Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཚན་ལྡན་གླིང་བུའི་བརྟག་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཚན་ལྡན་གླིང་བུའི་བརྟག་ཐབས།next

མཚན་ལྡན་གླིང་བུའི་བརྟག་ཐབས།


CMR053_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ལྡན་གླིང་བུའི་བརྟག་ཐབས་བཞུགས་པའི་དབུ་ཕྱོགས་ལགས་སོ།། རྐང་དུང་ལ་དབྱེ་བ་དོན་བཞི་སྟེ། འཆང་རུང་བ་བསྟན་པ་དང་། མི་རུང་བ་དང་། དཔའ་བོ་དང་དཔའ་མོའི་འབོད་རྫ་ས་བསྟན་པ་དང་། འཆང་བའི་ཚུལ་བསྟན་པ་དང་བཞིའོ། །དང་པོ་འཆང་དུ་རུང་བ་ལ་མཚན་ཉིད་བཞི་དང་ལྡན་པ་སྟེ། རྒྱུ་རྐྱེན་གྱི་མཚན་ཉིད། ཁ་དོག་གི་མཚན་ཉིད། དབྱིབས་ཀྱི་མཚན་ཉིད། སྐད་ཀྱི་མཚན་ཉིད། དང་པོ་རྒྱུ་རྐྱེན་མཚན་ཉིད་ལ་གསུམ་སྟེ། མ་ཤི་ཡན་ཆད་དུ། བཙུན་པ་དམ་ཚིག་གཙང་ཞིང་མ་ཉམས་པ་དང་། །སྐྱེ་བོ་རིགས་བཟང་སྐྱེ་བ་མཐོ་བ་ཆོས་ལ་དད་པ་དང་། བུད་མེད་རིགས་བཟང་ཞིང་མཚན་ཉིད་དང་ལྡན་པའོ། །དེ་རྣམས་སྔོན་ལ་ཞི་ཞིང་དུལ་བ་དང་རྒྱུད་བཟང་བ་ནི་ཁྱད་པར་དུ་འཕགས་པའོ། །ལོ་གྲངས་ཡང་བཅུ་དྲུག་ཡན་ཆད་ནས་ལོ་དྲུག་ཅུ་མ་བརྒལ་བ་དེ། ཁྱད་པར་དར་ལ་བབ་སྟེ། དེ་ཡང་སྐྱེས་བུ་ཞེ་སྡང་ཆེན་པོ་སྐྱེས་ཤིང་ཞེ་སྡང་དེ་རབ་ཏུ་འཁྲུགས་ཤིང་འབར་ཏེ། རབ་ཏུ་རྔམ་པའི་དར་མ་དེ། ཞེ་སྡང་ངར་མ་དེ་ཞི་མ་ཁོམ་པ་དང་། འགྱོད་སེམས་ལ་སོགས་རྟོག་པ་གཞན་གྱི་བར་མ་ཆོད་པ་དེ། མཚོན་ཆ་རྣོན་པོས་སྐད་ཅིག་དེ་ཉིད་དུ་


CMR053_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བསད་པ་དེ་ཉིད་དགོས་པའོ། །ཆུ་ལ་སོགས་པ་ཁ་ཟས་ཟོས་ནས་ཤི་བ་དང་། ཞག་དུ་ལོན་ནས་ཤི་བ་དང་། དེ་རྣམས་ནི་གྲི་ལྐུགས་ཟེར་ཏེ་ཅུང་ཟད་ཉམས་པ་ཡིན་ཏེ། མི་མ་ཡིན་ཕལ་པ་འབོད་རྫས་ཙམ་ལ་འཆང་དུ་རུང་བ་ཙམ་ཡིན་ལ། མཆོག་ཏུ་གྱུར་པ་ཙམ་ནི་མ་ཡིན་ནོ། །རོ་དེ་ཡང་ཞག་མ་ལོན་པ་ཤི་མ་ཐག་པ་དེ་བཟང་ངོ་། །བཅད་པའི་ཚུལ་ནི་དང་པོའི་སེར་བ་རིལ་རིལ་པོ། །དེའི་འོག་འབུར་ཆུང་བ་གཉིས་ཡི་བར་དུ་བཅད་དོ། །ཚིགས་མགོ་ལ་སོགས་ལ་གྲི་རྨ་ལ་སོགས་པས་མ་ཉམས་པ་ཤིན་ཏུ་གལ་ཆེ་སྟེ། བཅད་པའི་འཕྲོ་དེ་གླང་པོ་ཆེའི་སྣ་གུང་ལྟ་བུ་བྱ་སྟེ། དེ་ནི་འབུད་པའི་ཁའོ། །ཚིགས་མགོ་འོག་མ་གཉིས་པོ་འབུར་འབུར་གཉིས་པོའི་གདོང་ལ་ལག་པའི་ཐེབ་ཆེན་གླན་པའི་མལ་གྱི་ཚད་ཙམ་བྲུས་ལ་སེང་གེའི་སྣ་སྤོར་ལྟ་བུ་བྱའོ། །རྐང་གྲིས་བཞོགས་པ་དང་ཕུག་པ་སོགས་ནི་སྟོབས་ཉམས་པར་གྱུར་པས་མི་བྱའོ།། ༈ གཉིས་པ་ཁ་དོག་ནི། དཀར་པོ་རབ་ཡིན། སྨུག་འབྲིང་། སེར་པོ་དང་ཁྲ་བོ་ཐ་མའོ།། ༈ གསུམ་པ་དབྱིབས་ནི། ཅུང་ཟད་གུག་པ་ལ། གདོང་གི་རུས་པ་ཀྲིང་ཀྲིང་པོ་དེ་དྲང་ཞིང་ཅུང་ཟད་གུག་པ་གཅིག་དགོས། མདོར་ན་ཕྲ་སྦོམ་རན་པ།


CMR053_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ཐུང་རན་པ། དགྱེ་རྒུ་རན་པ། སྲབ་འཐུག་རན་པ། ཕྲ་ཞིང་དྭངས་བ་ལ་སོགས་པ། མིག་ལམ་དུ་ཡིད་དུ་འོང་བ་ཞིག་དགོས་པའོ།། ། ༈ བཞི་པ་སྐད་ནི། གདང་ཆེ་ལ་ངར་ཡོད་པ་དང་། ཕྲ་ལ་གྲིམ་ཞིང་སྙན་ཆ་ཆེ་བ་གཉིས་ཏེ། དང་པོ་སྐད་གདང་ཆེ་བ་དེའི་ནང་ནས།།་སྐད་སྙན་ཆེ་ལ་གྲིམ་པའི་ངར་སྒྲ་གྲག་པ་ཞིག་དགོས་པའོ།། ༈ གཉིས་པ་ཕྲ་ལ་གྲིམ་པ་དང་། རྒྱ་གླིང་བུས་པ་འདྲ་བ་ལ། སྙན་པའི་ངར་སྐད་ཡིད་འཕྲོག་པ་ཞིག་དགོས་པའོ།། ༈ གཉིས་པ་འཆང་དུ་རུང་བ་ལ་ཡང་། །རྒྱུ་རྐྱེན་ཁ་དོག་ངན་པ་དང་བཞི་སྟེ། དང་པོ་རྒྱུ་རྐྱེན་ནི། རང་གིས་རང་བསད་པ། དམེ་བྱས་པ། མུ་གེ་ནད་དྲིལ་ཤི་བ་དང་། རབས་ཆད་ཤན་པ་མཛེ་ཕོ། དམ་ཚིག་ཉམས་པ་སྨོན་པ་མཚན་ངན་གཟའ་རོ། །དེ་རྣམས་གཞན་ཡང་རྐང་བུའི་སྐེ་ལ་རྭ་ཅོ་ནག་པོ་བྱས་པའི་རྭ་ཁ་ཅན་དང་། དེ་བཞིན་དུ་ལྕགས་དང་ཤིང་དང་ཟངས་ལ་བྱས་ཏེ་གླན་པ་རྣམས་པ་ནི། ལྷ་འདྲེ་སྐད་ཐོས་ཚད་རྣམས་ལ་གནོད་པ་ཆེན་པོ་འབྱུང་བས། རྟེན་ནས་འཆང་མི་རུང་བ་ཡིན་ནོ། །གཉིས་པ་ཁ་དོག་ནི། ནག་པོ་དང་སྐྱ་ཐལ་ལ་སོགས་པ་རྣམས་སྤང་ངོ་། །གསུམ་


CMR053_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པ་དབྱིབས་ནི། གཡས་དང་གཡོན་དུ་འཁྱོག་པ། དུམ་བུ་དུམ་བུར་འཁྱོགས་པ་དང་། ཐུམ་པོར་ཉག་པ་དང་། འཐུག་ལ་གསུ་བ་དང་། གས་པོ་ཅན་དང་། ཤིན་ཏུ་རྒྱུད་གུར་ལྟ། གུར་པོ་དང་། ཤིན་ཏུ་དྲང་བ་ཤད་ཤད་པོ་དང་། སྣ་སྤོར་ཡང་ལ་ཧང་ཆུང་བའི་ལིས་ལིས་པོ་དང་། ཧ་ཅང་ཡང་སྦོམ་རགས་པའི་སྟོད་སྨད་ཤན་མི་འབྱེད་པ་དང་། ཧ་ཅང་ཡང་ཕྲ་རགས་པ་དང་། རྐང་གི་དཀྱུས་སུ་རྩུབ་གཤོང་མང་པོ་དང་། ཕག་རྐོས་ཅན་དང་། འབུར་འབུར་མང་བའི་རྩུབ། ལོང་ལོང་པོ་དང་། ཟུར་མང་བ་དང་། ལེབ་ལེབ་པོ་ལ་སོགས་མདོར་ན་མདོར་ན་མིག་ལམ་དུ་མི་འོང་བ་ཐམས་ཅད་སྤང་ངོ་། ། ༈ བཞི་པ་སྐད་གྲིམ་པའི་སྙན་ཆའི་ངར་མེད་པའི་སྐད་ཧོར་ཧོར་པོ་དང་། ཕྲ་ལ་ངན་པའི་མྱངམྱང་པོ་དང་། །ཙེར་ཙེར་པོ་རྣམས་འཆང་དུ་མི་རུང་ངོ་།། ༈ གསུམ་པ་དཔའ་བོ་དཔའ་མོའི་འབོད་རྫས་དབྱེ་བ་ནི། མཚན་ཉིད་བཞི་ལྡན་གྱི་སྐྱེས་པ་ཕོའི་གྲི་རྐང་གཡས་པ་ནི། དཔའ་བོའི་འབོད་རྫས་ཏེ། ཆོས་སྐྱོང་ཕོ་རྒྱུད་ཐམས་ཅད་ཀྱི་རྟེན་རྫས་སོ། བུད་མེད་མཚན་རིགས་བཟང་བའི་རྐང་དུང་གཡོན་པ་ནི། དཔའ་མོའི་འབོད་རྫས་ཡིན་ཏེ། མཁའ་འགྲོ་མོ་རྒྱུད་རྣམས་


CMR053_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྟེན་རྫས་སོ། །བུད་མེད་མཚན་གྱི་སྐད་ནི། གྲིར་ཤི་བ་མ་ཡིན་ཀྱང་། འཆང་དུ་རུང་བ་ཡིན་ནོ། །གལ་ཏེ་ཕོ་མོའི་རྐང་མཉམ་དུ་འཛོམས་ན། ཕོ་ཁོ་ན་བའི་རྐང་ཡིན་ཀྱང་། གཡས་པ་ནི་དཔའ་བོའི་འབོད་རྫས་དང་། གཡོན་པ་ནི་དཔའ་མོའི་འབོད་རྗེ་ས་ཡིན་ནོ། །ཞེས་པ་རྣམས་ལས་གསུངས་སོ། །དེའི་ཤུགས་ལ་བུད་མེད་ཀྱི་གཡས་པ་དཔའ་བོའི་འབོད་རྫ་ས་དང་གཡོན་པ་དཔའ་མོའི་འབོད་རྫས་ཡིན་པར་བརྟག་གོ །སྐད་ལ་ཡང་། སྡོམ་ལ་ངར་སྐད་ཆེ་བ་དཔའ་བོའི་འབོད་རྫ་ས་དང་། ཕྲ་ལ་སྙན་ཆ་ཆེ་བ་དཔའ་མོའི་འབོད་རྫས་སོ། །བཞི་པ་འཆང་ཚུལ་ནི། ས་རྗེན་ལ་མི་བཞག །མེ་དང་ཆུའི་ཁར་མི་ཁྱེར། མི་ལག་མི་བརྒྱུད་པར་བྱའོ། །དེ་ལྟར་འཆང་བའི་རྐང་དུང་དེ། གློ་བུར་དུ་བུས་ན་། ཉེ་འཁོར་དུ་གནས་པའི་འདྲེ་གདོན་ཕྲའུ་བརྒྱལ་བའི་ཉེས་པ་ཡོད་པས། དེ་དག་བརྡ་བཏང་པའི་ཕྱིར་དུ། དང་པོ་རྐང་དུང་གི་ཁ་ལག་མཐིལ་དུ་གཏུག་གཏུག་ལན་གསུམ་བྱའོ། ། དེ་ནས་རྐང་དུང་དེ་ཐེངས་གསུམ་འབུད་པར་བྱ་སྟེ། དེ་ལ་ཡང་དམིགས་པ་ཡང་གསུམ་བྱའོ། །དང་པོ་སྐད་ཆེ་ལ་རིང་བ་གཅིག་བཏང་སྟེ། དམིགས་པ་ནི་འདི་ལྟར་བྱའོ། །ཁམས་


CMR053_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ན་གནས་པའི་ལྷ་འདྲེ་སེམས་ཅན་ཐམས་ཅད་ཉོན་ཅིག །ཅེས་སྒྲ་བཏང་བར་བྱའོ། །དེ་ནས་རྐང་དུང་སྐད་སྙན་པ་དེས་ཁམས་གསུམ་པོ་ཐམས་ཅད་ཀྱིས་སངས་སེ་ཐོས་པས། །ཐམས་ཅད་ཀྱང་རྣམ་གཡེང་ལ་སོགས་སོ་སོའི་ལས་སྣ་ཚོགས་ལ་སྤྱོད་ཅིང་མི་ཁོམ་པར་ཡོད་ཀྱང་ལས་ཀྱི་འཕྲོ་རྣམས་བཅད། རྣ་བ་ཀྲོག་གེ །རིག་པ་སང་ངེ་། གཉན་ས་དེར་འགྲོའམ་སྙམ་པའི། སེམས་རབ་ཏུ་སྤྲོ་བ་ཤུན་ཤུན་སྐྱེས་པར་བསམ། དུང་གཉིས་པ་ནི། དུང་སྐད་སྔོན་མ་བས་ཅུང་ཟད་ཐུང་བ། སྐད་འགྱུར་གཅིག་གཉིས་དང་ལྡན་པ་གཅིག་བཏང་སྟེ། དམིགས་པ་ནི། ཀྱི་ཁམས་གསུམ་དང་སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་ན་གནས་པའི་ལྷ་འདྲེ་མགྲོན་རིགས་ཐམས་ཅད་གཉན་ས་འདིར་འདུས་ཤིག །ཅེས་པའི་སྒྲ་ཐམས་ཅད་ཀྱིས་ཐོས་པར་བསམ། དེ་མ་ཐག་ཏུ་མགྲོན་རིགས་ཐམས་ཅད་སྤྲོ་དགའ་དང་ལྡན་པས་རང་རང་གི་ཕྱོགས་ཐམས་ཅད་ནས་འུ་རུ་རུ་བྱུང་བར་བསམ། དུང་གསུམ་པ་ནི། སྔ་མ་དུང་གཉིས་པོ་དེ་ནས་ཅུང་ཟད་ཅིག་ཐུང་བ་སྐད་དྲག་ལ་ཐུང་བ་གྲེ་འགྱུར་གཏུང་གཏུང་བ་གསུམ་དང་ལྡན་པ་གཅིག་བྱའོ། །དམིགས་པ་ཐམས་ཅད་མ་ཐོག་པ་མྱུར་བ་ཉིད་དུ་འདུས་ཤིག་འདུས་ཤིག །


CMR053_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པའི་སྒྲ་ཐོས་པར་བསམ། སྐད་ཅིག་དེ་མ་ཐག་ཏུ་མགྲོན་ཐམས་ཅད་མགྱོགས་པར་འུར་ཏེ། ཤིག་ཆེན་པོ་བྱེད་པ་ལ་མིའི་ཁྲོམ་བརྡའ་སྐད་བཏང་དགོས་པ་ཡིན་ཏེ། ཕཊ་ཕཊ་ཕཊཿ རིང་པོ་གསུམ་བརྡབ་པར་བྱ་སྟེ། ཕཊ་ཉོན་དང་། །གཉིས་པས་འདུས་ཤིག་དང་། གསུམ་པས་མྱུར་དུ་འདུས་ཤིག་སོགས། གོང་དུ་དུང་དང་པོའི་སྐབས་ཀྱི་དམིགས་པ་གསུམ་པོ་དེ་ཇི་ལྟ་བ་བཞིན་དུ་བྱའོ། །ཞི་དྲག་གཉིས་དང་། མཆོད་སྦྱིན་གསུམ་གྱིས་ཕཊ་གྱི་དབྱེ་བ་དང་། ཕཊ་ཀྱིས་ཡན་ལག་ཧ་དང་ཧཱུྃ་གཉིས་པོ་དེ་དག་གི་དབྱེ་བ་ནི། མ་གཅིག་གི་ཞལ་ནས། དྲག་པོའི་ཡི་གེ་འབྲུ་མ་གཉིས། །གཅིག་ཏུ་དྲིལ་ནས་དྲག་པོར་བརྗོད། །ཕཊ་ཅེས་བྱུང་བའི་སྒྲ་བྱུང་བ། །གོ་དོན་ཐ་དད་མི་འདྲ་བས། །དམིགས་པ་ཀུན་གྱི་གསལ་གདབ་ཡིན་ནོ། །མཚན་ལྡན་གླིང་བུའི་བརྟག་ཐབས་རཱ་ག་ཨ་སྱས་སྦྱར་བའོ། །


previousམཚན་ལྡན་གླིང་བུའི་བརྟག་ཐབས།next