Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཅོད་ཁྲུས་བྱ་ཚུལ་ཟུར་ཕྱུངས་ཞལ་རྒྱུན་ཟུར་རྒྱན་རིམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཅོད་ཁྲུས་བྱ་ཚུལ་ཟུར་ཕྱུངས་ཞལ་རྒྱུན་ཟུར་རྒྱན་རིམ་པ།next

གཅོད་ཁྲུས་བྱ་ཚུལ་ཟུར་ཕྱུངས་ཞལ་རྒྱུན་ཟུར་རྒྱན་རིམ་པ།


CMR053_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཁྲུས་བྱ་ཚུལ་ཟུར་ཕྱུངས་ཞལ་རྒྱུན་ཟུར་རྒྱན་རིམ་པ་བཞུགས་སོ། །ན་མོ་གུ་རུ་ཝེ། སྒྲིབ་སྦྱངས་ཡེ་ཤེས་ཆུ་རྒྱུན་ལས། །མཐའ་གཏད་དང་་ཆངས་བུ་བརྒྱ་རྩ་སོགས་ལ་ཁྲུས་དང་ལན་ཆགས་བཅའ་དགོས་པ་ལ། ནད་པ་མདུན་དུ་འདུག་ལ་བསྟབས་པའི་འོག་ཏུ་སྦྱར་བས་ཆོག །མ་གཅིག་ལབ་ཀྱི་སྒྲོན་མའི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་ག་ཏེའི་སྔགས་གཡོན་ཕྱོགས་སུ་འཁོར་བར་བསམ། གྲྭ་ཏེའི་སྔགས་མང་དུ་བཟླས་ལ་ཁྲུས་ཆུ་ལ་ཕུ་བྱ་དེ་ནས། ཕྱི་ལུས་ཀྱི་སྒྲིབ་པ་ནང་སེམས་ཀྱི་སྡུག་བསྔལ་གསང་བ་དུག་ལྔའི་རྣམ་རྟོག་མདོར་ན་མི་ཤེས་པ། མ་རིག་པ་ཐར་པ་དང་ཐམས་ཅད་མཁྱེན་པ་མི་ཐོབ་པར་བྱེད་པའི་བར་ཆད་ཀྱི་བགེགས་ཐམས་ཅད་ཨོཾ་གཱ་ཏེ་གཱ་ཏེ་པ་ར་ག་ཏེ་སོགས་བརྗོད་ནས་ཁྲུས་བྱ། སྟེང་གདོན་གཟའ་དང་དྲང་སྲོང་གི་གནོད་པ། འོག་གདོན་ཀླུ་དང་ས་བདག་གི་གནོད་པ། བར་གདོན་གཉན་དང་ཐེའུ་རང་གི་གནོད་པ། ཤར་དྲི་ཟའི་གནོད་པ། ལྷོ་གཤིན་རྗེའི་གནོད་པ།། ནུབ་ཆུ་ལྷའི་གནོད་པ། བྱང་གནོད་སྦྱིན་གྱི་གནོད་པ། ཤར་ལྷོ་མེ་ལྷའི་གནོད་པ། ལྷོ་ནུབ་ཏུ་སྲིན་པོའི་གནོད་པ། ནུབ་བྱང་དུ་རླུང་ལྷའི་གནོད་པ། བྱང་ཤར་དུ་དབང་ལྡན་གྱི་གནོད་པ། ཟས་ངན་ཁ་རུ་ཟོས་པའི་ཟས་


CMR053_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ། གོས་ངན་རྒྱབ་ལ་གྱོན་པའི་གོས་གྲིབ། རྨེ་གྲིབ་རོ་གྲིབ་རྒྱལ་པོ་དང་འདྲེ་མོའི་གནོད་པ། ཀླུ་ས་བདག་གི་གནོད་པ། བཙན་ཐེའུ་རང་གི་གནོད་པ། གཟའ་དང་མ་མོའི་གནོད་པ། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ལོ་སྐག་རྨིས་ལྟས་ངན་པ་ཐམས་ཅད། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པ་ར་ག་ཏེ་པ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཞེས་ཁྲུས་ཅི་ནུས་བྱ། སྤྲོ་ན་ཚིག་མཚམས་རེ་རེ་ལ་གཱ་ཏེ་བརྗོད་བསྡུ་ན་འདི་ཡིས་ཆོག ༈ །གང་ལྟར་ཡང་ནད་པའམ་བསྲུང་བྱའི་ལུས་ལ་ཟན་དུམ་དྲུད་ཅིང་། མགོ་ཐོག་ནས་གསེར་གྱི་རི་བོ་ལས་ལྕི་བ། སྙིང་ག་ནས་དངུལ་གྱི་རྡོ་རྗེ་ལས་སྲ་བ། རྐང་ཞབས་ནས་ཟངས་ཀྱི་ཚེར་མ་ལས་རྩུབ་པ། ན་ས་ལ་ཕྱིན་པ། དུར་ས་ལ་ཕྱིན་པ། བརྒྱ་ལན་ཚིགས་ཀྱི་བདག་པོ། སྟོང་ཤ་འཁོན་གྱི་བདག་མོ། ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ལོ་སྐག་ཟླ་སྐག་རྨིས་ལྟས་མཚན་མ་ངན་པ་ཐམས་ཅད་དང་། ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་བསམ་པའི་བར་ཆད་མདོར་ན། མི་ཤེས་པ་མ་རིག་པ། ཐར་པ་དང་ཐམས་ཅད་མཁྱེན་པའི་ས་ཐོབ་མི་བཅུག་པར་བྱེད་པའི་བར་ཆད་ཀྱི་བགེགས་ཐམས་ཅད་རྡོ་ཁབ་


CMR053_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་གྱིས་ལྕགས་ཕྱེ་བསྡུས་པ་བཞིན་དུ། ཕཊ་ཕཊ་ཕཊ། བུ་ལན་ཆགས་སོགས་བཅའ་དགོས་པའི་དཔེ་ཆ་དགོས་འདུག་པས་མཁས་གྲུབ་རཱ་ག་ཨ་སྱས་སྦྱར་བའོ།། ཅེས་བརྗོད་ལ་ཟན་ལ་ཆངས་བུ་བཅའ་རུ་བཅུག །སྒྲིབ་སྦྱང་ཡེ་ཤེས་ཆུ་རྒྱུན་སྐབས་སུ་ཞལ་རྒྱུན་ཡིན་པས། །།


previousགཅོད་ཁྲུས་བྱ་ཚུལ་ཟུར་ཕྱུངས་ཞལ་རྒྱུན་ཟུར་རྒྱན་རིམ་པ།next