Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་གཉིས་པ་དལ་འབྱོར་རྙེད་དཀའི་ཁྲིད།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་གཉིས་པ་དལ་འབྱོར་རྙེད་དཀའི་ཁྲིད།next

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་གཉིས་པ་དལ་འབྱོར་རྙེད་དཀའི་ཁྲིད།


CMR054_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

༼ཁ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་གཉིས་པ་དལ་འབྱོར་རྙེད་དཀའི་ཁྲིད་ཅེས་བྱ་བ་བཞུགས་སོ། །


CMR054_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་གདམས་ངག །བློ་ཆོས་སུ་འགྲོ་ཞིང་། །མི་ལུས་ཐོབ་པ་དོན་མེད་སྟོང་ལོག་ཏུ་མི་འགྲོ་བའི་ཐབས། དལ་འབྱོར་རྙེད་པར་དཀའ་བ་བསྒོམ་པར་བྱ་སྟེ། གང་རྙེད་པར་དཀའ་ན། དལ་བ་བརྒྱད་དང་འབྱོར་པ་བཅུ་ལྡན་པའི་མི་ལུས་རིན་པོ་ཆེ་རྙེད་པར་དཀའ། དེ་ལ་དལ་བ་ནི་མི་ཁོམ་པ་བརྒྱད་དང་བྲལ་བ་སྟེ། དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་དུ་སྐྱེས་ན་སྡུག་བསྔལ་གྱི་རང་བཞིན་ཡིན་པས་ཆོས་བྱེད་པའི་གོ་སྐབས་མེད། ལྷ་ཚེ་རིང་པོ་ནི་འདུ་ཤེས་མེད་པ་དང་། གཟུགས་ཁམས་དང་འདོད་


CMR054_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཀྱི་ལྷ་ཡང་སྐྱིད་དགའ་དང་ལོངས་སྤྱོད་ལ་ཡེངས་ནས་ཆོས་བྱེད་པའི་གོ་སྐབས་མེད། ཀླ་ཀློ་ནི་ཡུལ་མཐའ་འཁོབ་ཏུ་སྐྱེས་ནས་ཆོས་མི་ཐོབ་ཅིང་མི་གོ་ལྐུགས་པ་ནི་སེམས་མི་གསལ་བས་འདུ་ཤེས་མེད་ཅིང་ཆོས་མི་གོ །མུ་སྟེགས་པའི་རིགས་སུ་སྐྱེས་ན་ཆོས་ལ་བདེན་པར་མི་འཛིན་ལོག་པར་ལྟ། སངས་རྒྱས་མ་བྱོན་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེས་ནའང་ཆོས་སྒྲ་མི་ཐོས་ཏེ། དེ་བརྒྱད་ནི་མི་ཁོམ་པའི་གནས་བརྒྱད་ཡིན་ཏེ། མདོ་དྲན་པ་ཉེ་བར་བཞག་པ་ལས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་


CMR054_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་གསུངས། རང་རེ་རྣམས་མི་ཁོམ་པའི་གནས་བརྒྱད་དུ་མ་སྐྱེས་པ་འདི་དལ་བ་ཕུན་སུམ་ཚོགས་པ་ཡིན། འབྱོར་པ་བཅུ་ལས་རང་འབྱོར་ལྔ་ནི། འཛམ་བུའི་གླིང་གི་མི་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་དང་ལྡན་པ། ཡུལ་དབུས་སུ་སྐྱེས་པ་ནི། ས་ཚིགས་ཀྱི་དབང་དུ་བྱས་ན། རྒྱ་གར་གྱི་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དྲུག་ཁོ་ན་ཡིན་ཀྱང་། འདིར་ཆོས་ཚིགས་གཙོ་ཆེ་བས། ཆོས་དར་བའི་ཡུལ་ཐུགས་རྗེ་ཆེན་པོའི་ཞིང་ཁམས་བོད་ཁ་བ་ཅན་དུ་སྐྱེས། གླེན་པ་དང་ལྐུགས་པ་མ་ཡིན་པས་དབང་པོ་ཚང་། དད་པའི་གནས་སངས་རྒྱས་ཀྱིས་གསུངས་པའི་ཆོས་ལ་དད་པ་ཤེས། ཚེ་འདི་ལ་མཚམས་མེད་པའི་ལས་སྡིག་པ་རྔམ་པོ་ཆེ་མ་བྱས་པས་ལས་ཀྱི་མཐའ་མ་ལོག །ད་ལྟ་རང་གི་འབྱོར་པ་ལྔ་ཚང་བ་ཡིན་ཏེ། ཇི་སྐད་དུ། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་གསུངས་སོ། །གཞན་འབྱོར་ལྔ་ནི། བསྐལ་པ་བརྒྱ་སྟོང་མང་པོ་ནི་མུན་པའི་བསྐལ་པ་ལ་སངས་རྒྱས་མི་འབྱོན་ཏེ། ད་རེས་སྒྲོན་མེའི་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་འབྱོན་པ་ལས། དེའི་


CMR054_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ནས་ཐུགས་རྗེ་ཆེ་བ་ཤཱཀྱ་ཐུབ་པ་བྱོན། རང་སངས་རྒྱས་ཁྲི་ཕྲག་མང་པོ་བྱོན་ཀྱང་ཆོས་མི་གསུང་སྟེ། ད་རེས་ཐུབ་པས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར། སྔོན་འོད་སྲུང་འདས་ནས་བསྟན་པ་ཞིག་བདུན་ནས་ནུབ་ཀྱང་། ཐུབ་པའི་བསྟན་པ་ལྔ་བརྒྱ་ཕྲག་བཅུར་གནས་པ་ལས། དུས་འཁོར་ལུགས་ལས། ད་ལྟ་ལྔ་བརྒྱ་ཕྲག་ལྔ་པའི་ནང་དུ་ཡོད། བསྟན་པའི་མཇུག་ལ་གཙུག་ལག་ཁང་དང་གླེགས་བམ་བཞུགས་ཀྱང་། ཆོས་སྒོར་འཇུག་མཁན་མི་འབྱུང་བར་བཤད་ཀྱང་། ད་རུང་ཆོས་སྒོར་འཇུག་མཁན་མང་། གཞན་ཕན་གྱི་བསམ་པས་གཞན་ལ་ཆོས་འཆད་མཁན་ཡང་མང་དུ་བཞུགས་པས། གཞན་འབྱོར་ལྔ་ཚང་སྟེ། ཇི་སྐད་དུ། སངས་རྒྱས་འཇིག་རྟེན་དུ་འབྱོན་པ་དང་། དམ་པའི་ཆོས་བསྟན་པ་དང་། ཆོས་བསྟན་པ་རྣམས་གནས་པ་དང་། ཆོས་བསྟན་པ་རྣམས་ཀྱི་རྗེས་སུ་འཇུག་པ་དང་། གཞན་གྱི་ཕྱིར་སྙིང་བརྩེ་བར་བྱེད་པ་ཡོད་པའོ། །ཞེས་གསུངས་སོ། །དེ་དག་གི་དོན་ཀླུ་སྒྲུབ་ཀྱིས་བཤེས་སྤྲིངས་ལས། ལོག་པར་ལྟ་བ་འཛིན་དང་དུད་འགྲོ་ཉིད། །ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་དང་། །རྒྱལ་


CMR054_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བཀའ་མེད་པ་དང་མཐའ་འཁོབ་དང་། །ཀླ་ཀློར་སྐྱེ་དང་གླེན་ཞིང་ལྐུགས་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་མི་ཁོམ་རྐྱེན་བརྒྱད་པོ། །དེ་དག་དང་བྲལ་ཁོམ་པ་བརྙེས་ནས་ནི། །སྐྱེ་བ་བཟློག་པའི་སླད་དུ་འབད་པར་མཛོད། །ཅེས་དང་། མདོ་ལས། མི་ལུས་རིན་ཆེན་ཐོབ་པའི་དུས་འདིར་སྨྲ་བསམ་དབང་དང་ལྡན། །གཞན་དག་གང་དུ་སྐྱེས་ཀྱང་མི་ཁོམ་ལོག་པས་གཡེངས། །སྨྲ་བསམ་དབང་དང་ལྡན་པའི་དུས་འདི་ལ། །འཁོར་བ་རྩད་ནས་གཅོད་དམ་འཁོར་བ་སྤེལ་བ་གཉིས།། །རང་དབང་རང་གིས་བྱེད་པ་ད་ལྟ་འདི་ཉིད་ཡིན། །ཅེས་གསུངས་སོ། །བསམ་གྱིས་མི་ཁྱབ་པའི་མདོ་དང་བསླབ་བཏུས་གཉིས་ཀ་ལས། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེའི་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་གསུངས་པ་ལྟར། དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ལྟ་བུ། ད་རེས་ཙམ་ཡིན། ཡང་ཡང་ཐོབ་དཀའ་སྟེ། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་འགྲུབ་ཐོབ་པར་གྱུར་པ་ན། །


CMR054_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པ་ག་ལ་འགྱུར། །གསུངས་སོ། །སྐྱེས་བུ་ནི་རྒྱ་གར་སྐད་དུ་པུ་རུ་ཥ་ཏེ་སྟོབས་དང་ནུས་པ་ལ་འཇུག །དེ་ལ་ཡང་སྟོབས་དང་ནུས་པ་ཆེ་ཆུང་གསུམ་དུ་ཡོད་པས། བྱང་ཆུབ་ལམ་གྱི་སྒྲོན་མ་ལས། ཆུང་ངུ་འབྲིང་དང་མཆོག་གྱུར་པས། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །ཞེས་གསུངས་སོ། །ཆུང་ངུས་རེང་ངན་སོང་དུ་མི་ལྟུང་བར་ལྷ་མི་ཐོབ་ནུས། འབྲིང་གིས་རང་འཁོར་བ་ལས་གྲོལ་ནས་ཞི་བདེ་ཐོབ་ནུས། རབ་ཀྱིས་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པའི་ནུས་པ་ཡོད་པ་སྟེ། ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་བཤད། །སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལ་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་


CMR054_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །དལ་འབྱོར་གྱི་ལུས་འདིས་མི་དགེ་བ་སྤོང་བ་དང་དགེ་བ་སྒྲུབ་ནུས། བྱང་ཆུབ་ཀྱི་ལམ་བསྒོད་ཅིང་སངས་རྒྱས་ཐོབ་ནུས་པས། ལྷ་ཀླུ་ལ་སོགས་པའི་འགྲོ་བ་གཞན་ལས་ཁྱད་པར་དུ་ལྷག་སྟེ། སློབ་དཔོན་ཙནྡྲ་གོ་མའི་ཞལ་ནས་ཀྱང་། གང་ཞིག་ཐོབ་ནས་སྐྱེ་བ་རྒྱ་མཚོའི་མཐར་འཛིན་ཅིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་གྱུར་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་དེ་ནི་སུ་ཡིས་འབྲས་བུ་མེད་པར་བྱེད། །སེམས་ཀྱིས་སྟོབས་ཆེན་མི་ཡི་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་ཏེ། སློབ་སྤྲིང་ལས། གང་ཞིག་ཐོབ་ནས་སྐྱེ་བ་རྒྱ་མཚོའི་མཐར་འབྱིན་ཅིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་གྱུར་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེར་ལྷག་པའི། །མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །བདེ་གཤེགས་ལམ་བསྟན་འགྲོ་བ་འདྲེན་པར་ཆེས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་


CMR054_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་སོ། །དེ་ལྟར་མི་ལུས་རིན་པོ་ཆེ་རྙེད་པར་དཀའ་བའི་དོན་སྒོམ་པ་གལ་ཆེ་སྟེ། །སྤྱན་རས་གཟིགས་ཀྱིས་གསུངས་པའི་རྡོ་རྗེའི་ཚིག་རྐང་ལས། གང་གིས་མི་ལུས་རིན་ཆེན་འདི། །རྒྱུ་འབྲས་ངོ་བོ་དེ་དོན་གྱི། །དལ་འབྱོར་རྙེད་དཀའི་དོན་བསྒོམ་ཞིང་། །བརྩོན་འགྲུས་ཆེར་བསྐྱེད་ཉམས་ལེན་བྱ། །ཞེས་གསུངས་པས། རྙེད་པར་དཀའ་བ་བསྒོམ་ཚུལ་ནི། དབུ་མ་སྙིང་པོ་ལས། དམ་ཆོས་སྒྲོན་མ་དང་བཅས་ཤིང་། །མི་ཁོམ་བརྒྱད་སྤང་དལ་བ་འདི། །སྐྱེས་བུ་ཆེན་པོའི་སྤྱོད་པ་ཡིས། །འབྲས་བུ་ཡོད་པར་བྱ་བར་རིགས། །ཞེས་གསུངས་སོ། །སྙིང་རྗེ་པདྨ་དཀར་པོའི་མདོ་ལས། ཀྱེ་མ་མིར་སྐྱེ་བའང་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པའང་རྙེད་པར་དཀའ། སངས་རྒྱས་འཇིག་རྟེན་དུ་འབྱུང་བའང་རྙེད་པར་དཀའ། དགེ་བའི་ཆོས་ལ་འདུན་པའང་རྙེད་པར་དཀའ། ཞེས་དང་། བློ་གྲོས་རབ་ཏུ་གནས་པའི་མདོ་ལས། མི་ཁོམ་བརྒྱད་པོ་ཐམས་ཅད་རྣམ་སྤངས་ཤིང་། །ཁོམ་པ་ཕུན་ཚོགས་རྙེད་དཀའ་ཐོབ་གྱུར་ལ། །སངས་རྒྱས་


CMR054_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་དང་ཡུན་དུ་གནས་པ་དང་། །དེ་བཞིན་བསྟན་ལ་དད་པའང་ཐོབ་པར་དཀའ། །མི་ཡི་སྲིད་པ་རྙེད་པར་དཀའ་བས་ན། །རྒྱལ་བ་རྣམས་ཀྱི་བསྟན་ལ་ལེགས་བརྩོན་གྱིས། །ཞེས་གསུངས་སོ། །གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། འཇིག་རྟེན་སངས་རྒྱས་འབྱུང་བ་བརྒྱ་ལམ་སྟེ། །མི་ཡི་ལུས་ནི་ཚོགས་ཀྱིས་རྙེད་པ་མིན།། །ཀྱེ་མ་དད་པ་དང་ནི་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ཞེས་དང་། སངས་རྒྱས་འབྱུང་བ་རབ་ཏུ་རྙེད་པར་དཀའ། །ཕ་དང་མ་དག་ཆོས་ལ་དགའ་བ་དང་། །དལ་དང་འབྱོར་དང་ཆོས་འདོད་གྲོགས་པོ་དང་། །མཐུན་པར་གནས་དང་བསྟན་ལ་རབ་ཏུ་དཀོན། །དེ་རྙེད་ནས་ནི་བྱང་ཆུབ་མ་ཐོབ་བར། །མཁས་པས་ཆོས་ནི་ནམ་ཡང་མི་གཏོང་ངོ་། །གསུངས་སོ། །དེ་ལ་ཅིའི་ཕྱིར་རྙེད་པར་དཀའ་ན། དལ་འབྱོར་གྱི་ལུས་ནི་རྒྱུ་དགེ་བ་བསགས་པས་ཐོབ་པ་ཡིན་པ་ལ། ངན་སོང་གསུམ་དུ་སྐྱེས་པས་ནི་དགེ་བའི་ལས་མི་ཤེས་པར་རྟག་ཏུ་སྡིག་པ་ལ་སྤྱོད་པའི་ཕྱིར་རོ། །དེས་ན་ངན་སོང་གསུམ་དུ་སྐྱེས་ཀྱང་། སྡིག་ཤས་ཆུང་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་


CMR054_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བསགས་པ་གཅིག་གིས་རྙེད་པ་ཡིན་ནོ། །སྤྱོད་འཇུག་ལས། སྐད་ཅིག་གཅིག་བྱས་སྡིག་པས་ཀྱང་། །བསྐལ་པོར་མནར་མེད་གནས་གྱུར་ན། །ཐོག་མེད་འཁོར་བར་བསགས་སྡིག་གིས། །བདེ་འགྲོར་མི་འགྲོ་སྨོས་ཅི་དགོས། །གསུངས་སོ། །སྤྱིར་བདེ་འགྲོ་ཙམ་རྒྱུ་དགེ་བ་སྣ་ཚོགས་ཀྱིས་བསྒྲུབ་དགོས་ལ། ཁྱད་པར་དུ་དལ་འབྱོར་ནི། ཚུལ་ཁྲིམས་རྣམ་པར་དག་པ་དང་། དད་བརྩོན་སོགས་མཐའ་ཡས་པ་ཞིག་གིས་བསྒྲུབ་དགོས་ན། རྒྱུ་དེ་དག་རེ་རེ་ཡང་དཀོན་པའི་ཚུལ་བསམ་མོ། །གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་བ་ནི། རིགས་དྲུག་གི་ལུས་ཐོབ་པའི་སེམས་ཅན་ཐམས་ཅད་པས་ནི། ཤིང་རྟའི་འཕང་ལོའི་ཁ་རྒྱ་ཙམ་གྱི་བར་སྣང་སྟོང་པ་ན། རྣམ་ཤེས་འཁྱམ་པོ་ཡོད་པ་མང་བར་གསུངས། མདོ་ལས། ཁབ་རྩེའི་ཏིལ་བཞིན་མི་ལུས་ཐོབ་དཀའ་ཡང་། །སེམས་ཅན་གྲངས་ལ་མ་དཔྱད་འདི་མི་ཤེས། །གསུངས་སོ། །ལུང་ལས། དུད་འགྲོ་ནི་ཕྱིའི་རྒྱ་མཚོ་ལ་ཆང་གི་སྦང་མ་ཙམ་ཡོད། ཡི་དྭགས་ནི་ཁ་བ་བུ་ཡུག་འཚུབ་པ་ཙམ་ཡོད། དམྱལ་བ་ནི་ས་ཆེན་པོ་འདིའི་རྡུལ་ཕྲ་རབ་ཀྱི་གྲངས་ཙམ་ཡོད་གསུངས་སོ། །ཡང་


CMR054_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ལས། བཅོམ་ལྡན་འདས་ལ་ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་དམྱལ་བ་ན་ཅི་ཙམ་ཡོད། ཡི་དྭགས་དུད་འགྲོ་ལྷ་མ་ཡིན་རྣམས་ལ་ཅི་ཙམ་ཡོད། ལྷ་མི་གཉིས་པོ་ལ་ཅི་ཙམ་ཡོད། ཅེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དམྱལ་བ་ནི་ས་གཞིའི་རྡུལ་ཙམ་ཡོད། ཡི་དྭགས་ནི་བྱེ་མའི་གྲངས་ཙམ་ཡོད། དུད་འགྲོ་ནི་ཆང་གི་སྦང་མ་ཙམ་ཡོད། ལྷ་མ་ཡིན་ནི་ཁ་བ་བུ་ཡུག་ཙམ་ཡོད། ལྷ་མི་གཉིས་ནི་སེན་མོའི་སྟེང་དུ་རྡུལ་ཆགས་པ་ཙམ་ཡོད་དོ། །ཞེས་གསུངས་སོ། །ངན་སོང་གསུམ་དུ་སྐྱེས་པ་ནི་ས་ཆེན་པོའི་རྡུལ་གྱི་གྲངས་ཙམ་མོ། །བདེ་འགྲོ་ལྷ་དང་མིར་སྐྱེས་པ་ནི་སེན་མོའི་སྟེང་གི་རྡུལ་གྱི་གྲངས་ཙམ་མོ། །ཞེས་དང་། དཔེར་ན་ནས་ཕུང་ཆེན་པོའི་རྩ་བ་ནི། ངན་སོང་གསུམ་དུ་སྐྱེས་པའི་གྲངས། སྐྱེད་པ་ནི་ལྷ་དང་ལྷ་མིན་དུ་སྐྱེས་པའི་གྲངས། རྩེ་མོ་ནི་མིར་སྐྱེས་པའི་གྲངས་ཏེ། དལ་འབྱོར་གྱི་ལུས་ནི་དེ་བས་ཀྱང་རྙེད་དཀའ་བར་གསུངས་སོ། །དཔེའི་སྒོ་ནས་རྙེད་པར་དཀའ་བ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཀྱང་། དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེང་གཉའ་


CMR054_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀའ་གསུངས། །ཞེས་པ་ལྟར་རོ། །གང་ནས་གསུང་ན་ཡང་དག་པའི་ལུང་ལས་ཏེ། །ཇི་སྐད་དུ་ས་ཆེན་པོ་འདི་ཆུ་འབའ་ཞིག་ཏུ་གྱུར་ལ། དེར་མིས་ཤིང་བུ་ག་གཅིག་པ་བོར་བ་རླུང་གིས་ཕྱོགས་བཞི་ཆར་འཕྱོའོ། །དེ་ན་རུས་སྦལ་ཞར་བ་ལོ་སྟོང་ཕྲག་དུ་མ་ཐུབ་པ་ཞིག །ཅེས་པ་ལ་སོགས་པ་གསུངས་སོ། །བཤེས་སྤྲིངས་ལས། རྒྱ་མཚོ་ནང་ན་གཉའ་ཤིང་བུ་ག་དང་། །རུས་སྦལ་ཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད། །མྱ་ངན་འདས་མདོ་ལས། མི་ཡི་ལུས་ཐོབ་ཤིན་ཏུ་དཀའ། །སངས་རྒྱས་འབྱུང་དང་འཕྲད་པར་དཀའ། །ཇི་ལྟར་རྒྱ་མཚོ་ཆེན་པོའི་ནང་། །རུས་སྦལ་ལོང་བ་བྱུང་བ་དེ། །ཤིང་གི་བུ་གར་མགོ་ཆུད་བཞིན། །སངས་རྒྱས་འབྱུང་བ་དེ་བས་དཀའ། །ཞེས་གསུངས། དད་སྐྱེས་སྒྲོན་མ་ལས། མི་ཡི་ལུས་འདི་ཐོབ་པར་ཤིན་ཏུ་དཀའ། །རྔ་སིལ་ངོས་ན་སྲན་མ་གཏོར་ན་ཆགས་དཀའ་གཅིག་ཆགས་སྲིད། །གཞན་རྣམས་ཐམས་ཅད་ས་ལ་ལྟུང་ནས་


CMR054_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ལྟར། །མི་ལུས་ཐོབ་པར་དཀའ་བ་སེམས་ཅན་གྲངས་ལ་ལྟོས། །གསུངས་སོ། །མདོ་གཞན་ལས། བཅོམ་ལྡན་འདས་ཀྱིས་ཅུང་དགའ་བོ་ལ་བཀའ་སྩལ་པ། ཁབ་མིག་ནམ་མཁའ་ལ་ཕྱར་ནས་ཡུངས་ཀར་སྤར་མོ་གང་གཏོར་ན། ཁབ་མིག་ཏུ་ཡུངས་ཀར་ཆགས་པ་སྲིད་པ་ཙམ་ཡིན། གྱང་ལོག་ན་སྲན་མ་སྤར་གང་གཏོར་ན་སྲན་མ་ཆགས་པ་སྲིད་པ་ཙམ་ཡིན། དེ་བཞིན་དུ་མི་ལུས་ཐོབ་པ་སྲིད་པ་ཙམ་མོ། །གསུངས་སོ། །དེ་ལྟར་དཀའ་བའི་མི་ལུས་རིན་པོ་ཆེ་འདི། ཆུད་མ་ཟོས་པར་སྙིང་པོ་ཞིག་ལོན་དགོས་ཏེ། །མདོ་ལས། མི་ལུས་རིན་ཆེན་ཐོབ་པའི་དུས་འདིར་སྨྲ་བསམ་དབང་དང་ལྡན། །གཞན་དག་གང་དུ་སྐྱེས་ཀྱང་མི་ཁོམ་ལོག་པས་གཡེངས། །སྨྲ་བསམ་དབང་དང་ལྡན་པའི་དུས་འདི་ལ། །འཁོར་བ་རྩད་ནས་གཅོད་དམ་འཁོར་བ་སྤེལ་བ་གཉིས། །རང་དབང་རང་གིས་བྱེད་པ་ད་ལྟ་འདི་ཉིད་ཡིན། །གསུངས་སོ། །དཀོན་བརྩེགས་ལས། སངས་རྒྱས་འཇིག་རྟེན་འབྱོན་པ་བརྒྱ་ལམ་ཞིག །མིར་སྐྱེ་བ་ཡང་ཤིན་ཏུ་རྙེད་དཀའ་སྟེ། །གྲོགས་པོ་གང་དག་དད་ལྡན་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །


CMR054_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་བརྒྱར་ཡང་ཤིན་ཏུ་རྙེད་དཀའ་བའི། །ཐུབ་པ་བྱོན་འདི་ཁྱོད་ཀྱིས་དོན་ཡོད་མཛོད། །སངས་རྒྱས་བསྟན་ལ་དེ་བཞིན་དད་པ་བསྐྱེད། །ཤིན་ཏུ་འཇིགས་པའི་ངན་འགྲོར་མ་འགྲོ་ཞིག །གསུངས་སོ། །མདོ་ལས། མིར་གྱུར་པ་ནི་དཀོན་ནོ། །དལ་བ་ཕུན་སུམ་ཚོགས་པ་ནི་དཀོན་ནོ། །འཁོར་བ་ལས་ཐར་བ་ནི་དཀོན་ནོ། །དེ་ལྟར་ཡིན་གྱི་དལ་བ་འདི་དོན་མེད་པར་མ་བྱེད་ཅིག །མི་ཁོམ་པར་གྱུར་ནས་ཕྱིས་གསོ་མི་རུང་བར་འགྱུར་ཏ་རེ། གསུངས་སོ། །དལ་འབྱོར་ཐོབ་ནས་སྡིག་བྱེད་པ་ནི། གསེར་གྱི་སྣོད་རིན་ཆེན་པོས་བརྒྱན་པ་དེས། ཁྱི་ལུད་ཕྱགས་པའི་ཕྱགས་མ་བྱས་པ་དང་འདྲ་སྟེ། བཤེས་སྤྲིངས་ལས། གང་ཞིག་གསེར་སྣོད་རིན་ཆེན་སྤྲུས་པ་ཡིས། །མི་གཙང་ཕྱགས་པར་བྱེད་པ་དེ་བས་ནི། །གང་ཞིག་མི་རུ་སྐྱེས་ནས་སྡིག་པའི་ལས། །བྱེད་པ་དེ་ནི་ཆེས་རབ་བླུན་པ་ལགས། །གསུངས་སོ། །སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་པ། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །ཞེས་གསུངས་པས། ད་


CMR054_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

རེས་ཆོས་ཤིག་མ་འགྲུབ་ན་རང་གིས་རང་བསླུས་པ་ཡིན་ཏེ། ལུས་ལ་གྲུའི་འདུ་ཤེས་བཞག་ལ་འཁོར་བའི་རྒྱ་མཚོ་ལས་ཅི་བརྒལ་བྱེད་དགོས་ཏེ། སྤྱོད་འཇུག་ལས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས་སོ། །ཡང་དེ་ཉིད་ལས། དེ་བཞིན་གཤེགས་པ་འབྱུང་བ་དང་། །དད་དང་མི་ལུས་ཐོབ་པ་དང་། །དགེ་གོམས་རུང་བ་དེ་ལྟ་བུ། །དཀོན་ན་ནམ་ཞིག་བྱེད་པར་འགྱུར། །ཞེས་མི་ལུས་ཐོབ་པ་ཡིད་སྨོན་གྱི་གནས་ཡིན་ནོ། །མི་ལ་ཡང་སྡུག་བསྔལ་ཕྲན་བུ་ཡོད་པ་ཡང་ཆོས་སྒྲུབ་པའི་རྟེན་དུ་བཟང་སྟེ། ད་ལྟ་མིའི་སྡུག་བསྔལ་བག་ཙམ་པོ་འདི་ལ་ཡོན་ཏན་ཡོད་པ་ཡིན་ཏེ། འཁོར་བ་ལ་སྐྱོ་བ་སྐྱེ་བར་འགྱུར། ། རང་གི་ང་རྒྱལ་ཞི་བར་འགྱུར། སེམས་ཅན་ལ་སྙིང་རྗེ་སྐྱེ་བར་འགྱུར། སྡིག་པ་ལ་འཛེམས་ཤིང་དགེ་བ་ལ་དགའ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཀྱང་། གཞན་ཡང་སྡུག་བསྔལ་ཡོན་ཏན་ནི། །སྐྱོ་བས་དྲེགས་པ་སེལ་བར་བྱེད། །འཁོར་བ་པ་ལ་སྙིང་རྗེ་སྐྱེ། །སྡིག་ལ་འཛེམ་ཞིང་དགེ་ལ་


CMR054_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དགའ། །ཞེས་གསུངས་སོ། །མངལ་འཇུག་གི་མདོ་ལས། མིར་སྐྱེས་ན་ཡང་དེ་ལྟར་སྡུག་བསྔལ་མཐའ་ཡས་པ་དང་ལྡན་ཡང་། གནས་མཆོག་ཡིན་པས་བསྐལ་པ་བྱེ་བར་རྙེད་དཀའོ། །ལྷ་དག་འཆི་བ་ན་ཡང་ལྷ་གཞན་དག་ཁྱོད་བདེ་འགྲོར་སྐྱེ་བར་གྱུར་ཅིག །བདེ་འགྲོ་ནི་མིའི་འགྲོ་བའོ། །གསུངས་སོ། །མདོ་ལས། འཇིག་རྟེན་ཁམས་ན་སེམས་ཅན་གྲངས་མང་ཡང་། །འཛམ་གླིང་སོགས་དཀར་སྐྱེ་བ་ཤིན་ཏུ་དཀོན། །གཙང་མའི་མི་ལུས་ཐོབ་པ་ཤིན་ཏུ་དཀའོ། །གསུངས་སོ། །སྤྱོད་འཇུག་པ་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ནས། །གློག་འགྱུས་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་རྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །ཞེས་དང་། མི་ཡི་སྡོང་པོ་ཤིན་ཏུ་རྙེད་དཀའ་སྟེ། །དོན་དུ་གནས་པ་གང་ཡིན་དེ་ཉིད་བསྟུན་ཏེ་སྒྲུབས། །གསུངོས་སོ། །ལུས་ལ་འོག་རྟའི་འདུ་ཤེས་བཞག་ལ། འཁོར་བ་སྡུག་བསྔལ་གྱི་འཕྲང་ལས་ཅི་ཐར་བྱའོ། །དེ་ལྟར་ཡང་མི་ལུས་གཙང་མའི་རྟ་ལ་ཞོན། །འཁོར་བ་སྡུག་བསྔལ་གྱི་འཕྲང་ལས་བྲོས། །ཞེས་གསུངས་


CMR054_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ལུས་ལ་གཡོག་གི་འདུ་ཤེས་བཞག་ལ་དགེ་བའི་ལས་ལ་བཀོལ་བར་བྱའོ། །དེ་ལྟར་ཡང་། མི་འོ་ཅོག་གི་ལུས་འདི་ནི། །བཀོལ་བར་བྱ་བ་ཉིད་དུ་ཟད། །ཅེས་གསུངས་སོ། །དེ་ཙམ་དུ་མིའི་ལུས་ཐོབ་པར་དཀའ་ན། ད་ལན་དུས་བརྒྱའི་ཟ་མ་ལན་གཅིག །འདི་ལ་ཅིས་ཀྱང་ཆོས་དང་ལྡན་པར་དགོས་སོ། །མི་ལུས་གཙང་མ་ཐོབ་ཀྱང་སྟོང་ལོག་བྱེད་པ་འདི་རྣམས་ལ། སྙིང་རྗེ་ཏུང་ཏུང་མ་སྐྱེས་ཀྱི་བར་དུ་བསྒོམ་དགོས་ཏེ། འཇིག་རྟེན་པའི་མི་འདི་རྣམས་མཐོང་བའི་ཚེ། སྙིང་རྗེ་མ་སྐྱེས་ན་ཉམས་མ་བྱུང་བ་ཡིན་ནོ། །སྙིང་རྗེ་ཏུང་ཏུང་བ་ཅིག་སྐྱེ་ཞིང་། བརྩོན་འགྲུས་ཆེར་སོང་ན་ཉམས་སྐྱེས་པ་ཡིན་ནོ། །བརྩོན་འགྲུས་ཆེར་མ་སོང་ན། བསྒོམ་པ་དོན་མེད་ཡིན་ནོ། །གོ་བ་ཡོད་པ་རྣམས་ལ་དེ་ལྟར་བཤད་པས་གོ་སྟེ། །གོ་བ་ཆུང་ཞིང་དམིགས་པ་བསྒོམ་ན་ཟིན་སླ་བའི་རིགས་ཡོད་པས། དེའང་གནས་ནི། འབུ་སྲིན་དང་། གྲོག་སྦུར་དང་། དུད་འགྲོའི་རིགས་མང་དུ་ཡོད་པའི་སར་ཕྱིན་ལ། ལུས་གནད་ནི་རྐང་པ་སྐྱིལ་ཀྲུང་ལག་པ་མཉམ་བཞག་བྱས་ལ། ཡིད་ཀྱིས་འདི་ལྟར་བསམ་སྟེ། ཨ་ཙ་མ། མི་ལུས་ཐོབ་པ་ནི་ད་ལན་


CMR054_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཡིན་ཏེ། ད་རེས་འདི་ལ་ཆོས་ཤིག་མ་ནུས་ན། ཕྱིས་ནས་མི་ལུས་ཐོབ་པར་ཤིན་ཏུ་དཀའ་བར་གདའ་བས། ད་བདག་གཅིག་པུ་མི་ལུས་ཐོབ་པས་ཀྱང་མི་ཆོག །ཁམས་གསུམ་གྱི་སེམས་ཅན་འདི་ཙམ་ཞིག་ངན་སོང་དུ་ཡུན་རིང་དུ་འཁྱམས་ནས་འདུག་པ་འདི་སྙིང་རེ་རྗེ་བསམ་ཞིང་། ངག་ཏུ་འདི་སྐད་དུ་སྨྲེ་སྔགས་ཀྱིས་བརྗོད་ཅིང་། དྲན་བསྐུལ་བཏབ་སྟེ། འདི་ལ་རྗེས་ཟློས་བཅུག་ཀྱང་རུང་ངོ་། །ཀྱེ་མ་ཀྱེ་མ་ཀྱེ་ཧུད། མི་ལུས་རིན་ཆེན་ཐོབ་པ་ད་རེས་ཙམ། །འདི་ལ་ཆོས་ཤིག་ཅེས་ཀྱང་མ་འགྲུབ་ན། ། ཕྱིས་ནས་མི་ལུས་ཐོབ་པར་ཤིན་ཏུ་དཀའ་བར་གདའ། །ངན་སོང་གསུམ་དུ་སྐྱེས་ན་སྙིང་རེ་རྗེ། །ཞེས་དྲན་བསྐུལ་འདེབས་ཤིང་དམིགས་པ་འདི་ལྟར་དུ་བསྒོམ་པར་བྱའོ། །འཇིག་རྟེན་འདི་ཡངས་ཤིང་རྒྱ་ཆེ་བ་ནམ་མཁས་གར་ཁྱབ་ཏུ་ཁྱབ་ནས་ཡོད་པ་ལ། དེའི་སྟེང་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་ཅི་ཏི་རི་རི་ཡོད་པ་ལ། ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ཆོ་ངེས་རེང་རེང་པ། དུད་འགྲོ། སྟག་གཟིག །དོམ་དྲེད། ཁྱི། ཝ། སྤྱང་ཀི གཡག །ར་ལུག་ལ་སོགས་པ་ཐམས་ཅད་ཀྱང་གཅིག་གིས་གཅིག་ཟ་


CMR054_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བ། གཞན་ཡང་ས་འོག་ཏུ་ནི། འབུ་གྲོག་མ། སྦྱར་པ། སྡིག་པ་ལ་སོགས་པ་སྣ་རེ་རེས་ཀྱང་། ས་གཞི་གང་བ་དེ་དག་ཐམས་ཅད་གཅིག་གིས་གཅིག་གསོད་པ། ཆུ་ལ་ནི་ཉ། སྦལ་པ། ལྕོང་མོ་ལ་སོགས་པ་ཆུའི་སེམས་ཅན་དཔག་ཏུ་མེད་པ། དེ་དག་ཀྱང་གཅིག་གིས་གཅིག་གསོད་པ། ནམ་མཁའ་ལ་ཡང་བྱ་རྒོད། འོལ་བ། གླག ། ཁྲ། བྱིའུ། ཁྭ་ཏ། ཕུག་རོན། ཀང་ཀ །འཇོལ་མོ་ལ་སོགས་པས་ནམ་མཁའ་གང་བ། དེ་དག་ཀྱང་གཅིག་གིས་གཅིག་གསོད་ཅིང་ཟ་བ། སྦྲང་བུ་གཅིག་པུས་ཀྱང་ནམ་མཁའ་དང་། ས་གཞི་གང་བ་ལ། ཐམས་ཅད་ཀྱང་གཅིག་གིས་གཅིག་ལ་གསོན་པོར་ཟ་ཞིང་། ཆོ་ངེ་དང་། སྐད་ངན་ཏི་རི་རི་ཡོད་པ། ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་འགུལ་ཤིག་ཤིག་ཡོད་པ། ཤིན་ཏུ་མང་ཞིང་རྒྱ་ཆེ་བ་ཡོད་པར་བསྒོམ། དེ་རྣམས་ཀྱི་དཀྱིལ་དུ་བྲག་རི་མཐོན་པོ་གཅིག་གི་སྟེང་དུ་བདག་རང་གཅིག་པུར་གྲོགས་མེད་པར་མི་ལུས་ཐོབ་ནས་དེར་ཡོད་པར་བསྒོམ། །དེ་ནས་རང་མར་ལ་ལྟུང་ལ་ཁད་ཁད་ཡོད་པ། རང་གིས་བསམ་པ་ལ། ཨ་ཙ་མ། དམྱལ་བ། ཡི་དྭགས། དུད་འགྲོ་འདི་ལྟ་


CMR054_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མང་པོ་ཞིག་གི་ནང་ནས། བདག་གཅིག་པུ་མི་ལུས་ཐོབ་པ་འདི་ནི། ད་རེས་གཅིག་པུ་སྟབས་ཀ་ཡག་པའམ། དགེ་བའི་མཐུ་གཅིག་ལས་བྱུང་བར་འདུག་སྟེ། ཐོབ་པར་དཀའ་བ་ཐོབ་ནས། དོན་མེད་པར་ད་ནི་ཡང་སྟོང་ལོག་ཏུ། མ་ཀིའི་སྡུག་བསྔལ་ཚན་ཆེན་པོ་འདི་ལྟ་བུ་རུ། འགྲོ་དགོས་པ་འདི་ཕོངས་པ་ལ། ད་ཐོབ་པར་དཀའ་བ་འདི་ལྟ་བུ་ཐོབ་ཀྱང་། རིང་དུ་གནས་པའི་ལོང་མེད་པར། ཡང་མགྱོགས་པར་མ་ཀིར་ལྟུང་ངེས་པར་འདུག་པས། ད་མ་ཀིར་མི་ལྟུང་བའི་ཐབས་ཇི་ལྟ་བུར་དྲག་གམ། གང་ན་ཡོད་ཨ་ཙ་མ་ཀྱེ་ཧུད་ཨ་ཙི་འཇིགས་པ་ལ། སྙམ་དུ་བསམ་ཞིང་ངག་ཏུ་མྱ་ངན་གྱི་སྐད་འདི་ལྟར་བརྗོད། རྗེས་ཟློས། ཨ་ཙ་མ་ན་ང་རེ་འཇིགས། །ངན་སོང་སེམས་ཅན་མང་ལགས་སམ། །མི་ལུས་ཐོབ་པ་དཀོན་ལགས་སམ། །མ་ཀར་ལྟུང་བར་མགྱོགས་ལུགས་སམ། །རྙེད་པར་དཀའ་ལ་འཇིག་པར་སླ། །འདི་ལ་ཇི་ལྟར་བྱས་ན་ཐར། །ཐབས་ཤིག་ཡོད་ན་སྒྲུབ་པ་ལ། །ཞེས་སྨྲེ་སྔགས་འདོན་ཞིང་ཡོད་པའི་ཚེ། རང་གི་སྟེང་གི་ནམ་མཁའ་ལ་རང་གི་རྩ་བའི་བླ་མ་དེ་ཉིད་ཨོ་རྒྱན་རིན་པོ་ཆེ་དང་དབྱེར་མེད་


CMR054_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྐྱབས་སྦྱིན་གྱི་ཕྱག་རྒྱ་བཅས་ནས་བྱོན་ཏེ། བདག་ལ་འདི་སྐད་ཟེར་བར་སྒོམས་ཤིག །ཀྱེ་མ་དལ་འབྱོར་རྙེད་པར་དཀའ་བ་ད་རེས་ཙམ། །ཐོབ་པ་འདི་ཡང་རྟག་པ་མ་ཡིན་ཏེ། །མྱུར་དུ་ངན་འགྲོའི་གནས་སུ་ལྟུང་ལ་ཁད། །ད་རེས་འདི་ལ་དོན་ཆེན་མ་འགྲུབ་ན། །ཕྱིས་ནས་མི་ལུས་ཤིན་ཏུ་རྙེད་པར་དཀའ། །དཀའ་འམ་མི་དཀའ་སེམས་ཅན་གྲངས་ལ་ལྟོས། །མི་ལུས་འདི་ལ་བརྟེན་ཏེ་སངས་རྒྱས་འགྲུབ་པར་གྱིས། །ཞེས་གསུངས་པའི་སྒྲ་ཐོས་པ་ཙམ་གྱིས་བདག་གི་བསམ་པ་ལ། ཀྱེ་མ་འདི་ལྟ་བུའི་སེམས་ཅན་མང་པོའི་ནང་ནས། བདག་གཅིག་པུ་མི་ལུས་ཐོབ་པར་དཀའ་བ་འདི་ཐོབ་པས་ད་ལན་བདག་རང་ཡང་འཁོར་བའི་སྡུག་བསྔལ་ལས་གྲོལ་བར་བྱས་ནས། མ་ཀིའི་སེམས་ཅན་གཅིག་ཀྱང་མ་ལུས་པར་བདག་གིས་བསྒྲལ་བར་བྱའོ། །ད་ནི་ཡེངས་ལོང་མི་འདུག་གི །མྱུར་དུ་སངས་རྒྱས་ཀྱི་ས་ལ་འགོད་པར་བྱའོ། །སྙམ་པའི་སེམས་བསྐྱེད་མ་ཐག་ཏུ། བླ་མའི་ཐུགས་ཀ་ནས་འོད་ཟེར་གྱི་སྙིང་པོ་གཅིག་བདག་ལ་ཟུག་པ་ཙམ་གྱིས། བདག་བདེ་བ་ཅན་གྱི་ཞིང་ཁམས་སུ་ཡེར་གྱིས་སླེབ་བྱུང་བ་དང་། ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་


CMR054_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པ་འཕྲོས་པས། སེམས་ཅན་དེ་དག་གཅིག་ཀྱང་མ་ལུས་པར་བདེ་བ་ཅན་གྱི་གནས་སུ་འདྲེན་པར་བསམ་ཞིང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དྲག་ཏུ་བསྒོམ་མོ། །ཡུམ་རྒྱས་མ་ལས། གྲོགས་པོ་དག་མིར་གྱུར་པ་ནི་ཤིན་ཏུ་དཀོན། དལ་བ་ཕུན་སུམ་ཚོགས་པ་ནི་ཉུང་། འཁོར་བ་ལས་ཐར་བ་ནི་དཀོན། དེ་ལྟ་བུ་ཡིན་ཏེ་དལ་བ་ཆུད་ཟོས་པར་མ་བྱེད་ཅིག །མི་ཁོམས་པར་གྱུར་ཅིང་གསོར་མི་རུང་བ་འགྱུར་ཏ་རེ། ཞེས་གསུངས་པའི་དོན་ཡིད་ལ་བསམས་ནས། སྙིང་པོ་ལེན་པ་ལ་དམ་པའི་ཆོས་ཉམས་སུ་ལེན་དགོས། དེ་ཡང་ནམ་དྲན་པའི་དུས་སུ་ཞེ་མནའ་བསྐྱལ་ལ་དེ་འདྲ་ཉམས་སུ་ལེན་དགོས་སོ། །ཡང་ཐ་མལ་པ་ལ་བཤད་པས་དོན་མི་གོ །སྒོམ་པའི་དམིགས་པ་མི་ཟིན་པའི་རིགས་ཀྱང་མང་དུ་ཡོད་པས། དེ་ལ་དལ་འབྱོར་གྱི་མི་ལུས་ཐོབ་དཀའ་བ་དངོས་སུ་ལྟ་རྒྱུ་ཡོད་པ་འདི་རྣམས་ལ་ལྟོས། འགྲོ་བ་རིགས་དྲུག་གི་ནང་ནས་དུད་འགྲོ་རིགས་གཅིག་ཡིན། དུད་འགྲོ་ལ་རིགས་མི་གཅིག་པ་བྱེ་བ་ཕྲག་བཅོ་བརྒྱད་ཡོད་པར་བཤད། དེའི་ནང་ནས་འབུ་སྲིན་ནི་རིགས་གཅིག་ཡིན། ལུང་པ་རེ་ན་མི་དུ་ཙམ་ཡོད། འབུ་


CMR054_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་དུ་ཙམ་ཡོད་བསམ་བློ་ཐོངས་དང་། གྲོང་པ་རེ་དང་། ཁྱིམ་རེ་ན་མི་དུ་ཙམ་གདའ། འབུ་སྲིན་དུ་ཙམ་འདུག་ལྟོས་དང་། ཤིག་དང་། ལྗི་བ་དང་། སྲིན་བུ་བ་ཤ་ཀ །གྲོག་སྦུར་ཡན་ཆད་འདི་ཚོ་ཡང་། རང་རེ་ཚོ་བས་ལྷག་ཙམ་གྱི་མི་ལ་ཡང་སྐྱེ་མྱོང་ཚོད་རེད་དེ། ཆོས་མ་བྱས་པས་འདི་འདྲ་ཞིག་རེད་འདུག་པ་ཨེ་མཐོང་། རྔ་བོ་ཆེའི་མདོ་ལས། རྒྱ་གྲོག་གི་ཚང་ཆེ་བ་རེ་ལ་འབུམ་ཕྲག་གསུམ་ཡོད། འབྲིང་བ་ལ་ཁྲི་ཕྲག་གསུམ་ཡོད། ཐ་མ་ལ་སྟོང་ཕྲག་གསུམ་ཡོད་པར་བཤད། སྡེ་ཆེན་པོ་གཅིག་གི་མངའ་འོག་ན་ཡང་། མི་ལུས་ཐོབ་ཚད་ལ་ཡང་འབུམ་ཕྲག་གསུམ་ཨེ་ཡོད་ཆ་མེད། མི་ལུས་ཐོབ་ཨེ་དཀའ་དེ་ཚོ་བསམ་བློ་ཐོངས་ལ་ལྟོས་དང་གསལ་ལོ། །དེ་ཚོ་ཡང་ཐོས་གཏམ་དང་ངན་དཔྱད་མིན། ཐུབ་པ་དང་ཨོ་རྒྱན་གྱི་གསུང་གཉིས་ཀ་ལས། དཀའ་འམ་མི་དཀའ་སེམས་ཅན་གྲངས་ལ་ལྟོས་གསུངས་པའི་དོན་ཡིན་ནོ། །ཨེ་མ་ཧོ། བསྐལ་པ་བྱེ་བ་བརྒྱ་སྟོང་ལ། །ཕལ་ཆེར་མུན་པའི་བསྐལ་པ་སྟེ། །དེ་དུས་མི་ལུས་ཐོབ་ན་ཡང་། །དོན་གོ་ཅི་ཡང་ཡོད་པ་མིན། །སངས་རྒྱས་འབྱོན་ཞིང་ཆོས་དར་བ། །སྒྲོན་མེའི་བསྐལ་པ་ཞེས་


CMR054_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། །སངས་རྒྱས་སྟོང་རྩ་འབྱོན་པའི་ཕྱིར། །བསྐལ་པ་བཟང་པོ་ཞེས་བྱ་སྟེ། །འདི་རུ་སྐྱེས་པ་དོན་ལྡན་མཛོད། །འདས་པའི་སངས་རྒྱས་བསྟན་པ་ནུབ། ། །མ་འོངས་སངས་རྒྱས་མ་བྱོན་པར། །ལོ་ནི་ཁྲི་ཕྲག་མང་པོ་ལ། །ཆོས་ཀྱི་སྒྲ་ནི་ཐོས་པ་མེད། །ད་རེས་སངས་རྒྱས་བསྟན་དང་མཇལ། །བསྟན་དང་མཇལ་བ་དོན་ལྡན་མཛོད། །ལུས་འཕགས་གླིང་དང་སྒྲ་མི་སྙན། །བ་ལང་སྤྱོད་དང་གླིང་གསུམ་པོ། །གླིང་གཡོག་དྲུག་པོ་གར་སྐྱེས་ཀྱང་། །ཆོས་སྒྲ་མི་ཐོས་དོན་གོ་མེད། །ད་རེས་གླིང་མཆོག་འཛམ་བུ་གླིང་། །འདི་རུ་སྐྱེས་པ་དོན་ལྡན་མཛོད། །ལྷོ་ཕྱོགས་འཛམ་གླིང་འདི་ན་ཡང་། །མཐའ་འཁོབ་བརྒྱ་དང་རྩ་བརྒྱད་ཡོད། ཡང་འཁོབ་སྟོང་དང་རྩ་གཉིས་ཡོད། །དེ་དག་རྣམས་ཀྱང་མི་ཡིན་ཏེ། །ཆོས་སྐད་མི་ཐོས་མུན་པའི་གླིང་། །ད་རེས་ཆོས་སྐད་གྲྭ་སར་སྐྱེས། །གོ་བ་ཡོད་པ་དོན་ལྡན་མཛོད། །རྒྱ་གར་རྒྱ་ནག་བལ་པོ་དང་། །ཟ་ཧོར་ཡུལ་དང་བྷེ་ཏའི་ཡུལ། །ཨོ་རྒྱན་ཡུལ་དང་ཤམ་བྷ་ལ། །ཡུལ་ཆེན་ཉི་ཤུ་རྩ་བཞི་རུ། །སྔར་དུས་དམ་ཆོས་དར་ས་སྟེ། །ད་ནི་ཕལ་ཆེར་ནུབ་བོ་སྐད། །སྤྱན་རས་


CMR054_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ཀྱི་ཐུགས་རྗེ་དང་། །ཆོས་རྒྱལ་ལོ་པཎ་བཀའ་དྲིན་གྱིས། །དེང་སང་བསྟན་པ་བོད་ལ་དར། །ད་རེས་ཅིས་ཀྱང་ཆོས་སྒོར་ཞུགས། །བོད་དུ་དམ་ཆོས་དཀོན་པའི་དུས། །ཐག་རིང་རྒྱ་གར་ཡུལ་དུ་འགྲོ། །གསེར་སྲང་སྟོང་ཕྲག་མང་པོ་ཁྱེར། །ལུས་སྲོག་གཉིས་ཀ་བློས་བཏང་ནས། །སྟག་དང་དུག་སྦྲུལ་ཇག་རྐུན་སོགས། །ལམ་དགྲ་འཇིགས་པའི་འཕྲང་ལ་འགྲིམ། །པཎྜི་ཏ་དང་ལོ་ཙཱ་བར། །གསེར་གྱི་འབུལ་བས་མ་མགུ་ན། །དམ་ཆོས་སྣ་རེའང་ཐོབ་པ་མེད། །དེང་སང་ཆོས་ཀྱིས་སྒོ་འགྲིམ་བྱེད། །ཁྲིད་སྟོན་བླ་མས་ཕྱོགས་ཀུན་ཁྱབ། །བོད་ཁམས་ཆོས་ཀྱིས་གང་དུས་འདིར། །ཆོས་སྐལ་མ་ཆད་རང་སྐལ་ལོངས། །ཆོས་ཤིག་ཞུ་ནི་འདོད་ལགས་ཏེ། །མི་ཁོམ་ཟེར་མཁན་འགའ་རེ་གདའ། །དལ་བ་བརྒྱད་པོ་ཐོབ་དུས་འདིར། །ཆོས་ཐུན་ཉན་ཡང་མི་ཁོམ་ན། །མི་ཁོམ་བརྒྱད་དུ་སྐྱེས་པའི་དུས། །ཁྱོད་ལ་ཁོམ་དུས་འོང་ངོ་ཨང་། །ད་རེས་དམ་ཆོས་མ་འགྲུབ་ན། །མགོ་ན་ཀླད་པ་མེད་པ་ཡིན། །ཁོག་ན་དོན་སྙིང་མེད་པ་ཡིན། །རང་མགོ་རང་གིས་བསྐོར་བ་ཡིན། །རིན་ཆེན་གླིང་ནས་སྟོང་ལོག་ཡིན། །སྟོང་ལོག་


CMR054_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པས་མི་ཆོག་པར། །སྡིག་པའི་ཁུར་པོ་ཁུར་མི་ཚོ། །རང་མགོ་རང་གིས་བཅོགས་པ་ཡིན། །རང་ཕུང་རང་གིས་སྒྲུབ་པ་ཡིན། །སྙིང་རེ་རྗེ་སྟེ་བྱ་ཐབས་མེད། །རབ་ཀྱིས་དམ་ཆོས་རྣལ་མ་སྒྲུབས། །འབྲིང་དུ་དགེ་སྒྲུབ་སྡིག་སྤང་གཟོབ། །ཐ་ནའང་ཆོས་ལ་འབྲེལ་པ་ཞོག །མི་ལུས་ཐོབ་པའི་དོན་གོ་ཅིག །རེམ་རེམ་རང་ལ་སྙིང་རྗེ་ལྟོས། །རང་རེ་རབ་ཏུ་བྱུང་བ་རྣམས། །སྡོམ་པ་གང་ཞུས་གཙང་མར་སྲུང་། །འདུལ་བ་ཀརྨ་ཤ་གཏམ་ལས། །དལ་དང་འབྱོར་པ་རྙེད་དཀའ་བས། །འདི་དག་ཇི་ལྟ་བ་བཞིན་སྒྲུབས། །ཞེས་གསུངས་སོ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་གཉིས་པ་དལ་འབྱོར་རྙེད་དཀའི་ཁྲིད།next