Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་དྲུག་པ་སྐྱབས་འགྲོའི་ཁྲིད།
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་དྲུག་པ་སྐྱབས་འགྲོའི་ཁྲིད།next

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་དྲུག་པ་སྐྱབས་འགྲོའི་ཁྲིད།


CMR054_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

༼ཆ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་དྲུག་པ་སྐྱབས་འགྲོའི་ཁྲིད་བཞུགས་སོ།།


CMR054_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་གདམས་ངག་ཟབ་མོ། །འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི་ཐབས། སྐྱབས་འགྲོ་གལ་ཆེ་སྟེ། སྤྱན་རས་གཟིགས་ཀྱིས་གསུངས་པའི་རྡོ་རྗེའི་ཚིག་རྐང་ལས། འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་རྣམས། །རིན་ཆེན་གསུམ་ལ་སྐྱབས་འགྲོ་ཞིང་། །དེ་ཡི་བསླབ་བྱ་བསྲུང་བ་ལ། །རང་གི་ལུས་ལྟར་གཅེས་པར་བསྲུང་། །ཞེས་གསུངས་སོ། །འོ་ན་ཕ་མ་དང་གཉེན་གྲོགས་ལ་སོགས་པ་རང་ལ་བརྩེ་ཞིང་ཕན་པར་དགའོ་བ་རྣམས་ལ་སྐྱབས་སུ་འགྲོའམ་ཞེ་ན། དེས་ཀྱང་སྐྱབས་མི་


CMR054_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་སྟེ། འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། ཕ་མ་ཁྱོད་ཀྱི་སྐྱབས་མ་ཡིན། །མཛའ་བཤེས་རྩ་ལག་རྣམས་ཀྱང་མིན། །དེ་དག་གིས་ནི་ཁྱོད་བོར་ནས། །ཅི་ལྟར་འདོད་པ་བཞིན་དུ་འགྲོ། །ཞེས་གསུངས་སོ། །རང་རང་གི་ཡུལ་གྱི་རི་བྲག་གམ། མཚོའམ་ལྗོན་ཤིང་ལ་སོགས་པ་ལ་གནས་པའི་ལྷ་ཀླུ་མཐུ་བོ་ཆེ་རྣམས་ལ་སྐྱབས་སུ་འགྲོ་བར་བྱའམ་ཞེ་ན། དེ་ཀུན་གྱིས་ཀྱང་སྐྱབས་མི་ཐུབ་པས་སྐྱབས་གནས་མ་ཡིན་ཏེ། ཇི་སྐད་དུ། མདོ་ལས། འཇིག་རྟེན་རྣམས་ལ་རི་དང་ནི། །ནགས་ཚལ་དང་ནི་མཆོག་གནས་ཀྱི། །ཀུན་དགའ་


CMR054_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་རྡོ་བ་དང་། །ལྗོན་ཤིང་ལྷ་ལ་སྐྱབས་འགྲོ་ན། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །ཞེས་དང་། མདོ་རྒྱལ་མཚན་དམ་པ་ལས། འཇིགས་པས་ཉེན་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ལྗོན་ཤིང་སོགས་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་མཆོག་གྱུར་མ་ཡིན་པས། །སྐྱབས་དེ་དག་ལ་བརྟེན་ནས་ནི། །འཇིགས་པ་ཀུན་ལས་གྲོལ་མི་འགྱུར། །ཞེས་དང་། སྐྱབས་སུ་འགྲོ་བ་འདི་ཡང་འཇིག་རྟེན་གྱི་དྲག་རྩལ་ཅན་ཚངས་པ་དང་ཁྱབ་འཇུག་དང་མ་ཧཱ་དེ་ཝ་ལ་སོགས་པ་ལ་སྐྱབས་ཞུས་ན། ཚེ་འདིའི་ནད་གདོན་སོགས་ཅུང་ཟད་སྐྱོབ་ནུས་ཀྱིས། འཁོར་བའི་སྡུག་བསྔལ་ལས་མི་སྐྱོབ་སྟེ། ཁོ་རང་ཡང་མ་ཐར་བའི་ཕྱིར། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་ཉིད་གྱུར་པའི། །སྡུག་བསྔལ་རྒྱུན་མི་ཆད་པ་བསྟེན་འཚལ་ལོ། །ཞེས་དང་། བརྒྱ་བྱིན་མཆོད་འོས་ཉིད་དུ་གྱུར་ནས་ཀྱང་། །ལས་ཀྱི་དབང་གིས་སླར་ཡང་ས་སྟེང་ལྟུང་། །ཞེས་གསུངས་སོ། །འོ་ན་སྐྱབས་སུ་འགྲོ་བའི་ཡུལ་གང་ཡིན་ཞེ་ན། མདོ་རྒྱལ་མཚན་དམ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་


CMR054_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྐྱབས། །གང་ཞིག་སངས་རྒྱས་ཆོས་དང་ནི། །དགེ་འདུན་དག་ལ་སྐྱབས་འགྲོ་བ། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། །སྡུག་བསྔལ་ཡང་དག་འགགས་པ་དང་། །བདེ་ཞི་མྱ་ངན་འདས་བྱས་ནས། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཞེས་དང་། འཇམ་དཔལ་རྣལ་རོལ་ལས། འཇིགས་གྱུར་འཇིགས་པ་སེལ་མཛད་ཕྱིར། །སྐྱབས་མེད་སྐྱོབ་པའི་སངས་རྒྱས་དང་། །ཆོས་དང་ཚོགས་མཆོག་དགེ་འདུན་ལ། །རྟག་པར་སྐྱབས་སུ་འགྲོ་བར་གྱིས། །གང་དག་དེ་ལ་སྐྱབས་སོང་བ། །འཇིགས་པ་ཀུན་ལས་ཐར་བར་འགྱུར། །ཞེས་གསུངས་སོ། །སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །སྐྱབས་དེ་དག་ལ་བརྟེན་ནས་ནི། །འཇིགས་པ་ཀུན་ལས་ཐར་བར་འགྱུར། །ཞེས་དང་། འབྲས་བུ་དཀོན་མཆོག་གསུམ་སྐྱབས་གནས་ཀྱི་མཐར་ཐུག་ཡིན། །སངས་རྒྱས་འཇིག་རྟེན་དུ་འབྱུང་བར་དཀོན་ཏེ། འཇིག་རྟེན་གྱི་རྒྱན་ཡིན་པའི་ཕྱིར་དང་། ཆོས་དྲི་མ་མེད་པ་ཡིན་ཏེ། འཇིག་རྟེན་གྱི་ལམ་མཆོག་ཡིན་པའི་ཕྱིར། །དགེ་འདུན་


CMR054_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་སྐྱོབ་པའི་མཐུ་དང་ལྡན་ཏེ། འཇིག་རྟེན་གྱི་ཉེས་པས་འགྱུར་བ་མེད་པའི་ཕྱིར་དང་། མཐར་ཐུག་འབྲས་བུའི་དཀོན་མཆོག་གསུམ་སྐྱབས་གནས་སུ་བཞག་པ་ཡིན་ཏེ། རྒྱུད་བླ་མ་ལས། འབྱུང་བར་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་འགྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་རིན་ཆེན་ཉིད། །ཅེས་གསུངས་པ་དང་། དེ་ལྟ་བུའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འོས་ཏེ། བསྟོད་པ་བརྒྱ་ལྔ་བཅུ་པ་ལས། གང་ཞིག་ལ་ནི་ཉེས་པ་ཀུན། །གཏན་ནས་ཡོང་ཡེ་མི་མངའ་ཞིང་། །གང་ལ་རྣམ་པ་ཐམས་ཅད་དུ། །ཡོན་ཏན་ཐམས་ཅད་གནས་གྱུར་པ། །གང་ལ་སེམས་ཤིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང་། །དེ་བསྟོད་དེ་ནི་བཀུར་བ་དང་། །དེ་ཡི་བསྟན་ལ་གནས་པར་རིགས། །ཞེས་གསུངས་པ་ལྟ་བུའོ། །མདོ་ལས། གང་ཞིག་སངས་རྒྱས་ཆོས་དང་ནི། །དགེ་འདུན་དག་ལ་སྐྱབས་སོང་ནས། །ལྷ་དང་དྲི་ཟ་ལྷ་མ་ཡིན། །ཀླུ་དང་གནོད་སྦྱིན་ལ་སོགས་པ། །འཇིགས་པ་ཀུན་ལས་ཐར་བར་འགྱུར། །ཞེས་དང་། དཀོན་མཆོག་དྲི་མ་མེད་པའི་མདོ་ལས། རྐང་གཉིས་གཙོ་


CMR054_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བོ་མ་གཏོགས་པ། །འཇིག་རྟེན་དག་ན་སྐྱབས་གཞན་མེད། །སྐྱོན་མེད་ཡོན་ཏན་རབ་རྫོགས་ཕྱིར། །ཐུབ་པ་སྐྱབས་མེད་རྣམས་ཀྱི་སྐྱབས། །གང་ཞིག་སངས་རྒྱས་ཆོས་དང་ནི། །དགེ་འདུན་བསྟན་ལ་མི་བརྟེན་པ། །དེ་དག་འཇིག་རྟེན་ཕྱི་རོལ་ཞེས། །ལྷ་དང་བཅས་པ་ཀུན་གྱིས་སྨད། །ཅེས་དང་། དེ་ལ་དང་པོ་སྐྱབས་འགྲོའི་དབྱེ་བ་ལ་གཉིས་ཏེ། ཐུན་མོང་གི་སྐྱབས་འགྲོ་དང་། ཁྱད་པར་གྱི་སྐྱབས་འགྲོའོ། །རྟེན་གྱི་གང་ཟག་ལ་ཡང་གཉིས་ལས། ཐུན་མོང་པའི་རྟེན་གྱི་གང་ཟག་ནི། འཁོར་བའི་སྡུག་བསྔལ་གྱིས་འཇིགས་ཤིང་། དཀོན་མཆོག་གསུམ་ལ་ལྷར་འཛིན་པའོ། །ཁྱད་པར་གྱི་རྟེན་གྱི་གང་ཟག་ནི། ཐེག་པ་ཆེན་པོའི་རིགས་ཅན་ལྷ་མིའི་ལུས་རྣམ་པར་དག་པ་ཐོབ་པ་རྣམས་སོ། །ཡུལ་ལ་ཡང་གཉིས་ལས། ཐུན་མོང་པའི་ཡུལ་འཆད་པ་ལ། སངས་རྒྱས་དཀོན་མཆོག་ནི་སྤངས་བ་དང་ཡེ་ཤེས་ཆེ་བའི་བདག་ཉིད་ཕུན་སུམ་ཚོགས་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་སོ། །ཆོས་དཀོན་མཆོག་ལ་གཉིས་ལས། བསྟན་པའི་ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་སོ། །རྟོགས་པའི་ཆོས་ནི་ལམ་གྱི་


CMR054_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་དང་འགོགས་པའི་བདེན་པའོ། །དགེ་འདུན་དཀོན་མཆོག་ལ་གཉིས་ལས། སོ་སོའི་སྐྱེ་བོའི་དགེ་འདུན་ནི། དགེ་སློང་རྣམ་པར་དག་པ་བཞི་ཡན་ཆད་འཚོགས་པ་ཡིན་ལ། འཕགས་པའི་དགེ་འདུན་ནི། སྐྱེས་བུ་ཟུང་བཞི་དང་གང་ཟག་ཡ་བརྒྱད་དག་གོ །སྐྱབས་གནས་ཁྱད་པར་གྱི་ཡུལ་ནི་མདུན་ན་བཞུགས་པའི་ཡུལ་དང་མངོན་པར་རྟོགས་པའི་ཡུལ་དང་། དེ་ཁོ་ན་ཉིད་ཀྱི་ཡུལ་དང་གསུམ་མོ། །དེ་ལ་མདུན་ན་བཞུགས་པའི་ཡུལ་ནི། སངས་རྒྱས་ནི་དེ་བཞིན་གཤེགས་པའི་སྐུ་གཟུགས། ཆོས་ནི་ཐེག་པ་ཆེན་པོའི་པོ་ཏི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དགེ་འདུན་ནི། བྱང་ཆུབ་སེམས་དཔའི་དགེ་འདུན་ནོ། །ཆོས་མངོན་པར་རྟོགས་པའི་ཡུལ་ནི། སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་ནོ། །ཆོས་ནི་དམ་པའི་ཆོས་ཞི་བ་མྱ་ངན་ལས་འདས་པའོ། །དགེ་འདུན་ནི་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའོ། ། །དེ་ཁོ་ན་ཉིད་ཀྱི་ཡུལ་གྱི་དབང་དུ་བྱས་ན་སྐྱབས་སུ་འགྲོ་བའི་ཡུལ་སངས་རྒྱས་ཉག་གཅིག་ཡིན་ནོ། །དེ་ལྟར་ཡང་། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། །དམ་པའི་དོན་དུ་འགྲོ་བའི་སྐྱབས་ནི་སངས་རྒྱས་ཉག་གཅིག་


CMR054_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཞེས་གསུངས་སོ། །འོ་ན་སངས་རྒྱས་ཀྱིས་གཏན་གྱི་སྐྱབས་ཐུབ་པ་ཅིའི་ཕྱིར་ཞེ་ན། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་གསུངས་ཏེ། ཐུབ་པ་རྣམས་སྐྱེ་འགགས་མེད་པ། རྣམ་པ་རྣམ་པར་བྱང་བ། འདོད་ཆགས་དང་བྲལ་བ་སྟེ། ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་ན་ཡང་དམ་པའི་སྐྱབས་ཡིན་ལ། ཐེག་པ་གསུམ་གྱི་ཚོགས་ཀྱང་ཆོས་སྐུ་རྣམ་པར་དག་པ་མཐར་ཐུག་ཐོབ་པས་མཐར་ཕྱིན་པར་འགྱུར་བའི་ཕྱིར་དམ་པའི་སྐྱབས་ཡིན་ནོ། །འོ་ན་ཆོས་དང་དགེ་འདུན་གཉིས་གཏན་གྱི་སྐྱབས་མ་ཡིན་ནམ་ཞེ་ན། རྒྱུད་བླ་མ་ལས། ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་གསུངས་སོ། །དེ་དག་ཅིའི་ཕྱིར་གཏན་གྱི་སྐྱབས་མཆོག་མ་ཡིན་ཞེ་ན། ཆོས་ལ་གཉིས་ཡོད་པ་ལས། བསྟན་པའི་ཆོས་ནི་མིང་གི་ཚོགས་དང་ཡི་གེའི་ཚོགས་ཡིན་པས་ལམ་བསྒྲོད་ཟིན་ནས་གཟིངས་ལྟར་སྤང་བྱ་ཡིན་པས། གཏན་གྱི་སྐྱབས་མ་ཡིན་པའོ། །རྟོགས་པའི་ཆོས་ལ་ཡང་གཉིས་ལས། ལམ་གྱི་བདེན་པ་ནི་འདུས་བྱས་ཡིན་པས་མི་རྟག་པ་སྟེ། བསླ་བའི་ཆོས་ཡིན་


CMR054_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་སྐྱབས་མ་ཡིན་པའོ། །འགོགས་པའི་བདེན་པ་ནི་ཉན་ཐོས་ཀྱིས་ལུགས་ཀྱི་མར་མེ་ཤི་བ་ལྟར་རྒྱུན་ཆད་དུ་འདོད་པས། མེད་པའི་ཕྱིར་གཏན་གྱི་སྐྱབས་མ་ཡིན་པའོ། །དགེ་འདུན་ནི་ཁོ་རང་ཡང་འཁོར་བས་འཇིགས་ནས་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ཏེ། འཇིགས་བཅས་ཡིན་པས་གཏན་གྱི་སྐྱབས་མ་ཡིན་པའོ། །དེ་ལྟར་ཡང་། རྒྱུད་བླ་མ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་གསུངས་སོ། །དེས་ན་སློབ་དཔོན་ཐོགས་མེད་ཀྱི་ཞལ་ནས་ཀྱང་། མི་ཟད་པའི་སྐྱབས། རྟག་པའི་སྐྱབས། གཡུང་དྲུང་གི་སྐྱབས། དམ་པའི་སྐྱབས་ནི་གཅིག་ཉིད་དེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཞེས་གསུངས་སོ། །འོ་ན་གོང་དུ་སྐྱབས་གསུམ་དུ་གསུངས་པ་དང་འགལ་ལོ་ཞེ་ན་ཐབས་ཀྱིས་གསུམ་མོ། །དེ་ནི་གདུལ་བྱ་དྲངས་བའི་ཐབས་སུ་བྱུང་བ་ཡིན་ཏེ། ཐར་པ་ཆེན་པོའི་མདོ་ལས། མདོར་ན་སྐྱབས་གཅིག་སྟེ། ཐབས་ཀྱིས་ནི་


CMR054_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མོ། །ཞེས་གསུངས་སོ། ཐབས་ཀྱིས་གསུམ་དུ་ཇི་ལྟར་བཞག་ཅེ་ན། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། སྟོན་པ་བསྟན་པ་སློབ་དོན་གྱི། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་གསུངས་སོ། །ཡོན་ཏན་གསུམ་དང་། ཐེག་པ་གསུམ་དང་། བྱེད་པ་གསུམ་དང་། མོས་པ་གསུམ་གྱི་དབང་དུ་བྱས་ནས་བཞག་པ་ཡིན་ནོ། །དེ་ཡང་སྟོན་པའི་ཡོན་ཏན་བསྟན་པའི་དོན་དུ། བྱང་ཆུབ་སེམས་དཔའི་ཐེག་པའི་གང་ཟག་དང་། སངས་རྒྱས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ན། སངས་རྒྱས་ལ་སྐྱབས་ཡིན། བསྟན་པའི་ཡོན་ཏན་སྟོན་པའི་དོན་དུ། རང་རྒྱལ་གྱི་ཐེག་པའི་གང་ཟག་དང་། ཆོས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ན་ཆོས་ལ་སྐྱབས་ཡིན། སློབ་མའི་ཡོན་ཏན་བསྟན་པའི་དོན་དུ། ཉན་ཐོས་ཀྱི་ཐེག་པའི་གང་ཟག་དང་། དགེ་འདུན་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ན། དགེ་འདུན་ལ་སྐྱབས་ཡིན། དེ་ལྟར་སངས་རྒྱས་ཆོས་དང་དགེ་འདུན་གསུམ་ནི་


CMR054_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིའི་སྐྱབས་ཡུལ། བླ་མ་ཡི་དམ་མཁའ་འགྲོ་གསུམ་ནི་ནང་གི་སྐྱབས་ཡུལ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ནི་གསང་བའི་སྐྱབས་ཡུལ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ནི་དེ་ཁོ་ན་ཉིད་ཀྱི་སྐྱབས་ཡུལ། དེ་ཐམས་ཅད་ཀྱང་རྩ་བའི་བླ་མར་འདུས་པའི་ཕྱིར། བླ་མ་ཐོག་མར་བརྗོད་པ་ཡིན་ནོ། །དེ་ཡང་དུས་ད་ནས་བཟུང་སྟེ། རང་ཉིད་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི་ཕྱིར། ཇི་སྲིད་འཚོའི་བར་དུ་སྐྱབས་སུ་འགྲོ་བ་ནི། ཐེག་པ་ཐུན་མོང་གི་སྐྱབས་འགྲོ་ཡིན་ལ། བདག་དང་སེམས་ཅན་ཐམས་ཅད་སངས་རྒྱས་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ནི་ཐེག་པ་ཆེན་པོའི་སྐྱབས་འགྲོ་ཡིན། སྐྱབས་སུ་སོང་ནས་བསླབ་བྱ་དགུ་ལ་བསླབ་དགོས་སོ། །སངས་རྒྱས་ལ་སྐྱབས་སུ་སོང་ནས་ཕྱི་རོལ་པའི་ལྷ་ལ་ཕྱག་མི་འཚལ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེའི་བསམ་པ་དྲག་པོ་སྤང་། དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོགས་མུ་སྟེགས་ཅན་མི་བསྟེན་པ་དང་གསུམ་ནི། ཁྱད་པར་གྱི་བསླབ་བྱ་དང་། སངས་རྒྱས་ལ་སྐྱབས་སུ་སོང་ནས་སངས་རྒྱས་ཀྱི་སྐུ་དོད་ཙམ་ཡན་ཆད་ལ་གུས་པ་དང་། ཆོས་ལ་སྐྱབས་སུ་སོང་ནས་ཡི་གེ་འབྲུ་གཅིག་ཡན་


CMR054_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གུས་པར་བྱ། དགེ་འདུན་ལ་སྐྱབས་སུ་སོང་ནས་ལྷན་པ་སེར་པོ་གྲུ་བཞི་བཏབ་པ་ཡན་ལ་གུས་པར་བྱ། དེ་གསུམ་ཆ་མཐུན་གྱི་བསླབ་བྱ་གསུམ་མོ། །རྒྱུན་དུ་སྐྱབས་འགྲོ་ལ་བརྩོན་པ་དང་། ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་དཀོན་མཆོག་མཆོད་པ། ན་ཚ་སྡུག་བསྔལ་ཅི་དང་ཅི་བྱུང་ཡང་དཀོན་མཆོག་གསུམ་ལས་སྐྱབས་གཞན་མི་ཚོལ་བ་དང་དགུ་སྟེ། མདོ་མྱ་ངན་འདས་ཆེན་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་སོང་ནས། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་དག་ལ་སྐྱབས་སོང་བ། །མུ་སྟེགས་ཅན་ལ་ཕྱག་མི་བྱ། །ཞེས་གསུངས་སོ། །སྐྱབས་གསུམ་བདུན་ཅུ་པ་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བས། །དགེ་བསྙེན་དུ་ནི་དམ་བཅས་པས། །སྐྱབས་ནི་གསུམ་པོ་བསྲུང་བར་བྱ། །མུ་ཧྥསྟེགས་ཅན་ལ་གུས་པ་ཡི། །མཆོད་དང་ཕྱག་འཚལ་མི་བྱའོ། །མདོ་རྩ་བ་ལས། ལྷ་གཞན་ལ་ཕྱག་མི་འཚལ། མཆོད་པ་མི་བྱ། བཀུར་སྟི་མི་བྱའོ། །གནས་སུ་ཕྱིན་ནས་


CMR054_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་དུ་འགྲེང་སྟེ་གཙུག་ལག་གི་ཚིགས་སུ་བཅད་པ་གདོན་པས་དེ་ལ་ཕན་གདག་པར་བྱའོ། །ལྷའི་དབང་པོས་ཞུས་པའི་མདོ་ལས། ཁེ་ཕྱིར་ཚོང་དང་གྲགས་ཕྱིར་བསླུས། །དེ་ཡི་གཅོད་སྦྱོང་བྱེད་པ་རྣམས། །མནར་མེད་ལ་སོགས་དམྱལ་བ་ནི། །སྐྱེས་བུས་མདའ་འཕང་བཞིན་དུ་འགྲོ། །ཞེས་དང་། སྐྱབས་འགྲོ་ཡན་ལག་དྲུག་པར། སྐུ་གཟུགས་ཚིགས་སུ་བཅད་པ་དང་། །ལྷན་པ་སེར་པོ་བཏབ་པ་ལ། །དད་མོས་འདུན་པས་སྟོན་པར་ལྟ། །ཞལ་ནས་གསུངས་པ་མཐའ་དག་ལ། །སྐུར་པ་མི་གདབ་སྤྱི་བོར་བླངས། །གང་ཟག་དག་དང་མ་དག་ལ། །དམ་པར་བལྟ་བར་བྱ་བ་ཡིན། །ཅེས་དང་། མདོ་ལས། ཚལ་བུ་ཙམ་ཞིག་འཛིན་པ་ལ། །སྟོན་པའི་འདུ་ཤེས་མི་བསྐྱེད་བར། །སྡང་ཞིང་མཚང་རྣམས་འབྲུ་བ་ནི། །ང་ཡི་འཁོར་དུ་མ་གཏོགས་སོ། །ཞེས་དང་། བཤེས་སྤྲིངས་ལས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །ཅེས་དང་། ཆེད་དུ་བརྗོད་པའི་ཚོམས་ལས། ཐུབ་པའི་ངུར་སྨིག་བརྒྱན་པ་ནི། །ཚངས་དང་བརྒྱ་བྱིན་ལ་སོགས་པ། །


CMR054_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཆེན་པོ་རྣམས་ཀྱིས་ཀྱང་། །སྤྱི་བོའི་ཅོད་པན་རྩེར་བླངས་ཏེ། །མཆོད་པའི་གནས་སུ་བཞག་པ་ཡིན། །ཅེས་དང་། སྔོན་གླང་པོ་ཆེའི་རྒྱལ་པོས། རྔོན་པ་ངུར་སྨྲིག་གྱོན་པ་ལ། ཆོས་གོས་ངུར་སྨིག་གྱོན་པ་འདི་དག་ནི། །འཁོར་བའི་རྒྱ་མཚོ་ལས་ནི་སྒྲོལ་མཛད་པའོ། །ཞེས་གུས་པས་གནོད་པ་སྐྱོབ། སྟོན་པས་ཀྱང་། མེ་ཏོག་ཙམ་པ་ཀ་ནི་རྙིང་གྱུར་ཀྱང་། །མེ་ཏོག་ཕལ་པ་རྣམས་ཀྱི་དོ་ཟླ་མིན། །ང་ཡི་དགེ་སློང་ཚུལ་ཁྲིམས་འཆལ་གྱུར་ཀྱང་། །སྐྱེ་བོ་ཕལ་པ་རྣམས་ཀྱི་དོ་ཟླ་མིན། །གསུངས་སོ། །སའི་སྙིང་པོའི་མདོ་ལས། སྔོན་རྒྱལ་པོའི་ཁྲིམས་ལ་ཐུག་པའི་མི་ཞིག་དུར་ཁྲོད་དུ་བོར་བའི་མགུལ་དུ། ཆོས་གོས་ཀྱི་ཚལ་པ་ཅིག་རྙེད་པ་བཏགས་པ་སྲིན་པོས་མཐོང་ནས་ཁྱོད་ཀྱི་མགུལ་དུ་བཏགས་པའི་ཚལ་བུ་འདི། དྲང་སྲོང་ཆེན་པོའི་རྒྱལ་མཚན་ན་བཟའ་ལགས། དེ་ལ་མཆོད་ཅིང་བདག་ཅག་ཕྱག་འཚལ་ལོ། །ཞེས་གསུངས་སོ། ཕྱོགས། ཚོམ་ལས། གང་ཞིག་ཉིན་དང་མཚན་རྣམས་སུ། །སངས་རྒྱས་རྗེས་སུ་དྲན་བྱེད་ཅིང་། །གང་དག་སངས་རྒྱས་སྐྱབས་སོང་བ། །དེ་དག་མི་ཡི་རྙེད་པ་ཡིན། །ཆོས་དང་དགེ་


CMR054_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་ལ་ཡང་སྦྱོར། །ཅེས་དང་། སྙིང་རྗེ་པདྨ་དཀར་པོ་ལས། ཀུན་དགའ་བོ་གང་དག་ཁ་ཅིག་སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་གཏོར་ན། །ཀུན་དགའ་བོ་དགེ་བའི་རྩ་བ་དེས་འབྲས་བུ་མྱ་ངན་ལས་འདས་པ་ཐོབ་སྟེ་ཐ་མ་མྱ་ངན་ལས་འདའ་བར་ངས་སྨྲའོ། །དེ་ལྟར་སྐྱབས་སུ་སོང་ཞིང་སྐྱབས་འགྲོའི་སྡོམ་པ་བསྲུང་བའི་ཕན་ཡོན་ནི། སྐྱབས་འགྲོའི་ཕན་ཡོན་བཀའ་བསྟན་བཅོས་ནས་མང་དུ་གསུངས་པ་རྣམས། ཇོ་བོ་རྗེས་བརྒྱད་དུ་བསྡུས་པ་ནི། ནང་པ་སངས་རྒྱས་པར་ཚུད་པའི་ཕན་ཡོན་ནི། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་དང་། མི་དང་མི་མ་ཡིན་པའི་གནོད་པས་མི་ཚུགས་པ་དང་། སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་སྲབ་པར་འགྱུར་བ་དང་། རྒྱུད་ལས། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་ཤིང་འཕེལ་བར་འགྱུར་བ་དང་། ཤི་ནས་ངན་སོང་ངན་འགྲོ་ལོག་པར་མི་ལྟུང་བ་དང་། ལམ་ཁྱད་པར་དུ་འཕགས་པ་རྒྱུད་ལ་སྐྱེ་བ་དང་། མཐར་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕན་ཡོན་དང་བརྒྱད་དོ། །ཞེས་དང་། མདོ་ཉི་མའི་སྙིང་པོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ།།


CMR054_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་ཟིན་ཡང་། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་དང་། །དཔའ་བོ་ཕར་ཕྱིན་བསྡུས་པར། སྐྱབས་སོང་བསོད་ནམས་གཟུགས་མཆིས་ན། །སྟོང་གསུམ་འདི་ཡང་སྣོད་དུ་ཆུང་། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་ལ་གཞལ་ཡང་ལང་མི་འགྱུར། །ཞེས་གསུངས་སོ། །ཕག་མོའི་རྟོགས་བརྗོད་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ངན་འགྲོར་མི་འགྲོ་སྟེ། །ལྷ་ཡི་ལུས་ནི་སྤངས་ནས་ཀྱང་། །ལྷ་ཡི་ལུས་སུ་སྐྱེ་བར་འགྱུར། །ཆོས་དང་དགེ་འདུན་ལ་ཡང་སྦྱར་ནས་གསུངས། །ཞེས་དང་། མདོ་ལས། རྩྭ་སྐམ་ཕུང་པོ་རི་རབ་ཙམ། །མེ་སྟག་ཆུང་ངུས་བསྲེགས་པ་ལྟར། །དཀོན་མཆོག་གསུམ་ལ་སྐྱབས་སོང་ན། །སྡིག་པ་རི་རབ་ཙམ་ཡང་འབྱངས། །ཞེས་དང་། སྡུད་པ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་འདོད་ཡོན་ལྔ་སྤྱོད་ཀྱང་། །སངས་རྒྱས་ཆོས་དང་དགེ་འདུན་སྐྱབས་སོང་སྟེ། །སངས་རྒྱས་སྒྲུབ་པར་བྱ་སྙམ་ཀུན་མཁྱེན་ཡིད་བྱེད་ན། །མཁས་པས་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་རིག་པར་


CMR054_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ཞེས་དང་། མདོ་ལས། ཇི་ལྟར་ནམ་མཁའ་མཐར་ཐུག་མེད་པ་ལ། །འདོམ་ལ་གཞལ་བ་ཚད་བཟུང་མེད་པ་ལྟར། །དེ་བཞིན་དཀོན་མཆོག་གསུམ་ལ་བརྟེན་པ་ཡི། །ཡོན་ཏན་དང་ནི་སྡིག་པའི་མཐའ་མི་དཔོག །ཅེས་གསུངས་སོ། །དེ་ལྟར་དཀོན་མཆོག་གསུམ་གྱི་སྐྱོབ་པ་ལ། དད་པ་དགོས་ཏེ། ཆོས་བཅུ་པའི་མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་གསུངས་སོ། །སངས་རྒྱས་ཕལ་པོ་ཆེ་ལས་ཀྱང་། སྲིད་པའི་གནས་ཅན་དད་པ་ཆུང་བ་ཡིས། །སངས་རྒྱས་བྱང་ཆུབ་ཤེས་པར་མི་ནུས་སོ། །ཞེས་གསུངས་སོ། །དེས་ནི་དད་པ་བསྐྱེད་པར་བྱ་སྟེ། འཕགས་པ་རྒྱ་ཆེ་རོལ་པ་ལས་ཀྱང་། ཀུན་དགའ་བོ་དད་པ་ལ་སྦྱོར་བར་གྱིས་ཤིག །འདི་ནི་དེ་བཞིན་གཤེགས་པས་གསོལ་བ་འདེབས་པའོ། །ཞེས་གསུངས་སོ། །དད་པ་ལ་གསུམ་སྟེ། །སངས་རྒྱས་ལ་འདོད་པའི་དད་པ། ཆོས་ལ་ཡིད་ཆེས་པའི་དད་པ། དགེ་འདུན་ལ་དྭངས་བའི་དད་པ་སྟེ། ཆོས་མངོན་པ་མཛོད་ལས་ཀྱང། དད་པ་གང་ཞེ་ན། ལས་དང་


CMR054_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་དང་བདེན་པ་དང་། དཀོན་མཆོག་ལ་མངོན་པར་ཡིད་ཆེས་པ་དང་། འདོད་པ་དང་སེམས་དྭངས་བའོ། །གསུངས་སོ། །དེ་ལྟར་དཀོན་མཆོག་གསུམ་ལ་དད་པ་མེད་ན། ཚེ་འདིར་ཡང་ཤི་བའི་རོ་དང་འདྲ། ཕྱི་མ་ཡང་ངན་སོང་ནས་ཐར་བའི་ཐབས་མེད་དེ། འཕགས་པ་ཡུལ་འཁོར་སྲུང་གི་མདོ་ལས། སངས་རྒྱས་ལ་ཡང་མོས་པ་ཡོད་མིན་པ། །ཆོས་དང་ཚོགས་ལའང་དེ་ནི་མོས་པ་མེད། །བསླབ་དང་སྦྱང་བ་དག་ལའང་དེ་མི་མོས། །སྡིག་པའི་བློ་ཅན་ངན་སོང་གསུམ་ཕྱོགས་པ། །དེ་ནི་མི་ནང་འདི་ནས་ཤི་འཕོས་ནས། །ལས་ཀྱི་དབང་གིས་མི་མཁས་རྣམ་པར་རྨོངས། །དམྱལ་བའམ་འོན་ཏེ་དུད་འགྲོའི་འགྲོ་རྣམས་སམ། །ཡི་དྭགས་འགྲོ་བ་རྣམས་སུ་སྡུག་བསྔལ་རྙེད། །ཅེས་དང་། དྲན་ཉེར་དུ། སངས་རྒྱས་དང་ནི་བྲལ་བ་ཡི། །གསོན་པ་གསོན་པ་མིན་པར་འདོད། །ཆོས་དང་རྣམ་པར་བྲལ་བ་ཡི། །གསོན་པ་གསོན་པ་མིན་པར་འདོད། །དགེ་འདུན་རྣམ་པར་སྤྱང་པ་ཡི། །གསོན་པ་གསོན་པ་མིན་པར་འདོད། །ཅེས་གསུངས་སོ། །དེས་ན་དཀོན་མཆོག་གསུམ་སྤངས་ན་རྒྱལ་སྲིད་ལ་སོགས་པའི་བརྔན་


CMR054_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་སྟེར་ཟེར་ཡང་མི་སྤང་། སྔར་ཡང་གནོད་པ་ཆེན་པོ་བྱས། ད་ཡང་བྱེད་པས་དགྲ་ཞིག་བསད་ན་ཐུབ་པར་འདུག་ཀྱང་སྡོམ་པ་ཤོར་ན་ཆོས་དང་འགལ་བས་མི་གསོད།། རྒྱལ་པོ་དབང་ཆེན་ཞིག་གིས་དཀོན་མཆོག་གསུམ་མི་སྤངས་ན་བརྔན་གསོད་བྱེད་ཟེར་ཡང་མི་སྤང་། པཎྜི་ཏ་མཁས་པ་ཆེན་པོ་ཞིག་གིས། དཀོན་མཆོག་གསུམ་དང་ཆོས་མི་བདེན་པའི་ལོ་རྒྱུས་མང་པོ་བཤད་ཀྱང་ཞེ་མི་འཁྲུགས་ན་དད་པ་ཅན་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། འདུན་དང་ཞེ་སྡང་འཇིགས་པ་དང་། །རྨོངས་པ་གང་ཞིག་ཆོས་མི་འདའ། །དེ་ནི་དད་པ་ཅན་ཞེས་བྱ། །ངེས་པར་ལེགས་པའི་སྣོད་མཆོག་ཡིན། །ཞེས་གསུངས་སོ། །ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཡིད་ཁྱེད་ཤེས་ཀྱི་བློ་མ་བཀལ་ན། །དཀོན་མཆོག་གསུམ་གྱི་བྱིན་རླབས་རྒྱང་རིང་། །ཡིད་ཁྱེད་ཤེས་ཀྱི་དད་པ་བརྟན་པར་གྱིས། བློ་དཀོན་མཆོག་གསུམ་ལ་གཏོད། ཅེས་གསུངས་སོ། །རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གི་ཞལ་ནས། ཆོས་ལ་འཇུག་པ་ལ་དད་པ་གལ་ཆེ་སྟེ། ཐར་པའི་རྟེན་དུ་དད་པ་དགོས། ཡོན་ཏན་གྱི་གཞི་ཡང་དད་པས་བྱེད། བརྩོན་འགྲུས་ཀྱི་གྲོགས་ཀྱང་དད་པས་


CMR054_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། ཤེས་རབ་ཀྱི་མཛོད་ཀྱང་དད་པས་བྱེད། མན་ངག་གི་སྣོད་ཀྱང་དད་པས་བྱེད། དད་པ་མེད་ན་དཀར་པོའི་ཕྱོགས་ཀྱི་ཡོན་ཏན་གང་ཡང་མི་འཆར། །ཆོས་དང་འཕྲད་ནས་དད་པ་མེད་ན། གཟུགས་ཆོས་པར་འདུག་པས་མི་ཕན། ཞིང་མེད་པའི་སོ་ནམ་དང་འདྲ། གྲུ་མེད་པའི་འགྲུལ་པོ་དང་འདྲ། ས་བོན་ཚིག་པའི་མྱུ་གུ་དང་འདྲ། ལག་སྡུམ་གསེར་གླིང་དུ་ཕྱིན་པ་དང་འདྲ། སྲོག་མ་ཆད་པའི་རོ་ཡིན། འདྲེས་མ་ཁྱེར་པའི་སྨོན་པ་ཡིན། སུག་བཞི་ས་ལ་མི་འཛུགས་པའི་བྱོལ་སོང་ཡིན། མིག་ཅེ་རེ་ལྟ་བའི་ལོང་བ་ཡིན། རྣ་བ་ཀྲོང་ངེ་ཉན་པའི་འོན་པ་ཡིན། སྐྱེས་པ་དད་པ་མེད་ན་གླང་ལ་རལ་པ་སྐྱེས་པ་ཡིན། བུད་མེད་དད་པ་མེད་ན་བ་ལ་ནོར་དུ་བཏགས་པ་ཡིན། གཞོན་པ་དད་པ་མེད་ན་དུག་གི་མེ་ཏོག་ཡིན། རྒན་པ་དད་པ་མེད་ན་མུན་གྱི་ས་མཁན་ཡིན། སྤྱིར་དད་པ་འདི་རྒྱུ་ཚོགས་བསགས་པ་ལས་འབྱུང་བས་ཀུན་ལ་སྐྱེ་བར་དཀའ། རྐྱེན་གྱིས་ཡུམ་བསྐུལ་བའི་དད་པ་འདི། གང་ཟག་སྐལ་ལྡན་འགའི་སྤྱོད་ཡུལ་ཡིན། ཞེས་གསུངས་སོ། །དེ་ལ་ཐེག་པ་ཐུན་མོང་གི་སྐྱབས་སྡོམ་ནི། ཁྲིད་འདི་དང་འབྲེལ་ཆུང་བས་མ་ཐོབ་


CMR054_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རུང་ལ། ཞུ་བར་འདོད་པ་ལ་གུད་དུ་གསལ་བ་ལྟར་བྱ། ཐེག་ཆེན་སྐྱབས་སྡོམ་ནི། དབང་དང་སེམས་བསྐྱེད་ཀྱི་ཞོར་ལ་ཐོབ་པས་ཆོག་ལ། རྒྱས་པར་བྱེད་ན་དཀོན་མཆོག་གི་རྟེན་དང་། མཆོད་པ་བཤམས་པ་དང་། སྦྱོར་དངོས་རྗེས་གསུམ་ཞག་གསུམ་དགོས་པས། སྤྲོ་ན་གུད་དུ་གསལ་བ་ལྟར་ཡིན། སྐྱབས་འགྲོའི་འདོན་ཆ་ཡང་རྒྱས་བསྡུས་འབྲིང་གསུམ་སྣ་ཚོགས་པ་ཡོད་དེ། བློ་ལ་ཡོད་ཅིང་སྤྲོས་པ་ལ་དགའ་ན། རང་གིས་གང་ཤེས་དེ་ལྟར་འདོན་ན་ཆོག །སྤྲོས་པ་ལ་མི་དགའ་བ་བློ་ལ་མེད་ན། གསར་དུ་སློབ་པ་སོགས་མི་བྱ་སྟེ། ད་ལམ་འདི་ལ་སློབ་གཉེར་བྱེད་དུ་འོང་བ་མིན། དམིགས་ཐུན་ཞུ་བ་ལ་འོང་བ་ཡིན་པས། ཟིན་ཐུན་བཟུང་ཞིང་བསྡད་པས་དམིགས་པ་མི་ཟིན། ད་རེས་དམིགས་པ་བསྒོམ་པ་གལ་ཆེ། སྐྱབས་ཡུལ་དམིགས་པ་སྒོམ་པ་འདི་ལ། ཡང་རིགས་མི་གཅིག་པ་མང་དུ་ཡོད་དེ། །ད་རེས་ཆོས་འདི་དང་འབྲེལ་ཆེ་བས། གྲུབ་ཆེན་མི་ཏྲ་ཛཱ་ཀིའི་ལུགས་ལྟར་བསྒོམ་པར་བྱ་སྟེ། དེ་ཡང་སྐྱབས་ཡུལ་འདི་ལ་ཡེ་ཤེས་པ་སྤྱན་འདྲེན་མི་དགོས་པའི་དོན་ནི། ནམ་མཁས་གར་ཁྱབ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱིས་ཁྱབ་


CMR054_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །གསུངས་སོ། །དམིགས་པ་དངོས་ནི། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ་གྱད་དང་སེང་གེས་བཏེག་པ་སྣ་ཚོགས་པདྨ་འབུམ་ལྡན་གྱི་སྟེང་ན་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྒྱས་པ། དེ་ཡི་དབུས་སུ་རང་གི་རྩ་བའི་བླ་མ་འོད་དཔག་མེད་ལོངས་སྤྱོད་རྫོགས་པའི་སྐུའི་ཆ་ལུགས་སུ་བཞུགས་པ་ལ་བཀའ་བརྒྱུད་བླ་མས་བསྐོར་བ། །མདུན་དུ་ཡི་དམ་ཐུགས་རྗེ་ཆེན་པོ་ལ་ཡི་དམ་རྒྱ་མཚོས་བསྐོར་བ། གཡས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སྐལ་བཟང་གི་སངས་རྒྱས་སྟོང་ལ་སོགས་པ་སངས་རྒྱས་རྒྱ་མཚོས་བསྐོར་བ། རྒྱབ་ཏུ་ཡུམ་ཆེན་མོ་ལ་པོ་ཏི་དང་གླེགས་བམ་དམ་ཆོས་རྒྱ་མཚོས་བསྐོར་བ། གཡོན་དུ་ཕྱག་ན་རྡོ་རྗེ་ལ་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་དང་ཉན་ཐོས་མཆོག་བརྒྱད་ལ་ཐེག་ཆེན་དང་ཐེག་དམན་གྱི་དགེ་འདུན་རྒྱ་མཚོས་བསྐོར་བ་ཕྱོགས་དང་ཕྱོགས་ཕྱོགས་མཚམས་ཐམས་ཅད་དཔའ་བོ་མཁའ་འགྲོས་གང་བ། འོག་ཏུ་ཕྱག་བཞི་དྲུག་བེར་གུར་དང་། ལྷ་མོ་དཔོན་གཡོག་དང་བྲག་ལྷ་མགོན་པོ་ལ་སོགས་པ་ཆོས་སྐྱོང་བའི་སྲུང་མ་རྒྱ་


CMR054_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

མཚོས་བསྐོར་བ། སྲུང་སྐྱོབ་ཀྱི་ཚུལ་དུ་བཞུགས་པ། དེ་དག་གི་སྐྱབས་ཞབས་ན་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཚུད་པར་བསྒོམ་ལ། ཕྱག་ཆེན་ལུགས་ལྟར་ན། མ་ནམ་བཞི་སྐོར་གྱི་ཚིག་སྐྱབས་འགྲོ་ལ་བསྒྱུར་ནས། སྟོང་ཕྱག་གམ་བརྒྱ་ཕྱག་ཅི་འགྲུབ་འཚལ་ན་བར་ཆད་ཞི་བ་དང་། སྒྲིབ་པ་དག་པ་དང་། ཉམས་རྟོགས་སྐྱེ་སླ་བའི་གནད་ཡོད། ཡང་དམིགས་པ་རྒྱས་པ་དེ་ཙམ་ཟིན་དཀའ་ན། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་ལ་རྩ་བའི་བླ་མ་དང་དབྱེར་མེད་པའི་སངས་རྒྱས་འོད་དཔག་མེད་སྐུ་མདོག་དམར་པོ་ཆོས་གོས་རྣམ་གསུམ་གསོལ་བ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་མཉམ་བཞག་གི་ཕྱག་རྒྱས་ལྷུང་བཟེད་འཛིན་པ། ཞལ་འཛུམ་པ་མཛོད་སྤུ་དཀར་པོ་ཅན། སྤྱན་ཞི་བས་བདག་ལ་གཟིགས་པར་བསྒོམ། དེ་ཡང་སྐུ་དགེ་འདུན་ཀུན་འདུས། གསུང་དམ་ཆོས་ཀུན་འདུས། ཐུགས་སངས་རྒྱས་ཀུན་འདུས།། ཡོན་ཏན་ཡི་དམ་ཀུན་འདུས། ཕྲིན་ལས་ཆོས་སྐྱོང་ཀུན་འདུས་སུ་བསྒོམས་ལ། ཚེ་འདི་ཕྱི་བར་གསུམ་ལ་ཅི་མཛད་ཁྱེད་ཤེས་ཀྱི་བློ་ལིངས་ཀྱིས་གཏད་ལ། བླ་མ་དཀོན་མཆོག་གསུམ་ལ་


CMR054_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སུ་མཆི། ཞེས་པ་དེ་ཚར་བརྒྱ་ཙམ་འདོན། དེ་ནས་སྐྱབས་ཡུལ་རྒྱས་བསྡུས་གང་སྒོམ་པ་དེ་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་གི་ལུས་ངག་ཡིད་གསུམ་དང་སྐྱབས་ཡུལ་གྱི་སྐུ་གསུང་ཐུགས་དབྱེར་མེད་དུ་འདྲེས་པར་བསྒོམ། དེ་ལྟར་སྒོམ་མཁན་གྱི་སེམས་ལ་བལྟས་པས། ངོ་བོ་སྟོང་ཞིང་རང་བཞིན་གསལ་བ། ཐུགས་རྗེ་འགགས་མེད་ཅི་ཡང་འཆར་བ། དེ་ནི་དོན་དམ་པའི་སྐྱབས་འགྲོ་ཡིན་ཏེ། མ་གཅིག་ལབ་སྒྲོན་གྱིས། རང་སེམས་སྟོང་པ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །ཞེས་དང་། ཨོ་རྒྱན་རིན་པོ་ཆེས། ཡེ་ནས་སྟོང་ཉིད་སྤྲོས་དང་བྲལ་བ་ལ། །སྤྲོས་མེད་སྤྲོས་བྲལ་འདུས་མ་བྱས་པའི་ངང་། །འཛིན་མེད་བློ་འདས་ངང་དུ་སྐྱབས་སུ་མཆི། །ངོ་བོ་རང་བཞིན་ཐུགས་རྗེ་ཀ་ནས་དག །མཉམ་རྫོགས་ཀློང་ཡངས་ཆེན་པོའི་རང་བཞིན་ལ། །རྟོགས་མེད་རང་གསལ་རྗེན་པར་སྐྱབས་སུ་མཆི། །ཞེས་དང་། ཐར་རྒྱན་ལས། ཆོས་ཐམས་ཅད་གདོད་མ་ནས་བདག་མེད་ཅིང་། ཅིའི་ངོ་བོར་ཡང་མ་གྲུབ་པས། སངས་རྒྱས་དང་ཆོས་དང་། དགེ་འདུན་ཡང་དེ་བཞིན་དུ་མཐོང་བར་བྱ་སྟེ། དེ་ནི་མི་ཟད་པའི་སྐྱབས།


CMR054_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པའི་སྐྱབས། གཡུང་དྲུང་གི་སྐྱབས་ཡིན་ནོ། །ཞེས་གསུངས་སོ། མ་དྲོས་པས་ཞུས་པའི་མདོ་ལས་ཀྱང་། ཟང་ཟིང་མེད་པའི་སེམས་ཀྱིས་སྐྱབས་སུ་སོང་བ་གང་ཞེ་ན། །ཆོས་ཐམས་ཅད་མེད་པར་ཤེས་ནས། གཟུགས་སུ་མ་ཡིན།། མཚན་དུ་མ་ཡིན། ཆོས་སུ་མ་ཡིན། སངས་རྒྱས་ཡང་དག་པར་མཐོང་བ་ནི། སངས་རྒྱས་ལ་སྐྱབས་སུ་སོང་བའོ། །ཆོས་ཐམས་ཅད་དབྱིངས་ཀྱི་རྗེས་སུ་མཐོང་བ་ནི། ཆོས་ལ་སྐྱབས་སུ་སོང་བའོ། །འདུས་བྱས་དང་འདུས་མ་བྱས་གཉིས་སུ་མེད་པར་མཐོང་བ་ནི། དགེ་འདུན་ལ་སྐྱབས་སུ་སོང་བའོ། །ཞེས་གསུངས་སོ། །རྒྱུད་སྡེ་རྣམས་ལས་ཀྱང་། རང་སེམས་སྐྱབས་ཀྱི་མཆོག་ཏུ་གསུངས་པའི་ཕྱིར། ཁྱེད་ཁྲིད་ཐོབ་པ་རྣམས་ཀྱིས་དེ་ལྟར་ཉམས་སུ་ལོངས། གསར་པ་རྣམས་ཀྱིས་ཀྱང་། སྐྱབས་ཡུལ་བསྒོམ་ནས་སྐྱབས་འགྲོ་བརྒྱ་རྩ་དང་། སྐྱབས་ཡུལ་རང་ལ་བསྟིམ་ནས་སེམས་ལ་ལྟ་བ་དེ་ལན་མང་དུ་གྱིས་དང་དེས་འཐུས་སོ། །སྐྱབས་འགྲོའི་ཆོས་ཐུན་ཚར་རོ།། །། ༈ ནང་ཆེན་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་དྲུག་པ་སྐྱབས་འགྲོའི་ཁྲིད།next