་ལས་བཅོལ་ལོ། །ཕྱི་རྒྱུད་སྲུང་མ་རྣམས་ལ་གོང་ལྟར་བདུད་རྩི་འབུལ་ཏེ་དམར་འགྱེད་མི་བྱའོ། །དེ་ཡན་དཀར་འགྱེད་ཡིན་ལ། དེ་ནས་བེམ་རིག་ཕྲལ་ལ་བྱིན་རླབས་སྔར་ལྟར་རོ། །ཡང་ན་སྔར་གྱི་ལྷག་མ་ལ་དམིགས་ཀྱང་རུང་བས། ངོ་བོ་བདུད་རྩིའི་རང་བཞིན་ལ་རྣམ་པ་ཀུན་བཟང་མཆོད་པའི་སྤྲིན་ཕུང་ལྟ་བུ་སྟེ། ཡོན་ཆབ་ལ་སོགས་མཆོད་པའི་ལྷ་མོ། གཟུགས་རྡོ་རྗེ་མ་སོགས་འདོད་ཡོན་གྱི་ལྷ་མོ་སྒེག་སོགས་བརྒྱད་ལ་སོགས་པ་ཐམས་ཅད་སྐུ་ཕྱག་རྒྱ་གར་སྟབས་བདེ་བའི་ཉམས་སྣ་ཚོགས། གསུང་གླུ་དབྱངས་སྣ་ཚོགས་སྙན་པའི་ཉམས་དང་བཅས། རེ་རེ་ལའང་གྲངས་མེད་པ་རྣམས་དང་། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫ་ས་རྟགས་བརྒྱད་ལ་སོགས་ལྷ་མའི་མཆོད་རྫས་སྣ་ཚོགས་ཏེ་ཕྱི་མཆོད་དང་། །རིགས་ལྔའི་རིག་མ་དཔག་ཏུ་མེད་པས་གཡོན་རང་རྟགས་ཀྱི་ཕྱག་མཚན་དང་། གཡས་ཐོད་པ་ཤ་ལྔ་དང་བདུད་རྩི་ལྔས་གང་བ་ཐོགས་པ། ནང་གི་མཆོད་པ་དང་། རིག་མ་དེ་དག་གིས་ཐབས་ཤེས་གཉིས་མེད་བདེ་སྟོང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་གསང་བའི་མཆོད་པ་རྣམས་རིམ་པར་འབུལ་ལོ།། ༈ ཡང་གཟུགས་སྣང་ཐམས་ཅད་


CMR053_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་མཁའ་འགྲོ། སྒྲ་གྲག་ཐམས་ཅད་རྡོ་རྗེ་མཁའ་འགྲོ། དྲི་ཚོར་ཐམས་ཅད་རིན་ཆེན་མཁའ་འགྲོ། རོ་ཚོར་ཐམས་ཅད་པདྨ་མཁའ་འགྲོ། རེག་བྱ་ཐམས་ཅད་ལས་ཀྱི་མཁའ་འགྲོ་བསྒོམ་པའམ། བསྡུ་ན་གཟུགས་སྣང་ཐམས་ཅད་སྐུའི་ལྷ་མོ་དཀར་མོ་མེ་ལོང་ཐོགས་པ། སྒྲ་གྲག་ཐམས་ཅད་ནི་གསུང་གི་ལྷ་མོ་དམར་མོ་པི་ཝང་ཐོགས་པ། །དྲན་རྟོག་ཐམས་ཅད་ཐུགས་ཀྱི་ལྷ་མོ་མཐིང་ཁ་ཆོས་འབྱུང་བསྣམས་པ། དཔག་ཏུ་མེད་པས་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ལ་སྣང་སྟོང་། གྲག་སྟོང་། དྲན་སྟོང་། ། བདེ་བ་ཆེན་པོས་མཆོད་པས་དགྱེས་པ་བསྐྱེད་པས་ཐུགས་རྗེ་དང་། བདག་གིས་དགེ་རྩ་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ལ་སྨིན་པས། གནས་སྐབས་དང་མཐར་ཐུག་གི་ཉེས་སྐྱོན་ཐམས་ཅད་ལས་གྲོལ་ནས་མཆོག་གི་བདེ་བ་ཐོབ། དེ་དག་གི་སྡིག་ལྟུང་དང་། སྡུག་བསྔལ་ཐམས་ཅད་བདག་གི་རྒྱུད་ལ་སྨིན་གྱུར་ཅིག །སྙམ་པར་བྱས་ལ། སྟོང་གསུམ་རབ་འབྱམས་ཐམས་ཅད་ཀྱིས། ཞེས་སོགས་བརྗོད་ཅིང་། དམིགས་མེད་དུ་བཞག་གོ །དེ་རྣམས་ནི་ལུས་མཆོད་པར་འབུལ་བ་ཡིན་ནོ། །དེ་ནས་སྦྱིན་པ་ནི། རིགས་དྲུག་


CMR053_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེའི་མགྲོན་དང་། ལན་ཆགས་བགེགས་རིགས་ཀྱི་མགྲོན་ཐམས་ཅད་མཉམ་དུ་སྦྱིན་པ་ཡིན་ཏེ། བེམ་རིག་ཕྲལ་བ་སོགས་སྔར་ལྟར་བྱས་ནས། ཚེ་ཚོ་རོ་བཅུད་ལྡན་པའི་བེམ་པོ་དེ་བདག་མེད་དུ་ཁྲོལ་ལེ་བསྐྱུར་བས། མགྲོན་རིགས་ཐམས་ཅད་ཀྱི་བདུད་རྩི་རྣམ་པར་ལོངས་སྤྱོད་པར་བསམས་ལ། སྤྱི་བཏང་བསྡུས་པ་ཡིན་ལ། རྒྱས་པ་ནི། ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བའི་སྣོད་དུ་ཕུང་པོ་ཆེ་བ་སྟོང་གསུམ་ཙམ་མམ། ཆུང་ན་ཡང་དཔག་ཚད་ལྔ་བརྒྱ་ཁྱབ་པར་དམིགས་ལ་དེ་ཉིལ་གྱིས་ཞིག་པ་ལས། ལས་བྱེད་ཀྱི་ཌཱཀྐིས་གྲི་གུག་གིས་དཀྲུགས་པས་ཉེས་སྐྱོན་ཐམས་ཅད་བྱང་ནས་ངོ་བོ་ཟག་མེད་ཀྱི་བདུད་རྩི་དཀར་གསུམ་མངར་གསུམ་གྱི་རང་བཞིན་ལ། རྣམ་པ་བདུད་རྩི་ཁ་དོག་དཀར་པོ་འོ་མའི་རྒྱ་མཚོ་ལྟ་བུ་ལས། །མགྲོན་རིགས་ཐམས་ཅད་ཀྱིས་རང་རང་གིས་ཇི་ལྟར་འདོད་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ། མཐོང་བ་ཙམ་གྱིས་དབང་པོ་རབ་ཏུ་ཚིམ་པར་བྱེད་པར་བསམས་ལ། ལས་བྱེད་ཀྱི་ཌཀྐི་མ་རྣམས་ཀྱིས་ཐོད་སྐྱོགས་ཀྱིས་བཅུས་ནས། ལུས་གདོན་དང་ལན་ཆགས་ཀྱི་བདག་པོ་བགེགས་རིགས་ཐམས་ཅད་ལ་བྱིན་པས། དགའ་མགུ་ཡི་རང་ནས་ལན་ཆགས་བྱང་བུ་ལོན་


CMR053_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

སོད། སྡིག་པ་དག་ནས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བསམ། དེ་ནས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་བྱིན་པས་སོ་སོའི་སྡུག་བསྔལ་ཞི་ནས་བྱང་ཆུབ་ཀྱི་ས་བོན་ཐོབ། གཞི་བདག་དཀར་ཕྱོགས་དང་ཀླུ་རྒྱལ་རིགས་རྗེ་རིགས་དམངས་རིགས་བྲམ་ཟེའི་རིགས་ཐམས་ཅད་ལ་བྱིན་པས། སོ་སོའི་ནད་དང་སྡུག་བསྔལ་རྣམས་ཞི་ཞིང་གུད་པ་དབུལ་ཞིང་ཕོངས་པ་ཐམས་ཅད་ཞི་ནས། བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་བསམ། དེ་དཀར་འགྱེད་དོ།། ༈ དེ་ནས་གཟུགས་ཅན་གྱི་དགྲ་དང་གཟུགས་མེད་ཀྱི་བགེགས་ལྷ་འདྲེ་ནག་ཕྱོགས་དང་། དེའི་རྒྱབ་ཏུ་ཀླུ་གདོལ་པས་བསྐོར་བ་རྣམས་ལ། ངོ་བོ་བདུད་རྩི་ལ་རྣམ་པ་ཤ་ཁྲག་གི་ངོ་བོ་དྲོད་རླངས་པ་དང་བཅས་པ་བྱིན་པས། གནོད་སེམས་ཀཾདང་གདུག་རྩུབ་ཐམས་ཅད་ཞི་ནས་དགའ་བདེ་དང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་བསམ་པ་དམར་འགྱེད་དོ། །དེ་ནས་རང་གི་སྤྱི་བོར་མ་གཅིག་གསལ་བཏབ་ནས། རང་གི་སྤྱི་བོར་ལྷའི་ས་བོན་ཨོཾ་དཀར་པོ། མགྲིན་པར་ལྷ་མ་ཡིན་གྱི་ས་བོན་ཨ་དམར་པོ། སྙིང་གར་མིའི་ས་བོན་ཧཱུྃ་ལྗང་ཁུ། ལྟེ་བར་བྱོལ་སོང་གི་ས་བོན་དྭ་སྐྱ་བོ། གསང་གནས་སུ་ཡི་དྭགས་ས་


CMR053_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བོན་ར་སེར་པོ། རྐང་ཞབས་དམྱལ་བའི་ས་བོན་ཏྲི་ནག་པོ་བསྒོམས་ལ། ཡི་གེ་དེ་དག་ལས་རང་མདོག་གི་འོད་ཟེར་འཕྲོས་པས། རིགས་དྲུག་རང་རང་གི་སེམས་ཅན་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་སིབ་ཀྱིས་བསྡུས་ནས་ཡི་གེ་རང་རང་ལ་ཐིམ་པས་དབྱེར་མེད་དུ་གྱུར། རང་ལུས་ཆེར་སྐྱེས་ཏེ་ཡར་སྲིད་པའི་རྩེ་མོ་དང་། ཕར་ལྕགས་རི་ལ་ཁྱབ་པས། རྐང་ཞབས་ཀྱི་དམྱལ་བའི་ས་བོན་དེ་འོད་ཀྱི་གོང་བུ་ཡུངས་འབྲུ་ཙམ་དུ་གྱུར་ནས་ཡར་འཕྲོས། གསང་གནས་སུ་ཡི་དྭགས་ཀྱི་ས་བོན་དང་འདྲེས་པས་སྲན་འབྲུ་ཙམ་དུ་གྱུར། དེ་ཡར་འཕྲོས་ཏེ་ལྟེ་བའི་དུད་འགྲོའི་ས་བོན་དང་འདྲེས་པས་རྒྱ་སྲན་ཙམ་དུ་གྱུར། ཡར་འཕྲོས་སྙིང་ཁར་མིའི་ས་བོན་དང་འདྲེས་ནས་བྱིའུ་སྒོང་ཙམ་དུ་གྱུར། ཡར་འཕྲོས་མགྲིན་པའི་ལྷ་མ་ཡིན་གྱི་ས་བོན་དང་འདྲེས་པས་བྱ་མ་སར་གྱི་སྒོ་ང་ཙམ་དུ་གྱུར། ཡར་འཕྲོས་ལྷའི་ས་བོན་དང་འདྲེས་པས་བྱ་ཆེན་གྱི་སྒོ་ང་ཙམ་དུ་གྱུར། དེ་ལྟར་རང་དང་རིགས་དྲུག་གི་རྣམ་ཤེས་རྣམས་དབྱེར་མེད་ཀྱི་ངོ་བོ་དེ་རྒྱང་གིས་ཐོན་ནས་མ་གཅིག་གམ་ཡུམ་ཆེན་གྱི་ཐུགས་ཀར་བསྟིམ། ཕུང་པོ་དེའི་བདུད་རྩིའི་རྒྱ་མཚོ་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བར་གྱུར་ནས་རིགས་དྲུག་


CMR053_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་ལན་ཆགས་རྣམས་ཅི་འདོད་དུ་ལོངས་སྤྱོད་པས་རང་རང་གི་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་ལས་གྲོལ་ནས། རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་རིགས་དྲུག་གི་གནས་སྟོང་པར་བསྒོམས་ལོ། སྐྱེ་མེད་ཀྱི་ངང་ལ་ལྷན་ནེ་བཞག་གོ །དེ་ནི་རིགས་དྲུག་གིས་རྟེན་ནས་སྦྱང་བའི་དམིགས་པའོ། །དེ་ནས་ཐོད་པའི་ནང་དུ་སྔར་གྱི་ལྷག་མ་དེའམ་རོ་གསར་པ་བྱིན་རླབས་སོགས་བྱས་ལ། བདུད་རྩིའི་རྒྱ་མཚོའི་རླངས་པ་ལ་མགྲོན་རིགས་རྣམས་རང་རང་གི་ཇི་ལྟར་འདོད་པ་ལ་ལོངས་སྤྱོད་པ་དང་། དྭངས་མ་བདུད་རྩི་ལ་སྙིགས་མ་སོ་སོའི་ཞལ་ཟས་སྣ་ཚོགས་སུ་དམིགས་ལ། ལས་བྱེད་རྣམས་ཀྱིས་ལན་ཆགས་དང་། ཀླུ་གཞི་བདག་རིགས་རྣམས་ལ། ཅི་འདོད་གང་དགྱེས་སྣ་ཚོགས་རང་རང་ཡིད་དང་མཐུན་པར་བྱིན་ཅིང་། སྡང་དགྲ་གནོད་བྱེད་ཀླུ་གདོལ་པ་སོགས། ནག་ཕྱོགས་རྣམས་ལ་ཤ་ཁྲག་དྲོད་རླངས་དང་བཅས་པའི་རྣམ་པར་བྱིན་པ་ནི། མགྲོན་འགྱེད་མའོ། །ཡང་བེམ་པོའི་པགས་པ་ཤག་གིས་རལ་བ། རང་རིག་ཕག་མོར་གྱུར་པས་ཕྱལ་གྱིས་བཏིང་བས་སྟོང་གསུམ་ཁྱབ། དེ་ལ་གྲི་གུག་གིས་མིག་མང་རིས་སུ་བྲིས་པས། གྲུ་ཆོད་བང་བའི་


CMR053_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

གཤག་མིག་ལྟ་བུའི་ནང་དུ་པད་སྣོད་རེ་རེ་ལ་དེར་རྗེ་བཙུན་མས་གྲི་གུག་གིས་ཤ་ཁྲག་ཐམས་ཅད་བླུག་པའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གསུམ་གསལ་བས། དེ་ཞུ་ཞིང་འདྲེས་པས། སྣོད་ལ་ལ་ནི་དཀར་གསུམ་གྱིས་གང་། ལ་ལ་ནི་མངར་གསུམ་གྱིས་གང་། འགའ་རེ་སྨན་སྣ་ཚོགས། འགའ་ཞིག་འབྲུ་སྣ་ཚོགས། ལ་ལ་ནི་རིན་པོ་ཆེ་སྣ་ཚོགས་པ། དར་ཟབ་དང་འདོད་ཡོན་རྣམ་པ་སྣ་ཚོགས་སུ་བསྐྱེད་ནས་བྱིན་པ་ནི། བང་མིག་མའོ། །དེ་ལ་ལས་བྱེད་མཁའ་འགྲོས་སོ་སོར་བཀྱེ་བ་མགྲོན་ཐབས་མའོ། །མགྲོན་རང་རང་གིས་གང་དགའ་བ་རང་བྱིན་བྱེད་པ་ལ། ཧབ་ཐོབ་མའོ། །དེ་ནས་སྔོན་གྱི་ལྷག་མ་དེ་ལ་བམ་རོ་གསར་པ་གཅིག་དམིགས་ལ་དཀར་གསུམ་མངར་གསུམ་སྨན་སྣ་ཚོགས། དར་ཟབ་བལ་ཚོན་ནམ་མཁའ་མདའ་འཕོང་། རིན་ཆེན་སྣ་ཚོགས་འབྲུ་སྣ་བྱ་རིགས་གཅན་གཟན་རི་དྭགས་གོ་མཚོན། གསེར་བྲེ་དངུལ་བྲེ་ཟངས་སྤྱད་མེ་ཏོག་ཤིང་ཐོག །ཡུལ་མཁར་ཤིང་རྩི་སྣ་ཚོགས་སུ་དམིགས་ལ་གཞི་བདག་རྣམས་ལ་བྱིན་པས། དགའ་མགུ་ཡི་རང་ནས། སྔར་བས་ཀྱང་མདངས་གསལ། ཞི་དུལ་དད་གུས་སྐྱེས་ནས་ཕྲིན་ལས་གང་བཅོལ་སྒྲུབ་ཅིང་། བྱང་ཆུབ་ཀྱི་སེམས་


CMR053_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པར་བསམ། དེ་གཞི་བདག་གཏོར་མའོ། །ཡང་བེམ་རིག་ཕྲལ་ལམ། ལྷག་མ་དེ་ལ་རོ་གསར་པ་གཅིག་བསྐྱེད་ལ། བེམ་རོ་དེ་ཉིད་སིལ་བུར་གྱུར་པ་ལས། རང་གི་ཐུགས་ཀའི་འོད་ཟེར་ཕོག་པས་མི་གཙང་བ་ཐམས་ཅད་སྦྱངས་ནས། ཤ་འཆི་མེད་ཀྱི་བདུད་རྩི་ཁྲག་འོ་མའི་རྒྱ་མཚོ་ལ་སོགས་པ་སྟེ། མཚོ་དང་རྫིང་བུ་ནེའུ་སིང་ཆུ་མིག །རིན་པོ་ཆེའི་རི་དང་ཁང་བཟང་རིན་པོ་ཆེ་སྣ་ཚོགས། ཀླུ་སྨན་སྣ་ཚོགས། ཤིང་རྩི་མེ་ཏོག་ཆུ་གནས་ཆུ་བྱ་སྣ་ཚོགས་ཏེ། ཀླུའི་འདོད་ཡོན་སྣ་ཚོགས་སུ་དམིགས་ལ། ཀླུ་ལ་བྱིན་པས། ནད་སྡུག་བསྔལ་ཐམས་ཅད་ཞི་ནས་བཀྲག་མདངས་དང་ལྡན་ནས་དད་གུས་དང་བྱང་ཆུབ་སེམས་བསྐྱེད་དེ། ཕྲིན་ལས་གང་བཅོལ་མྱུར་དུ་འགྲུབ་པར་བསམ་ལ། ཀླུ་གཏོར་རོ། །འདིར་ཀཱ་དང་གཞི་བདག་གི་དག་དམིགས་ནི་ལོགས་ས་གབ་བོ། དང་གཞི་བདག་གི་དྲག་དམིགས་ནི་ལོགས་སུ་གབ་བོ། །དེ་རྣམས་ནི་ཁྲ་འགྱེད་ཡིན་ནོ། དེ་ནས་དམར་འགྱེད་ལ་བེམ་རིག་ཕྲལ་བ་དབྱིངས་རིག་བསྲེ་བ་ལ་སོགས་སྔར་ལྟར་བྱས་པ་ཐམས་ཅད་འདྲ་སྟེ། བེམ་པོ་ཆེ་བ་ཚོ་བ་བཀྲག་མདངས་ཆེ་བ། རོ་མཆོག་ཞིམ་ཞིང་བཅུད་དང་ལྡན་པས། དེ་མཐོང་བ་ཙམ་གྱིས་ལྷ་འདྲེ་ཐམས་ཅད་


CMR053_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་ཚིམ་ཞིང་ཡིད་འཕྲོག་པས། གདུག་རྩུབ་ཐམས་ཅད་རང་བཞིན་གྱིས་ཞི་ནུས་པར་དམིགས་ནས། མགྲོན་རྣམས་ཀྱི་དཀྱིལ་དུ་བདག་མེད་དུ་བསྐྱར་བས་ཧབ་དི་རི་རི་ཟོས་པས་ལྷག་མ་མེད་ཅིང་ཚིམ་པར་བསམ་པ་ནི། བེམ་བསྒྱུར་མའོ། །ཡང་རང་ཉིད་རྗེ་བཙུན་མས། བེམ་པོ་དེའི་ལག་པ་གཡས་པ་བཅད་ནས་ཤར་དུ་འཕངས་བས། ཤར་ཕྱོགས་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས་ཟོས་ཤིང་ཚིམ། དེ་བཞིན་དུ་ལག་གཡོན་པ་ལྷོ། རྐང་པ་གཡས་ནུབ། གཡོན་བྱང་རྣམས་སུ་འཕངས་བས་ཕྱོགས་དེའི་ལྷ་འདྲེ་ཚིམ། བེམ་སྒོག་དབུས་དང་སྟེང་འོག་སོགས་ཚིམ་པར་བསམ་པ་ནི། གླིང་བཞི་མའོ། །ཡང་བེམ་ཤུན་སྟོང་གསུམ་ཁྱབ་པ་དེ་ཡི་སྟེང་དུ། ཤ་ཁྲག་ཐམས་ཅད་སོ་སོར་བཤམས་པའི་གློ་སྙིང་ཤ་ཁྲག་ཐམས་ཅད་གང་འདོད་ཁྱེར་བསམ་པ། སྤོས་འདོད་མ་ཟེར། ཡང་བེམ་པོ་གཏུབས་ནས་ཤ་དུམ་ཁྲག་ཐིགས་རེ་རུས་པ་དུམ་རེ་བྱས་ནས། ཐམས་ཅད་ལ་སྣ་ཚང་རེ་བྱིན་པ་ནི། སྤང་སྟོན་མ་ཟེར་རོ།། །ཡང་རིག་པའི་ངོ་བོ་ཧྲིལས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། ཁམས་གསུམ་ཁྱབ་པའི་ཐུགས་ཀ་ནས། ལས་བྱེད་ཀྱི་མཁའ་འགྲོ་མ་དཔག་མེད་འཕྲོས་ནས། བེམ་པོ་


CMR053_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

གདེས་གླིང་བཞིའམ་འཛམ་གླིང་ཁྱབ་པའི་ཀ་པཱ་ལ་མདུན་དུ་འབར་བའི་ནང་དུ། རོ་དེ་ལ་མཁའ་འགྲོ་མས་གྲི་གུག་ཚད་པ་ཙམ་གྱིས། ཤ་ཁྲག་རུས་གསུམ་སིལ་བུར་སོང་། ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་ནམ་མཁའ་དང་མཉམ་པར་བསམས་ལ། ལས་བྱེད་མ་རྣམས་ཀྱིས་གཉན་འབོད་རིང་ཐུང་བྱས་པས་ལྷ་འདྲེ་ཐམས་ཅད་སྤྲིན་དང་ཆར་དྲག་རླུང་འཚུབ་པ་ལྟར་འདུས་པར་དམིགས་ལ། ན་མོ། གཉན་ས་འདིར་གནས་སོགས་བྱ་ཞིང་། ལུས་གདོན་གནོད་སྦྱིན་བགེགས་རིགས་གནས་གདོན་རྣམས་དང་། རིགས་དྲུག་སོགས་མགྲོན་ཐམས་ཅད་ལ། སོ་སོའི་ཡིད་མཐུན་གྱི་ཡོ་བྱད་དུ་དམིགས་ནས། ལས་བྱེད་རྣམས་ཀྱིས་བྱིན་པས། དགའ་ཞིང་ཚིམ་པར་བསམ་པ་བསྡུས་པའོ། །ཡང་ཕཊརེ་རེའི་རིམ་པ་ལྟར། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུར། མགྲོན་རིགས་ལ་བྱིན་པར་དམིགས་པ་ནི་ཕཊ་བཅུ་བཟླའོ། །འབྲིང་བའོ། །ཡང་མཁའ་འགྲོ་འབུམ་ཚོ་འབུམ་ཚོས། མགྲོན་རིགས་ཀྱང་འབུམ་ཚོ་འབུམ་ཚོར་བསྐྱེས་ནས་སྦྱིན་ཏེ། ཀླུ་བྲམ་ཟེ་སོགས་དཀར་ཕྱོགས་རྣམས་ལ། རྣམ་པ་ཤ་ཁྲག་ལ་ངོ་བོ་བདུད་རྩིར་བསྒོམ། ནག་ཕྱོགས་ལྷ་


CMR053_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེ་དང་གདོལ་པ་ལ། ངོ་བོ་དང་རྣམ་པ་གཉིས་ཀ་ཤ་ཁྲག་ཏུ་དམིགས་ལ་བདུད་རྩི་མི་བསྲེ་བར་སྦྱིན་པ་ཡིན་ནོ། །དེ་གསུམ་ནི་གཟན་འགྱེད་མ་རྒྱས་འབྲིང་བསྡུས་གསུམ་ཡིན་ནོ། །ཡང་རང་ཉིད་རྡོ་རྗེ་རྣལ་འབྱོར་མས། བེམ་པོ་ལ་གྲི་གུག་གིས་བཏབ་ནས། ཁྲག་གི་རྒྱ་མཚོ་ཆེན་པོར་གྱུར་པའི་དབུས་སུ། རྐང་དང་རུས་པ་རྣམས་དར་ཡུ་ལྟར་བཙུགས་པ་ལ། ཤ་རྣམས་དར་ཡུག་ལྟར་རུས་པའི་རྩེར་བསྐྱོན་པས་བ་དན་ལྟ་བུ་ལ། ཤ་ཁྲག་ཟག་མེད་ཀྱི་རྒྱུན་བབས་པ་ལྷ་འདྲེ་རྣམས་ཀྱིས་ལོངས་སྤྱོད་པར་དམིགས་པ་ནི། བ་དན་མའོ། །ཡང་རྣལ་འབྱོར་མས། །བེམ་པོའི་རྐང་པ་ནས་བཟུང་སྟེ་ནམ་མཁར་ཁྱེར་ནས་དཀྲུགས་པས། ཉ་རོ་ཚོས་པ་ལྟར་ཤ་ཁྲག་རྣམས་སིལ་བུར་སོང་། མཐར་རུས་པ་ཡང་འཕངས་བས། ཤ་ཁྲག་རུས་གསུམ་གྱི་རྒྱ་མཚོར་གྱུར་པ། ལྷ་འདྲེ་རྣམས་ཀྱི་ཟོས་པར་དམིགས་པ་ནི། །རུས་དཀྲུག་མའོ། །ཡང་རོ་སོ་མ་དང་རླུང་རྙིང་ལ་སོགས་འབུམ་ཚོ་གཅིག་བསྐྱེད་ལ་རོ་རེ་རེ་ལ་ཡང་། ལས་བྱེད་མཁའ་འགྲོ་མ་རེ་རེས་བཀྱེ་བ་དང་། རོ་འབུམ་ཚོ་གྲངས་མེད་དུ་གྱུར་པ། ལྷ་འདྲེ་རྣམས་ཀྱིས་ཧབ་ཐོབ་ཟོས་པར་བསྒོམ་པ། རོ་འགྱེད་མའོ། །ཡང་


CMR053_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་རྡོ་རྗེ་རྣལ་འབྱོར་མས། བེམ་པོའི་རྐང་པ་ནས་བཟུང་སྟེ་ནམ་མཁར་ཁྱེར་ནས་ལྷ་འདྲེ་རྣམས་ཀྱིས་འོག་ནས་ཁ་ཡར་ཟེད་ཡོད་པའི་ཁར། དམར་ལྗིབ་ལྡིབ་ཟོས་པར་བསྒོམ་པའོ། །ཡང་ཁྲོ་ཆུའི་ཕ་བོང་སྟོང་གསུམ་ཙམ་གྱི་སྟེང་དུ་བརྡབས་པས། ཤ་ཁྲག་དམར་ཐེར་རེ་སོང་བ། ཕ་བོང་གི་འདབ་ནས་ལྷ་འདྲེ་རྣམས་ཀྱིས་ཟོས་པར་བསྒོམ། འདི་གཉིས་རྡེབ་མ་ཟེར་ཏེ་ཅུང་ཟད་རྩུབ་པས། ནད་པ་གདོན་ཅན་ལ་ལན་རེ་ཙམ་བྱ་ཡི་རྒྱུན་དུ་མི་རུང་ངོ་། །དམིགས་པ་དེ་ཐམས་ཅད་ལ་དང་པོ་བསམ་པ་རྣམ་པར་དག་པ་སེམས་ཅན་ཐམས་ཅད་བྱང་ཆུབ་ཐོབ་པའི་ཕྱིར། ལུས་ཤ་ཁྲག་འདི་སྦྱིན་བསམ་པའི་སེམས་བསྐྱེད། བར་དུ་ལྷ་འདྲེ་ཐམས་ཅད་ཕ་མ་དྲིན་ཆེན་དུ་ཤེས་པས། བྱམས་སྙིང་རྗེ་དང་སྦྱིན་པ་རྣམ་པར་དག་པ་དང་། སེམས་ཅན་སྦྱིན་པ་དང་མཇུག་ཏུ་བདག་དང་ལྷ་འདྲེ་ལུས་དང་གསུམ། དམིགས་མེད་སྟོང་ཉིད་བསྲེ་བ་དང་། དེ་ལྟར་བྱིན་པའི་ལན་དུ་ནད་གདོན་ཞི་བའམ། དངོས་གྲུབ་ཐོབ་པའམ། སྦྱིན་འབྲས་འདོད་པ་སོགས། ལན་དང་རེ་བ་མེད་པར་སྟོང་ཉིད་སྙིང་རྗེའི་ངང་ནས་བྱ་སྟེ། འོག་གི་གསོལ་འདེབས་ཐམས་ཅད་ངག་ཏུ་བྱེད་ཅིང་སེམས་ཀྱིས་ལུས་


CMR053_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་གྱི་དམིགས་པ་མི་གཅིག་པ་འདི་རྣམས་རྩེ་གཅིག་ཏུ་བྱེད། སྔར་ནས་ཕྱག་ལེན་གྱི་རྒྱུན་ལ་ཡོད་དོ། །དེ་ཡང་གནས་རྣམ་དག་གི་སོགས། གསོལ་བ་འདེབས་ཡུལ་དེ་ཉིད་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པ་ལ། རང་གཞན་ཐམས་ཅད་ཀྱིས་རྩེ་གཅིག་ཏུ་འུར་ཏི་རི་རི་གསོལ་བ་འདེབས་པར་མོས་ལ། རྩ་བའི་བླ་མའི་བར་བཀའ་བརྒྱུད་གསོལ་འདེབས་དང་། རྗེ་བླ་མ་རྣམས་ལ་སོགས། ཧཱུྃ་ཕ་ནག་པོ་ཆེན་པོ་སོགས། ཕ་རྒྱུད་མ་རྒྱུད་གཉིས་མེད་ཉམས་རྒྱུད་སོགས། གཞུང་ལྟར་འདོན། གསོལ་འདེབས་དམིགས་པའོ། །དེ་ལྟར་གསོལ་བ་བཏབ་པས་ལྷ་ཚོགས་དེ་དག་གི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་ངོ་བོ་ཨོ་དཀར་པོ། ཨཱཿདམར་པོ། ཧཱུཾ་སྔོན་པོ་དཔག་ཏུ་མེད་པ་བྱུང་། རང་གཞན་ཐམས་ཅད་ཀྱི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དཔག་ཏུ་མེད་པ་ཐོབ་པར་བསྒོམ། དེ་ནི་བྱིན་རླབས་ཞུ་བའི་དམིགས་པའོ། །དེ་ནས་ཀྱི་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །དབུས་ཕྱོགས་དེ་བཞིན་རིགས་ཀྱི་ཌཱཀི་འབུམ། །ཞེས་སོགས་རང་རང་གི་ཚིགས་བཅད་རྣམས་འདོན་དུས་སུ། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས། །


CMR053_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་བྱུང་སྟེ་ཡུམ་ཆེན་ལ་ཕོག །ཡུམ་ཆེན་ལས་འོད་འཕྲོས་མ་གཅིག་ལ་ཕོག །མ་གཅིག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། རིགས་ལྔའི་མཁའ་འགྲོ་རྣམས་ལ། འཁོར་འབུམ་སྡེ་འབུམ་སྡེའི་བསྐོར་ནས། རང་བཞིན་གྱི་སྤྱི་བོར་བྱོན་པར་བསྒོམ། དེ་ནི་ཌཀི་འབུམ་ལས་ལ་བསྐུལ་བའི་དམིགས་པའོ། །ཐུགས་རྗེ་རྒྱུན་ཆད་མེད་པར་དགོངས་མཛོད་ལ། །ཞེས་སོགས་བརྗོད་པའི་ཚེ་ཌཀི་རྣམས་ཐམས་ཅད་ས་ལ་ཆིལ་གྱིས་བབས། མ་གཅིག་ནི་སྤྱི་བོར་བཞུགས་པར་བསམ། དེ་དག་གི་འོད་ཟེར་གྱི་ཡུལ་དེ་ཨོ་རྒྱན་རང་བྱུང་གི་དུར་ཁྲོད། གནས་ཁང་དེ་གཞལ་ཡས་ཁང་། སྣོད་ཐམས་ཅད་བྷནྡྷ། བཅུད་ཐམས་ཅད་ཟག་མེད་ཀྱི་ཚོགས་རྫས། རྣལ་འབྱོར་ཕོ་མོ་ཐམས་ཅད་དཔའ་བོ་དང་དཔའ་མོར་བྱིན་གྱིས་བརླབས་ནས། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩོལ་ཞིང་། རང་རང་གི་ཕྱོགས་ན་བཞུགས་པ་ལ། ལས་བྱེད་མའི་ཐུགས་ཀ་ནས་ཡང་ཡང་སྤྲུལ། ལས་བྱེད་རིགས་ལྔའི་མཁའ་འགྲོ་རྣམས་འཕྲོས་ནས། བདུད་རྩི་མཆོད་ཅིང་ཐམས་ཅད་དགྱེས་ནས་ཕྲིན་ལས་ཐོགས་མེད་དུ་སྒྲུབ། མཐར་ཡེ་ཤེས་ཀྱི་ཌཀྐི་འབུམ་ཕྲག་བཅུ། ཡང་འབུམ་


CMR053_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་འབུམ་གཅིག་ཏུ་ཐིམ། དེ་དག་ཀྱང་རང་རིག་དང་དབྱེར་མེད་དུ་གྱུར་པའི་འབུམ་ཕྲག་བཅུའི་ཞིང་ཁམས་ཐམས་ཅད་ལ་སྔར་ལྟར། རིམ་བཞིན་ཕུལ་ཞིང་ཚིགས་བཅད་རྣམས་ཀྱང་ཌཱཀི་འབུམ་སྡེ་རྣམས་ཀྱིས་འུར་ཏིར་རི་རི་འདོན་པར་བསྒོམ་པ་ནི། བྱིན་འབེབས་ཀྱི་དམིགས་པ་ཡིན་ནོ། །ཡང་ན་ཌཀྐི་འབུམ་བསྐོར་འདི། མ་རྒྱུད་ཀྱི་གསོལ་འདེབས་ཡིན་པས་གསོལ་བ་འདེབས་ཡུལ་ཚོགས་ཞིང་གི་སྙན་གོང་གཡོན་གྱི། རྗེ་བཙུན་ཕག་མོ་ལྷ་ལྔ་དེ་ལ་གསོལ་བ་འདེབས་ནས། མཆོད་སྦྱིན་གྱི་རིམ་པ་ཙམ་ལས་བྱིན་འབེབས་ལྷག་ཏུ་མི་བྱེད་དོ། །མགྲོན་ནི་རིགས་ལྔའི་བསྲེ་བ་སྐོར་གསུམ་བྱས་ནས་ཚོགས་ལས་ཀྱི་སྐབས་ནས། ཚོགས་ལྷ་རིགས་ལྔ་ཡེ་ཤེས་པ་སྤྱན་དྲངས་པའི་ཐུགས་ཀ་ནས། འོད་ཟེར་སྤྲོ་བསྡུའི་གནས་ཁང་རྣལ་འབྱོར་ཕོ་མོ་ཚོགས་རྫས་དང་བཅས་པ་ལ་བྱིན་འབེབས་རྣམ་བཞི་དང་། སྦྱིན་ཡུལ་གྱི་ཚོགས་མགྲོན་རྣམས་ཀྱང་འགུགས་གཞུག་བྱས་ནས། ཀ་པཱ་ལའི་ནང་དུ་ལས་ཚོགས་དབྱེར་མེད་པ་དེ་ཉིད། གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཡི་གེ་གསུམ་གྱིས་མཚན་པ་སོགས་དང་། དེ་ནས་ལས་བྱེད་རིགས་ལྔས་བསྟན་པར་དམིགས་པ་ནི་དྲུང་པ་རིན་པོ་ཆེས་བཞེད་གསུངས་


CMR053_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ནས་ཚོགས་ལ་ཆུ་གཙང་དང་བདུད་རྩིས་བྲན་ལ། ཨོཾ་ཨཱཿཧཱུྃ་དང་གཱ་ཏེའི་སྔགས་བརྗོད་པས་ནི་ཚོགས་བསང་བའོ། །དེ་ནས་ཀྱེ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །དབུས་ཕྱོགས་དེ་བཞིན་རིགས་ཀྱི་སོགས་ནས། བཞུགས་སུ་གསོལ་གྱི་བར་ཚིག་རྐང་བདུན་པོའི་བསྒོམ་བྱ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས། འོད་ཟེར་བྱུང་བ་ཡུམ་ཆེན་ལ་ཕོག །དེ་ལས་འོད་ཟེར་བྱུང་བ་མ་གཅིག་ལ་ཐིམ། མ་གཅིག་ལ་ཕྱོགས་བཅུའི་ཆ་ཀི་འབུམ་གྱིས་བསྐོར་ནས། ཚོགས་ཀྱི་སྟེང་གི་ནམ་མཁའ་ལ་བཞུགས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཨོ་རྒྱན་དག་པ་མཁའ་སྤྱོད་ཀྱི་གནས་ནས། རིགས་ལྔ་མཁའ་འགྲོ་རྣམས་རང་རང་གི་འཁོར་ཌཱཀི་འབུམ་སྡེ་འབུམ་སྡེས་བསྐོར་བ་ཡུམ་ཆེན་སྤྱན་དྲངས་ནས་མདུན་གྱི་ནམ་མཁའ་ལ་བྱོན་ནས། སྤྲིན་འཁྲིགས་པ་ལྟར་བསྒོམ་སྟེ། དེ་རྣམས་ཀྱང་རིན་པོ་ཆེའི་སྙན་ཆ་དང་གདུབ་བུ་སོགས་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་ཏེ། རིན་པོ་ཆེའི་སྙན་ཆ་ཁྲ་ལ་ལ། སོགས་ཚིག་རྐང་བདུན་དང་། དུག་ལྔ་གཅོད་ཕྱིར་པད་ཟླའི་གདན་འབུལ་ལ། བཞུགས་པར་བསམ་པ་གདན་འབུལ་གཟུགས་སྒྲ་དྲི་རོ་སོགས། །


CMR053_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཡོན་རྣམ་པ་ལྔའི་ཚོགས་མཆོད་འབུལ་བ་མཆོད་འབུལ་དང་། སྟོང་ཉིད་བཅོ་བརྒྱད་ཅེས་པས། ལུས་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བའོ། །དེ་རྣམས་ནི་ཚོགས་ལྷ་རྣམས་སྤྱན་ལྟའདྲེན་དམིགས་པ་ཡིན་ལ། བྱིན་འབེབས་པ་ནི། ལྷ་ཚོགས་རྣམས་ཀྱི་འོད་ཟེར་གྱིས་བསྐུལ་ཏེ། ཀི་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་གནས་ལ་ཕོག་པས། ས་ཆ་དེ་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་དུ་གྱུར་པར་བསྒོམ་པ་གནས་ཁང་བྱིན་དབབ་པའོ། །གནས་ཁང་ལ་འོད་ཟེར་ཕོག་པས། རང་བཞིན་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་། ཐོད་པ་སྐམ་རློན་གྱི་རྩིགས་པ་བྱས་པ། སྒོ་བཞི་གྲུ་བཞི་རྟ་བབས་སོགས་ཡོངས་སུ་རྫོགས་པ། ནམ་མཁའ་ཐམས་ཅད་ནི་འཇའ་སྤྲིན་སྣ་ཚོགས་ཀྱི་གུར་དང་། བླ་བྲེ་ལོང་ལོང་དུ་འཁྲིགས་པ། བར་སྣང་ཐམས་ཅད་མེ་ཏོག་པུཎྜ་རི་ཀ་དང་། ཙམ་པ་ཀ་ལ་སོགས་པའི་ཆར་བུན་ལང་ལོང་བབས་པ། ས་གཞི་ཡང་འདོད་ཡོན་སྣ་ཚོགས། མཆོད་རྫས་བཟང་ཞིང་རྒྱ་ཆེ་བ་གཅལ་དུ་བཀྲམ་པས་གང་བ། ལྷའི་བུ་མོ་མཆོད་པའི་ལྷ་མོ་ཐམས་ཅད་ཀྱི་གླུ་གར་རོལ་མོ་རྩེད་འཇོ་སྣ་ཚོགས་དང་བཅས་ཏེ་ནམ་མཁའ་བར་སྣང་གང་བ། དཔེར་ན་བདེ་བ་ཅན་གྱི་ཞིང་ཁམས་


CMR053_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། བཀོད་པ་ཕུན་སུམ་ཚོགས་པར་དམིགས་ཤིང་། ཀྱི་ཚོགས་ཁང་གཞལ་ཡས་སོགས་བརྗོད་པས་གནས་ཁང་ལ་བྱིན་ཕབ་པའོ། །འོད་ཟེར་རྣལ་འབྱོར་ཕོ་མོ་ལ་ཕོག་པས། ཐམས་ཅད་དཔའ་བོ་དང་དཔའ་མོར་བྱིན་གྱིས་བརླབས་པར་བསམས་ལ། འདིར་ཚོགས་སྐྱེས་བུ་སོགས་བརྗོད་པས། རྣལ་འབྱོར་ཕོ་མོ་ལ་བྱིན་ཕབ་པའོ། །སྣོད་རྣམས་ལ་འོད་ཟེར་ཕོག་པས་ཐམས་ཅད་བྷནྡྷ་མཚན་ལྡན་དང་པད་སྣོད་ལྕང་ལོ་ཅན་དུ་གྱུར་པར་དམིགས་ནས། རིན་ཆེན་ཞེས་སོགས་བརྗོད་པ་སྣོད་བྱིན་ཕབ་པའོ། །འོད་ཟེར་བཅུད་ཚོགས་རྫས་རྣམས་ལ་ཕོག་པས་ཤ་ལྔའི་བདུད་རྩི་ལྔའི་རང་བཞིན་དུ་བསམ་སྟེ། བཅུད་ཀྱི་ཞལ་ཟས་སོགས་བརྗོད་པ་བཅུད་ཚོགས་ལ་བྱིན་ཕབ་པའོ། །འོད་ཟེར་མཎྜལ་ལ་ཕོག་པས། རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པར་དམིགས་ལ། མཎྜལ་འདི་ལ་སོགས་མཎྜལ་ལ་བྱིན་ཕབ་པའོ། །འོད་ཟེར་མཆོད་རྫས་ལ་ཕོག་པས། སྣང་སྟོང་རྡོ་རྗེའི་མཆོད་སྦྱིན་ལྟ་བུར་བསམས་ལ། མར་མེ་འདི་ལ་སོགས་མཆོད་རྫོ་ས་ལ་བྱིན་ཕབ་པའོ། །འོད་ཟེར་གནོད་བྱེད་གཙོར་བྱས། མགྲོན་རིགས་སྦྱིན་ཡུལ་རྣམས་ལ་ཕོག་པས། མ་དག་པའི་སྡིག་སྒྲིབ་ཐམས་ཅད་


CMR053_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནས་སྐུ་བཞིའི་ས་བོན་རྒྱུད་ལ་བཞག་པར་བསམ་ལ། སློབ་མ་རྣམས་ལ་ཞེས་སོགས་མགྲོན་ལ་བྱིན་ཕབ་པའོ། ༈ །དེ་ནས་བདག་ལུས་དང་བསྲུང་བྱའི་ལུས་དབྱེར་མེད་དུ་བསྲེ། རྣམ་ཤེས་གཉིས་དབྱེར་མེད་དུ་བསྲེས་ནས་ཐིག་ལེའམ་ཧཱུྃ་དུ་བསྒྱུར། དེ་ཚངས་བུག་ནས་སྤར་ཏེ། བར་སྣང་སྟོང་པ་དང་དབྱིངས་རིག་དབྱེར་མེད་དུ་བསྲེ། ལས་བྱེད་མཁའ་འགྲོ་མས་བེམ་པོ་བླངས་ནས་ཚོགས་ནང་དུ་བཅུག །གྲི་གུག་གིས་དཀྲུགས་པས་དབྱེར་མེད་དུ་བསྲེ་བའི་བསྲེ་བ་བཞི་ཡིན་ནོ། །ཡང་བསྡུ་ན་བསྲུང་བྱའི་རྣམ་ཤེས་འོད་ཀྱི་ཐིག་ལེ་རང་གི་སྙིང་ཁར་ཐིམ་ནས་བསྲེ། ལུས་ཚོགས་གཉིས་ཀྱང་རང་བཞིན་དུ་དབྱེར་མེད་དུ་བསྲེ་བ་ཙམ་གྱིས་ཆོག །ཅེས་དྲུང་པ་རིན་པོ་ཆེས་གསུངས་སོ། །འདིར་མན་ངག་ཁ་བསྒྱུར་གྱི་གནད་བསྲེ་བ་མང་དུ་ཡོད་ཀྱང་ལོགས་སུ་གབ་པས་གསེར་གྱི་མཎྜལ་དང་། ཚོགས་ཀྱི་འཁོར་ལོས་བཀའ་རྒྱ་བཀྲོལ་བར་བྱོས་ཤིག །དེ་ནས་གཞོང་པ་ཉི་ཟླའི་གཏོར་གཞོང་དུ་ཞེས་པའི་དུས་སུ། ཚོགས་ཀྱི་སྣོད་དེ་ཀ་པཱ་ལ་ཕྱི་དཀར་ལ་ཟླ་བ། ནང་དམར་བ་ཉི་མ་སྟེ། སྐུ་གསུམ་དང་ཐབས་ཤེས་དབྱེར་མེད་པའི་རང་བཞིན། དེའི་ནང་དུ་ཚོགས་རྫས་དང་ཕུང་པོ་དབྱེར་


CMR053_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་སྟོང་གསུམ་ཁྱབ་པ། རང་བཞིན་མཚན་ཉིད་རྣམ་པར་དག་པར་བསྐྱེད་ལ། དེའི་སྟེང་དུ་དམ་ཚིག་གི་བདུད་རྩི་ལ་ས་བོན་ཨོཾ་ཨཱཿཧཱུྃ་བརྩེགས་མར་བསྒོམ་པའམ། ཡང་ན་རྡོ་རྗེའི་རྩ་རྩེ་རྣམས་ཡེ་ཤེས་གསུམ་བསྒོམ་དེ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་པ་ནི། མ་གཅིག་གི་གནས་གསུམ་དུའང་ཡིག་འབྲུ་གསུམ་གསལ་བར་བསྐྱེད་ལ། ཨོཾ་མ་གཅིག་མ་ལ་སོགས། གསོལ་བ་ལན་གསུམ་བཏབ་པས། དཀར་པོ་ཨོ་གྱིས་སོགས། བརྗོད་པས་རང་གི་ཡི་གེ་རྣམས་ལས་འོད་ཟེར་དང་། ཡི་གེ་རྣམས་འཕྲོས་པས། ཚོགས་སྟེང་གི་ཡི་གེ་རྣམས་ལ་སོ་སོར་ཐིམ། དེ་ནས་མ་གཅིག་གི་ཡི་གེ་རྣམས་ལ་རིམ་པ་བཞིན་དུ། སྐུ་གསུང་ཐུགས་ཀྱི་རང་བཞིན་བདུད་རྩི་དཀར་དམར་མཐིང་གསུམ་བྱུང་ནས། འོག་གི་ཡི་གེ་རྣམས་ལ་སོ་སོར་ཐིམ་ཞིང་། མཐར་དེ་རྣམས་སོ་སོར་ཞུ་ནས་ཚོགས་དང་དབྱེར་མེད་དུ་འདྲེས་པས། ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་དཀར་ལ་དམར་བའི་མདངས་ཅན་ཅུང་ཟད་སྔོ་བའི་རྣམ་པ་ཅན་ལ། འདོད་ཡོན་གྱི་མཆོད་པ་དཔག་ཏུ་མེད་པར་འཕྲོ་བར་དམིགས་པ་ནི། ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་བྱིན་གྱིས་བརླབས་པའོ། །དེ་ནས་ཚོགས་བསྟབ་པ་ནི། །


CMR053_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། དྲུག་པ་རྡོ་རྗེ་འཆང་ཆེན་སོགས། སྔར་ལུས་སྦྱིན་དུས་ཀྱི་དམིགས་པ་དང་མཚུངས་པར་སོ་སོར་ཕུལ་བར་དམིགས། ཁྱད་པར་དུ་ནད་པ་སོགས་རང་ལུས་གདོན་ཅན་ལ་སྤར་བཏབ་བྱེད་དགོས་ན། བསྲེ་བ་བསྐོར་བཞི་བྱིན་རླབས་དང་བཅས་པ་སླར་གསལ་བཏབ་ནས། རང་གི་མདུན་དུ་ནད་པ་བསྙལ་ལ། ལག་པ་གཉིས་ཀྱིས་ཕུང་པོ་ལ་སྤར་བས་བཅད་ནས། མཆོད་པ་དང་སྦྱིན་པ་བྱ་བའི་ཚུལ་བྱ་ཞིང་། དམིགས་པ་ནི། རང་གི་སོར་མོ་བཅུ་པོ་རིགས་ལྔའི་མཁའ་འགྲོ་དཀར་སེར་དམར་ལྗང་འཁོར་ཁྲི་ཕྲག་རེ་རེས་བསྐོར་བ་དང་། །རང་ཉིད་འཁོར་འབུམ་ཕྲག་གཅིག་གིས་མཆོད་པའི་བྱེ་བྲག །ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པ། འདོད་ཡོན་ལྔ་ལ་སོགས་དང་བདག་པོས་མ་བཟུང་བ་དང་། ནང་བདག་པོས་བཟུང་བའི་ལྷ་མིའི་ལོངས་སྤྱོད་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད། ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ལ་ཕུལ་བར་དམིགས་པ་ནི་ཕྱིའི་ཚོགས་མཆོད། ཤ་ལྔ་བདུད་རྩི་ལྔ་ཡི་རང་བཞིན། ཚོགས་དང་གཏོར་མ་རྣམས་མཆོད་པར་དམིགས་པ་ནི་ནང་གི་ཚོགས་མཆོད། རིགས་ལྔའི་རིགས་ཅན་གྱི། རིག་མ་མཚན་ལྡན་རྣམས་ཕུལ་བ། ཐབས་ཤེས་གཉིས་


CMR053_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བདེ་སྟོང་གི་དམ་རྫས། བྱང་སེམས་དཀར་དམར་གྱི་མཆོད་པ་ནི་གསང་བའི་ཚོགས་མཆོད། དོན་དམ་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་པ་ཡང་དག་དོན་གྱི་ཚོགས་མཆོད་དོ། །བཀའ་སྲུང་རྣམས་ལ་ཡང་དེ་ལྟར་འབུལ་ཞིང་། ཁྱད་པར་དུ་མཆོད་རྫས་བསྐང་རྫས་རྟེན་རྫས་སུ་འབུལ། རིགས་དྲུག་ཀླུ་གཞི་བདག་རྣམས་ལའང་། ལུས་སྦྱིན་དུས་ལྟར་རང་རང་ཇི་ལྟར་འདོད་པའི་ལོངས་སྤྱོད་དུ་དམིགས་ལ་སྦྱིན། རྒྱན་ཆ་ན་བཟའ་སོགས། ཡོ་བྱད་ཕུན་སུམ་ཚོགས་པ་དང་། ནང་བདུད་རྩི་རྒྱ་མཚོ་ཟག་མེད་ཀྱི་བདེ་བ་བསྐྱེད་པ། གསང་བ་ཕོ་མོ་གཞོན་ཞིང་ལང་ཚོ་ཅན། མཛེས་ཤིང་ཡིད་དུ་འོང་བ་བསམ། བྱང་སེམས་དཀར་དམར་གྱི་ཕུང་པོ། དེ་ཁོ་ན་ཉིད་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་ལྟོས་མེད་དུ་སྦྱིན་ནོ། །སྡང་དགྲ་གནོད་བྱེད་ལ་ཤ་ཁྲག་གི་ཚུལ་དུ་བསྟབ་པ་ནི། རང་ཉིད་ཁྲོས་མ་ནག་མོའི་མངོན་རྟོགས་བསྒོམས་ནས་རྐང་དུང་ལན་གསུམ་འབུད། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་དང་། ལས་བྱེད་ཀྱི་ཌཱཀི་མང་པོ་སྤྲོས་པས། གནོད་བྱེད་ཐམས་ཅད་མདུན་དུ་བཀུག་པར་དམིགས་ལ། འགུགས་གཞུག་ལན་གསུམ་བྱ། རང་ཉིད་གཙོ་


CMR053_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རྣམས་ཀྱིས་འབོད་པ་བྱེད་པར་བསམས་ལ། ཀྱཻ་འདུས་ཤིག་འདུས་ཤིག་ཤ་ཟ་འདུས་སོགས་གྱེར་ནས་གོང་དུ་བཤད་པའི་དམར་འགྱེད་ཕཊ་བཅུ་མའམ། ཤིན་ཏུ་དྲག་པོར་བྱེད་ན། དམར་འགྱེད་རྡེབ་པ་མ་ལྟ་བུ་བྱས་ཏེ། རྣམ་པ་དྲག་པོར་སྣང་ཡང་། ངོ་བོ་བྱང་ཆུབ་ཀྱི་སེམས་དང་ལྡན་པས། སྟོང་ཉིད་སྐྱེ་འགག་བྲལ་བའི་ངང་ལ་བཞག་གོ །ཡང་གནོད་བྱེད་བེམ་རོའི་ནང་དུ་བསྡུས་ལ། རང་རང་ཤ་རང་སྦྱིན་སོགས་བྱེད་པ་ནི་ཉེས་པ་ཤིན་ཏུ་ཆེ་བས་མི་རུང་ཞེས་དྲུང་པ་རིན་པོ་ཆེས་གསུངས་སོ། །དེ་ནས་ཚོགས་ཕུད་གཏོར་མར་བླུགས་ལ། བདུད་རྩིས་བྲན་ནས། འབུལ་ལུགས་ནི་རང་གཞུང་གི་ཕྱི་སྣོད་འཇིག་རྟེན་གཏོར་གཞོང་མའམ། ཡང་ན་དེང་སང་ཕྱག་ལེན་རྒྱུན་མ་ནི། གཏོར་བསྔོས་མགོན་པོ་དང་བཅས་པ་རྒྱས་པར་བྱ། བསྐང་བ་ཡང་བསྐང་ཆེན་བཞི་སོགས་ཅི་མང་བྱས་ལ། ཁ་ཅིག་གིས་འདི་རྣམས་མི་འབྲེལ་ཟེར་ཡང་སྐྱོན་མེད། སྤྱིར་ཚོགས་འདི་ཡང་། བླ་མ་ཡི་དམ་ཆོས་སྐྱོང་སོགས་འཁོར་བཅས་ཐམས་ཅད་ལ། མཆོད་སྦྱིན་གྱི་རིམ་པ་ཡིན་ཅིང་། ཁྱད་པར་དུ་བདག་འཇིག་རྟེན་གྱི་དབང་གིས་གནོད་པ་བསྲུང་ཕྱིར་མིན་ལ། སེམས་ཅན་ཐམས་ཅད་བྱང་ཆུབ་


CMR053_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའི་ཆེད་ཡིན་པས། དེ་ནས་ཚོགས་སྤེལ། ཕུད་ལྷག་བཞག་ནས། རང་ཉིད་ལྷར་གསལ་ནས། མཆོད་པའི་ཚུལ་དུ་རོལ་ཏེ། ཚོགས་ཀྱི་དམ་ཚིག་རྣམས་དང་མ་འགལ་བར་བྱའོ། །དེ་ནས་ལྷག་མའི་མགྲོན་ནི། དཀྱིལ་འཁོར་དུ་མི་འཇུག་མི་དབང་བ་དང་། མཆོད་སྦྱིན་གྱིས་བསྐལ་པ་མི་དབང་བ། ཁས་ཉན་དབང་ཆུང་རྣམས་དང་། དེ་ལྟར་དབང་ཡང་། །སྔོན་གྱི་དམ་ཚིག་གི་དབང་གིས་བྲན་གྱི་ཚུལ་བཟུང་ནས་ལྷག་མ་ལ་དབང་བའི་མ་མོ་མཁའ་འགྲོ་ཤ་ཟ་ཞིང་སྐྱོང་རྣམས་ཡིན་ནོ། །ལྷག་མ་བྱིན་རླབས་ནི་བདུད་རྩིས་བྲན་ལ། ཨ་ཀཱ་རོ་བརྗོད་པས་། བྷནྡའི་སྣོད་དུ་ཕུད་ལྷག་གི་གཏོར་མ་ཤ་ཁྲག་གི་ཕུང་པོ་འདོད་ཡོན་སྣ་ཚོགས་ཀྱི་རྒྱ་མཚོར་གྱུར། དེ་ནས་ལྷག་མ་འབུལ་བའི་དམིགས་པ་ནི། ལས་བྱེད་མའམ་སྤྲུལ་པ་ཀེང་རུས་ཀྱི་ཌཱཀྐི་མ་གཞུང་ལྟར་བསྐྱེད་ལ། དེས་ལྷག་མ་འདོད་ཡོན་གྱི་རྒྱ་མཚོ་ནས་ཁྱེར་ནས། རིགས་ལྔའི་མཁའ་འགྲོ་ཁ་དོག་ལྔའི་རལ་པ་ཅན། དུང་དང་གསེར་དང་། བྱི་རུ་གཡུ་མུ་མིན་སོགས་ཀྱི་ཐོར་ཚུགས་ཅན། རང་རྟགས་ཀྱི་མཚན་པའི་སྦྲུལ་ཞགས་དང་ཐོད་ཁྲག་བསྣམས་པ། དེ་ཡི་འཁོར་དུ་ཤ་ཟ་ཞིང་སྐྱོང་སོགས། ལྷག་མགྲོན་ཐམས་


CMR053_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱིས་བསྐོར་བ་ལ། སོ་སོར་ཅི་འདོད་པ་བྱིན་པས། དགྱེས་པར་རོལ་ནས་ཚིམ་པར་བསྒོམ་མོ།། ཧཱུྃ། ཕྱོགས་བཞི་འཇིགས་པའི་སོགས། །དེ་ནས་ཕྲིན་ལས་བཅོལ་བ་ནི།། དེ་ལྟར་གཏོར་མ་ཤ་ཁྲག་གི་རྒྱ་མཚོ་རྣམས་ཕུལ་བས་དགྱེས་ཏེ། དམིགས་བྱ་གང་ཡིན་དེ་ལ་མནག་པས། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཐུགས་ཁྲོས། འཁོར་ཤ་ཟ་དང་འཇིག་རྟེན་མ་མོའི་ཚོགས་རྣམས་ཤིན་ཏུ་ཁྲོས་ནས། སྟག་གཟིག་དོམ་དྲེད་སོགས་མགོ་བརྙན་སྣ་ཚོགས་དང་ལྡན་པས། གདུག་པའི་དགྲ་དང་བཅས། མཚོན་ཆ་སྣ་ཚོགས་ཐོགས་ནས། གསོད་གཅོད་ཀྱི་ལས་བྱེད་ཅིང་། ཡང་འཁོར་ལྷ་སྲིན་འབྱུང་པོའི་ཚོགས་དང་བཅས་པས། གང་ལ་དམིགས་པ་དེ་སྐད་ཅིག་ལ་ནག་ཐུམ་གྱིས་བཏང་བར་བསམས་ལ། རྒྱུན་དུ་སྟོང་ཉིད་སྙིང་རྗེའི་གདང་མ་ཤོར་བ་བྱའོ། །འདི་རྒྱུན་དུ་མི་བྱེད་དེ། དགོས་པ་ཡོད་ན་ཞལ་ཤེས་ལྟར་བྱའོ། །ཡང་འགའ་ཞིག་གིས། ལྷག་གཏོར་དམིགས་བྱའི་ཤ་ཁྲག་ཏུ་དམིགས་ནས་འབུལ་ཟེར་ཡང་། འདི་རང་གི་ལུགས་ལ་མ་ཡིན་གསུངས་སོ། །དེ་ནས་གཏོར་འབུལ་ནི། གཅོད་ཀྱི་བཀའ་སྲུང་རིགས་ལྔའི་མཁའ་འགྲོ་ཤུགས་འགྲོ་དབང་ཕྱུག་ཉེར་བརྒྱད། །


CMR053_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་མ་བཅུ་གཉིས་རྣམས་ལ་འབུལ་བ་སྟེ། བདུད་རྩིའི་བྲན་ལ། ཨོཾ་ཨཱཿཧཱུྃ་བརྗོད་པས་བྷནྡྷའི་ནང་དུ་གཏོར་མ་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ། རྣམ་པ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་དུ་དམིགས་ལ། ལས་བྱེད་རྣམས་ཀྱིས་གང་ཅི་འདོད་དུ་ཕུལ་བར་བསམ། དེ་སྤྱིར་འབུལ་བ་ཡིན་ལ་ཁ་བསྒྱུར་གྱི་དམིགས་པ་ལོགས་སུ་གབ་བོ། །དེས་དངོས་གཞིའི་དམིགས་རིམ་ཚར་རོ། །དེ་ནས་རྗེས་ཀྱི་དམིགས་པ་ལ། ཨརྒྷཾ་སོགས་ཀྱིས་སྔགས་མཆོད་དང་། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། སོགས་ནང་མཆོད་དང་། བཀའ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་སོགས་གསུངས། སྨྲ་བསམ་བརྗོད་མེད་སོགས་བསྟོད་པ་བསྡུས་པ་གཅིག་བྱ། ཆོ་ག་ལྷག་ཆད་སོགས། །སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བྱང་བའི་བློས་གཞུང་གི་བཤགས་པ་བྱ། མཐར་ལྷ་སྔགས་ཏིང་ངེ་འཛིན་གྱི་གནོང་པ་བཤགས་ཕྱིར་ཡིག་བརྒྱ་འདོན། དེ་ལྟ་བུའི་ཚོགས་མཆོད་ཀྱི་ཆོ་གའི་དགེ་བས་མཚོན་ཏེ། དུས་གསུམ་བསགས་པའི་དགེ་རྩ་ཐམས་ཅད། སེམས་ཅན་ཐམས་ཅད་བྱང་ཆུབ་འཐོབ་པའི་ཕྱིར་དུ། བསྔོ་བ་སྨོན་ལམ་རྣམ་བཤད་ནས་གསུངས་པ་སོགས་


CMR053_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེར་གདབ་ཅིང་། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་མཐུན་འགྱུར་དཔང་པོ་མཛད་པར་བསྒོམ། བཀྲ་ཤིས་ནི་རང་གིས་བརྗོད་པ་ལྟར། ལྷ་ཚོགས་ཐམས་ཅད་ཀྱིས་མཉམ་དུ་གསུངས་པར་བསྒོམས་ལ་གང་རུང་བརྗོད། རྣམ་ཤེས་ཕབ་པ་ནི། སྔར་ལྷའི་ཐུགས་ཀར་རྣམ་ཤེས་འཕོས་པ་དེ། ལྷའི་ཐུགས་ཀ་ནས་རང་དང་བསྲུང་བྱའི་རྣམ་པར་ཤེས་པའི་ངོ་བོ་འོད་ཀྱི་གོང་བུའི་དབུས་སུ། མ་གཅིག་ལབ་སྒྲོན་ཚོན་གང་དཀར་གསལ་འཛུམ་བག་དང་ལྡན་པ། གར་ཐབས་ཁྱུག་ཁྱུག་བྱེད་པ་ཅིག་ཚངས་བུག་ནས་ཞུགས། དབུ་མར་བརྒྱུད་དེ་སྙིང་པདྨ་འདབ་བརྒྱད་ཀྱི་དབུས་སུ་ཞུགས་པས། པདྨ་དེ་ཉིད་ཁ་གྱེན་དུ་ཟླུམ་པས་བུམ་སྐུའི་དབྱིབས་ལྟར་བསྒོམ། དེ་ནས་བྱིན་རླབས་ཞུ་བ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི། སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས་ཡུམ་ཆེན་ལ་ཕོག །ཡུམ་ཆེན་གྱི་འོད་ཟེར་འཕྲོས་པས་མ་གཅིག་གི་ཐུགས་རྒྱུད་བསྐུལ། དེ་ནས་འོད་ཀྱིས་རིགས་ལྔའི་མཁའ་འགྲོ་རྣམས་བསྐུལ་བས་དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད། བདག་གི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པར་བསྒོམ། དེ་ནས་དབང་བླངས་བ་ནི། མ་གཅིག་སོགས། ལྷ་


CMR053_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཐམས་ཅད་ཀྱི་དཔྲལ་བའི་ཨོ་ལས་འོད་ཟེར་དཀར་པོ་འཕྲོས། རང་དང་བསྲུང་བྱའི་ཚངས་བུག་ནས་ཞུགས་པས། ལུས་ཀྱི་སྒྲིབ་པ་དག །ལུས་འོད་ཟེར་དཀར་པོས་མེར་གྱིས་གང་། ཕྱི་བུམ་པའི་དབང་ཐོབ། མགྲིན་པའི་ཡིག་དམར་པོ་ལས་འོད་ཟེར་འཕྲོས། བདག་དང་བསྲུང་བྱའི་མགྲིན་པར་ཐིམ། ངག་གི་སྒྲིབ་པ་དང་དིག་ལྐུགས་ཐམས་ཅད་བྱང་། ལུས་འོད་ཟེར་དམར་པོས་གང་། ནང་གསང་བའི་དབང་ཐོབ། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས། ཧཱུཾ་སྔོན་པོ་ལས་འོད་ཟེར་མཐིང་ཁ་ཀྱུ་རུ་རུ་འཕྲོས། །བདག་དང་བསྲུང་བྱའི་སྙིང་ཁར་ཐིམ། སེམས་ཀྱི་སྒྲིབ་པ་དང་སྨྱོ་འབོག་ཐམས་ཅད་དག །ལུས་འོད་ཟེར་སྔོན་པོས་མེར་གྱིས་གང་། གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལྷ་ཚོགས་རྣམས་ཀྱི་སྐུའི་གནས་ཐམས་ཅད་ནས། འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། བདག་དང་བསྲུང་བྱའི་ལུས་ཐམས་ཅད་ལ་ཐིམ། སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་ཐམས་ཅད་དག་ནས། ནད་གདོན་སྡིག་སྒྲིབ་དུད་ཁུ་སོལ་ཁུ། ཉ་ལྕོང་སྦལ་སྦྲུལ་སྔོ་དམར་གྱི་རྣམ་པར་ནག་ཉིལ་གྱིས་བུད། ལུས་འོད་ཟེར་སྣ་ཚོགས་ཀྱིས་མེར་གྱིས་གང་། དབང་བཞི་ཡོངས་སུ་


CMR053_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཐོབ། མ་གཅིག་གྲུབ་ཐོབ་བརྒྱུད་པའི་བླ་མ་རྣམས་ཀྱི། སྐུ་དང་རང་གི་ལུས་དབྱེར་མེད་དུ་འདྲེས། གསུང་དང་ངག་འདྲེས། ཐུགས་དང་སེམས་འདྲེས། བདག་གཞན་དབྱེར་མེད་ཆོས་ཀྱི་སྐུར་ལམ་ཤིག་སོང་བར་བསྒོམ། མདུན་བསྐྱེད་ཡེ་ཤེས་པ་བཛྲ་མུས་གཤེགས་སམ་རྟེན་ལ་བསྟིམ་མམ་བརྟན་བཞུགས་བྱ། དཀྱིལ་འཁོར་གྱི་དམ་ཚིག་པ་ཐམས་ཅད་ཡུམ་ཆེན་ལ་བསྟིམ། ཡུམ་ཆེན་རང་ལ་བསྟིམས་ནས། དམིགས་མེད་ཕ་རོལ་ཏུ་ཕྱིན་པའི་ངང་ལ་བཞག །སྐབས་འདིར་འགའ་ཞིག་གིས་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་བྱེད་སྲོལ་ཡང་ཡོད་གསུངས། ཕཊ་བྱས་པས། སྦྱིན་ཡུལ་གྱི་མགྲོན་ཐམས་ཅད་མགྲོན་པོ་རང་ཁྱིམ་དུ་སོང་བ་ལྟར། སོ་སོའི་གནས་སུ་སོང་བར་བསམས་ལ། སརྦ་བྷུ་ཏ་གཙྩ་བརྗོད་ཀྱང་རུང་། ཕཊ་ཀྱིས་ཀྱང་ཆོག་གོ༔ དེ་ནས་རང་ཉིད་སྤྲོས་བྲལ་གྱི་ངང་ལ་ཡུན་རིང་བཞག་གོ །སླར་ཡང་ལྷའི་སྐུ་སྒྱུ་མ་ལྟ་བུར་བཞེངས་ལ། སྤྱོད་ལམ་ལ་འཇུག་པར་གསུངས་སོ། །ཞེས་པ་འདི་ནི་རྗེ་རང་བྱུང་བས་མཛད་པའི་ཚོགས་ལས་ཀྱི་དམིགས་རིམ། བཤད་པ་རྒྱས་པར་དབོན་པོ་རཏྣ་སེངྷས་མཛད་པ་ལས། རྗེ་དྲུང་པ་རིན་པོ་ཆེ་ཀུན་དགའ་རྣམ་རྒྱལ་གྱིས་ཅུང་ཟད་བསྡུས་


CMR053_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཞལ་ཤེས་འགའ་ཞིག་མཆན་བུ་བྱས་ནས་མཛད་མོད་ཀྱི། དེ་ནི་བཤད་པ་དང་ས་བཅད་དམིགས་རིམ་གསུམ་ཀ་མཉམ་དུ་གསུངས་པས། རྨོངས་པ་རྣམས་ཀྱིས་གོ་དཀའ་ཞིང་། དམིགས་རིམ་ཟིན་དཀའ་བར་མཐོང་ནས། དམིགས་རིམ་ཉེ་བར་མཁོ་བ་རྣམས་གོ་བདེ་བར་བཀོད་ཅིང་། དེར་མ་འཐུས་པ་དང་གཞན་ན་ཁ་འཕང་བ་རྣམས་ཁ་བཀང་ཅུང་ཟད་སྦ་འོས་པ་རྣམས་གཞུང་འདི་ལ་བཀོད་པར་ལོགས་སུ་སྦས་ཏེ། ཤིན་ཏུ་རྨོངས་པ་རྣམས་ཀྱིས་ཀྱང་གོ་བདེ་བར་རྗེ་བཙུན་ཀུན་དགའ་རྣམ་རྒྱལ་གྱི་ཞལ་རྡུལ་སྤྱི་བོར་བླངས་ཤིང་བཀའ་དྲིན་ཅུང་ཟད་ཐོབ་པ་། གཅོད་ཡུལ་མོས་པ་ལམ་དུ་བྱེད་ཅིང་ངེས་ཤེས་ཀྱི་མྱོང་བ་ཅུང་ཟད་རྙེད་པའི་རི་ཁྲོད་པ། ཨ་རཱ་གས་སྟག་ལོ་སྣོན་ཟླ་བའི་ནག་པོའི་ཚེས་བཅུ་ནས་བརྩམས་ཏེ། ཉི་མ་བཞིའི་ཐུན་བར་རྣམས་སུ་བཀོད་པའོ། །འདི་ལ་འགལ་འཁྲུལ་ནོངས་པ་ཅི་མཆིས་པ། །མ་གཅིག་གྲུབ་ཐོབ་བརྒྱུད་པ་རྣམས་ལ་བཤགས། །དགེ་བས་བདུད་བཞིའི་གཡུལ་ལས་རབ་རྒྱལ་བས། །འགྲོ་ཀུན་ཆོས་སྐུའི་ཡུམ་ཆེན་ཉིད་ཐོབ་ཤོག །ཁྱད་པར་བདག་དང་སློབ་མ་བརྒྱུད་པར་བཅས། །འདི་ཉིད་མཐོང་ཐོས་དྲན་རེག་འགྲོ་བ་རྣམས། །


CMR053_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཞིག་འཕོས་ཚེ་གནས་གསུམ་ཌཀི་ཡིས། །སྣ་ཚོགས་མཆོད་པའི་སྤྲིན་གྱིས་མདུན་བསུས་ཏེ། །ནུབ་ཕྱོགས་བདེ་ཆེན་ཞིང་དེར་ཁྲིད་ཕྱིར་བསྔོ། །འདི་བྲིས་དཀར་པོ་དགེ་རྩ་དྲི་མེད་ཀྱིས། །ཕ་མས་གཙོར་བྱས་མཁའ་མཉམ་སེམས་ཅན་ཀུན། །ཚེ་འདིར་བདུད་བཞིའི་གཡུལ་ལས་རབ་རྒྱལ་ཞིང་། །ཕྱི་མར་ཡུམ་ཆེན་གོ་འཕང་མྱུར་ཐོབ་སྟེ། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་ཕྱིར་བསྔོ། །མངྒ་ལཾ། །བྷ་ཝནྟུ། །༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousརྗེ་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེས་མཛད་པའི་གཅོད་ཚོགས་ལ་ཉེ་བར་མཁོ་བའི་དམིགས་རིམ་གོ་བདེ་བར་བཀོད་པ།next