Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདུད་རྩི་བྱིན་རླབས།


 
previousབདུད་རྩི་བྱིན་རླབས།no next

བདུད་རྩི་བྱིན་རླབས།


CMR053_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་བྱིན་རླབས་འདིའི་གོང་དུ། འགའ་ཞིག་གིས་དཀྱིལ་འཁོར་གཞན་གྱི་སྔོན་འགྲོ་ལ་ལྟོས་ནས། དཀར་གཏོར་དང་བགེགས་གཏོར་བྱེད་པར་འདུག་སྟེ། དེའི་དོན་འདི་སྐད་དུ། དཀར་གཏོར་ནི་གཞི་བདག་ལ་བྱོན་སྐྱེམས་དང་བགེགས་གཏོར་ནི་ཁྲོས་མའི་དཀྱིལ་ཆོག་ལ་ཡོད་པས་འདིར་འང་བྱེད་པའོ་ཟེར་མཁན་འདུག་སྟེ། དེ་ནི་གཏན་ནས་མི་འཐད་དོ། །དཀར་གཏོར་ནི་སྐྱོན་ཅུང་ཟད་ཆུང་སྟེ་འོན་ཀྱང་གཞི་བདག་ལ་བྱོན་སྐྱེམས་དགོས་ན། སྐྱབས་གནས་ལ་སོགས་མགྲོན་གཞན་རྣམས་ལ་ཡང་བྱོན་སྐྱེམས་དགོས་པའི་སྐྱོན་དུ་འགྱུར་རོ། །མཁའ་འགྲོའི་དཀྱིལ་ཆོག་གསང་སྔགས་ཀྱི་ལུགས་འགའ་ཞིག་ཏུ་བགེགས་གཏོར་གསུངས་ཀྱང་དེ་དག་གི་གཙོ་བོ་ཕུང་པོ་གཟན་སྒྱུར་ལ་མི་བྱེད་ཅིང་། སྔགས་ལུགས་ཀྱི་ལས་བཞི་དང་འབྲེལ་བ་ཡིན་པས་འདིར་གཅོད་ཚོགས་ལ་སྔར་དུ་མི་རུང་སྟེ་གཅོད་ལ་མི་མཐུན་ཐམས་ཅད་གྲོགས་སུ་འཁྱེར་བའི་ཕྱིར། བགེགས་བསྐད་པ་ནི་གཅོད་ཀྱི་དམ་ཚིག་དང་མངོན་སུམ་དུ་འགལ་བ་ཡིན་ཏེ། ཅིའི་ཕྱིར་ན་ཁྱེད་ཀྱི་བགེགས་གཏོར་བཏང་ནས་མཚམས་གཅོད་བྱེད་པའི་ཕྱི་རོལ་གྱི་ལྷ་འདྲེ་ལ་བྱེད་དམ། ལུས་གདོན་ལ་དམིགས་ནས་བྱེད། ཕྱི་རོལ་གྱི་


CMR053_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་འདྲེ་ལ་བྱེད་ན་ཁྱེད་ཀྱི་དབང་སྡུད་བྱེད་ཅིང་མགྲོན་བསྡུ་ནས་ཕུང་པོ་གཟན་སྒྱུར་བྱེད་པ་དགོས་མེད་ཐལ། མཚམས་གཅོད་བྱས་ཏེ་ལྷ་འདྲེ་ལྕགས་རིའི་ཕ་རོལ་དུ་བསྐྲད་དེ་མེད་པའི་ཕྱིར་བསྐྲད་ཀྱང་སླར་དབང་དུ་བསྡུ་བས་ཆོག་ཟེར་ནས། འོ་ན་བགེགས་གཏོར་བྱས་པ་རེ་དོན་མེད་དུ་སོང་བ་ཡིན་ཏེ་མངོན་དགའ་ཡིན་ནོ། །ལུས་གདོན་ལ་དམིགས་ནས་བྱེད་ན། བགེགས་གཏོར་བྱས་པའི་རྗེས་སུ་ལུས་གདོན་ལ་ཕུང་པོ་གཟན་སྒྱུར་གྱི་ལན་ཆགས་འཇལ་དགོས་སམ་མི་དགོས། དགོས་ན་བགེགས་གཏོར་བཏང་བ་དོན་མེད་དུ་ཐལ་ལོ། །ལན་ཆགས་མ་བྱང་བའི་ཕྱིར་མི་དགོས་ན་ཕུང་པོ་གཟན་སྐྱུར་གྱི་སྦྱིན་པ་བཏང་བ་དོན་མེད་ཐལ། སྦྱིན་པའི་ཡུལ་ལྷ་འདྲེ་ལུས་གདོན་བསྐད་དེ་མེད་པའི་ཕྱིར། ཡང་ཁྱེད་ཀྱི་བགེགས་གཏོར་གྱི་ཤམ་དུ་རང་ཁྲོ་བོར་བསྒོམས་ནས། ནས་ལྕགས་ལ་སོགས་པ་མཚོན་ལ་སོགས་པར་དམིགས་ནས་བགེགས་ཐམས་ཅད་ཚར་བཅད་ནས་བརླག་པར་བསྒོམས་པས་མི་བསྒོམ་ན་བགེགས་གཏོར་བཏང་བ་དོན་མེད་དུ་ཐལ། བགེགས་བསྐྲད་མ་ཐུབ་ཅིང་ཚར་མ་ཆོད་པའི་ཕྱིར་བསྒོམ་ན་ཁྱོད་ཀྱི་ལུས་མཆོད་སྦྱིན་བྱས་པའི་རྗེས་སུ་ལྷ་འདྲེ་ཁྱེད་རྣམས་ང་ཡི་ཕ་མ་ཡིན་པས་སྙིང་རེ་རྗེ་ཟེར་


CMR053_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྙིང་རྗེ་བསྒོམ་པ་དེ་དོན་མེད་དུ་ཐལ། མཚམས་གཅོད་ཀྱི་སྐབས་སུ་འདྲེ་གདོན་མགོ་ཆགས་རྐང་གྲུག་དང་བཅད་གཏུབས་བྱས་ཤིང་གནོད་པ་བསྐྱལ་བའི་ཕྱིར་ཡང་ཁྱེད་ཀྱི་རང་དང་ནས་ལྕགས་ལ་ཁྲོ་བོ་མི་བསྐྱེད་ཅིང་ལྟ་བ་ཆོས་ཉིད་ཀྱི་ཟིལ་གནོན་གྱི་ངང་ནས། བགེགས་བསྐྲད་པས་བགེགས་རང་ཞིར་འགྲོ་བར་བཞེད་པ་ཡིན་ནམ། དེ་ལྟར་མིན་ན་གདོས་བཅས་ཀྱི་ཕུང་པོ་འདི་གཅེས་འཛིན་དང་ཕྲལ་ནས་འདྲེ་གདོན་ལ་སྦྱིན་པ་བཏང་ནས། རྟེན་མེད་ཀྱི་རིག་པ་དབྱིངས་དང་བསྲེ་ཞིང་ཆོས་ཉིད་སྐྱེ་བ་མེད་པ་མེད་ངང་ལ་གནས་པ་དེ་ཆོས་ཉིད་ལྟ་བའི་ཟིལ་གནོན་མཆོག་ཏུ་གྱུར། ཅེས་གཅོད་གཞུང་རྒྱ་མཚོ་རྣམས་ལས་གསུངས་པ་དེ་གཟིགས་སམ། འདྲེ་བརྡུངས་འབོད་བྱས་པས་ནད་པ་ཡོད་ནའང་ཕན་པ་ཆུང་བའི་སྟེང་དུ་རྗེས་ཀྱང་མི་འཛོམ་སྟེ་དཔེར་ན་གཞན་མི་ཉེས་པ་མེད་པ་གཅིག་ལ་དང་པོ་བརྡུངས་བརྡེགས་དང་གནོད་པ་ཆེན་པོ་བྱས་ནས་ཕྱིས་ཁ་འཇམ་པོས་བདག་ལ་གནོད་པ་མ་བྱེད་ཅིག་བྱས་ཀྱང་ཕན་པ་ཆུང་ཞིང་འཁོན་འཆང་བ་དང་འདྲའོ། །ཀླུ་གདོན་པས་སྐྱེ་བ་བདུན་ལ་འཁོན་འཆང་བར་བཤད་འདུག་པ་དེ་མ་གཟིགས་སམ། དེ་ཡང་སྔར་འཁོན་ཀྱང་ཕྱིས་ལུས་སྦྱིན་བྱེད་ཅིང་དུམ་


CMR053_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པར་འདོད་པ་ཡིན་ནམ། འོ་ན་སྔོན་དུ་འཁོན་མེད་པར་བདེ་བར་མེད་པ་ལ་ལུས་སྦྱིན་གཏོང་བྱེད་པ་དེ་འདྲེ་ལ་ཕན་སྟོབས་ཆེ་ཞིང་རྗེས་སུ་ཀྱང་བཟང་བར་མི་འདུག དག་གམ་ལེགས་པར་སྤྱོད་ཅིང་གཞན་བགེགས་གཏོར་མི་འཐད་པའི་ལུགས་རིགས་མང་དུ་ཡོད་ཀྱང་ཡི་གེ་མང་གིས་དོགས་པས་རེ་ཞིག་མ་བྲིས་སོ། །གཞན་ཡང་ཁྱེད་ཀྱི་དགོངས་པ་ལ་གཅོད་པ་འགའ་ཞིག་གིས་ཐོག་མར་དམིགས་ངན་སྣ་ཚོགས་ཀྱི་ལྷ་འདྲེ་ཆམ་ལ་ཕབ་ནས་རྗེས་ཚར་ཚད་འབུལ་ཞིང་རྗེས་ཀྱང་འཕར་ལྡང་མི་འོང་བར་འདུག་པས། གཅོད་ཐབས་དེ་ཟབ་པ་གཅིག་ཡིན་པར་བཞེད་པ་ཡིན་ནོ། །དེ་ནི་མ་གཅིག་གི་དགོངས་བཞེད་རྣམ་པར་དག་པའི་གཅོད་ལུགས་མ་ཡིན་ཏེ་ཤན་པས་རྣོ་ཚོན་ཐོགས་པ་དང་འདྲ་བར་གསུངས་པས། ཚེ་འདི་ཡང་བཀྲ་མི་ཤིས་པ་དང་ཕྱི་མ་ངན་སོང་གིས་གཏིང་རྡོ་བྱེད་པས། ཐར་པ་དོན་དུ་གཉེར་བའི་གང་ཟག་རྣམས་ཀྱིས་དུག་སྦྲུལ་དང་སྲོག་གཅོད་པའི་ཤན་པ་ལ་འབྲོས་པ་བཞིན་དུ་ཞེ་ཟོན་ཆེན་པོ་བྱེད་དགོས་པ་ཡིན་ནོ།། །།


previousབདུད་རྩི་བྱིན་རླབས།no next