Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་ལྔ་པ་འཁོར་བའི་ཉེས་དམིགས་ཀྱི་ཁྲིད།
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་ལྔ་པ་འཁོར་བའི་ཉེས་དམིགས་ཀྱི་ཁྲིད།next

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་ལྔ་པ་འཁོར་བའི་ཉེས་དམིགས་ཀྱི་ཁྲིད།


CMR054_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

༼ཅ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་ལྔ་པ་འཁོར་བའི་ཉེས་དམིགས་ཀྱི་ཁྲིད་བཞུགས་སོ། །


CMR054_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་གདམས་ངག་ཟབ་མོ། གཏན་བདེའི་འདུན་མ་སྒྲུབ་པའི་ཐབས། འཁོར་བའི་ཉེས་དམིགས་བསྒོམ་པར་བྱ་སྟེ། ། སྤྱན་རས་གཟིགས་ཀྱི་རྡོ་རྗེའི་ཚིག་རྐང་ལས། གང་ཚེ་འཁོར་བ་གར་གནས་ཀྱང་། །སྡུག་བསྔལ་གསུམ་ལས་མ་འདས་པས། །དེ་ལས་ངེས་པར་འབྱུང་འདོད་གང་། །བདེན་དོན་ཚུལ་བཞིན་བསྒོམ་པར་བྱ། །ཞེས་དང་། རྒྱ་ཆེར་རོལ་པ་ལས། སྲིད་སྲེད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་གནས་ངན་སོང་ལམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །


CMR054_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་རྫ་མཁན་འཕང་ལོ་འཁོར་བ་བཞིན། །ཞེས་དང་། སྲིད་གསུམ་སྐྱེ་རྒས་ནད་ཀྱི་སྡུག་བསྔལ་དང་། །འཆི་མེད་རབ་འབར་འདི་ནི་གཞོམ་མེད་པར། །སྲིད་ལས་འབྱུང་འགྱུར་འགྲོ་ལ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །ཞེས་དང་། སྡུད་པ་ལས། འགྲོ་བ་འདི་དག་མིང་དང་གཟུགས་ཀྱི་འདམ་ལ་ཆགས། །རླུང་གི་འཁོར་ལོ་ལྟ་བུའི་འཁོར་བའི་འཁོར་ལོར་འཁྱམས། །འགྲོ་བ་འཁྲུལ་པ་རི་དྭགས་རྒྱར་ཆུད་འདྲར་ཤེས་ནས། །ཤེས་རབ་ལྡན་པ་མཁའ་ལ་བྱ་བཞིན་རྣམ་པར་རྒྱུ། །ཞེས་དང་། མདོ་ལས། འདོད་པའི་


CMR054_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ནི་སྐྱོན་དང་བཅས་པ་སྟེ། །གཟུགས་ཀྱི་ཁམས་ཀྱང་སྐྱོན་དང་བཅས་པའོ། །དེ་བཞིན་གཟུགས་མེད་ཁམས་ཀྱང་སྐྱོན་དང་བཅས། །མྱ་ངན་འདས་པ་འབའ་ཞིག་སྐྱོན་མེད་མཐོང་། །ཞེས་དང་། འདུལ་བ་ལུང་བཞི་ལས། གང་ན་མི་གནས་ལྷ་རྣམས་མི་བཟང་སྟེ། །འཚོ་བ་ཐུང་བའི་ལྷ་རྣམས་མི་བཟང་ངོ་། །གང་ན་ཞི་མེད་སྲིད་པ་མི་བཟང་སྟེ། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། །ཞེས་དང་། མདོ་དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས། དེ་ལ་མདོ་དྲན་པ་ཉེར་བཞག་དང་། ཆོས་མངོན་པ་མཛོད་དང་། མདོ་སྡེ་འཇིག་རྟེན་བསྟན་བཞག་རྣམས་ཀྱི་དོན་བསྡུས་ཏེ། གོ་བདེ་བར་བཤད་ན། མཚོ་མ་དྲོས་ཀྱི་འོག་དཔག་ཚད་ཉི་ཁྲི་ན། མནར་མེད་པའི་དམྱལ་བ་ཡོད། དེའི་སྟེང་དུ་ཚ་དམྱལ་


CMR054_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པོ་ཁང་པའི་རྩག་ལྟར་ཡོད། སྟེང་མ་ཡང་སོས་ཡིན་ཏེ། དེར་སྐྱེས་པའི་སེམས་ཅན་རྣམས་གཅིག་གིས་གཅིག་ལ་དགྲའི་འདུ་ཤེས་སྐྱེས་ཏེ། ལག་ཏུ་གང་ཟིན་པ་རྣམས་མཚོན་ཆ་རྣོན་པོ་ཤ་སྟག་ཏུ་གྱུར་ཏེ། གཅིག་གིས་གཅིག་ལ་བརྒྱབ་ཅིང་། ཐམས་ཅད་འགྱེལ་ཏེ་ཤི་བ་དང་། ནམ་མཁའ་ནས་སོས་པར་གྱུར་ཅིག་ཅེས་པའི་སྒྲ་གྲགས་པས་ཐམས་ཅད་སྔར་ལྟར་སོས། ཡང་གཅིག་གིས་གཅིག་གསོད། དེ་ལྟར་ཚེ་ཚད་མ་རྫོགས་ཀྱི་བར་དུ་བྱེད་པ་སྟེ། ཚེ་ཚད་ནི། མིའི་ལོ་བྱེ་བ་ཕྲག་སུམ་ཁྲི་ཉིས་སྟོང་ཐུབ། ཐིག་ནག་ནི། ལུས་ལ་ཐིག་ནག་པོ་བཏབ་ནས། ལས་མཁན་རྣམས་ཀྱིས་སོག་ལེས་གཤགས་པ་དང་། སྟ་རེས་བཞོག་པར་བྱེད། ཚེ་ཚད་ནི། མི་ལོ་བྱེ་བ་འབུམ་ཕྲག་བཅུ་གཉིས་དང་བྱེ་བ་ཕྲག་དགུ་ཁྲི་དགུ་སྟོང་ཐུབ། བསྡུས་འཇོམས་ནི། རི་ལུག་གི་གདོང་པ་འདྲ་བ་གཉིས་ཀྱི་བར་དུ་རྡུང་ཁ་ཚད་པ་ལྟར་བཅིར་ཞིང་འཇོམས། དེ་ནས་རི་གཉིས་ཕྱིར་གྱེས་པ་ལ་རླུང་གྲང་མོ་ལང་བས་ལུས་སྔ་མ་ལྟར་སོས་ཡང་འཇོམས་པ་རྒྱུན་དུ་བྱེད་པ་དང་། ལྕགས་ཀྱི་ཨ་ཐར་བར་དུ་བཅིར་ཞིང་ཁྲག་ཆུ་བོ་ལྟར་འབབ་པའོ། །མི་ལོ་


CMR054_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བ་ཕྲག་བྱེ་བ་གཅིག་དང་། བྱེ་བ་ཕྲག་དྲུག་ཁྲི་བརྒྱད་སྟོང་ཐུབ། ངུ་འབོད་ནི། སྐག་ནས་བྲོས་པས་ལྕགས་ཀྱི་ཁང་པར་ཚུད། ཁང་པའི་ཕྱི་ནས་མེ་འབར་བས། ཉམ་ཐག་པའི་ང་རོ་འོ་དོད་བྱེད་པའོ། །མི་ལོ་བྱེ་བ་ཕྲག་བྱེ་བ་བརྒྱ་དང་། བྱེ་བ་ཕྲག་ས་ཡ་བཞི་དང་། བྱེ་བ་ཕྲག་ལྔ་འབུམ་ལྔ་ཁྲི་ཉིས་སྟོང་ཐུབ། ངུ་འབོད་ཆེན་པོ་ནི། ལྕགས་ཀྱི་ཁང་པ་གཉིས་རིམ་མེ་འབར་བའི་ནང་དུ་ཚུད་ཅིང་། ཚིག་པས་ང་རོ་ཆེན་པོ་བྱེད་པའོ། །མི་ལོ་བྱེ་བ་ཕྲག་བྱེ་བ་དྲུག་ཅུ་རྩ་དྲུག་དང་། བྱེ་བ་ཕྲག་ས་ཡ་གསུམ་དང་། བྱེ་བ་ཕྲག་ལྔ་འབུམ་ལྔ་ཁྲི་ཉིས་སྟོང་ཐུབ་བོ། །ཚ་བ་ནི། ཁྲོ་ཆུ་ཁོལ་མ་ཁར་བླུགས་པས་ཁོག་པ་ཚིག་པ་དང་། མཚོན་རྩེ་གཅིག་པ་ཚེར་མ་ཅན་གྱིས་བཤང་ལམ་ནས་སྤྱི་བོར་ཕུག་པ། མི་ལོ་བྱེ་བ་ཕྲག་བྱེ་བ་ལྔ་བརྒྱ་དང་། བྱེ་བ་ཕྲག་བྱེ་བ་བཅུ་དང་། བྱེ་བ་ཕྲག་བྱེ་བ་ས་ཡ་བརྒྱད་དང་། ལོ་བྱེ་བ་ཕྲག་བཞི་འབུམ་དང་། ལོ་བྱེ་བ་ཕྲག་ཁྲི་དྲུག་སྟོང་ཐུབ་པའོ། །རབ་ཏུ་ཚ་བ་ནི། ཁྲོ་ཆུ་ཁོལ་མ་ཁོག་ཏུ་བླུགས་པས་པགས་པ་མ་གཏོགས་ནང་ཁྲོལ་རྣམས་བསྲེགས་ནས། བུ་ག་དགུ་ནས་མེ་འབྱུང་བ་དང་། མཚོན་རྩེ་གསུམ་པས་བཤང་ལམ་དང་


CMR054_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་མཐིལ་གཉིས་ནས། སྤྱི་བོ་དང་དཔུང་པ་གཉིས་སུ་ཕུག་པའོ། །ཚེ་ཚད་བར་ཀྱི་བསྐལ་པ་ཕྱེད་ཐུབ། མནར་མེད་ནི། ལྕགས་ཀྱི་ཁང་པ་མེ་འབར་བ། །རྒྱ་དང་འཕངས་སུ་དཔག་ཚད་སྟོང་ཕྲག་ཉི་ཤུ་ཡོད་པའི་ནང་དུ། ལྕགས་ཟངས་དཔག་ཚད་དུ་མ་ཡོད་པའི་ནང་དུ། ཁྲོ་ཆུ་དང་ཟངས་ཆུ་བླུགས་པ་མེ་ཆེན་པོས་བསྐོལ་བའི་ནང་དུ་བར་མཚམས་མེད་པར་བཙོ་བའོ། །ཚེ་ཚད་ནི་བར་གྱི་བསྐལ་པ་གཅིག་ཐུབ་བོ། །དེ་དག་ནི་ཚ་དམྱལ་བརྒྱད་ཀྱི་སྡུག་བསྔལ་གྱི་གཙོ་བོ་ཡིན་ལ། སྐབས་སྐབས་སུ་སྡུག་བསྔལ་ཕྲན་བུ་ཡང་མང་དུ་འབྱུང་སྟེ། ཡང་སོས་ནི། ཡང་ནས་ཡང་དུ་རྡུང་ཞིང་བཅོམ་པ་དང་། མཚོན་ཆའི་ཆར་འབབ་པ་དང་། བྱ་དང་སྲིན་བུས་ཟ་བའོ། །ཐིག་ནག་ནི། ཞགས་པ་མེ་འབར་བས་བཅིངས་ནས། དྲག་པོ་རོང་དུ་སྐྱུར་བའོ། །མིག་འབྱིན་པ་དང་ལྕེ་དང་ཡན་ལག་གཅོད་པ། གཤིན་རྗེས་རལ་གྲི་ཐོགས་ནས་གསོད་པའོ། །བསྡུས་འཇོམས་ནི། ལྕགས་ཀྱི་བཙིར་སྤྱད་ཀྱི་བར་ན་ཏིལ་བཞིན་བཙིར་བ། ལྕགས་གཏུན་ནང་དུ་བརྡུང་བ། རྡོ་རྗེའི་ཆར་འབབ་པས་བརྡུང་བ། ལྕགས་ཀྱི་བུམ་པར་བཅུག་ནས་


CMR054_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

གཏུན་གྱིས་བརྡུང་བ། ལྕགས་མཆིག་མེ་འབར་བའི་བར་དུ་འཐགས་པའོ། །ཚ་བ་ནི། ཤིང་སྡོང་མེ་འབར་བའི་བར་དུ་བཙིར་བ། མུན་ཁང་དུ་རང་གི་སྤུ་ལ་མེ་འབར་བ་དང་། ལྕགས་ཀྱི་ཕུར་བུས་ཁ་ནས་ལྟག་པར་ཕུག་པ། ལྕགས་སྲེག་ཁར་བརྫོང་། འདོམས་སུ་ཟངས་ཞུན་བླུག །མིག་དང་རྣ་བར་ཞ་ཉེ་བསྐོལ་ནས་བླུག་པའོ། །རབ་ཏུ་ཚ་བ་ནི། རྐང་ལག་ཤིང་ལ་བཏགས་ནས་མེས་སྲེག་པ་དང་། མེ་འབར་བའི་རི་ལ་ལྔ་ཡིས་ཟ་བ་དང་། རྡོ་སྲེག་དང་། ལྕགས་སྲེག་དང་། མེ་མ་མུར་གྱི་ཆར་འབབ་པའོ། །ངུ་འབོད་ནི། ལྕགས་ཀྱི་སྲིན་བུས་ཕུག་པ་དང་། ལྕགས་སྐམ་གྱིས་འབྲས་བུ་འབྱིན་པ་དང་། ལྕེ་སྤྱི་གཙུག་ཏུ་འདྲེན་པ་དང་། རང་ཤ་བཅད་ཅིང་ཁར་བཅུག་པའོ། །ངུ་འབོད་ཆེན་པོ་ནི། ལྕེ་དྲང་ནས་ཟངས་ཁུ་འདེབས་པ་དང་། སྲོག་ཆགས་མེ་འབར་བ་མང་པོས་ཟ་བ་དང་། མེ་ཐབ་ཏུ་སྦྱད་པས་བཞུ་ཞིང་ཐོ་བས་བརྡུང་བའོ། །མནར་མེད་པ་ནི། ལྕགས་སྲེག་གི་ས་གཞི་དཔག་ཚད་བརྒྱ་ཕྲག་དུ་མ་ཡོད་པ་མེ་འབར་ཏེ་ལུས་ཐམས་ཅད་ཚིག་པ། ལུས་ནི་མེའི་རང་བཞིན་དུ་འབར་བས། སྐད་འབྱིན་པས་སེམས་ཅན་དུ་ཤེས་པ་ཙམ་


CMR054_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །ལུས་དཔག་ཚད་ལྔ་བརྒྱ་ལ་མགོ་བཅུ་གཅིག །ལྕེ་དཔག་ཚད་ལྔ་བརྒྱ་པའི་སྟེང་དུ་གླང་དོར་ལྔ་བརྒྱས་རྨོ་བ། དེ་ལ་སོགས་པ་སྡུག་བསྔལ་དཔག་མེད་གསུངས་ཀྱང་འདིར་མདོ་ཙམ་མོ། །ཚ་དམྱལ་བརྒྱད་ཀྱི་ཕྱོགས་བཞི་ན། ཉེ་འཁོར་གྱི་དམྱལ་བ་བཞི་སྟེ་མེ་མ་མུར་པུས་ནུབ་ཙམ། རྐང་པ་བཞག་པས་པགས་པ་དང་ཤ་ཀུན་ཚིག རྐང་པ་བཏེགས་པས་སྔར་ལྟར་སོས་པ་ལ། རོ་མྱག་མི་གཙང་བའི་འདམ་རྫབས་སུ་འབུ་དཀར་པོ་མགོ་ནག་མཆུ་རྣོ་བས། རུས་པའི་བར་དུ་ཕུག་པར་བྱེད་དོ། །སྤུ་གྲིའི་ལམ་ནས་རྩྭ་རྣམས་སྤུ་གྲིར་གྱུར་པས་རྐང་པ་གཏུབ་པའོ། །ནགས་ཚལ་རྣམས་ན་ཕྱིན་པས་ཤིང་ལོ་རྣམས་རལ་གྲིར་གྱུར་པ་བྲུལ་ནས། ཡན་ལག་གཅོད་པ་དང་། ཤལ་མ་རིའི་སྡོང་པོ་མཚོན་ཆ་རྣོན་པོའི་ལོ་མ་ཅན་ལ། ཡར་འཛེགས་པས་བྱ་ལྕགས་ཀྱི་མཆུ་ཅན་གྱིས་ཀླད་པ་འཐུང་། རྩ་བར་ཕྱིན་པས་ཁྱི་སྲེ་བོས་རྒྱུ་མ་འདྲེན་པའོ། །ཆུ་བོ་རབ་མེད་ན་ཐལ་ཆུ་ཁོལ་མའི་ནང་དུ་ལུས་ནུབ་པ། ལས་མཁན་རྣམས་ཀྱིས་བཀག་ནས་རབ་ལ་འབུད་མི་འཇུག་པའོ། །གྲངས་དམྱལ་བརྒྱད་ནི། གངས་རི་ཏི་སེའི་འོག །ཚ་དམྱལ་བརྒྱད་


CMR054_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐད། འདི་ནས་དཔག་ཚད་ཁྲི་ཉིས་སྟོང་གི་འོག་ན་ཆུ་བུར་ཅན་ཡོད་ལ། དེ་ནས་དཔག་ཚད་ཉིས་སྟོང་ཉིས་སྟོང་གི་ས་ན་གཞན་བདུན་པོ་ཡོད། མུན་ཁུང་འཁྱག་པའི་སྦུབས་སུ་རླུང་གྲང་མོས་བརྟགས་པས། ལུས་ལ་ཆུ་བུར་བྱུང་བ་དང་། ཆུ་བུར་རྡོལ་ནས་ཁྲག་དང་ཆུ་སེར་འཛག་པ་དང་། ཨ་ཆུ་ཞེས་པའི་སྒྲ་འདོན་པ་དང་། ཀྱེ་ཧུད་ཅེས་ཉེ་དུའི་མིང་ནས་འབོད་པ་དང་། སོ་ཐམ་ཐམ་པ་སྐད་མི་ཐོན་པ་དང་། ཁ་དོག་སྔོ་ཞིང་ཨུཏྤལ་ལྟར་ལྔ་དྲུག་ཏུ་གས་པ་དང་། ཁ་དོག་དམར་ཞིང་ལུས་དུམ་བུ་བརྒྱད་དམ་བཅུ་དྲུག་ཏུ་པདྨ་ལྟར་གས་པ་དང་། ཤིན་ཏུ་དམར་ཞིང་དུམ་བུ་བརྒྱ་སྟོང་དུ་གས་པ་པདྨ་ལྟར་ཆེར་གས་པ་སྟེ། དེ་དག་གི་ཚེ་ཚད་ནི། མཛོད་ལས། ཏིལ་སྦྱང་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུང་ནས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཚད་ཡིན། །གཞན་གྱི་ཚེ་ནི་ཉི་ཤུར་འགྱུར། །ཞེས་གསུངས་སོ། །དེའི་དོན་ཆུ་བུར་ཅན་གྱི་ཏིལ་སྦྱངས་གང་ངོ་། །ཆུ་བུར་རྡོལ་བ་ཅན་གྱི་ཉི་ཤུའོ། །སོ་ཐམ་ཐམ་གྱི་བཞི་བརྒྱའོ། །ཨ་ཆུ་ཟེར་བས་སྟོང་ཕྲག་བརྒྱད་ཡིན་ནོ། །ཀྱེ་ཧུད་ཟེར་བས་འབུམ་ཕྲག་དྲུག་ཁྲི་ཡིན་ནོ། །ཨུཏྤལ་ལྟར་གས་པས་ས་


CMR054_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཕྲག་གསུམ་དང་འབུམ་ཕྲག་གཉིས་ཡིན་ནོ། །པདྨ་ལྟར་གས་པས་བྱེ་བ་ཕྲག་དྲུག་དང་ས་ཡ་ཕྲག་བཞི་ཡིན་ནོ། །པདྨ་ཆེན་པོ་ལྟར་ཆེར་གས་པས་ཏིལ་སྦྱངས་ཐེར་འབུམ་ཕྲག་གཅིག་དང་། དུང་ཕྱུར་ཕྲག་གཉིས་དང་། བྱེ་བ་ཕྲག་བཞི་ཡིན་ནོ། །མདོ་གཞན་ལས། ཚ་བའི་དམྱལ་བ་ཤིན་ཏུ་བཟོད་གླགས་མེད། །འཇིག་རྟེན་འདི་ཡི་མེ་ནི་ལན་གཅིག་མེའོ་ཙམ། །དེ་བས་དམྱལ་བའི་མེ་ནི་དགུ་འགྱུར་ཙམ་གྱི་ཚ། །སྲ་བརྟན་ལྕགས་ཀྱི་ཐོ་ལུམ་བསྒྱུར་བ་ཡང་། །སྐད་ཅིག་ཉིད་ལ་མར་ཁུ་བཞིན་དུ་ཞུ། །གྲང་བའི་དམྱལ་བ་ཤིན་ཏུ་བཟོད་གླགས་མེད། །འཇིག་རྟེན་འདི་ཡི་རླུང་ནི་ལན་གཅིག་རླུང་ངོ་ཙམ། །དེ་བས་དམྱལ་བའི་རླུང་ནི་དགུ་འགྱུར་ཙམ་གྱི་གྲང་། །སྲ་བརྟན་གསེར་གྱི་གོང་བུ་བསྐྱུར་བ་ཡང་། །སྐད་ཅིག་ཉིད་ལ་ཨུཏྤལ་བཞིན་དུ་གས། །བཤེས་སྤྲིང་ལས། སེམས་ཅན་ཉེས་པ་སྤྱད་པ་སྤྱོད་པ་རྣམས། །ཡང་སོས་ཐིག་ནག་རབ་ཏུ་ཚ་བ་དང་། །བསྡུས་འཇོམས་ངུ་འབོད་མནར་མེད་ལ་སོགས་པའི། །དམྱལ་བ་རྣམས་སུ་རབ་ཏུ་སྡུག་བསྔལ་འགྱུར། །འདི་ན་མི་དག་མདུང་ཐུང་ལྔ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་


CMR054_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་གང་ལགས་པ། །དེ་ནི་དམྱལ་བའི་སྡུག་བསྔལ་ཆུང་དུ་ཡིས། །འོལ་ཡང་མ་ཡིན་ཆར་ཡང་མི་ཕོད་དེ། །དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲེན་ནམ་ཀློག་གམ་གཟུགས་སུ་བགྱིས་པས་ཀྱང་། །སྡུག་བསྔལ་སྐྱེ་བར་འགྱུར་ན་མི་བཟོད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་དགོས། །སློབ་དཔོན་འཕགས་པའི་ཞལ་ནས། དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟོད་དོ། །བྱེ་བ་ཕྲག་བརྒྱ་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་དེ་ཟད་མ་གྱུར་བར། །དེ་ཉིད་སྲོག་དང་འབྲལ་བར་མི་འགྱུར་རོ། །ཉི་ཚེ་བའི་ཚེསེམས་ཅན་དམྱལ་བ་ནི་མང་པོའམ། གཉིས་སམ། གཅིག་གམ། སོ་སོའི་ལས་དག་གིས་གྲུབ་པ་ཡིན་ནོ། །དེ་དག་གི་རྣམ་པའི་བྱེ་བྲག་དུ་མ་ཡོད་དོ། །འདིའི་གནས་ལ་ངེས་པ་མེད་དེ། ཆུ་བོ་དང་རི་དང་མྱ་ངོན་གྱི་ཕྱོགས་དང་། གཞན་དག་དང་། ས་འོག་དང་། ཁ་ཅིག་མིའི་ཡུལ་ན་གནས་ཏེ། འཕགས་པ་མོའུ་འགལ་གྱི་བུས་གཟིགས་པ་ལྟ་བུའོ། །དེ་བཞིན་དུ་མྱ་ངན་གྱི་ཕྱོགས་སུ། བཙུན་པ་དགེ་འདུན་རྣམས་ཀྱིས་གཟིགས་པ་ལྟ་བུའོ། །འདིའི་ཚེ་ཚད་ལ་ངེས་པ་མེད་དོ། །ཡི་དྭགས་ནི། རྒྱ་གར་གྲོང་ཁྱེར་སེར་


CMR054_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱའི་འོག་དཔག་ཚད་ལྔ་བརྒྱ་ན་ཡི་དྭགས་ཀྱི་རྒྱལ་པོ་གཤིན་རྗེ་བྱ་བ་ཡོད། ། དེར་གནས་ཀྱི་ཡི་དྭགས་ཡོད་དེ། ཕྱིའི་སྒྲིབ་པ་ཅན། ཆུ་དང་ཟས་སྐོམ་རྣག་ཁྲག་ཏུ་མཐོང་བ་དང་། ཁྲོ་བོ་དང་དམག་མིས་བསྲུངས་ནས། བཟའ་བཏུང་དབང་མེད་པ་དང་། ཆུ་ཐམས་ཅད་གྲམ་པ་སྐམ་པོར་སོང་བར་མཐོང་བ་དང་། ཤིང་འབྲས་བུ་ཅན་རྣམས་གྲམ་པ་སྐམ་པོར་མཐོང་ནས་ཟས་མི་རྙེད་པ་དང་། ཟས་སྐོམ་ལ་སྒྲིབ་པ་ཡོད་པ་ནི། ཟོས་ཚད་ཁོག་ནས་མེ་འབར་ནས་ཚིག་པ་དང་། བཤང་གཅི་བཟའ་ཞིང་འཐུང་བ་དང་། ཕན་ཚུན་ལྔ་བ་ཕྱུང་ནས་རྣག་ཟ་བ་དང་། ནང་གི་སྒྲིབ་པ་ཅན་ནི། ཟས་རྙེད་ཀྱང་ཁ་ཁབ་མིག་མགྲིན་པ་རྟ་རྔ་ཙམ་དུ་མི་ཐར། ཅུང་ཟད་ཐར་བས་ལྟོ་བ་རི་ཙམ་མི་ཁེངས་པའི་སྡུག་བསྔལ་ཡོད། འཕྲོས་པའི་ཡི་དྭགས་ནི། མི་ཡུལ་ཐང་སྟོང་གད་ཕུག་རྣམས་སུའང་ཡོད་པས། དགུན་ནི་ཉི་མས་ཀྱང་འཁྱག །དབྱར་ཀ་ཟླ་བས་ཀྱང་ཚིག །ཆུ་ཐམས་ཅད་སྐམ་ཞིང་ཤིང་ཐམས་ཅད་ལ་འབྲས་བུ་མེད། སྣབ་དང་ལུད་པ་ཡང་མོ་བསྔོས་པར་མི་ཐོབ། མཁའ་ལ་རྒྱུ་བའི་ཡི་དྭགས་འགའ་ཞིག་ནི། རྫུ་འཕྲུལ་དང་ལོངས་སྤྱོད་ཆེ་ན་ཡང་།


CMR054_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དུས་རྒྱུན་དུ་ལྟོགས་སྐོམ་གྱི་སྣང་བས་མི་རྣམས་ཀྱི་དབུགས་འགོམ་པར་བྱེད་དེ། འདྲེའི་རིགས་ཐམས་ཅད་ནི་ཡི་དྭགས་ཡིན་ནོ། །ཚེ་ཚད་ནི་མིའི་ཟླ་བ་གཅིག་ལ་ཞག་གཅིག་ཏུ་བརྩི་བའི་རང་ལོ་ལྔ་སྟོང་ངམ་ཁྲི་ཚོ་ཕྱེད་གཉིས་ཐུབ་པར་ཡོད་དོ། །བཤེས་སྤྲིང་ལས། ཡི་དྭགས་ན་ཡང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆད་མ་མཆིས་སོ། །བཀྲེས་སྐོམ་དྲོ་གྲང་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་ལྟོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང་། །འཚོལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཁ་ཅིག་པགས་རུས་འདུས་ཏེ་ལུས་ཤིང་གཤེར་བུ་སྟེ། །ཏ་ལའི་ཡ་ཐོག་སྐམ་པ་ལྟ་བུ་ལགས། །ཁ་ཅིག་མཚན་ཞིང་ཁ་ནས་མེ་འབར་ཏེ། །ཟས་སུ་འབར་བ་ཁར་འབབ་སྡུག་བསྔལ་ཙམ། །རྨ་རིགས་གས་ནི་རྣག་དང་ཕྱི་ས་དང་། །ཁྲག་སོགས་མི་གཙང་བ་ཡང་མི་རྙེད་དེ། །ཕན་ཚུན་འཚོགས་པར་བྱེད་ཅིང་མགྲིན་པ་ནས། །ལྦ་བ་ལས་བྱུང་སྨིན་པའི་རྣག་འཚལ་ལོ། །འདི་དག་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བ་ཚ་ལ་དགུན་


CMR054_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཉི་མའང་གྲང་། །ལྗོན་ཤིང་འབྲས་བུ་མེད་འགྱུར་འདི་དག་གིས། །བལྟས་པ་ཙམ་གྱིས་རླུང་ཡང་སྐམ་པར་འགྱུར། །ཞེས་གསུངས་སོ། །དུད་འགྲོ་བྱིང་ན་གནས་པ་ནི། མཐའི་རྒྱ་མཚོའི་ནང་ཆང་གི་སྦྲང་མ་ཙམ་ཡོད་པར་བཤད་དེ། །ཆུ་སྲིན་དང་ཉ་བོ་ཆེ་དང་ཉ་མིད་དང་དེ་མིད་རྣམས་ནི། ལུས་ནི་རི་ཙམ་ལ་ཆུང་བ་རྣམས་ཀྱིས་ཟ་བ་དང་ཆེ་བས་ཆུང་བ་རྣམས་ཇུར་མིད་བྱེད་པ་དང་། ཀླུ་རྣམས་མཐུ་སྟོབས་ལོངས་སྤྱོད་ཆེ་ན་ཡང་། ཀླུ་དཀར་ནག་འཁྲུག་པ་དང་། བྱེ་ཚན་གྱི་ཆར་གྱིས་ཤ་རུས་ཚིག་པ་དང་། ནད་སྣ་ཚོགས་ཀྱིས་གཟིར་བ་དང་། བྱ་ཁྱུང་གིས་ཟ་བའི་སྡུག་བསྔལ་ཡོད། ཁ་འཐོར་བའི་དུད་འགྲོ་ནི། མི་ཡུལ་དུ་མིག་གིས་མཐོང་བ་རྣམས་ནི། ཚེ་ཚད་ནི་སྐྱེས་མ་ཐག་ཏུ་ཤི་བ་དང་། ཚེ་རིང་ཤོས་བསྐལ་པ་ཐུབ་པ་ཡང་ཡོད་པས་མ་ངེས་སོ། །མཛོད་ལས། དུད་འགྲོ་ཕན་ཚུན་རྡོང་དང་སྲོག །རང་དབང་མེད་པར་བསད་སོགས་ཀྱི། །ལྐོརྟག་ཏུ་སྡུག་བསྔལ་གྱིས་གདུང་ལ། །ཕལ་ཆེར་དམྱལ་བ་དག་དང་མཚུངས། །ཞེས་པ་དང་། བཤེས་སྤྲིངས་ལས། དུད་འགྲོའི་སྐྱེ་གནས་ན་ཡང་བསད་པ་དང་། །བཅིངས་


CMR054_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དང་བརྡེགས་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་གྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟོད་པ། །ཁ་ཅིག་མུ་ཏིག་བལ་དང་རུས་པ་དང་། །ཤ་དང་པགས་པའི་ཆེད་དུ་གསོད་པར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང་། །ལྕག་དང་ལྕགས་ཀྱུ་རྣོན་པོས་བཏབ་སྟེ་བཀོལ། །ཅེས་གསུངས་སོ། །མི་ལ་ཡང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཡོད་དེ། །སྐྱེ་བའི་སྡུག་བསྔལ་ནི། ད་ལྟ་ཅི་ཙམ་འདོད་པ་ཆེ་བ་ཞིག་ཡིན་ཀྱང་། མི་གཙང་བའི་དོང་དུ་ཁྱོད་ཞག་གསུམ་སྡོད་ཁ་བཅད་ལ་བཞག །ཞག་གསུམ་གྱི་ནང་པར་གསེར་སྲང་གསུམ་སྦྱིན་ཟེར་ན་སུས་ཀྱང་མི་ནུས་ཏེ། མངལ་གྱི་སྡུག་བསྔལ་ནི་དེ་བས་ཐུའོ། །དེ་ལྟར་ཡང་སློབ་མ་ལ་སྤྲིང་བ་ལས། ཤིན་ཏུ་མི་བཟད་དྲི་མ་གཙིར་བས་འགགོས། །རབ་ཏུ་དོགས་པ་མུན་ནག་འཐིབ་པོར་འདུག་པ་ཡིས། །མངལ་གནས་དམྱལ་བ་ལྟ་བུའི་ནང་དུ་དེ་ཞུགས་ནས། །ལུས་ཡང་བསྐུམ་ལ་སྡུག་བསྔལ་ཆེན་པོར་གནས་དགོས་སོ། །ཞེས་གསུངས་སོ། །དེ་ལ་ཡིད་ཆེས་ན་ལན་གཅིག་མངལ་དུ་འཇུག་པ་ཡང་སུས་ནུས་སྙམ་དུ་བསམ་མོ། །རྒས་པའི་སྡུག་བསྔལ་ནི། །


CMR054_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་རྒྱ་ཆེ་རོལ་པ་ལས། རྒས་པས་གཟུགས་སྡུག་གཟུགས་ནི་མི་སྡུག་བྱེད། །རྒྱས་པས་གཟི་བརྗིད་འཕྲོག་ཅིང་མཐུ་སྟོབས་ཉམས། །རྒས་པས་བདེ་བ་འཕྲོག་ཅིང་མཐུ་སྟོབས་ཉམས། །རྒས་པས་འཆི་བྱེད་རྒས་པས་མདངས་ཀྱང་འཕྲོག །ཅེས་གསུངས་སོ། །ན་བའི་སྡུག་བསྔལ་ནི། འཕགས་པ་རྒྱ་ཆེར་རོལ་པ་ལས། ནད་བརྒྱ་མང་དང་ནད་འཐིབ་སྡུག་བསྔལ་གྱིས། །འགྲོ་བ་གཙེས་ཏེ་མི་ཡི་ཡི་དྭགས་བཞིན། །ཞེས་གསུངས་སོ། །འཆི་བའི་སྡུག་བསྔལ་ནི། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ། དེ་བཞིན་དུ་འཆི་བདག་གི་གསལ་ཤིང་གིས་ཟུག་སྟེ། རྒྱག་པ་དང་བྲལ། སྐྱབས་ནི་མེད། མགོན་ནི་མེད། དཔུང་གཉེན་ནི་མེད། ནད་ཀྱིས་ནི་གདུང་། ཁ་ནི་སྐམ། བཞིན་ནི་འགྱུར། རྐང་ལག་ནི་གཡབ། ལངས་ནི་མི་ནུས། ཁ་ཆུ་དང་། སྣབ་དང་། གཅིན་དང་། ངན་སྐྱུག་གིས་ནི་ལུས་ལ་གཡོ། ། སྒྲ་ངར་ངར་པོ་ནི་འདོན། སྨན་པས་ནི་བོར། མལ་གྱི་ཐ་མ་ལ་ནི་ཉལ། འཁོར་བའི་ཆུ་རྒྱུན་དུ་ནི་ནུབ། གཤིན་རྗེའི་འཇིགས་པས་ནི་སྐག །དབུགས་རྒྱུ་བ་ནི་འཆད།


CMR054_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྣ་ནི་གདང་། འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་དུ་ནི་འགྲོ། སྐྱས་ཆེན་པོ་ནི་འདེགས། མུན་པ་ཆེན་པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྟུང་། རྒྱ་མཚོ་ཆེན་པོས་ནི་ཁྱེར། ལས་ཀྱི་རླུང་གིས་ནི་བདས། ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ། ནོར་བགོ་བཤའ་བྱར་ནི་མེད། ཀྱེ་ཧུད་མ། ཀྱེ་ཧུད་ཕ། ཀྱེ་ཧུད་བུ་ཞེས་ནི་ཟེར། ཆོས་མ་གཏོགས་པ་སྐྱབས་གཞན་ནི་མེད། མགོན་གཞན་མེད། དཔུང་གཉེན་གཞན་མེད་དོ། །ཞེས་གསུངས་སོ། །གཞན་ཡང་ཉེ་དུ་ཤི་བ་དང་། དགྲ་སྡང་བ་སོགས་སྡུག་བསྔལ་བརྒྱད་ཅུ་ཡོད་པར་གསུངས་ཏེ། མདོ་དྲན་པ་ཉེར་བཞག་ལས། སྡུག་བསྔལ་བརྒྱད་ཅུ་པོ་འདིས་ལུས་ཅན་རྣམས་ལ་ཁྱབ་མོད་ཀྱི་གཙོ་བོར་མིའི་སྡུག་བསྔལ་ལོ། །ཞེས་གསུངས་པ་ལྟ་བུའོ། །ལྷ་མ་ཡིན་ལ་ལྷའི་སྡུག་བསྔལ་དང་ཆ་འདྲ་བའི་སྟེང་དུ་ང་རྒྱལ་དང་། ཕྲག་དོག་དང་། འཐབ་རྩོད་ཀྱི་སྡུག་བསྔལ་ཡོད་དོ། །དེ་ལྟར་ཡང་། ལྷ་མིན་དག་ནི་རང་བཞིན་གྱིས་ལྷའི་དཔལ་ལ་སྣང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། ཞེས་གསུངས་སོ། ། །འདོད་ཁམས་ཀྱི་ལྷ་ལ་ཡང་། ལྷ་མ་ཡིན་དང་འཐབ་པའི་སྡུག་


CMR054_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་དང་། འདོད་པས་མི་ངོམས་པའི་སྡུག་བསྔལ་དང་། དཔའ་བཀོང་བའི་སྡུག་བསྔལ་དང་། གཅོད་པ་དང་། དྲལ་བ་དང་། གསོད་པ་དང་། སྨྱུག་པ་དང་། འཆི་འཕོས་དང་། ལྟུང་བའི་སྡུག་བསྔལ་མྱོང་བར་འགྱུར་ཏེ། ཇི་སྐད་དུ། ལྷའི་བུ་འཆི་བ་ལ། ལྟས་རྣམ་པ་ལྔ་འབྱུང་སྟེ། གོས་ལ་དྲི་མ་ཆགས་པར་འགྱུར་བ། མེ་ཏོག་གི་ཕྲེང་བ་རྙིང་པར་འགྱུར། མཆན་ཁུང་གཉིས་ནས་རྔུལ་འབྱུང་བར་འགྱུར། ལུས་ལ་དྲི་ང་བ་འབྱུང་བར་འགྱུར། ལྷའི་བུ་རང་གི་སྟན་ལ་མི་དགའ་བར་གྱུར། །ཞེས་གསུངས་སོ། །གཟུགས་ཁམས་དང་གཟུགས་མེད་ཀྱི་ཁམས་གཉིས་ན་ནི་སྡུག་བསྔལ་དེ་དག་མེད་དོ། །འོན་ཀྱང་འཆི་འཕོ་དང་གནས་ལ་རང་དབང་མེད་པའི་བཕྱིར། གནས་ངན་ལེན་གྱི་སྡུག་བསྔལ་ཡོད་དོ། །སྤྱིར་ཕུང་པོ་འདི་བླང་བ་ཙམ་གྱིས། འདུ་བྱེད་ཀྱི་སྡུག་བསྔལ་ཡོད་དེ། །རང་རེ་ཐ་མལ་པ་རྣམས་ཀྱིས་དེ་མི་ཤེས། འཕགས་པ་རྣམས་ཀྱིས་གཟིགས་ཏེ། མཛོད་ཀྱི་ཊཱིཀ་ལས། ལག་མཐིལ་སྤུ་ཉག་གཅིག་འདུག་པ། །དེ་ནི་མིག་ཏུ་སོང་ན་ཡང་། །མི་བདེ་བ་དང་སྡུག་བསྔལ་བསྐྱེད། །བྱིས་པ་ལག་


CMR054_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་མཐོང་། །འཕགས་པ་སྤྱན་དང་འདྲ་བ་ཡིས། །འདུ་བྱེད་ལ་ནི་སྡུག་བསྔལ་གཟིགས། །ཞེས་གསུངས་སོ། །དེ་ལྟར་ངན་སོང་གསུམ་ནི་སྡུག་བསྔལ་མངོན་གྱུར་བ། །ལྷ་མི་གཉིས་ལ་འགྱུར་བའི་སྡུག་བསྔལ། སེམས་ཅན་ཐམས་ཅད་ལ་འདུ་བྱེད་ཀྱི་སྡུག་བསྔལ་ཡོད་དེ། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་པས། རྒྱ་ཆེ་རོལ་པ་ལས། བྱིས་པ་རྣམས་འཁོར་བའི་སྡུག་བསྔལ་འདི་ལ་ཚིགས་ཤིང་དགའ་བ་ནི་ཕག་མི་གཙང་བ་ལ་ཆགས་པ་ལྟ་བུའོ། །འདི་ན་སེམས་ཅན་རྣམས་ལྟུང་བ་ནི་བྱེ་མ་ལེབ་མར་མེར་ལྟུང་བ་ལྟ་བུའོ། །འདི་ན་སེམས་ཅན་རྣམས་གཏུམ་པ་ནི་ཉ་རྒྱས་གཏུམ་པ་ལྟ་བུའོ། །འདི་ན་སེམས་ཅན་རྣམས་འཁོར་བ་ནི་རྫ་མཁན་གྱི་འཁོར་ལོ་ལྟ་བུའོ། །འདི་ན་སེམས་ཅན་རྣམས་བསླུས་པ་ནི་གཡོན་ཅན་གྱིས་བྱིས་པ་ཁྲིད་པ་ལྟ་བུའོ། །ཞེས་གསུངས་སོ། །གོ་ཤེས་ཅན་རྣམས་ལ་དེ་ཙམ་གྱིས་ཆོག་གི །ཡང་གོ་བ་ཆུང་ཞིང་དམིགས་པ་ཟིན་པའི་རིགས་ལ། སྔོན་ཆད་བདེ་སྐྱིད་འཛོམ་ཞིང་། ཕྱིས་རྒུད་པའི་ཤུལ་དུ་ཕྱིན་པའམ། དེ་མ་འཛོམ་ན་གཅིག་ཏུ་དབེན་པའི་སར་ཕྱིན་པ་ལ། ལུས་གནད་


CMR054_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བདེ་བའི་སྟན་ལ་རྐང་པ་ཕྱེད་དཀྱིལ་དུ་བསྡད་དེ། རྐང་པ་གཡས་པ་ས་ལ་བཙུགས་ལ་སླ་ང་གཡོན་པ་ས་ལ་སྦྱར་ནས་རྐང་པ་གཡས་པའི་པུས་མོར། ལག་པ་གཡས་པའི་གྲུ་མོ་བཙུགས་ལ། ལག་མཐིལ་འགྲམ་པ་གཡས་སུ་སྦྱར། ལག་པ་གཡོན་པའི་མཐིལ་གྱིས་རྐང་པ་གཡོན་པའི་པུས་མོ་བཀབ་སྟེ། མྱ་ངན་གྱི་འདུག་སྟངས་བྱས་པས། དེས་ཀྱང་སྐྱོ་ལྷང་གི་འགྲོ་བ་ཡིན་ནོ། །དམིགས་པ་འདི་ལྟར་བསྒོམ་སྟེ། །འཁོར་བ་འདི་མེའི་དོང་ཆེན་པོ་ཚ་བའི་ངར་དང་ལྡན་པ། གཏིང་ཟབ་པ། རྒྱ་ཆེ་བ། འཕང་མཐོ་བ། དེ་ལྟ་བུའི་མེ་དོང་འཇིགས་སུ་རུང་བ་ཞིག་ཏུ། རང་ཉིད་ཀྱིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ཆོ་ངེ་ཙི་རི་རི་ཚུད་ནས་ཡོད་པར་བསྒོམ་ཞིང་ངག་ཏུ་ཡང་མྱ་ངན་གྱི་སྐད་ཀྱིས་འདི་ལྟར་དུ་ལྷང་ལྷང་བརྗོད་དོ། །ཨ་ཙ་མ་ན་ང་རེ་འཇིགས། །ཨ་ཙ་མ་ན་ང་རེ་འཇིགས། །འཁོར་བའི་མེ་དོང་འོབ་ཆེན་འདིར། །སྔོན་ཆད་ཐོག་མ་མེད་དུས་ནས། །ད་རུང་ཚིགས་སོ་ང་རེ་འཇིགས། །ཞེས་སྨྲེ་སྔགས་འདོན་ཞིང་ཡོད་པའི་ཚེ། དེའི་སྟེང་གི་ནམ་མཁའ་ལ་རང་གི་དྲིན་ཆེན་རྩ་བའི་བླ་མ་ཨོ་རྒྱན་རིན་པོ་ཆེ་དེའི་སྐུ་ལ་རུས་


CMR054_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱན་དྲུག་གསོལ་བ། ཕྱག་ན་འོད་ཟེར་གྱི་ལྕགས་ཀྱུ་བསྣམས་པ་ཞིག་བྱུང་ནས། བདག་ལ་འདི་སྐད་ཟེར་བར་སྒོམས་ཤིག །ཀྱེ་མ་འཁོར་བ་སྐྱིད་མེད་མེ་དོང་འོབ་ལྟ་བུ། །འདི་ལ་བཟློག་དུས་ད་ལན་དུས་ཤིག་ཡིན། །ངན་སོང་གསུམ་གྱི་སྡུག་བསྔལ་མཐའ་ལས་འདས། །བདེ་བའི་གོ་སྐབས་སྐད་ཅིག་མ་མཆིས་སོ། །ད་ནི་མེ་དོང་འོབ་ནས་བྲོས་རེ་རན། །ཅེས་གསུངས་པའི་སྒྲ་ཐོས་པ་ཙམ་གྱིས། བོདག་གིས་བསམ་པ་ལ། ཀྱེ་མ་འཁོར་བའི་མེ་དོང་འདིར། སྔོན་ཆད་ཡུན་རིང་དེ་ཙམ་ཞིག་ཆུད། ད་ནི་བླ་མའི་བཀའ་ལ་ཉན་ནས། །བདག་ཀྱང་མེ་དོང་འདི་ལ་བྲོས་ཏེ། སེམས་ཅན་འདི་རྣམས་གཅིག་ཀྱང་མ་ལུས་པ་བདག་གིས་བསྒྲལ་བར་བྱའོ། །སྙམ་པའི་བསམ་པ་དྲག་པོས་སེམས་བསྐྱེད་མ་ཐག་ཏུ། བླ་མའི་ཕྱག་གི་ལྕགས་ཀྱུས་བདག་གི་སྙིང་ཁ་ནས་བཟུང་སྟེ། བདེ་བ་ཅན་གྱི་ཞིང་ཁམས་སུ་ཡེར་གྱིས་བསྒྲལ་མ་ཐག་ཏུ། ཡང་བདག་གི་ལག་ཏུ་འོད་ཟེར་གྱི་ལྕགས་ཀྱུ་ཞིག་བྱུང་ནས། མེ་དོང་གི་སེམས་ཅན་ཐམས་ཅད་རིམ་གྱིས་གཅིག་ཀྱང་མ་ལུས་པར་བསམ་ཞིང་། འཁོར་བའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དྲག་ཏུ་བསྒོམ་མོ། །ཡང་


CMR054_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་དོན་མི་གོ །སྒོམ་པའི་དམིགས་པ་མི་གསལ་ན། འཁོར་བའི་སྡུག་བསྔལ་མིག་གིས་ལྟ་རྒྱུ་ཡོད་དེ། ངན་སོང་གསུམ་གྱི་ནང་ནས་དུད་འགྲོ་སྡུག་བསྔལ་ཆུང་། ཀླུ་མ་གཏོགས་པ་དུད་འགྲོའི་ནང་ནས་རི་དྭགས་གཡུང་དྭགས་འདི་ཚོ་སྐྱིད་ཤོས་ཡིན་ཏེ། རི་དྭགས་རྣམས་གཅན་གཟན་དང་རྔོན་པས་གསོད་ལུགས་ལ་ལྟོས་དང་། སྡུག་བསྔལ་དེ་རང་ཐོག་ཏུ་བབ་ན་བཟོད་ཐབས་ཨེ་འདུག །གཡུང་དྭགས་རྣམས་ཚོང་པས་བཤའ་ས་ན་ལྟོས་དང་། དེ་འདྲ་རང་ལ་བྱས་བྱུང་ན་སྡུག་བསྔལ་ཅི་ཙམ་ཡོང་ལ་འདུག །དེ་འདྲ་ལ་མི་སྐྱེ་བའི་གདེང་ཚོད་ཅི་ཡོད། དགུན་ཁ་ཞག་གཅིག་གོས་མེད་ན་ཅི་ཙམ་འཁྱག །གྲང་དམྱལ་ལ་སྐྱེས་ན་ཅི་འདྲ་བྱེད། མེ་སྟག་ཕོག་ན་བྱབ་སྔ་ཕྱི་ཨི་མི་གདའ། ཚ་དམྱལ་ལ་སྐྱེས་ན་བསྒྱུར་ཨེ་ཚུགས། ཞག་གཉིས་གསུམ་ཞིག་ཟས་སྐོམ་མ་རག་ན་ཅི་འདྲ་ཞིག་འོང་། ཡི་དྭགས་སུ་སྐྱེས་ན་ཅི་ཁམས། བྲེལ་ཟིང་གིས་འུར་ཆེན་པོ་ལངས་ན་སྐྱག་སྔངས་ཅི་ཙམ་འོང་། ལྷ་མ་ཡིན་དུ་སྐྱེས་ན་ཅི་འདྲ་བྱེད། རང་ལ་གང་ཡོད་ཀྱི་སྦྲ་གཞིས་ཞིང་ཁང་རྒྱུ་ཟས་ཅི་ཡོད་དགྲ་ལ་ཤོར་ནས་རང་སྤང་ལ་འཁྱམས་དགོས་བྱུང་ན་སྡུག་བསྔལ་


CMR054_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་བརྩི་སྟེ། དེ་བས་ལྷ་ཕམ་ལྟུང་གི་སྡུག་བསྔལ་བརྒྱ་སྟོང་གི་འགྱུར་ཆེ། དེ་ཚོ་ལ་ལྟ་རྒྱུ་འདུག་པ་མ་མཐོང་ན་ལོང་བ་ཡིན། དེ་ཚོ་མཐོང་ཡང་སེམས་ལ་ནེམ་འབབ་མི་ཐུབ་པ་འདི། སྙིང་རྡོ་ལས་གྲུབ་པ་མིན་ནམ། དེ་རྣམས་ཀྱི་དོན་གྲུབ་ཆེན་མི་ཏྲ་ཛཱ་ཀིའི་ཞལ་ནས། སྡུག་བསྔལ་རྒྱ་མཚོར་གཏིང་མཐའ་མེད། །སྲིད་པའི་ཀླུང་དུ་བྱིང་གྱུར་ཀྱང་། །སྐྱོ་མེད་འཇིགས་མེད་དགའ་དང་རྒོད། །བདག་ཅག་སྙིང་ལ་ཅི་ཞིག་མཆིས། །ཀྱེ་ཧུད་འཇིག་རྟེན་མིག་བཅས་ལོང་། །མངོན་སུམ་ལྟ་རྒྱུ་དེ་མཐོང་ཡང་། །ད་དུང་ཅུང་ཟད་མི་སེམས་པ། །ཁྱོད་སྙིང་རྡོ་རུ་གྱུར་ཏམ་ཅི། །འཁོར་བའི་རྒྱ་མཚོའི་གནས་འདི་ན། །དགྲ་གཉེན་ལ་ཡང་ངེས་པ་མེད། །སྐྱིད་སྡུག་ལ་ཡང་ངེས་པ་མེད། །ཆོས་ཤིག་མ་ནུས་གང་ལའང་སྙིང་པོ་མེད། །འཕགས་པ་ཀ་ཏ་ཡས། ཕ་ཤ་ཟ་ཞིང་མ་ལ་འཚོགས། །ལས་ངན་དགྲ་བོ་པང་ན་བཟུང་། །ཆུང་མས་ཁྱོ་ཡི་རུས་པ་འཆའ། །འཁོར་བའི་ཆོས་ལ་གད་མོ་བྲོད། །གསུངས་སོ། །ཏིང་འཛིན་ཚོགས་ཀྱི་ལེའུར། ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །སྐྱེ་བོ་དགྲ་གྱུར་པ་ནི་བཤེས་ཉིད་དོ། །བཟློག་པ་ཉིད་དུ་མཆིས་པ་དེ་ཡི་


CMR054_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

སླད། །འཇིག་རྟེན་འདི་ན་ངེས་པ་འགའ་མ་མཆིས། །དཔུང་བཟང་གིས་ཞུས་པའི་མདོ་ལས། རེ་ཞིག་ཅིག་ན་དགྲ་ཡང་མཛའ་བོར་གྱུར། །མཛའ་བོ་ཡང་ནི་དེ་བཞིན་དགྲ་རུ་འགྱུར། །དེ་བཞིན་ཁ་ཅིག་ཀྱང་ནི་བར་མར་གྱུར། །བར་མ་དེ་ཉིད་ཀྱང་ནི་དགྲ་བོར་འགྱུར། །དེ་བཞིན་མཛའ་བཤེས་འགྱུར་བ་རིག་ནས་ནི། །བློ་གྲོས་ལྡན་པས་ནམ་ཡང་ཆགས་མི་བྱ། །གཉེན་ལ་དགའ་བའི་སེམས་ཀྱི་རྣམ་རྟོག་དག །བཟློག་ནས་དགེ་ལ་ཅི་བདེར་བཞག་པར་བྱ། །མྱ་ངན་བསལ་བ་ལས། ཡང་དང་ཡང་དུ་དམྱལ་བ་ན། །ཟངས་ཞུན་བཀོལ་བ་གང་འཐུང་བ། །རྒྱ་མཚོ་ནང་གི་ཆུ་ལ་ཡང་། །དེ་ཡི་ཚད་ཙམ་ཡོད་མ་ཡིན། །ཁྱི་དང་ཕག་ཏུ་གྱུར་པ་ན། །མི་གཙང་ཟས་ནི་གང་ཟོས་པ། །རི་ཡི་རྒྱལ་པོ་ལྷུན་པོ་ཡི། །ཚད་ལས་ཤིན་ཏུ་ལྷག་པར་འགྱུར། །མཛའ་བཤེས་རབ་ཏུ་བྲལ་བ་ཡིས། །འཁོར་བའི་གནས་སུ་གང་ངུས་པ། །མིག་གི་མཆི་མའི་ཐིགས་པ་ཡིས། །སྣོད་དུ་རྒྱ་མཚོ་རུང་མ་ཡིན། །ཕན་ཚུན་དག་ཏུ་རྩོད་པའི་ཕྱིར། །མགོ་བོ་བཅད་པ་གང་ཡིན་པ། །སྤྱངས་ན་དེ་ལྟར་མཐོ་བ་ཡི། །ཚངས་པའི་འཇིག་རྟེན་ལས་


CMR054_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཐལ། །སྲིན་བུར་གྱུར་ཅིང་རབ་བཀྲེས་པ། །ས་ལུད་ཟོས་པ་གང་ཡིན་པ། །འོ་མའི་རྒྱ་མཚོ་ཆེ་ནང་དུ། །དེ་ཡིས་བཀང་ནས་ཤིན་ཏུ་འགེང་། །ཞེས་གསུངས་དེ་ལྟར་འཁོར་བ་འདི། །སྙིང་པོ་མེད་པའི་མཚངས་རིག་ནས། །སྙིང་པོ་ཡོད་པའི་དམ་ཆོས་ལ། །ད་རེས་སྙིང་རུས་བློ་སྟོབས་བསྐྱེད། །བསམ་ཤེས་ཡོད་མེད་ད་རེས་ལྟ། །ད་རེས་ཐར་པ་ཨེ་ཐོབ་ལྟོས། །འཁོར་བའི་ཉེས་དམིགས་ཀྱི་ཆོས་ཐུན་ཚར་རོ།། །།༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་ལྔ་པ་འཁོར་བའི་ཉེས་དམིགས་ཀྱི་ཁྲིད།next