Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཅོད་ཀྱི་ས་འབེབས་བཀྲ་ཤིས་དགེ་ལེགས་རབ་རྒྱས།
   
   
   


 
previousགཅོད་ཀྱི་ས་འབེབས་བཀྲ་ཤིས་དགེ་ལེགས་རབ་རྒྱས།next

གཅོད་ཀྱི་ས་འབེབས་བཀྲ་ཤིས་དགེ་ལེགས་རབ་རྒྱས།


CMR053_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཀྱི་ས་འབེབས་བཀྲ་ཤིས་དགེ་ལེགས་རབ་རྒྱས་ཞེས་བྱ་བ་བཞུགས་སོ། །མ་གཅིག་ལབ་ཀྱི་སྒྲོལ་མའི་སྐུ་ལ་འདུད། མ་ཎི་ཚ་ཁང་གཤིན་དུར་ཐུན་མོང་དུ་ས་འབེབས་བྱེད་པ་ལ། ས་མིག་ལེགས་པར་བཙལ་ནས། དང་པོ་དཀར་འགྱེད་དམར་འགྱེད་དམིགས་པ་བྱ། དེ་ནས་མདའ་དར་གཡས་དང་། འཇོར་གཡོན་དར་སྣ་སྲོག་དང་མཐུན་པས་སྐད་དར་རྒྱབ་ཅིང་། ཤར་རམ་ལྷོ་ཕྱོགས་ལ་ཁ་རྒྱུ་ནས་འདོན་སྒོམ་སྦྲགས། ཕཊཿ རང་ཉིད་སྐད་ཅིག་གིས་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་ཤིང་སྐུ་གྲོལ་བ། དུར་ཁྲོད་ཆས་བརྒྱད་དང་ལྡན་པའི་ཐུགས་ཀ་ནས། །རང་འདྲ་བའི་ས་འོག་སྤྱོད་པའི་ལྷ་མོ་གསེར་གྱི་མདངས་དང་ལྡན་པ་ཞིག་འཕྲོས། ས་འོག་ཏུ་སྤྱོད་པས་ས་འདིར་གནས་པ་རྣམས་གོམ་པ་དགུ་དགུའི་སར་དགྱེས་པར་འཁོད། ས་འོག་རྒྱ་མཚོའི་ཁ་ནས་ས་གཡང་ཀླུའི་ནོར་བུ་བསམ་འགྲུབ་རྒྱ་མཚོ་འོད་འབར་བ་གཅིག་ཡར་གྱི་ས་ལ་ཐིམ་པར་གྱུར། ཕཊ་ཕཊ་ཕཊཿ རྐང་པ་གཡོན་པས་ས་མིག་ནས་མནན་ཏེ། ཕཊཿ རང་ཉིད་ཁྲོས་མའི་སྐུ་སྨད་གསེར་གྱི་ཕུར་པ་ལ་ཡེ་ཤེས་ལྔ་ཡི་འོད་འབར་བ་ཞིག་ཏུ་གྱུར། ས་མིག་འདི་ལ་སྒབ་འདྲེ་བྱེད་པའི་ས་སྲིན་གནོད་བྱེད་སྡིག་པ་རྭ་ཅན་གྱི་གཟུགས་ཅན་དེ་ལ་


CMR053_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་ཡོན་བདག་གི་ནད་གདོན་བར་ཆད་ཐམས་ཅད་ཐིམ་པར་གྱུར། སྐུ་སྨད་ཕུར་པའི་དབལ་གྱིས་འཛེར་ནས་དུག་ལྔ་ཡེ་ཤེས་ལྔའི་འོད་ཀྱིས་བསྲེགས། ཕུར་ཤམ་ནས་རླུང་བུས་པས་འབྱུང་བ་བཞི་བརྩེགས་ས་ཡི་འོག་ཏུ་བཏང་། ཕཊ་ཕཊ་ཕཊཿ རང་གཞན་མཁའ་འགྲོ་རིགས་ལྔའི་གཙོ་དང་འཁོར། །རིམ་པར་བསྐུལ་ནས་ཤར་ནས་གཡས་བསྐོར་གྱིས། །ཀྱཻ། མ་ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །དཀར་མོ་དུང་གི་ཐོར་ཚུགས་ཅན། །དར་དང་ཆེན་རུས་པའི་རྒྱན་གྱིས་སྤྲས། །འཁོར་ཡང་དཀར་མོ་འབུམ་གྱིས་བསྐོར། །མ་མཁའ་འགྲོའི་མཐུ་དང་བྱིན་རླབས་ཀྱིས། །ཤར་ཕྱོགས་ས་གཡང་དངོས་གྲུབ་རྣམས། །འོད་དཀར་པོའི་རྣམ་པར་བཅུད་བསྡུས་ལ། །ས་གཞི་འདི་ལ་ཐིམ་པར་གྱུར། །ཕཊ་ཕཊ་ཕཊཿ ཀྱཻ། མ་ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །སེར་མོ་གསེར་གྱི་ཐོར་ཙུགས་ཅན། །དར་དང་རིན་ཆེན་རུས་པའི་རྒྱན་གྱིས་སྤྲས། །འཁོར་ཡང་སེར་མོ་འབུམ་གྱིས་བསྐོར། །མ་མཁའ་་འགྲོའི་མཐུ་དང་བྱིན་རླབས་ཀྱིས། །ལྷོ་ཕྱོགས་ས་པ་ཡང་དངོས་གྲུབ་རྣམས། །འོད་སེར་པོའི་རྣམ་པར་བཅུད་བསྡུས་ལ། །ས་གཞི་འདི་ལ་ཐིམ་པར་གྱུར། །ཕཊ་ཕཊ་ཕཊཿ ཀྱཻ།


CMR053_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ། །དམར་མོ་བྱི་རུའི་ཐོར་ཚུགས་ཅན། །དར་དང་རིན་ཆེན་རུས་པའི་རྒྱན་གྱིས་སྤྲས། །འཁོར་ཡང་དམར་མོ་འབུམ་གྱིས་བསྐོར། །མ་མཁའ་འགྲོའི་མཐུ་དང་བྱིན་རླབས་ཀྱིས། །ནུབ་ཕྱོགས་ས་གཡང་དངོས་གྲུབ་རྣམས། །འོད་དམར་པོའི་རྣམ་པར་བཅུད་བསྡུས་ལ། །ས་གཞི་འདི་ལ་ཐིམ་པར་མཛོད། །ཕཊ་ཕཊ་ཕཊཿ ཀྱཻ། མ་བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ།་།ལྗང་མོ་གཡུ་ཡི་ཐོར་ཚུགས་ཅན། །དར་དང་རིན་ཆེན་རུས་པའི་རྒྱན་གྱིས་སྤྲས། །འཁོར་ཡང་ལྗང་མོ་འབུམ་གྱིས་བསྐོར། །མ་མཁའ་འགྲོའི་མཐུ་དང་བྱིན་རླབས་ཀྱིས། །བྱང་ཕྱོགས་ས་གཡང་དངོས་གྲུབ་རྣམས། །འོད་ལྗང་གུའི་རྣམ་པར་བཅུད་བསྡུས་ལ། །ས་གཞི་འདི་ལ་ཐིམ་པར་མཛོད། །ཕཊ་ཕཊ་ཕཊཿ ཀྱཻ། མ་དབུས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ། །སྔོན་མོ་མུ་མིན་ཐོར་ཚུགས་ཅན། །དར་དང་རིན་ཆེན་རུས་པའི་རྒྱན་གྱིས་སྤྲས། །འཁོར་དུ་སྔོན་མོ་འབུམ་གྱིས་བསྐོར། །མ་མཁའ་འགྲོའི་མཐུ་དང་བྱིན་རླབས་ཀྱིས། །དབུས་ཕྱོགས་ས་གཡང་དངོས་གྲུབ་རྣམས། །འོད་སྔོན་པོའི་རྣམ་པར་བཅུད་བསྡུས་ལ། །


CMR053_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ས་གཞི་འདི་ལ་ཐིམ་པར་གྱུར། །ཕཊ་ཕཊ་ཕཊཿ ས་འདི་གསེར་གྱི་ཕུང་པོ་འོད་འབར་བ་ཞིག་ཏུ་གྱུར། །ཕཊ་ཕཊ་ཕཊཿ དམིགས་པ་ནི་རང་གི་རྐང་མཐིལ་གཡོན་འོག་ཐིམ་ནས་ས་བཅུད་འབྱུང་བ་ལྔའི་སྙིང་པོ་འོད་ཟེར་ལྔའི་མདངས་ལྡན་གྱེན་དུ་དྲངས་ནས་སྤྱི་བོ་མན་ཆད་གང་བས་ཚེ་བསོད་རྒྱས་ཤིང་འཆི་མེད་ལུས་ཐོབ་པར་བསམ། ཟན་གྱི་རུས་སྦལ་གཟུགས་དང་ས་སྙིང་རྣམས་འདོན་ཞིང་། ཡོན་བདག་དེ་ཁ་ཤར་དུ་རྒྱུ་ལ་གྲུ་གང་སོ་ནས་དོང་ནང་དུ་འཕེན་བཅུག །རུསྩལ་དེ་ལག་ཏུ་ཐོགས་ལ། ཀྱཻ། མ་ཧཱ་གསེར་གྱི་རུས་སྦལ་འདི། །སྲིད་པ་གཉེན་པོའི་ཞལ་ངོ་ཡིན། །ཤར་དུ་བསྟན་ན་བར་ཆད་ཞི། །ལྷོ་རུ་བསྟན་ན་ཚེ་བསོད་རྒྱས། །ནུབ་ཏུ་གཤིན་ལ་མ་བལྟ་ཞིག །བྱང་གི་དགྲ་ལ་མ་འབོད་ཅིག །ཤར་ལྷོ་མཚམས་སུ་དགའ་བདེའོ། །ཨོཾ་མ་ཧཱ་གསེར་གྱི་རུས་སྦལ་བྷྲཱུཾ་རཀྵ་སྭཱ་ཧཱ། ཞེས་འཕང་། ཁ་གྲུ་ཕྱོགས་ཡག་ན་མི་འགུལ་བར་བཞག །ངན་ན་ལན་གསུམ་འཕེན་ལ། ལྷོར་ཁ་བལྟས་བཞག །རིན་ཆེན་སྣ་ལྔ་དང་འབྲུ་སྣ་སྨན་སྣ་བཏབ། ཀྱི། མ་ཧཱ་གསེར་གྱི་རུས་སྦལ་འདི། །དབང་ཆེན་ས་ཡི་བདག་པོ་ཡིན། །མགོན་བྱེད་སྐྱོབ་བྱེད་ལོ་ལྷ་ཡིན། །ས་ཡི་གདན་དུ་བཏིང་བས་ན། །སྟེང་གི་གཟའ་སྐར་མ་འཁྲུགས་ཤིག །འོག་གི་འབྱུང་བ་མ་འཁྲུགས་ཤིག་


CMR053_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱི་སྡེ་བརྒྱད་མ་འཁྲུགས་ཤིག །ལྷ་ཀླུ་གཞི་བདག་མ་འཁྲུགས་ཤིག །ཀུན་གྱི་བསྲུང་དུ་འགྱུར་བར་ཤོག །ཅེས་བརྗོད་པས་མདའ་དར་གཡབ། ས་ཆས་ས་མཁན་པ་རང་གིས་ཁྱེར། ཚས་ཀ་ལ་སོགས་ལྷག་མེད་བྱས། དེ་ནས་མཉམ་པར་བཞག་པའོ། །དཀྱིལ་འཁོར་ལ་སོགས་དགོས་པ་ན། འདི་དུས་ས་རྐོ་ཐབས་ལྟོ་འཕྱེ་བརྟག་ལ་ཕྱོགས་གཞན་ཀྱང་འཛེམ། དྲེད་དང་ཕྱི་བའི་སྦལ་མོའི་བྲད། དེ་ནས་ཀག་ལེ་རྒྱབ། རུས་སྤལ་ལ་སོགས་འཛོམས་ན་ལེགས། གཞན་ཡང་སྣང་བརྒྱད་དང་ཉེས་པ་ཀུན་སེལ་སོགས་སྤྱི་མཐུན་བཞིན་དུ་ཐོན་ན་ལེགས། དེ་རོ་བཤའ་དུར་གཅོད་བྱེད་དུས་དེ་དགོས་པ་མིན་ཀྱང་སྔགས་སྤྱོད་ཟུང་འཇུག་ལ་གལ་མི་ཆེ་ཀརྨ་ཨ་རཱ་ག་ཨ་སྱ་ཡིས། །དགོང་མོ་ཐུན་མཚམས་མར་མེའི་ངོགས། །བརྩོན་འགྲུས་རྒྱ་མཚོས་ཡི་གེར་བཀོད། །ཉེས་འགལ་མཆིས་ན་གཅོད་ཡུལ་བརྒྱུད་པ་དང་། །མ་རྒྱུད་མཁའ་འགྲོའི་དྲུང་དུ་བཤགས། །དགེ་བས་འགྲོ་ཀུན་ཨོ་རྒྱན་གནས་སུ་དྲོངས། །ས་ནི་རྐོ་དགོས་གསོན་གཤིན་རྩིས། །གང་ཡིན་དེ་ཡང་འདི་བཞིན་དུ། །ལྟོ་འཕྱེ་འཁོར་ཐབས་དཔྱིད་གསུམ་བྱང་། །དབྱར་གསུམ་ཤར་ལ་སྟོན་གསུམ་ལྷོ། །དགུན་གསུམ་ནུབ་ཏུ་ཁ་གྲུ་ཀོ། །ཚེས་གྲངས་བཅུ་གཉིས་ས་རྐོ་སྤངས། །ཐེ་སེ་སྤྲེལ་ཁོག་རྒྱུ་བས་ངན། །དེ་དུས་ཕྱིར་ནངས་རྐོས་པས་འགྲུབ། །སྔགས་གཅོད་ཟུང་འཇུག་ལུགས་ཀྱི་ཆ་ལགས་སོ། །ཕཊཿ ཨོ་རྒྱན་དག་པ་མཁའ་སྤྱོད་ཞིང་ཁམས་ནས། །


CMR053_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཆེན་མ་གཅིག་སྤྲུལ་པའི་མཁའ་འགྲོ་མ། །རྡོ་རྗེ་ཕག་མོ་གྲི་ཐོད་ཁ་ཊྭཱཾ་འཆང་། །དུར་ཁྲོད་ཆས་རྫོགས་ཞབས་གཉིས་བདུད་བཞི་མནན། །སྲིད་གསུམ་ཟིལ་གནོན་བམ་ཆེན་གདན་ལ་འགྱིང་། །མཁའ་འགྲོ་སྡེ་ལྔ་འཁོར་ཚོགས་འབུམ་སྡེར་བཅས། །སྡེ་ལྔའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །གསེར་གཡུ་དུང་སོགས་དར་ཟབ་སྣ་ཚོགས་དང་། །འབྲུ་སྣ་ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདིས། །ཚེ་འདས་ཟད་མེད་གཏེར་ལ་ལོངས་སྤྱོད་ཤོག །རྟེན་འབྲེལ་དམུ་ཐག་དཀར་པོ་ཡར་ལ་འཐེན། །མཐོ་རིས་ཐར་ལམ་དར་ཐག་དཀར་པོས་བསུས། །ཐབས་མཁས་ཐུགས་རྗེས་རིགས་དྲུག་གནས་ནས་དྲོངས། །ཚེ་འདས་བདེ་ཆེན་ཞིང་ཁམས་མྱུར་ཐོབ་ཤོག །སྦྱིན་བདག་ཚེ་བསོད་དཔལ་འབྱོར་གོང་འཕེལ་ཤོག །གཅོད་པ་བདུད་བཞིའི་གཡུ་ལས་རྣམ་རྒྱལ་ནས། །འབྲེལ་ཚད་དོན་ལྡན་འཇའ་ལུས་འགྲུབ་པར་ཤོག །ཕཊ། ཅེས་བརྗོད་ནས་གསེར་གཡུ་དུང་སོགས་ས་དམིགས་ལ་སྦས་སོ། །འབྲུ་སྣ་ཤེལ་ཚིགས་རྣམས་ས་དམིགས་དབྱིབས་ཉེ་ཕྱོགས་སུ་བཏབ་བོ། །དར་རས་གང་འཛོམ་དེ་མདའ་དར་དབྱིབས་ཅན་ལ་འཛུགས་སོ། །དམུ་ཐག་ཡར་ལ་འཐེན་ནོ། །ཨ་རཱ་གས་གཅོད་གཞུང་ཡིག་རྙིང་མང་པོའི་དོན་བསྡུས་སུ་སྦྱར་བའོ།། །།


previousགཅོད་ཀྱི་ས་འབེབས་བཀྲ་ཤིས་དགེ་ལེགས་རབ་རྒྱས།next