Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཨོ་རྒྱན་རྗེ་དང་རང་བྱུང་རྡོ་རྗེའི་ལུགས་ཀྱི་གཅོད་ཀྱི་མན་ངག་འཐོར་བུ་འགའ་རེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཨོ་རྒྱན་རྗེ་དང་རང་བྱུང་རྡོ་རྗེའི་ལུགས་ཀྱི་གཅོད་ཀྱི་མན་ངག་འཐོར་བུ་འགའ་རེ།next

ཨོ་རྒྱན་རྗེ་དང་རང་བྱུང་རྡོ་རྗེའི་ལུགས་ཀྱི་གཅོད་ཀྱི་མན་ངག་འཐོར་བུ་འགའ་རེ།


CMR053_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་རྗེ་དང་རང་བྱུང་རྡོ་རྗེའི་ལུགས་ཀྱི་གཅོད་ཀྱི་མན་ངག་འཐོར་བུ་འགའ་རེ་འདི་ཨ་རཱ་གས་མཛད་པ་བཞུགས། གཅོད་ཀྱི་མན་ངག་འཐོར་བུ་འགའ་རེ་ཡོད། རྟེན་མེད་རིག་པ་འདི་མཁའ་ལ་འཕུར། །ཆག་མེད་ཀྱི་ལུས་འདི་སྦྱིན་པར་ཐོངས། །ཐེ་ཚོམ་མ་ཟ་ཨ་མའི་བུ། །ཞེས་གསུངས་སོ། །ཡང་མ་གཅིག་གི་ཞལ་ནས། ཕྱི་སྣང་བ་བརྒྱན་གྱི་མཎྜ་ལ། །འབྱུང་བ་བཞི་ཡིས་ཆག་ཆག་གདབ། །རིགས་དྲུག་སེམས་ཅན་ཚོམ་བུར་བཀོད། །ཟད་མེད་རིན་ཆེན་གཏེར་དང་བཅས། །སྐྱབས་གནས་དཀོན་མཆོག་གསུམ་པོ་དང་། །བླ་མ་ཡི་དམ་མཁའ་འགྲོ་ལ། །སྣང་བ་བརྒྱན་གྱི་མཎྜལ་འབུལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསུངས་སོ།། ༈ ཡང་ཚོགས་བྱིན་གྱིས་རླབས་པ་ལ། ཚོགས་ཚོགས་སུ་འབུལ་བ་དང་། ཕུང་པོ་ཚོགས་སུ་འབུལ་བ་དང་། གཉན་ས་ཚོགས་སུ་འབུལ་བ་དང་། ལུས་གདོན་ཚོགས་སུ་འབུལ་བ་དང་། ལུས་ཚོགས་དབྱེར་མེད་དུ་འབུལ་བ་དང་ལྔ་བཤད་ཀྱང་། གཉན་ས་དང་ལུས་གདོན་འབུལ་བ་གཉིས་ནི། བུ་ཡི་ཤ་བཅད་ནས་མ་ལ་བྱིན་པ་དང་འདྲ་བས། བྱང་ཆུབ་སྒྲུབ་པ་རྣམས་ཀྱིས་མི་རུང་བླ་མས་གསུངས་སོ། །འདི་དག་ནི་ལུས་ཚོགས་དབྱེར་མེད་དུ་འབུལ་བའི་


CMR053_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སོ།། ༈ བཞི་པ་བསྟབ་པ་བྱེད་པ་ལ། རྒྱལ་བ་རིགས་ལྔ་ལ་མཆོད་པའི་ཚུལ་དུ་བསྟབ་པ། ཆོས་སྐྱོང་ལ་བསྐང་རྫས་ཚུལ་དུ། རིགས་དྲུག་ལ་སྦྱིན་གཏོང་གི་ཚུལ་དུ། ལན་ཆགས་ལ་བུ་ལོན་གྱི་ཚུལ་དུ། དགྲ་བགེགས་ལ་ཤ་ཁྲག་སྲོག་དབུགས་ཀྱི་ཚུལ་དུ་བསྟབ་པ་རྣམས་སོ། །ལར་ནི་བསྟབ་པ་བཞི་ལ་འདུས་སོ།། ༈ དེ་ལ་ཕྱི་ཡི་ཚོགས་ནི། དངོས་འཛིན་རྣམ་རྟོག་དག་སྣང་སྟོང་མཆོད་པའི་ཚོགས། ནང་གི་ཚོགས་ནི། ཉོན་མོངས་འབྱུང་བ་རྣམ་དག་གསལ་སྟོང་བདུད་རྩིའི་ཚོགས། གསང་བའི་ཚོགས་ནི། ཕུང་པོ་ཆགས་སྡང་རྣམ་དག །རྒྱུ་ཁམས་དཀར་དམར༔ བདེ་སྟོང་གི་ཡེ་ཤེས་ལ་ཤར་བའི། རིག་མ་དཀར་སེར་དམར་ལྗང་རྣམས་འཕྲོས་ནས་ལྷ་ཚོགས་ཡབ་ཡུམ་རྣམས་གཉིས་མེད་ཀྱི་སྦྱོར་བ་མཛད་པས། དགའ་བཞིའི་བདེ་བ་ལ་རོལ་ནས་ཟད་མེད་ཀྱི་ཡེ་ཤེས་རྒྱས་པར་བསམ། ༈ བཞི་པ་དེ་ཁོ་ན་ཉིད་ཀྱི་ཚོགས་ནི། གཟུང་འཛིན་སྙེམས་རྟོག་རྣམ་པར་དག་པའི་རང་བྱུང་ཡེ་ཤེས་ལས་ཤར་བའི་སྟོང་དེ་ཕྱག་རྒྱ་ཆེན་པོའི་གདང་མ་འགགས་པར་འགྲོ་དྲུག་ལ་སྙིང་རྗེ་བརྩེ་བ་དང་ལྡན་པའི་ངང་ནས། ཚོགས་འབུལ་བའི་ཡུལ། འབུལ་རྒྱུའི་དངོས་པོ། འབུལ་མཁན་གྱིས་བདག་ཀྱང་མི་དམིགས་པའི་ངང་


CMR053_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ནས། མཐའ་བྲལ་བློ་འདས་ཀྱི་ངང་ལ་མཉམ་པར་བཞག་པའོ།། ༈ ཡང་བསྲེ་བ་རྣམ་པ་བཞི་ནི། རང་ལུས་དང་གཞན་ལུས་བསྲེ། རང་སེམས་དང་གཞན་སེམས་བསྲེ། རང་རིག་དང་དབྱིངས་རིག་བསྲེ། ཕུང་པོ་དང་ཚོགས་མཆོད་བསྲེ་བའོ།། གཅོད་ཁྲིད་ཟབ་མོ་བཞུགས་སོ། །སྤྲོས་དང་བྲལ་བའི་ངོ་བོ་ཉིད། །མཚུངས་མེད་བླ་མའི་སྐུ་གསུང་ཐུགས། །ཡུམ་ཆེན་ཤེར་ཕྱིན་ལ་བཏུད་ནས། །གཅོད་ཀྱི་ཁྲིད་རིམ་བྲི་བར་བྱ། །དེ་ལ་གང་གཅོད་པ་བདུད་ཀྱི་ངོས་འཛིན། དེ་ཚུལ་ཇི་ལྟར་གཅོད་ཚུལ་གཉིས། དང་པོ་མ་གཅིག་གི་ཞལ་ནས། ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །ཅེས་གསུངས་པ་ལྟར་བཞིའི་དང་པོ་ནི། དབང་པོ་ལྔའི་ཡུལ་དུ་སྣང་བའི་མེ་ཆུ་དུག་མཚོན་གཅན་གཟན་སོགས་སོ། །ཐོགས་མེད་བདུད་ནི། ཕྱིའི་དབང་དུ་ལྷ་འདྲེ་མི་ཡི་མིག་ལམ་དུ་མི་སྣང་བའི་མཁའ་ལ་རྒྱུ་བ་རྣམས་སོ། །ནང་གི་དབང་དུ་ནི། ཉོན་མོངས་ན་ཚ་སྡུག་བསྔལ་སོགས་སོ། །དགའ་བྲོད་བདུད་ནི། འབྲས་བུ་དང་ཕན་ཡོན་ལ་ཐོབ་ཏུ་རེ་བའི་འདུན་པ་བྱེད་པའོ། །སྙེམས་བྱེད་བདུད་ནི། རྣམ་པར་རྟོག་པ་སྣ་ཚོགས་སུ་འཕྲོ་བའོ།། ༈ གཉིས་


CMR053_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་བསླང་བ་སློང་བར་བྱེད་པའི་ཐབས། སློང་བ་ནོན་པར་བྱེད་པའི་ཐབས། ནོན་ནས་སྦྱིན་པ་གཏོང་བའི་ཐབས། རྗེས་གཅོད་ཞོར་བྱུང་བསྟན་པ་དང་བཞིའི་དང་པོ་ལ། གཅོད་བྱེད་པ་པོ་ལ། རྐང་དུང་ཐོད་པ་ཌཱ་དྲིལ་མི་ལྤགས་སོགས་ཀྱི་གདན་ཆུང་། དོམ་ར་སོར་བཞི་པ་རྣམས་སོ།། ༈ གསུམ་པ་ནི། སྒང་གིས་གཤོང་དང་གཤོང་གིས་སྒང་། སྐེམས་ཆེ་བའི་རློན། །རློན་ཆེ་བའི་སྐེམས། སྒང་རྩེའི་གྲིབ་མ་གར་ཕོག་གི་ས། བྲག་རིའི་ཟེ་དང་། དུར་ཁྲོད་ལུང་སྟོང་། ཤིང་གཅིག །ཆུ་མིག་མགོ་དགུ་པ། བདུན་པ། ལྔ་པ་གསུམ་པ་ས་ཆུ་བྲན་ཆུ་འཁྱིལ་སོགས་ཉི་མ་མི་ཕོག་པའི་ས་རྣམས་སོ། །མདོར་ན་གང་འཇིགས་བསམ་པའི་ས་དེ་གཉན་ས་ཡིན་ལ། ཆུ་མིག་མགོ་དགུ་པ་ལ་ཀླུ་གདོལ་པ་གནས། བདུན་པར་བྲམ་ཟེ། ལྔ་པ་ལ་རྒྱལ་རིགས། གསུམ་པ་ལ་རྗེའུ་རིགས་དང་དམངས་རིགས་གནས། ཆུ་ཉི་མ་མི་ཤར་བར་ཀླུ་བྲན། མཚོ་དང་ལུ་མོ་ཤིང་གཅིག་བྲ་མ་ནེའུ་སིང་ཆུ་འཛིང་རྣམས་སུ་གཉན་གནས་སོ། །ཕ་བོང་སྟག་སྦྲུལ་སྦལ་པ་བྱ་ཕག་སོགས་འདྲ་ན་ས་བདག་གནས། བྲག་གདོང་རི་གདོང་རུས་སྦལ་སྡིག་པ་གཡག་གླང་རྔ་མོང་མ་ཧེ་འདྲ་ན་ས་བདག་ཀླུ་གཉན་ཆེན་པོ། བྲག་


CMR053_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་མེ་རི་དང་རལ་གྲི་དང་འདྲ་ན། རི་སྣ་གད་པའི་གདོང་དང་ས་ཕྱོགས་ཁྲག་གི་རལ་པ་འདྲ་ན་བཙན་གནས། ནགས་ཚང་ཚིང་དུ་བདུད་གནས། བྲག་སྐྱིབ་གཅོང་རོང་གད་ཕུག་གངས་ཕྲུག་རྣམས་སུ་དམ་སྲི་དང་ཐེའུ་རང་གནས། སྲིན་མོ་གནས། ཁང་སྟོང་ཕུང་ཤུལ་འབྲོག་པའི་ཤུལ་སྲང་མདོ་ཚོང་འདུས་རྣམས་སུ་བསེ་རག་དང་གྲི་བོ་གྲི་མོ་གནས། །དུར་ཁྲོད་རོ་ཁང་བཙོན་ཁང་ཤི་ཤུལ་དཔའ་བོ་གཡུལ་དུ་བསད་པའི་ཤུལ་རྣམས་སུ་མ་མོ་དང་སྲོག་བདག་གནས། ལྷ་ཁང་གི་ཁྱམས་དཀོར་ཁང་གི་ཁྱམས་དགོན་རྙིང་དང་ཁང་སྒོག་སྒྲུབ་ཁང་དབེན་ས་རྣམས་སུ་རྒྱལ་པོ་དང་དཀོར་བདག་སོགས་གནས་སོ།། ༈ བཞི་པ་ནི།། རྣལ་འབྱོར་པའི་གདེང་འགྲོས་ནི། ཤེས་པ་ལྟ་ལྟོ་བྱས་ནས་འགྲོ། མཁའ་འགྲོ་མའི་བརྡ་འགྲོས་ནི། རྐང་པས་ཡང་གར་ཐབས་སུ་འགྲོའོ། །སྦྲུལ་ནག་འཁྱུགས་འགྲོས་ནི། ཤེས་པ་ཕར་འཁྱོག་ཚུར་འཁྱོགས་བྱས་ནས་འགྲོ། གླང་ཆེན་སྨྱོ་འགྲོས་ནི། ཤེས་པ་རེས་མགྱོགས་རེས་བུལ་བར་འགྲོའོ།། ༈ འགྲོ་བའི་དུས་ནི་གཉན་སར་སྲོད་དང་ནམ་གུང་ལ་འགྲོའོ། །ཚུར་འོང་དུས་ཐོ་རངས་འོང་བ་ཕྱག་ལེན་ཡིན་ནོ།། ༈ ལྔ་པ་ལ་སྤྱི་དང་བྱེ་བྲག་གཉིས། དང་པོ་ནི། སྤྱིར་


CMR053_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་སར་གཅོད་ནུས་པ་ལ། ཆེ་བ་རྣམ་བཞི་དང་ལྡན་དགོས་ཏེ། རྟོགས་པ་ནམ་མཁའ་དང་མཉམ་པ་སྟོང་ཉིད་ཀྱི་རྒྱབ་ཚན་ཆེ་བ། སྙིང་རྗེ་ཆེ་ཞིང་ཞེན་ཆགས་ཆུང་བའི་གཏོང་ཕོད་ཀྱི་བློས་སྒྱུར་ཆེ་བ། དམ་པའི་ཆོས་ཀྱི་གནད་མ་ལུས་པ་གོ་བས་གདམས་ཀྱི་ཐོས་རྒྱ་ཆེ་བ། བརྩོན་འགྲུས་ལ་ལེ་བར་མེད་པའི་ཉམས་ལེན་གྱི་ཞེ་ཕུག་ཆེ་བ་ཞིག་དགོས་སོ།། ༈ ཡང་ཟིལ་གནོན་གྱི་དམིགས་རིམ་དང་། སློང་བའི་དམིགས་པ་དངོས་གཉིས། དང་པོ་ནི་དངོས་དང་ཞོར་བྱུང་གཉིས། དང་པོ་ནི་མི་འགྲོ་བའི་སྔ་རོལ་དུ། ཕཊཿ རང་གི་སྙིང་ཁར་ང་གྱི་རྡོ་རྗེ་ཞིག །བྱ་ལྟར་འཕུར་ནས་གཉན་སའི་དཀྱིལ་དུ་བབ། །དེ་ལས་རྡོ་རྗེ་ལྕགས་ཀྱུས་ཚོགས་སྤྲོས་ནས། །ས་དེར་གནས་པའི་གདོན་ཚོགས་རབ་བཀུག་སྟེ། །ལྕགས་སྒྲོག་འབར་བས་རབ་ཏུ་བསྡམ་པར་གྱུར། །འགྲོ་བར་ཞུགས་པ་ན། རྐང་དུང་བུས་ནས། གཡས་གཡོན་མདུན་རྒྱབ་སྟེང་འོག་ཕྱོགས་བཅུའི། རི་དང་ལྗོན་པོ་ཆུ་མིག་ལ་སོགས་ལ། །གནས་པའི་གདོན་གྱིས་ཚོགས་རྣམས་ངའི་ཕྱིར་ཤོག །ང་ཡིས་ཁྱེད་རྣམས་འདོད་པས་ཚིམ་པར་བྱ། གཉན་སར་སླེབ་པ་དང་། ཕྱོགས་བཞིར་གར་ཐབས་ཀྱིས་འགྲོ་ཞིང་། རྐང་དུང་


CMR053_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བུས་ནས། ཕཊཿ དེ་རིང་བདུད་བཞིའི་དཔུང་རྣམས་གཞོམ་པའི་ཕྱིར། །རྣལ་འབྱོར་བདག་ནི་དགའ་བའི་བྲོ་ཞིག་འཁྲབ། །མཁའ་འགྲོ་སྡེ་བཞིའི་གར་ནི་ཁྱུགས་སེ་ཁྱུག །བདུད་བཞི་རྣམ་རྟོག་འཇོམས་པ་ཨ་ལ་ལ། །དེ་ནས་ཅོག་པུ་ཕུབ་པ་དང་། གདན་བཏིང་བའི་ཚེ། ཕཊཿ བརྗོད། དེ་ནས་འོག་སྡུག་སོགས་གཞུང་ལྟར་རོ། །ད་ནི་གཉན་ས་གནས་ཀྱི་མཚན་ཉིད་ནི། སོ་སོའི་གནས་ལ་བརྟག་པ་སྟེ། །རི་དང་མཚོ་དང་ཆུ་མིག་དང་། །ཤིང་བྲག་ཕ་བོང་ས་ཡི་གནད། །སོ་སོའི་བྱེ་བྲག་གཉན་ས་བརྟེན། །རི་མགོ་གཉན་སའི་མཐོ་བ་ནི། །དཀར་ནག་དམར་སྔོ་སེར་དང་སྨུག །རིགས་ནི་མི་མཐུན་བྱེ་བྲག་སྟེ། །གདུག་པ་ཅན་རྣམས་གནས་པར་བཤད། །འདྲེས་ནས་སྣང་ན་མཐོ་བ་གཉན། །རྩེ་གཤིབ་སྣང་ན་བར་མ་གཉན། །མཚམས་ནི་སྣང་ན་མདུང་རྩེ་གཉན། །གཅིག་སྤུར་སྣང་ན་ཆུ་མིག་གཉན། །དེ་ཡང་རི་བོའི་མཚན་ཉིད་ནི། །དཀར་ལ་སྣུམ་ན་ལས་མི་རུང་། །དམར་ལ་རྒོ་བ་འཁུ་ལྡོག་ཆེ། །ནག་ལ་རྩུབ་པ་ཤིན་ཏུ་ལེགས། །སེར་ལ་ཕྲ་བ་ཚར་སློང་མྱུར། །སྨུག་པོ་མགོ་ཟླུམ་རྨུག་ཅིང་འཐིབས། །རི་ཡི་མཚན་ཉིད་འདི་འདྲ་བ། །འདུག་


CMR053_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

སའི་གནད་མིག་བསྟན་པ་ནི། །དཀར་ལ་ཟླུམ་པའི་ཤར་ཕྱོགས་གཉན། །དམར་པོ་དག་གི་ནུབ་ཕྱོགས་གཉན། །ནག་ལ་རྩུབ་པའི་ལྷོ་ཕྱོགས་གཉན། །སེར་ལ་ཕྲ་བའི་བྱང་ཕྱོགས་གཉན། །སྨུག་པོ་དག་གི་རྩེ་མོ་གཉན། །རྩེ་རུ་ཕྱིན་ན་ཀུན་ལ་ཤིས། །རི་དང་མཚོ་དང་ཆུ་མིག་ནི། །འདྲེས་ནས་སྣང་ན་ཤིན་ཏུ་གཉན། །རི་འདུས་མཚོ་སྙིང་ཆུ་མིག་མགོ །དང་པོ་རི་ལ་བར་དུ་མཚོ། །ཐ་མ་བསྲེག་གཟིར་ཆུ་མིག་གཉན། །ཟླ་གམ་འདྲ་ན་མདུན་ཕྱོགས་གཉན། །ཟུར་གསུམ་གཏིང་ཟབ་རྩེ་མོ་གཉན། །གྲུ་བཞི་ས་ཡི་གནད་དང་བསྟུན། །ཉ་ལྕོང་སྦལ་སྦྲུལ་སྤེལ་འདྲ་ན། །མགོ་བོ་གཉན་པས་ཤེས་པར་བྱ། །ཤར་བལྟས་དག་གི་མཚོ་མཇུག་གཉན། །བྱང་བལྟས་དག་གི་མགོ་བོ་གཉན། །ནུབ་བལྟས་དག་གི་སྲིབ་ངོས་གཉན། །ལྷོ་བལྟས་དག་གི་ཉིན་ངོས་གཉན་ནོ།། ༈ གསུམ་པ་ཆུ་མིག་གནས་ལུགས་ནི། །རྒྱལ་རིགས་ཤར་ལ་རྗེ་རིགས་ལྷོ། །བྲམ་ཟེ་ནུབ་ལ་གདོལ་པ་བྱང་། །དམངས་རིགས་འཐོར་བུ་ཀུན་ཏུ་རྒྱུའོ། །འདུག་སའི་གནས་མལ་གཞན་ཏུ་གསལ།།་༈ ཡང་ཀླུ་རིགས་ལྔ་ལ་སྡོང་ཟླ་ལྔ། །རྒྱལ་རིགས་རྒྱལ་པོ་དག་དང་བསྡོང་། །རྗེ་རིགས་གཉན་གྱི་རིགས་དང་


CMR053_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བསྡོང་། །བྲམ་ཟེ་ས་བདག་བཙན་དང་བསྡོང་། །དམངས་རིགས་མ་མོའི་ཚོགས་དང་བསྡོང་། །གདོལ་པ་ཐེའུ་རང་ཚོགས་དང་བསྡོང་། །སྡོང་ཟླའི་མཚན་ཉིད་དེ་དག་ནི། །ཆོ་འཕྲུལ་དེ་དང་འདྲ་བ་འོང་། །དམིགས་པ་དེ་དང་སྟོན་པར་བྱ།། ༈ ནམ་ཟླ་བཞི་ཡི་འགྱུར་ལུགས་ནི། །དགུན་ཟླ་གསུམ་ལ་ཤར་ཕྱོགས་གཉན། །དཔྱིད་ཟླ་གསུམ་ལ་བྱང་ཕྱོགས་གཉན། །དབྱར་ཟླ་གསུམ་ལ་ནུབ་ཕྱོགས་གཉན། །སྟོན་ཟླ་གསུམ་ལ་ལྷོ་ཕྱོགས་གཉན། །ས་ཆུ་དྲོས་དུས་མགོ་བོ་གཉན། །ས་ཆུ་འཁྱགས་དུས་རྩ་བ་གཉན།། ༈ བཞི་པ་བྲག་གི་མཚན་ཉིད་ནི། །ཁྲག་ནག་དཔུང་པ་བདུད་ཀྱི་གནས། །བྲག་དཀར་ཟང་ཟིང་ལྷ་རི་སྟེ། །དམར་མདོག་ཆགས་ན་ལྷ་བཙན་གནས། །དཀར་སྔོ་དག་ལ་གཉན་གནས་སོ། །དམར་ནག་འདྲེས་ན་བཙན་བདུད་གནས། །བྲག་དམར་མེ་རི་རལ་གྲི་གནས། །དེ་ལ་བཙན་རིགས་གནས་པར་བཤད།། ༈ ལྔ་པ་ཤིང་གི་མཚན་ཉིད་ནི། །ཤིང་གཅིག་པ་ཡི་གཉའ་ངོས་གཉན། ། ཤིང་གཉིས་པ་ཡི་བར་དུ་གཉན། །ཤིང་གསུམ་པ་ཡི་བར་མ་གཉན། །ཤིང་བཞི་པ་ཡི་བར་མ་གཉན། །རོགས་མེད་ལྔ་དྲུག་རིགས་པས་དཔྱད།། ༈ དྲུག་པ་ཕ་བོང་མཚན་ཉིད་ནི། །


CMR053_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་སྤྲུལ་བྱ་དང་ཕག་འདྲ་བ། །རུས་སྦལ་སྡིག་པ་ཤོ་འདྲ་དང་། །གཉན་ཆེན་སྡེ་བཞི་གནས་པ་ཡིན། །དེ་སོགས་གཉན་སའི་ས་དཔྱད་རྣམས། །རིགས་པས་དཔྱད་ཅིང་འདུག་པ་སྟེ། ༈ །སྤྱིར་གཉན་སར་ཉལ་བའི་དུས། །ལྷ་འདྲེ་ཀུན་ལ་སྙིང་རྗེ་བསྒོམ། །འོ་ལྷ་འདྲེ་ཁྱོད་ཀྱིས་མ་རིག་པས། །ཉོན་མོངས་དུག་ལྔ་རང་ཁར་སྤྱོད། །ཁྱོད་ཀྱི་དུག་ལྔ་འདུལ་བའི་ཕྱིར། །དྲག་པོའི་དམིགས་པ་བདུན་ཉེར་གཅིག་བྱ། །དེ་ནས་སེམས་རྒྱུད་འདི་ལྟར་བྱ། །ལྷ་འདྲེ་ཁྱོད་ཀྱིས་མ་རིག་པས། །ངས་ནི་ཁྱོད་ལ་ཡང་དག་བསྟན་དུ་འོང་། །ཁྱེད་རྣམས་རྫོགས་པའི་སངས་རྒྱས་མ་ཐོབ་པར། །ང་ཡང་གར་ཡང་མི་འགྲོ་བར། །ཁྱོད་ལ་བཀའ་ཡི་འཁོར་ལོ་བསྐོར། །ལུས་པོ་ཆག་མེད་སྦྱིན་པ་བྱེད། །ཁྱོད་ཀྱིས་ཀུན་ལ་སྦྱིན་ཐོང་ལ། །མ་ཐོག་མྱུར་དུ་འདིར་འདུས་ཤིག །ཡང་དག་བདེན་པའི་ཆོས་བཤད་དོ།། །ངག་ཏུ་བརྗོད་ཅིང་ཡིད་ལ་བསམ། །སེམས་དམིགས་པ་མེད་པར་ཀློད་ལ་བཞག །ལུས་ཀྱི་སྦྱིན་པ་བརྒྱ་རྩ་་བྱ། །དེ་ནས་གཉན་ས་བཟུང་བའོ། །གཉན་སར་ལུས་གང་བདེར་འདུག་ནས། སྤྱི་བོར་སྔར་བཞིན་མ་གཅིག་བསྒོམ། མདུན་དུ་གནོད་བྱེད་ལྷ་འདྲེ་གཞི་བདག་གིས་གཙོར་བྱས་


CMR053_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཀྱིས་གསོལ་བ་གདབ་པར་བསམས་ལ། གོང་བཞིན་གསོལ་བ་གདབ་པར་བྱའོ། །དེ་ནས་ལུས་ཀྱི་རྩ་བཞི་སློད་ནས་ལུས་ཆེན་པོ་མགོ་བོ་རི་བོའི་རྩེ། རྐང་པ་ལུང་པའི་མདའ། རྩིབ་ལོགས་གཡས་གཡོན་གྱི་ལུང་པ་མནན་པར་བསམ། ངག་ཏུ་འཁོར་བའི་རྒྱ་མཚོ་མ་སྟོངས་ཀྱི་བར་དུ་གནས་འདི་ནས་སྤོ་འཚམས་མི་བྱའོ།། བརྗོད། ། ༈ ཡང་ཐོག་སྲུང་ལ། རང་ཉིད་སྤྱི་བོའི་ནམ་མཁའ་ལ། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་། ལྡན་པའི་ལྟེ་བར་ཤཱཀྱ་ཐུབ་པ། རྩིབས་སྟོང་ལ་བསྐལ་བཟང་གི་སངས་རྒྱས་སྟོང་། དེ་ནི་སྟེང་ཐོག་བསྲུང་བའི་གདམས་ངག་གོ །རང་གི་རྐང་འོག་གཡུ་ཡི་གྲོད་པ་ཞིག །ནེམ་ནེམ་མནན་པ་དམིགས་པས་འོག་ཐོག་བསྲུང་། །ཕྱོགས་མཚམས་རྡོ་རྭ་ཁྲོ་བོ་ཁྲོ་མོའི་གུར། །བསྒོམས་པས་བར་ཐོག་བསྲུང་བའི་གདམས་ངག་ཡིན། །ནི་ནཱ་ག་ཛ་མུན་ཏི་ཨཱཿཨུ་རྒྱན་རྗེ་དང་རང་བྱུང་རྡོ་རྗེའི་ལུགས། །དྲན་རྫོགས་ཐོག་སྔགས་ལན་བདུན་བརྗོད་པས་ཐུབ། ཨོགྷཧུརཧུསཧེཛལདྷཐཱ༔ བདུན་ཙམ་བརྗོད་པ་དང་། ཤོག་དྲིལ་བྲིས་ལ་རྐང་དུང་ངམ་དྲིལ་བུ་ལ་བཏགས་ནས་དཀྲོལ། ༈ འདྲེ་བརྡུང་འབོད་བྱས་པས། ནད་པ་ཡོད་ན་ཡང་། ཕན་པ་ཆུང་


CMR053_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྟེང་དུ་གདོན་པ་ཅུང་ཟད་ཆེ་སྟེ། དཔེར་ན། གཞན་ཡང་མི་ཉེས་པ་མེད་པ་གཅིག་ལ། དང་པོ་བརྡུང་བརྟག་ལ་སོགས་གནོད་པ་ཆེན་པོ་བྱས་ན། ཕྱིས་ཁ་འཇམ་པོས་བདག་ལ་གནོད་པ་མ་བྱེད་ཅིག་བྱས་ཀྱང་ཕན་པ་ཆུང་ཞིང་། འཁོན་འཆང་བ་དང་འདྲའོ། །ཀླུ་གདོལ་པས་སྐྱེ་བདུན་ལ་ཞེ་འཁོན་འཆང་བར་བཤད་འདུག་པ་དེ་མ་གཟིགས་སམ། ༈ བྱ་མ་སར་ནི། རྒྱ་གར་པོ་ཏ་རི་ཡི་ལྷོ་ངོས་ཀྱི་བྲག་ཕུག་ན། ཙནྡན་གྱི་ནགས་ཚལ་ཡོད་ས་དེར། མདོག་སྔོ་ལྗང་གཤོག་པ་གཉིས་དཀར་པོ། མཇུག་སྒྲོ་ལྔ་ཡོད་པ་ཁ་དོག་སྣ་ལྔ། རྐང་པ་ཉ་ཕྱིས་འདྲ་བོ། སེན་མོ་དང་མཆུ་དཀར་པོ། མིག་དམར་པོ། མགྲིན་པ་ཡན་ཆད་རྨ་བྱ་དང་འདྲ་བ། སྤྱི་བོར་སྒྲོ་འཇིག་གསུམ་ཡོད་པ། སྲོག་གཅོད་སྤང་བ། རྐང་པ་ས་ལ་མི་འཇོགས་པ། ངག་ཏུ་ཏཱ་རེ་དང་ཏུ་རེའི་སྔགས་བགྲང་བ་ཞིག་ཡོད་དེ། བྱ་དེ་རྗེ་བཙུན་སྒྲོལ་མའི་སྤྲུལ་པར་གྲགས། བྱ་དེ་ཡི་སྐད་ཐོས་པ་དང་། ཤ་ཁྲག་དྲི་ཚོར་ཁར་རག་པ་ཙམ་གྱིས། ནད་རིགས་བཞི་བརྒྱ་རྩ་བཞི་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་འཇོམས་པ་དང་། ཐམས་ཅད་འཁོར་བ་ལས་ཐར་ནས་བྱང་ཆུབ་ཐོབ་པར་གསུངས་སོ། །༧ ཀརྨ་རཱ་གས་སྦྱར་བའོ། །མངྒ་ལཾ།། །།


previousཨོ་རྒྱན་རྗེ་དང་རང་བྱུང་རྡོ་རྗེའི་ལུགས་ཀྱི་གཅོད་ཀྱི་མན་ངག་འཐོར་བུ་འགའ་རེ།next