Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀུ་སཱ་ལའི་ཚོགས་བསགས་ཞེས་བྱ་བའི་ལུས་སྦྱིན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀུ་སཱ་ལའི་ཚོགས་བསགས་ཞེས་བྱ་བའི་ལུས་སྦྱིན།next

ཀུ་སཱ་ལའི་ཚོགས་བསགས་ཞེས་བྱ་བའི་ལུས་སྦྱིན།


CMR053_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་སཱ་ལའི་ཚོགས་བསགས་ཞེས་བྱ་བའི་ལུས་སྦྱིན་བཞུགས་སོ།། ན་མོ་པྲཛྙཱ་པཱ་ར་མི་ཏ་ཡེ། ཉལ་ཁ་ཀུ་སཱ་ལུའི་ཚོགས་གསོག་ནི། །དམིགས་རིམ་བསྡུས་པའི་འདོན་སྒོམ་སྦྲགས་པ་ནི། །བདག་འཛིན་གཅོད་པའི་སཱུ་རེ་འདི་ལྟ་སྟེ། ༈ ན་མོ་གུ་རུ། གཅེས་ཤིང་འཕངས་བའི་བདག་ལུས་ཕུང་པོ་འདི། །འགྲོ་ཀུན་བྱང་ཆུབ་འཐོབ་ཕྱིར་སྦྱིན་པར་གཏོང་། །ཕཊཿ རང་སེམས་སྙིང་དབུས་རྡོ་རྗེ་ཕག་མོ་ནི། །དབུ་མའི་ལམ་ནས་གཤེགས་ཏེ་ནམ་མཁར་བྱོན། །ཕཊ་ཕཊ་ཕཊཿ གྲི་གུག་ཚད་པས་ཐོད་པ་སྒར་གྱིས་འཕངས། །ཀེཾ་ལས་རང་བྱུང་ཐོད་སྐྱེད་སྟེང་དུ་བཙུགས། །ཚད་ནི་རྒྱ་ཁྱོན་སྟོང་གསུམ་མཉམ་པའི་ནང་། །དེ་ནང་གྲི་གུག་རྩེ་མོས་བེམ་རོ་འཕངས། །དེ་ལ་གྲི་གུག་ཚད་ཙམ་བྱས་པ་ཡིས། །ཤ་ཁྲག་དམར་ཉིལ་བྷནྡྷ་དམར་ལྟེམ་གང་། །ཡྃ་ལས་རླུང་གཡོས་རྃ་ལས་མེ་འབར་ཁོལ། །གྲི་གུག་གིས་དཀྲུག་ཤ་ལྔ་བདུད་རྩི་ལྔ། །ཟག་མེད་བདུད་རྩི་དཀར་ལ་དམར་མདངས་ཆགས། །རོ་བརྒྱ་ནུས་པ་སྟོང་དང་ལྡན་པར་གྱུར། །ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་བདུད་རྩིར་གྱུར། །ཕཊ་ཕཊ་ཕཊཿ རང་ལས་སྤྲུལ་པའི་མཁའ་འགྲོ་གྲངས་མེད་པ། །སྐུ་མདོག་སྣ་ཚོགས་ཕྱག་


CMR053_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་བྷནྡྷའི་སྐྱོགས། །འཛིན་པ་རྣམས་ཀྱིས་བདུད་རྩི་ནས་བཅུས་ཏེ། །ནམ་མཁའ་ས་གཞི་མགྲོན་གྱིས་གང་བར་མཆོད། །ཕཊ་ཕཊ་ཕཊཿ བཀའ་བརྒྱུད་བླ་མ་ཡི་དམ་ལྷ་ཡི་ཚོགས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ལ། །བདག་ལུས་ཚོགས་མཆོད་བདུད་རྩི་འདི་འབུལ་བས། །ཚོགས་རྫོགས་སྒྲིབ་བྱང་ཉམས་ཆག་བསྐང་གྱུར་ཅིག །ཕཊ་ཕཊ་ཕཊཿ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །དཔལ་མགོན་བདུན་ཅུ་དགེ་བསྙེན་བརྟན་མར་བཅས། །བདག་ལུས་ཚོགས་མཆོད་བདུད་རྩིའི་ཐུགས་དམ་བསྐང་། །ཕྱི་ནང་བར་ཆད་མ་ལུས་ཞི་བར་མཛོད། །ཕཊ་ཕཊ་ཕཊཿ འགྲོ་དྲུག་སེམས་ཅན་མ་ལུས་ཐམས་ཅད་ལ། །བདག་ལུས་ཚོགས་མཆོད་བདུད་རྩི་འདི་བསྔོས་པས། །ལན་ཆགས་བུ་ལོན་བྱང་ནས་ལས་སྒྲིབ་དག །ཀུན་ཀྱང་རྣམ་མཁྱེན་སངས་རྒྱས་ཐོབ་པར་ཤོག །ཕཊ་ཕཊ་ཕཊཿ གནོད་བྱེད་འབྱུང་པོ་རྦད་འདྲེ་གཞི་བདག་ལ། །བདག་ལུས་ཚོགས་མཆོད་བདུད་རྩིས་མགུ་གྱིས་ལ། །གནོད་འཚེ་ཞེ་སྡང་གདུག་རྩུབ་རབ་སྤངས་ནས། །ཕན་བདེ་བྱམས་པའི་སེམས་དང་ལྡན་གྱུར་ཅིག །ཕཊ་ཕཊ་


CMR053_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊཿ བདུད་རྩིའི་ལྷག་མ་ཤ་རི་ཁྲོག་གི་མཚོ། །རུས་པའི་གྲམ་ཁྲོད་ལྷ་འདྲེས་ཟོས་ཁྱེར་གྱུར། །ཕཊ་ཕཊ་ཕཊཿ དཀར་གསུམ་མངར་གསུམ་བདུད་རྩིས་འཇིག་རྟེན་གང་། །དམར་ལ་མི་དགྱེས་ལྷ་འདྲེ་ཐམས་ཅད་ཚིམ། །ཕཊཿཕཊཿཕཊཿ མགྲོན་རྣམས་ཐམས་ཅད་དགའ་མགུ་བཀྲག་མདངས་ལྡན། །བདག་དང་མགྲོན་དང་བདག་ལུས་ཚོགས་མཆོད་བཅས། །གདོད་ནས་མི་དམིགས་རང་བཞིན་རྫོགས་པ་ཆེ། །དགེ་བས་འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག །ཕཊ་ཕཊ་ཕཊ། དམིགས་མེད་ངང་ལ་ཡུན་རིང་བཞག་ཅེས་པ་ཉལ་ཁ་ཀུ་སཱ་ལུ་ཡི་ཚོགས་གསོག་བདག་འཛིན་གཅོད་པའི་སྭཱ་རེ་ཞེས་བྱ་བ་འདི་རི་ཁྲོད་འགྲིམ་པ་རྣམས་ཀྱི་དོན་དུ་ཨ་རཱ་གས་སྦྱར་བའོ།། མངྒ་ལཾ།། །་


previousཀུ་སཱ་ལའི་ཚོགས་བསགས་ཞེས་བྱ་བའི་ལུས་སྦྱིན།next