Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཅོད་ལུགས་ཉེར་མཁོ་ཆངས་བུ་བརྒྱ་རྩའི་ལག་ལེན་འགྲིགས་ཆགས་སུ་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   


 
previousགཅོད་ལུགས་ཉེར་མཁོ་ཆངས་བུ་བརྒྱ་རྩའི་ལག་ལེན་འགྲིགས་ཆགས་སུ་བཀོད་པ།next

གཅོད་ལུགས་ཉེར་མཁོ་ཆངས་བུ་བརྒྱ་རྩའི་ལག་ལེན་འགྲིགས་ཆགས་སུ་བཀོད་པ།


CMR053_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ལུགས་ཉེར་མཁོ་ཆངས་བུ་བརྒྱ་རྩའི་ལག་ལེན་འགྲིགས་ཆགས་སུ་བཀོད་པ་བཞུགས་སོ། །ན་མོ་པྲཛྙཱ་པཱ་ར་མི་ཏ་ཡེ། ཡུམ་ཆེན་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ནས། །ཆངས་བུ་བརྒྱ་རྩའི་འདོན་ཆོག་བཀོད་པ་ལ། །དགོངས་པ་གྲོལ་ཞིང་བཀའ་གནང་བྱིན་གྱིས་རློབས། །དེ་ཡང་ནད་པའི་ལུས་བཀྲུས་པའི་དྲི་ཆུས་སྦྲུས་པའི་ཆངས་བུ་བརྒྱ་རྩ་བརྒྱད་བྱས་ལ་དེ་ལ་ཤ་དུམ་གླན་ལ། སྣོད་གཅིག་ཏུ་ནད་པའི་ཁྲུས་ཆུ་བཞག་ནས་གཅོད་ཚོགས་ཡིན་ན་བསྟབ་པའི་སྐབས་སུ་བྱ། འཕྲལ་དུ་ཡིན་ན་ལུས་སྦྱིན་དཀར་འགྱེད་དམར་འགྱེད་མང་ཞིག་གི་མཐར། ཕཊཿ སྐད་ཅིག་གིས་སྟོང་གསུམ་འདི་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་དུ་གྱུར་པའི་དབུས་སུ། རང་ཉིད་རིག་པའི་ངོ་བོ་མ་གཅིག་ཁྲོས་མ་ནག་མོ་ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་བརྡེབས་པས་སྣང་སྲིད་དབང་དུ་སྡུད་པ། གཡོན་མི་རྐང་གི་གླིང་བུ་འབུད་པས་སྲིད་གསུམ་ཟིལ་གྱིས་གནོན་ཅིང་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་སྐུར་གྱུར། མདུན་གྱི་ནམ་མཁར་མ་གཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་མོ་དར་དཀར་གྱི་རལ་ག་གསོལ་བ། དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབས་པ། ཕྱག་གཡས་ཌཱ་མ་རུ་འཁྲོལ་ཞིང་། གཡོན་དྲིལ་བུ་དཀུར་བརྟེན་པ། པདྨ་དང་ཟླ་བའི་


CMR053_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ལ་གར་སྟབས་ཀྱིས་བཞུགས་པ། དེ་ལ་མ་གཅིག་དང་རིགས་ལྔའི་མཁའ་འགྲོ་སོགས་གཅོད་ཡུལ་བརྒྱུད་པའི་བླ་མས་བསྐོར་བ། དེའི་མཐའ་བསྐོར་དུ་ནད་པ་འདིའི་ལུས་གདོན། གནས་གདོན། ནད་ནད་བདག་དང་བཅས་པ་གདོན་སྣ་འདྲེན་དང་བཅས་པ། བགེགས་རིགས་ལན་ཆགས་ཤ་འཁོན་ཡུལ་འདྲེ་དང་བཅས་པས་ས་གཞི་གང་ནས་འཁོད་པར་གྱུར། །ཕཊ་ཕཊ་ཕཊ། ནད་པའི་སྙིང་ཁར་རྣམ་པར་ཤེས་པའི་ངོ་བོ་ཨ་དཀར་པོ་གསལ་བ་དབུ་མའི་ལམ་ནས་ཐོན། རང་ཉིད་ཁྲོས་མའི་ཐུགས་ཀར་ཐིམ་པར་གྱུར། ཕཊ་ཕཊ་ཕཊ། ན་མོ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཀྱི་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། ཡི་དམ་ཁྲོས་མ་ནག་མོའི་བདེན་པ་དང་། མ་གཅིག་ལབ་ཀྱི་སྒྲོན་མ་རིགས་ལྔའི་བདེན་པ་དང་། རིགས་ཀྱི་མཁའ་འགྲོ་བྱེ་བ་འབུམ་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། ནད་པ་འདི་ལ་དང་པོ་ནད་ཀྱིས་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མ་ནད་ལ་མི་ཕན་པར་བྱེད་པ། ཚེ་ལ་རྐུ་བ། སྲོག་ལ་འཇབ་པ། ཡིད་ལ་རློམས་པ། བླ་ལ་ཁྱེར་བར་


CMR053_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ལུས་གདོན་རྒྱབ་རྟེན་དང་བཅས་པ། ནད་ནད་བདག་དང་བཅས་པ། གདོན་སྣ་འདྲེན་དང་བཅས་པ་ཐམས་ཅད་ནད་པའི་བེམ་པོ་དང་དབྱེར་མེད་པའི་དྲི་གླུད་ཆངས་བུ་ཤ་དུམ་ཁྲུས་ཆུ་དང་བཅས་པ་འདི་རྣམས་ལ་ཁུག་ཅིག །ཧཱུྃ་ཧཱུྃ་ཧཱུྃ། ཛཿཧཱུྃ་བཾ་ཧོཿ ཕཊ་ཕཊ་ཕཊ། རྐང་དུང་འབུད་ཌཱ་དྲིལ་དྲག་ཏུ་བྱའོ།། ཕཊཿ ནད་པའི་བེམ་པོ་དང་གཉིས་སུ་མེད་པའི་དྲི་ཆུ་ཆངས་བུ་ཤ་དུམ་འདི་ཉིད་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ། རྣམ་པ་ནད་པ་དངོས་དང་འདྲ་བ། དངོས་ལས་ལྷག་པ་ཕུང་ཁམས་སྐྱེ་མཆེད་ཚང་བ། རེ་རེ་ལའང་བརྒྱ་སྟོང་གྲངས་མེད་འཕྲོ་བ་འདི་ཉིད་མ་གཅིག་རིགས་ལྔ་མཁའ་འགྲོ་བྱེ་བ་འབུམ་དང་བཅས་པ། ཕྱོགས་བཅུའི་ལྷ་འདྲེ་འབྱུང་པོ་ལན་ཆགས་ཀྱི་བདག་པོ་བདག་མོ་ཐམས་ཅད་ལ་སྦྱིན་ནོ། །འབུལ་ལོ། །བསྔོའོ། །ཕཊ་ཕཊ་ཕཊ། མཉེས་ཤིང་ཚིམས་ནས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལན་ཆགས་བུ་ལོན་ཤ་འཁོན་ཐམས་ཅད་བྱང་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཕཊ་ཕཊ་ཕཊ། དེ་ནས་ཁྱིམ་དུ་ཡིན་ན་ཕུད་སྐྱོགས་ཀྱི་ནང་དུ་ཆངས་བུ་ཤ་དུམ་དྲི་ཁུའི་བྲན་ནས་མཆོད་གཡོག་པས་བཟུང་ལ། ཕཊཿ བེམ་པོ་


CMR053_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་གདོན་དབྱེར་མེད་པའི། །ཤ་ཁྲག་བདུད་རྩིའི་རྒྱ་མཚོ་འདི། །མཁའ་འགྲོ་འབུམ་སྡེའི་ཞལ་དུ་བསྟབ། བཞེས་ཤིག་རོལ་ཅིག་ལུས་གདོན་ཕྲོལ། །གླུད་ཟན་དྲི་ཁུའི་རྒྱ་མཚོ་འདི། །ལྷན་ཅིག་སྐྱེས་པའི་བདུད་རྣམས་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །བྱིས་པའི་གདོན་ཆེན་བཅོ་ལྔ་དང་། །ཕོ་མོའི་ནད་བདག་རིམས་ཡམས་བདག །གྲི་བོ་གྲི་མོ་ཐེའུ་རང་འགོང་། །ལན་ཆགས་བདག་པོ་ཐམས་ཅད་ལ། །དགོས་འདོད་མཁོ་དགུར་གྱུར་ནས་ཀྱང་། །ཟད་མེད་ལོངས་སྤྱོད་ཐོབ་གྱུར་ཅིག །ཕཊ་ཕཊ་ཕཊཿ དེ་ལྟར་ཁྲུས་ཆུ་དང་ཆངས་བུ་སྣོད་གཅིག་ཏུ་གསོག །དེ་ལྟར་ལན་གྲངས་བརྒྱ་རྩ་བརྒྱད་སོང་ནས། ཕཊཿ མདུན་གྱི་མ་གཅིག་མི་དམིགས་འཇའ་ལྟར་ཡལ། །བདག་དང་བསྲུང་བྱའི་སེམས་དང་མ་གཅིག་ཐུགས། །དབྱེར་མེད་ཆོས་དབྱིངས་ནམ་མཁའི་དབྱིངས་ལ་ཐིམ། །སྐྱེ་མེད་ཡུམ་ཆེན་དགོངས་པ་མངོན་གྱུར་ཤོག །ཕཊ་ཕཊ་ཕཊ། དེ་ནས་ཁྲུས་ཆུ་དང་ཆངས་བུ་དུར་ཁྲོད་གཅིག་ཏུ་གཏོར། གཉན་སར་ཡིན་ན་འཕྲལ་དུ་ཕྱོགས་ཕྱོགས་གཏོར། དེ་ཡང་མཐའ་གཏད་སྤུར་གཟུགས་བསྲེགས་པ་དང་། མེའི་མཐའ་གཏད་སོགས་ལ་ཆངས་བུ་བརྒྱ་རྩ་དགོས་པ་དེ་ཉིད་ཆངས་བུ་བརྒྱ་རྩ་ཡིན་པར་འདོད་པ་མི་འཐད་


CMR053_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དེ། གཉན་ཆེན་མཐའ་གཏད། མེ་ཆུའི་མཐའ་གཏད། འབྱུང་བའི་གཟེར་བུ་དང་བཞི་ནི་མཐའ་གཏད་ཡིན། ཚོགས་ཀྱི་བསྟབ་པ་དྲག་པོ་དང་བསྟབ་པ་ཆ་དྲུག །ཆངས་བུ་བརྒྱ་རྩ་གསུམ་ནི་བསྟབ་པ་ཡིན་ལ། དེ་ཡང་རང་རེའི་ན་ཚ་སྡུག་བསྔལ་གྱི་རྒྱུ་འདི་རྣམས་སྔོན་གྱི་ལན་ཆགས་ཤ་འཁོན་གྱིས་སྒྲིབ་པ་ཁོ་ན་ཡིན་པས་འདི་ལྟར་འབད་པས་ལན་ཆགས་ཤ་འཁོན་བྱང་ཞིང་ལྷ་འདྲེའི་འཁུ་ལྡོག་ཞི་ཞིང་། གང་ལ་གང་ཡང་རུང་ཞིང་། འཇམ་པས་ཕན་ཡོན་ཆེ། ཟུར་མང་ལུགས་ཀྱི་དམིགས་འབུམ་ཆེན་པོ་ནས་འདིའི་དམིགས་རིམ་གྱི་རྩ་བ་ཡོད་ཀྱང་། ཕྱག་ལེན་རྒྱུན་འདྲ་མིན་མང་པོ་འདུག །འདོན་ཆ་གསལ་པོ་མ་བྱུང་བས། འཕྲལ་དུ་དགོས་པ་ཞིག་གི་ཆེད་དུ། དགེ་སློང་རཱ་ག་ཨ་སྱས་བསྒྲིགས་པ་ལ་ཉེས་འགལ་ཅི་མཆིས་ཌཱ་ཀིའི་ཚོགས་ལ་བཤགས་ཤིང་། དགེ་བས་འགྲོ་ཕན་རྒྱ་ཆེན་པོར་གྱུར་ཅིག །སརྦ་མངྒ་ལཾ།། །།


previousགཅོད་ལུགས་ཉེར་མཁོ་ཆངས་བུ་བརྒྱ་རྩའི་ལག་ལེན་འགྲིགས་ཆགས་སུ་བཀོད་པ།next