Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལུས་སྦྱིན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལུས་སྦྱིན།next

ལུས་སྦྱིན།


CMR053_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། ང་ཐོག་མེད་དུས་ནས་འཁོར་བར་འཁྱམས། །ལུས་གདོས་བཅས་ཤ་ཁྲག་རི་བོ་ཙམ། །དེ་དོན་མེད་བར་མ་དོ་རུ་སྐྱུར། །དུས་ད་རེས་ལུས་འདི་སྦྱིན་པར་གཏོང་། །ཕཊ། རང་སྙིང་དབུས་རང་སེམས་ཕག་མོའི་སྐུ། །སྐུ་ཚོན་གང་ཙམ་དེ་དབུ་མའི་ལམ། །གནས་ཚངས་པའི་བུག་ནས་རྒྱངས་སེ་ཐོན། །དེ་ཆེར་སྐྱེས་ནམ་མཁའ་ཁྱབ་པར་གྱུར། །ཕཊ་ཕཊ་ཕཊ། ཕྱག་གྲི་གུག་བེམ་རོས་བྷནྡྷ་བཅད། །དེ་སྟོང་གསུམ་ཙམ་གྱི་སྣོད་དུ་གྱུར། །ལུས་བེམ་པོ་དེ་ཡི་ནང་དུ་བཅུག །ཕྱག་གཡས་པས་གྲི་གུག་ཚད་ཙམ་གྱིས། །ཕཊ་ཕཊ་ཕཊ། ལུས་ཤ་ཁྲག་རྒྱ་མཚོ་བྷན་གང་། །སྔགས་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་རླབས། །བཅུད་ཟག་མེད་ཡེ་ཤེས་བདུད་རྩིར་གྱུར། །ཕཊ་ཕཊ་ཕཊ། མཐོ་ནམ་མཁའ་བར་སྣང་ས་གཞི་ཀུན། །མགྲོན་རྣམ་བཞི་སྤྲིན་འཁྲིགས་ཁྲོམ་དུ་ཚོགས། །ཕཊ་ཕཊ་ཕཊ། རང་ཐུགས་ལས་སྤྲུལ་པའི་ཌཀི་མ། །ཕྱག་བྷནྡ་ཐོགས་པ་གྲངས་མེད་སྤྲོས། །བཅུད་བདུད་རྩི་བཅུས་ཤིང་མགྲོན་ལ་མཆོད། །ཕཊ་ཕཊ་ཕཊ། ཕོ་རྩ་བརྒྱུད་བླ་མ་ཡི་དམ་ལྷ། །མ་མཁའ་འགྲོ་དམ་ཅན་རྒྱ་མཚོ་ལ། །


CMR053_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཤ་ཁྲག་བདུད་རྩིའི་མཆོད་པ་འབུལ། །བདག་ཚོགས་རྫོགས་དངོས་གྲུབ་ཐོབ་གྱུར་ཅིག །ཕཊ་ཕཊ་ཕཊ། དཔལ་གཙང་རིས་མགོན་པོ་བདུན་ཅུ་གཉིས། །ཀླུ་ས་བདག་ཡུལ་ལྷ་གཞི་བདག་ལ། །ལུས་དཀར་གསུམ་བདུད་རྩིའི་མཆོད་པ་འབུལ། །རྐྱེན་ཕྱི་ནང་བར་ཆད་ཞི་བར་ཤོག །ཕཊ་ཕཊ་ཕཊ། སྤྱིར་འགྲོ་དྲུག་སེམས་ཅན་ཐམས་ཅད་དང་། །སྒོས་གནོད་བྱེད་གདོན་བགེགས་ཐམས་ཅད་ལ། །ལུས་བདུད་རྩི་ཡིད་མཐུན་ལོངས་སྤྱོད་འབུལ། །དྲིན་འཁོར་ཞིང་ལན་ཆགས་བྱང་གྱུར་ཅིག །ཕཊ་ཕཊ་ཕཊ། ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །གདོན་བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །ཁྱོད་ཕྱིན་ཆད་གཞན་ལ་མ་འཚེ་བར། །ལས་དགེ་བ་སྤྱོད་དང་བདེ་བ་ཐོབ། །མི་བདག་དང་བདག་ལུས་ལྷ་དང་འདྲེ། །དོན་དབྱེར་མེད་སྟོང་ཉིད་ཆོས་ཀྱི་དབྱིངས། །ཡུམ་ཤེས་རབ་ཕ་རོལ་ཕྱིན་མའི་ཐུགས། །དོན་རང་སེམས་གསལ་སྟོང་རྗེན་པར་བུད། །ཨ་ཨ། ཕཊ་ཕཊ་ཕཊ། ཅེས་པ་ཤཱཀྱའི་དགེ་སློང་བརྩོན་འགྲུས་ཀྱིས་བསྐུལ་ནས། ཨ་རཱ་གས་འཕྲལ་དུ་བྲིས་པའོ། །དགེ་ལེགས་འཕེལ།། །།


previousལུས་སྦྱིན།next