Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བདུན་པ་སེམས་བསྐྱེད་ཀྱི་ཁྲིད།
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བདུན་པ་སེམས་བསྐྱེད་ཀྱི་ཁྲིད།next

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བདུན་པ་སེམས་བསྐྱེད་ཀྱི་ཁྲིད།


CMR054_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

༼ཇ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བདུན་པ་སེམས་བསྐྱེད་ཀྱི་ཁྲིད་བཞུགས་སོ།།


CMR054_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་གདམས་ངག་ཟབ་མོ། ཅི་བྱས་བྱང་ཆུབ་ཀྱི་ལམ་དུ་འགྲོ་བའི་ཐབས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ་སྟེ། སྤྱན་རས་གཟིགས་ཀྱི་རྡོ་རྗེའི་ཚིག་རྐང་ལས། མཁའ་ཁྱབ་འགྲོ་བ་ཀུན་དོན་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །ཕ་རོལ་ཕྱིན་དྲུག་བསླབ་བྱ་ལ། །རྒྱལ་བའི་སྲས་ཀྱིས་རྟག་ཏུ་བསླབ། །ཅེས་གསུངས་སོ། །རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་གང་ལགས། རྩ་བ་ནི་གང་ལགས།


CMR054_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་ནི་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་ཁྱོད་ང་ལ་དོན་འདྲི་བ་ལེགས་སོ། །དེའི་ཕྱིར་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག ངས་ཁྱོད་ལ་བཤད་དོ། །རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ། །རྩ་བ་ནི་སྙིང་རྗེ་ཆེན་པོའོ། །མཐར་ཐུག་པ་ནི་ཐབས་སོ། །ཞེས་གསུངས་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན། སངས་རྒྱས་ཀྱི་ཆོས་འདི་དག་དང་གཞན་ཡང་དཔག་ཏུ་མེད་པ་


CMR054_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་འཛིན་ཏོ། །ཆོས་གཅིག་པུ་གང་ཞེ་ན། འདི་ལྟ་སྟེ། བསམ་པ་ཕུན་སུམ་ཚོགས་པ་བྱང་ཆུབ་ཀྱི་སེམས་སོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆོས་གཅིག་པུ་དེ་དང་ལྡན་ན། སངས་རྒྱས་ཀྱི་ཆོས་འདི་དག་དང་གཞན་ཡང་དཔག་ཏུ་མེད་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འོད་ས་བསམ་པ་ཇི་ལྟ་བུ། བྱང་ཆུབ་ཀྱི་སེམས་ཇི་ལྟ་བུ། བཀའ་སྩལ་པ། ཤཱ་རིའི་བུ་བསམ་པ་ཞེས་བྱ་བ་ནི་མི་ཕྱེད་པའི་ཕྱིར་སྙིང་རྗེའོ། །མི་གཡོ་བའི་ཕྱིར་སྙིང་རྗེ་བརྟན་པའོ། །ཞེས་གསུངས་སོ། །འཕགས་པ་ཀླུ་སྒྲུབ་ཀྱིས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐའ་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཅེས་གསུངས་སོ། །ཕལ་པོ་ཆེ་ལས། གང་ཞིག་ཕྱོགས་བཅུའི་རྒྱལ་བ་ལྟ་བ་འདོད་པ་དང་། །གང་ཞིག་སྦྱིན་གཏོང་བསོད་ནམས་མི་ཟད་མཛོད་འདོད་དང་། །འགྲོ་བ་ཀུན་གྱི་སྡུག་བསྔལ་མི་བཟོད་རྟོགས་འདོད་ན། །དེས་ནི་ཡོན་ཏན་མཐའ་ཡས་བྱང་ཆུབ་སེམས་བསྐྱེད་བྱ། །ཞེས་


CMR054_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བསླབ་བཏུས་ལས། སྡུག་བསྔལ་མཐར་ཕྱིན་འདོད་པ་དང་། །བདེ་བའི་མཐར་ཡང་འགྲོ་འདོད་པས། །དད་པའི་རྩ་བ་བསྟན་བྱས་ཏེ། །བྱང་ཆུབ་དང་ནི་བློ་བརྟན་བྱ། །ཞེས་དང་། །ངེས་པ་དང་མ་ངེས་པ་ཕྱག་རྒྱ་ལ་འཇུག་པའི་མདོར། འཇམ་དཔལ་གང་དང་གང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེའི་ཕྱིར། །སེམས་དེ་ལ་མི་དགེའི་ལས་རྣམས་ལ་མ་སྤངས་པ་ཅི་ཡང་མེད་ལ། དེ་ཡང་སངས་རྒྱས་ཀྱི་ཆོས་རྣམས་ལ་མ་བཟུང་བ་གང་ཡང་མེད་པའི་ཕྱིར། །འཇམ་དཔལ་བྱང་ཆུབ་སེམས་དཔའོ་རྣམས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ནོ། །ཞེས་དང་། །བསོད་ནམས་ཐམས་ཅད་བསྡུས་པའི་མདོ་ལས། སྲེད་མེད་ཀྱི་བུ་དཔེར་ན། ཆུ་ཀླུང་དང་ཆུ་མིག་དང་། ཆུ་བྲན་དང་། འབབ་ཆུ་ཐམས་ཅད་ནི་རྒྱ་མཚོ་ཆེན་པོའི་ཁོང་དུ་འདུ་ཞིང་རྗེས་སུ་ཞུགས་པར་རིག་པར་བྱའོ། །དེ་བཞིན་དུ་བསོད་ནམས་བྱ་བའི་དངོས་པོ་གང་ཅི་ཡང་རུང་བ། སྦྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། སྒོམ་པ་ལས་བྱུང་བ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འཇིག་རྟེན་དང་།


CMR054_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ལས་འདས་པའི་བསོད་ནམས་ཅི་སྙེད་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་རྗེས་སུ་འདུ་ཤིང་རྗེས་སུ་ཞུགས་པ་དག་གོ །སྲེད་མེད་ཀྱི་བུ་དེའི་ཕྱིར་བསོད་ནམས་ཐམས་ཅད་ཡོངས་སུ་བཟུང་བར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །ཞེས་དང་། །བྱམས་པས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན་ངན་སོང་ཐམས་ཅད་སྤངས་ཤིང་། སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་གཅིག་པོ་དེ་གང་ཞེ་ན་འདི་ལྟ་སྟེ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་ཀྱི་སེམས་སོ། །ཞེས་དང་། །བྱམས་པས་ནོར་བཟང་ལ་བྱང་ཆུབ་སེམས་ཀྱི་ཕན་ཡོན་གསུངས་པ་ནི། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །དཀར་པོའི་ཡོན་ཏན་ཐམས་ཅད་འཕེལ་བར་བྱེད་པའི་ཞིང་ས་ལྟ་བུའོ། །འཇིག་རྟེན་ཐོམས་ཅད་བརྟེན་པས་ས་ལྟ་བུའོ། །དབུལ་བ་ཐམས་ཅད་ཡོང་དག་པར་གཅོད་པས་


CMR054_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཐོས་ཀྱི་བུ་ལྟ་བུའོ། །རེ་བ་ཐམས་ཅད་སྐོང་བས་དཔག་བསམ་གྱི་ཤིང་ལྟ་བུའོ། །དོན་ཐམས་ཅད་འགྲུབ་པས་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །ཞེས་སྡོང་པོ་བཀོད་པ་ལས་བམ་པོ་གཉིས་བཞུགས་སོ།། །།སྤྱོད་འཇུག་ལས། བྱང་ཆུབ་སེམས་བསྐྱེད་གྱུར་པའི་སྐལ་ལྡན་ལ། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །རྒྱལ་བ་རྣམས་ཀྱི་སྲས་ཞེས་རབ་བརྗོད་དེ། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །གསེར་འགྱུར་རྩི་ཡིས་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བོར་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བར་རབ་བརྟན་ཟུང་། །དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་སྦྱིན་ཅིང་མི་ཟད་འཕེལ་བར་འགྱུར། །སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་གྱུར་པ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། །དེས་ནི་དུས་མཐའི་མེ་


CMR054_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །འགྲོ་བའི་འཆི་བདག་འཇོམས་མཛད་པའི། །བདུད་རྩི་མཆོག་ཀྱང་འདི་ཉིད་ཡིན། །འགྲོ་བའི་དབུལ་བ་སེལ་བྱེད་པའི། །མི་ཟད་གཏེར་ཡང་འདི་ཉིད་ཡིན། །འགྲོ་བའི་ཉོན་མོངས་གདུང་སེལ་བའི། །སེམས་ཀྱི་ཟླ་བ་ཤར་བ་ཡིན། །འགྲོ་བའི་མི་ཤེས་རབ་རིབ་དག །དཔྱིས་འབྱིན་ཉི་མ་ཆེན་པོ་ཡིན། །ཞེས་དང་། དེ་བཞིན་གཤེགས་པའི་གསང་བའི་མཛོད་ལས། བྱང་ཆུབ་སེམས་སྐྱེས་བསོད་ནམས་གང་། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །སེམས་ཅན་ཀུན་གྱིས་བསོད་ནམས་ཀྱི། །ཕུང་པོ་ཇི་སྙེད་ཡོངས་བཟུང་བ། །དེ་སྙེད་བྱང་ཆུབ་སེམས་དཔའ་ཡིན། །བྱང་ཆུབ་སེམས་ལ་རབ་ཏུ་འབྱུང་། །ཞེས་དང་། བསླབ་བཏུས་སུ། འདི་ཉིད་དེ་བཞིན་གཤེགས་པ་མཉེས་བྱེད་ཡིན། །སེམས་ཅན་མགུ་བར་བྱེད་པའང་འདི་ཉིད་དེ། །རང་དོན་ཡང་དག་བསྒྲུབ་པོ་ཡང་འདི་ཉིད་དོ། །ཞེས་དང་། སྤྱོད་འཇུག་ལས། དེང་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་


CMR054_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །རྒྱལ་སྲས་རྣམས་ལ་དོ་གལ་ཆེ་བ་སྟེ། །སྡིག་པ་མི་འབྱུང་དགེ་བ་ངང་གིས་འཕེལ། །དེ་ཚེ་བདག་གི་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །རྒྱལ་བའི་སྲས་སུ་ད་གྱུར་ཏོ། །འདི་ནི་བྱང་ཆུབ་སེམས་སྟོབས་ཀྱིས། །སྔོན་གྱི་བསོད་ནམས་ཀུན་གྱི་གཏེར། །དེ་ནི་རྒྱལ་སྲས་ཆགས་མེད་རབ་ཏུ་ཐོབ། །ཅེས་དང་། དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། གང་གཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་ཀུན་མི་གང་གིས། །རིན་ཆེན་བདུན་གྱིས་ཡོངས་བཀང་ཞིང་། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བྱས་ཏེ། །བྱང་ཆུབ་སེམས་ནི་བསྐྱེད་པ་ན། །མཆོད་པ་འདི་ནི་ཁྱད་འཕགས་ཏེ། །དེ་ལ་མཐའ་ནི་མ་མཆིས་སོ། །ཞེས་གསུངས་སོ། །དེ་ལྟར་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཀྱི་རྩི་བ། བྱང་ཆུབ་སེམས་བསྐྱེད་འདིའི་དབྱེ་བ་དང་། ས་མཚམས་སོགས་བཤད་པ་རྒྱ་ཆེན་པོ་ནི། དབུ་མ་དང་ཕར་ཕྱིན་གྱི་ཊཱིཀ་ཆེན་པོ་རྣམས་ནས་གསལ་ཏེ། མཚན་ཉིད་


CMR054_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱིས་སློབ་གཉེར་བྱེད་རྒྱུ་དེ་ཡིན། གོ་དཀའ་ཞིང་ཉམས་ཐོག་ཏུ་ལོན་པར་དཀའ་བས་འདིར་མ་བཤད། དེའི་སྡོམ་པ་ཞུ་བ་ལ་ཡང་། རྒྱ་ཆེན་སྤྱོད་བརྒྱུད་ལུགས་ནི། དགེ་བའི་བཤེས་གཉེན་གཅིག་མ་གཏོགས་མི་སྐྱེ། ཟབ་མོ་ལྟ་བརྒྱུད་ལུགས་ནི་སུ་ལ་ཡང་སྐྱེ། དེ་ཞུ་བར་འདོད་ན་གུད་དུ་གསལ་བ་ལྟར་ཡིན་ཏེ། དབང་གི་ཞོར་ལ་ཡང་ཐོབ་པས་དེས་ཆོག །བྱང་སྡོམ་གྱི་བསྲུང་བྱ་མང་དུ་ཡོད་ཀྱང་། ཐ་མལ་པ་རྣམས་ཀྱིས་ཤེས་དཀའ་ཞིང་བསྲུང་བར་མི་ནུས་པས། རང་གིས་དགེ་རྩ་ཆེ་ཕྲ་ཅི་བྱས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འདི་བྱེད་བསམ་པའི་སེམས་བསྐྱེད་དང་། རྗེས་ནས་དགེ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་སངས་རྒྱས་ཐོབ་པར་ཤོག་བསམ་པ་དེས་འཐུས་ཏེ། །མདོ་ལས། རྒྱལ་པོ་ཆེན་པོ་ཁྱོད་ནི་བྱ་བ་མང་པོ་བྱེད་པ་མང་བས་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་བྱ་བ་མཐའ་དག་སྒྲུབ་པར་མི་ནུས་ཀྱིས། ཁྱོད་འགྲོའམ་འགྲེང་ངམ་འདུག་ཀྱང་རུང་སྟེ། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མ་བྲལ་བར་གྱིས་ཤིག་དང་། ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལེགས་པར་སྤྱད་པར་འགྱུར་རོ། །ཞེས་དང་། བྱང་


CMR054_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཏུ་སེམས་བསྐྱེད་ནས་ཉམས་སུ་ལེན་རྒྱུ་ཕ་རོལ་ཕྱིན་དྲུག་ཡིན་ཀྱང་། བསྒོམ་རྒྱུ་དམིགས་པ་ནི་བྱམས་སྙིང་རྗེ་གཙོ་བོ་ཡིན་པས། དེ་ལ་བྱམས་པ་བསྒོམ་པའི་ཕན་ཡོན་ནི། རྒྱ་ཆེར་རོལ་པ་ལས། བྱམས་སེམས་ལྡན་པ་དུག་དང་མཚོན་མི་ཚུགས། །རོ་ལངས་དང་ནི་འཇིགས་པ་གཞན་མི་འབྱུང་། །བྱམས་སེམས་ལྡན་པར་གཞན་གྱིས་གནོད་མི་འགྱུར། །དཔུང་བཅས་བདུད་རྣམས་རྒྱལ་ཆེན་སྡེ་བཅས་པའི། །ནག་པོའི་རྩ་ལག་བྱམས་པའི་སྟོབས་ཀྱིས་འཇོམས། །བླ་མེད་བྱང་ཆུབ་ཞི་བར་སངས་ཡང་རྒྱ། །ཞེས་དང་། ཐར་པ་ཆེན་པོ་ལས། གང་ཞིག་འཇིག་རྟེན་རྣམ་དག་ན། །བསྐལ་པ་གཅིག་གི་བར་དག་ཏུ། །ཚུལ་ཁྲིམས་དམ་པ་བསྲུངས་བ་བས། །སྐྱེས་བུ་དེ་ནི་སྐད་ཅིག་ཙམ། །དེ་བས་བྱམས་པ་བསྒོམ་པ་མཆོག །གང་ཞིག་འཇིག་རྟེན་ས་འདི་རུ། །ལུས་ངག་ཡིད་གསུམ་སྡིག་བསགས་པས། །ངན་སོང་གསུམ་དུ་སྐྱེ་ངེས་ཀྱང་། །བྱམས་པའི་སེམས་དེས་འཕྲལ་དུ་འབྱངས། །གསུངས་སོ། །དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། བྱེ་བ་ཁྲག་ཁྲིག་གཏམ་པའི་ཞིང་རྣམས་སུ། །མཆོད་པ་རྣམས་མང་དཔག་མེད་ཇི་སྙེད་


CMR054_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

པས། །སྐྱེས་མཆོག་རྣམས་ལ་ཉིན་རེ་རྟག་མཆོད་པས། །བྱམས་པའི་སེམས་ལ་གྲངས་དང་ཆར་མི་ཕོད། །ཅེས་གསུངས་སོ། །དཀོན་བརྩེགས་དང་རིན་ཆེན་ཕྲེང་བར། །རྗེའུ་ཚོད་སུམ་བརྒྱའི་ཁ་ཟས་དག །ཉིན་རེ་དུས་གསུམ་སྦྱིན་པས་ཀྱང་། །བྱམས་པ་ཡུད་ཙམ་ཐང་ཅིག་གི །བསོད་ནམས་དག་ལ་ཆར་མི་ཕོད། །ལྷ་མི་བྱམས་པར་འགྱུར་བ་དང་། །དེ་དག་ཀྱང་ནི་བསྲུང་བ་དང་། །ཡིད་དགེ་བ་དང་བདེ་མང་དང་། །དུག་དང་མཚོན་གྱི་གནོད་མེད་དང་། །འབད་པ་མེད་པར་དོན་ཐོབ་དང་། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །གལ་ཏེ་གྲོལ་བར་མ་གྱུར་ཀྱང་། །བྱམས་ཆོས་ཡོན་ཏན་བརྒྱད་འཐོབ་བོ། །ཞེས་དང་། དེ་སྐད་དུ། ཉེས་པ་འདི་ཀུན་བྱམས་སོགས་ལ། །ལེགས་པར་གནས་ལ་མི་འབྱུང་སྟེ། །ཉོན་མོངས་ཅན་མིན་སེམས་ཅན་གྱི། །དོན་དུ་སྐྱེ་བ་ཡང་འཛིན་པར་བྱེད། །ཅེས་གསུངས་སོ། །འཇམ་དཔལ་ཞིང་བཀོད་ལས། བྱང་ཤར་གྱི་མཚམས་ནས་སངས་རྒྱས་དབང་ཕྱུག་ཆེན་པོའི་རྒྱལ་པོའི་འཇིག་རྟེན་གྱི་ཁམས་སྟོང་གིས་བརྒྱན་པ་ཞེས་བྱ་བ་དེ་ན། དགེ་སློང་འགོགས་པ་ལ་ཞུགས་པའི་བདེ་བ་བཞིན་དུ་སེམས་ཅན་


CMR054_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་བདེ་བ་དང་ལྡན་ནོ། །དེར་ལོ་བྱེ་བ་བརྒྱ་སྟོང་དུ་ཚངས་པར་སྤྱོད་པ་སྤྱད་པ་བས་ནི། ཞིང་འདིར་ཐ་ནའང་སེ་གོལ་གཏོགས་པའི་ཡུན་ཙམ་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བསྐྱེད་ན། སྔ་མ་བས་བསོད་ནམས་ཆེས་མང་དུ་བསྐྱེད་ན་ཉིན་མཚན་དུ་གནས་པ་ལྟ་ཅི་སྨོས། ཞེས་དང་། དེ་བཞིན་དུ་བྱམས་སྙིང་རྗེ་བསྒོམས་པའི་ཕན་ཡོན་ཡང་། སྤྱན་རས་གཟིགས་ཀྱི་རྟོགས་པ་བརྗོད་པ་ལས་ཀྱང་། ཆོས་གཅིག་ཡོད་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་བཞག་པ་ལྟ་བུར་འགྱུར་ཏེ། གཅིག་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ། །ཞེས་གསུངས་སོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་། བཅོམ་ལྡན་འདས་འདི་ལྟ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་གང་དུ་མཆིས་པ་དེར། དཔུང་གི་ཚོགས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར། སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིའོ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་གསང་བའི་མདོ་ལས་ཀྱང་། །གསང་བའི་བདག་པོ་ཐམས་ཅད་མཁྱེན་


CMR054_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན་ནོ། །ཞེས་གསུངས་སོ། །དོ་ཧ་ལས། སྙིང་རྗེའི་མེ་ཏོག་གཞན་ཕན་འབྲས་བུ་འབྱིན། །མིང་ནི་གཞན་ལ་ཕན་པའོ། །ཞེས་དང་། རྣམ་སྣང་མངོན་བྱང་གི་རྒྱུད་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི། །སྙིང་རྗེའི་རྩ་ལས་བྱུང་བ་ཡིན། །བྱང་ཆུབ་ཀྱི་རྒྱུ་ལས་བྱུང་བ་ཡིན། །ཐབས་ཀྱི་མཐར་ཕྱིན་པ་ཡིན་ནོ། །ཞེས་དང་། སངས་རྒྱས་ཐོབ་པ་ལ་དང་པོ་གལ་ཆེ་བ་ས་བོན་ལྟ་བུ། བར་དུ་ཆུ་ལུད་ལྟ་བུ། ཐ་མ་སྟོན་ཐོག་ཕུན་སུམ་ཚོགས་པ་ལྟ་བུ་ཡིན་ཏེ། དབུ་མ་འཇུག་པ་ལས། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཐོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། ། དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཞེས་གསུངས་སོ། །སྙིང་རྗེ་དེ་ལ་ཡང་། སེམས་ཅན་ལ་དམིགས་པ་ཆོས་ལ་དམིགས་པ་དམིགས་པ་མེད་པ་གསུམ་ལས། ཐོག་མར་སེམས་ཅན་ལ་དམིགས་པའི་སྙིང་རྗེ་གལ་ཆེ་སྟེ། རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་


CMR054_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་པའི་རྒྱལ་པོ། ཐམས་ཅད་མཁྱེན་པའི་སྟོབས་ཀྱི་རྩ་བ་ནི་སྙིང་རྗེ་ཆེན་པོ་ཡིན་ནོ། །གཞི་ནི་སྙིང་རྗེ་ཆེན་པོ་ཡིན་ནོ། །ཡང་དག་པར་འདུ་བ་ལ་ཡང་སྙིང་། །རྗེ་ཆེན་པོ་ཡིན། སྙིང་རྗེ་ཆེན་པོའི་རྩ་བ་གང་ལགས། གཞི་གང་ལགས། ཡང་དག་པར་འདུ་བ་གང་ལགས། རྣམ་པར་འཕྲུལ་པའི་རྒྱལ་པོ། སྙིང་རྗེ་ཆེན་པོའི་རྩ་བ་ནི་སེམས་ཅན་ཡིན། གཞི་ནི་སེམས་ཅན་ཡིན། ཡང་དག་པར་འདུ་བ་ཡང་སེམས་ཅན་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་འཕྲུལ་པའི་རྒྱལ་པོ། སེམས་ཅན་ཐམས་ཅད་རབ་ཏུ་སྒྲོལ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་ལས་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་སྐྱེ་བའི་ཕྱིར་རོ། །རྣམ་པར་འཕྲུལ་པའི་རྒྱལ་པོ། འདི་བྱང་ཆུབ་སེམས་དཔའི་ཤེས་རབ་རྣམ་པར་འཕྲུལ་པ་ལས་འབྱུང་ངོ་། །ཞེས་གསུངས་པ་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། གསང་བའི་བདག་པོས་གསོལ་པ། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་ཡེ་ཤེས་གང་ལ་བཙལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་སྙིང་རྗེའི་རྩ་


CMR054_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་བྱུང་བ་ཡིན། ཐབས་ཀྱི་མཐའ་ཕྱིན་པ་ལས་བྱུང་བ་ཡིན། གསོལ་པ། སྙིང་རྗེའི་རྩ་བ་གང་ལས་བྱུང་བ་ཡིན། བཀའ་སྩལ་པ། གསང་བའི་བདག་པོ། སྙིང་རྗེའི་ལྟརྩ་བ་ནི་སེམས་ཅན་ལས་བྱུང་བའོ། །ཞེས་གསུངས་སོ། །དེ་བཞིན་དུ་འོད་སྲུང་གིས་ཞུས་པའི་མདོ་ལས། དཔེར་ན་ནམ་མཁར་ས་བོན་སྐྱེ་བ་ནི། འདས་དང་མ་འོངས་ད་ལྟ་མེད་དོ། །དེ་བཞིན་དུ་འདུས་མ་བྱས་ལ་སྐྱེ་བ་གང་དུའང་མ་བྱུང་འབྱུང་བར་མི་འགྱུར། དཔེར་ན་ཆུ་ལུད་བཅས་པའི་ས་གཞི་ལ། །ས་བོན་སྐྱེ་བའི་དཀོན་རུང་རྣམས་ལ་མིན། །དེ་བཞིན་ཉོན་མོངས་ལོག་ལྡན་སྐྱེ་བོ་ལ། །རྒྱལ་སྲས་རྣམས་ཀྱི་རྒྱལ་པོའི་ཆོས་རྣམས་སྐྱེ། །དཔེར་ན་པདྨ་ཆུ་རྫིང་རྣམས་ན་སྐྱེ། །དཀོན་རུང་རྣམས་ལ་ནམ་ཡང་སྐྱེ་མི་འགྱུར། །དེ་བཞིན་འདུས་མ་བྱས་ལ་སངས་རྒྱས་ཆོས། །སྐྱེ་བ་གང་ནའང་མ་བྱུང་འབྱུང་མི་འགྱུར། །དཔེར་ན་ལུད་བཅས་འདམ་རྫབ་ཆུ་ལས་ནི། །པདྨ་སྐྱེ་ཡི་ཐང་ལ་ནམ་ཡང་མིན། །དེ་བཞིན་ཉོན་མོངས་ལོག་ལྡན་སྐྱེ་བོ་ལ། །རྒྱལ་སྲས་རྣམས་ཀྱི་སྙིང་རྗེ་ཆེན་པོ་སྐྱེ། །ཞེས་གསུངས་པའོ། །དེ་ལ་ཐོག་མར་བྱམས་པ་བསྒོམས་པས་སྙིང་རྗེ་སྐྱེ་སླ། དེ་ལ་ཚེ་འདི་


CMR054_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནང་གི་དྲིན་ཆེ་ཤོས་ནི་རང་གི་མ་ཡིན་ཏེ། མའི་དྲིན་ཅི་ཙམ་ཡོད་ཅེ་ན། ལུས་བསྐྱེད་པའི་དྲིན་དང་། དཀའ་བ་སྤྱད་པའི་དྲིན་དང་། སྲོག་བྱིན་པའི་དྲིན་དང་། འཇིག་རྟེན་བསྟན་པའི་དྲིན་དང་བཞི་ཡོད་དོ། །དེ་ལྟར་ཡང་། འཕགས་པ་བརྒྱད་སྟོང་པ་ལས། ཅིའི་ཕྱིར་ཞེ་ན། མ་འདིས་ནི་བདག་ཅག་བསྐྱེད་པ། འདིས་ནི་དཀའ་བ་སྤྱད་པ། བདག་ཅག་གི་ནི་སྲོག་བྱིན་པ། འཇིག་རྟེན་ཀུན་བསྟན་པ་ཡིན་ནོ། །ཞེས་གསུངས་སོ། །ཚེ་འདིའི་མ་དྲིན་ཆེ་བ་ལྟར། སེམས་ཅན་ཐམས་ཅད་ཀྱང་ཚེ་རབས་མང་པོའི་ཕ་མ་ཡིན་ཞིང་དྲིན་ཆེ་བ་སྟེ། བཤེས་སྤྲིངས་ལས། རེ་རེའི་བདག་ཉིད་རུས་པའི་ཕུང་པོ་འདི། །ལྷུན་པོ་མཉམ་པར་སྐད་ཅིག་འདས་གྱུར་ཀྱང་། །མ་ཡི་ཐོག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བྱས་ཀྱང་ས་ཡིས་ལོངས་མི་འགྱུར། །ཞེས་དང་། གང་གིས་བདག་གི་མ་བྱས་ཤིང་། །མ་ཡི་ནུ་ཞོ་འཐུང་བ་ཙམ། །རྒྱ་མཚོ་བཞི་ཡི་ཆུ་ཡང་མེད། །གང་གིས་བདག་གི་ཕ་བྱས་ཤིང་། །རྟ་དང་གླང་པོ་བྱིན་པ་ཡང་། །ཚངས་པའི་འཇིག་རྟེན་ལས་ཀྱང་ཐལ། །ཞེས་དང་། སྤྱོད་འཇུག་ལས། གང་གིས་


CMR054_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོར་མ་ཉལ་བའི་སེམས་ཅན་གཅིག་མེད་ཅིང་། །གང་གིས་ནོར་རྫས་བྱིན་དང་སྲུང་ལ་སོགས། །བདག་གི་དོན་དུ་དཀའ་བ་མ་བསྐྱེད་སེམས་ཅན་ནི། །གཅིག་ཀྱང་མེད་ཕྱིར་ཀུན་ལ་སྙོམ་པར་བྱ། །ཞེས་དང་། སློབ་སྤྲིངས་ལས། བྱིས་པ་སང་ནས་བཙའ་བ་ཅི་ཡང་མི་ནུས་པ། །གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱི་ཟག་བཏུང་བ། །ངལ་བ་མང་བསྟན་བྱམས་པ་བསྟན་པ་དེ་དག་འདིར། །ཤིན་ཏུ་མ་རབས་ཞིང་ན་ཡང་སྤང་བར་སུ་ཞིག་སྤྲོ། །ཞེས་གསུངས་སོ། །ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཁྱད་པར་ཐུགས་རྗེ་ཆེན་པོ་བྱམས་དང་སྙིང་རྗེའི་བདག་ཉིད་ཡིན་པས། བྱམས་སྙིང་རྗེའི་ཁྲིད་ཅེས་དང་། ཕ་མ་ད་ལྟའི་དྲིན་ཆེན་འདི། ཀུན་གྱིས་དཀའ་བ་དང་དྲིན་དེ་ཙམ་གྱིས་བསྐྱང་རུང་། ཁྱོད་ཞེ་ཐག་པས་སྙིང་རྗེ་བྱམས་པ་མི་སྐྱེ་བ་ཁྱོད་འདྲ་བ་གདེང་མེད་པོ། ཁྲེལ་མེད་པ་པོ། ངོ་ཚ་མེད་པ། སྙིང་རྗེ་མེད། ཕྱི་ཐག་མེད། དྲིན་དུ་མི་བཟོ་ཁ་ཆོས་ཞེ་ངན་པོ། ཁྱོད་རེ་སྡུག །ཞེ་རེ་ཁྲེལ། ལས་རེ་ངན། དཀོན་མཆོག་གི་ཞེ་རེ་ཁྲེལ་བྱས་ལ་སྙིང་ནས་བྱམས་དང་སྙིང་རྗེ་བསྒོམ། དེ་ཡང་བློ་སྦྱོང་གཞུང་ལས། གཏོང་ལེན་གཉིས་པོ་སྤེལ་མར་


CMR054_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་། །དེ་གཉིས་རླུང་ལ་བསྐྱོན་པར་བྱ། །ལེགས་པའི་གོ་རིམ་རང་ནས་བརྩམ། །ཞེས་གསུངས་སོ། །གཏོང་ལེན་སྒོམ་པ་འདི་ནི་བདག་གཞན་གོ་བརྗེ་བ་ཡིན་པས་ཤིན་ཏུ་གལ་ཆེ་བ་ཡིན་ཏེ། སྤྱོད་འཇུག་ལས། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་སྐྱོབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་དང་། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྱུར་ཞིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་དང་། དེ་ལྟར་བདག་གནོད་ཞི་བ་དང་། །གཞན་གྱི་སྡུག་བསྔལ་ཞི་བའི་ཕྱིར། །བདག་ཉིད་གཞན་ལ་གཏོང་བ་དང་། །གཞན་རྣམས་བདག་བཞིན་བཟུང་བར་བྱ། །ཞེས་གསུངས་སོ། །བདག་གཞན་བརྗེ་བའི་དོན་རང་ཡང་། སྔར་རང་ལ་གཅེས་པར་འཛིན། གཞན་ཡལ་བར་འདོར་བའི་བློ་འདི་གོ་ས་བརྗེས་ནས་ད་ནི་གཞན་གཅེས་པར་བཟུང་ནས་བདག་བདེ་གཞན་ལ་གཏོང་། རང་ཡལ་བར་དོར་ནས་གཞན་གྱི་སྡུག་བསྔལ་བདག་ལ་ལེན་པ་ཡིན་ནོ། །ཕྱག་ཆེན་ལྔ་ལྡན་གྱི་རྩ་བ་ཡང་འདི་ཡིན་


CMR054_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། བྱང་ཆུབ་སེམས་ཀྱི་རྟ་ཕོ་ལ། །གཞན་ཕན་གྱི་དཀྱུས་ཐོག་མ་བཅད་ན། །ཁྲོམ་ལྷ་མའི་འཁོར་ཆེ་མི་འབྱུང་བས། །བྱང་ཆུབ་ཀྱི་སེམས་ལ་འབད་ཀྱང་འཚལ། །ཞེས་གསུངས་སོ། །སེམས་བསྐྱེད་བླང་བའི་ཡུལ་ཡང་། བསྟན་པ་སྤྱི་ཡི་ལུགས་ལ། སྟོན་པ་ཤཱཀྱ་ཐུབ་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བར་སྒོམ་པ་ཡིན་ནའང་། ཆོས་འདིའི་ལུགས་ཀྱི་སངས་རྒྱས་འོད་དཔག་མེད་སྒོམ་པ་ཡིན། སེམས་བསྐྱེད་ཀྱི་འདོན་ཆ་མི་འདྲ་བ་མང་དུ་ཡོད་པ། ཐུགས་ལ་ཡོད་པ་རྣམས་ཀྱིས་རང་རང་གཞུང་ལྟར་འདོན་ཆོག །བློ་ལ་མེད་ན་གསར་དུ་བཟུང་བ་སོགས་མི་བྱ་སྟེ། ཚིག་གཅིག་པོ་འདིས་ཆོག །དམིགས་པ་སྒོམ་པ་གལ་ཆེ་སྟེ། དམིགས་པ་ནི། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་དང་པད་ཟླའི་སྟེང་དུ། རྩ་བའི་བླ་མ་དང་དབྱེར་མེད་པ། སྟོན་པ་ཆོས་སྐུ་སྣང་བ་མཐའ་ཡས། སྐུ་མདོག་དམར་པོ་དབུ་གཙུག་ཏོར་ཞབས་འཁོར་ལོ་སོགས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ཕྱག་གཉིས་མཉམ་བཞག་གི་


CMR054_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ན་ལྷུང་བཟེད་བདུད་རྩིས་བཀང་བ་བསྣམས་པ། དེའི་གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དཀར་པོ་གཡོན་དུ་མཐུ་ཆེན་ཐོབ་སྔོན་པོ། །གཉིས་ཀ་བྱང་ཆུབ་སེམས་དཔའི་ཆ་ལུགས་ཅན། བསྡུ་ན་དེ་གསུམ་གྱིས་ཆོག །དམིགས་པ་ཟིན་ན་སྐྱབས་འགྲོའི་སྐབས་ལྟར་དཀོན་མཆོག་ལྔ་ཚོམ་བསྒོམ། དེའི་དྲུང་དུ་དད་གུས་རྩེ་གཅིག་པས། ད་ནི་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་བའི་ཕ་མ་སེམས་ཅན་འདི་རྣམས་སྡུག་བསྔལ་ལས་བསྒྲལ་བའི་དོན་དུ་བདག་གིས་རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་པར་བྱའོ། །སྙམ་དུ་སེམས་ཐག་པ་ནས་བསམ་སྟེ། སངས་རྒྱས་ཆོས་ཚོགས་མ་ཚར་མང་དུ་བརྗོད་པས་བྱང་སྡོམ་སྐྱེ་བར་དཔལ་གཙུག་ལག་ཕྲེང་བས་གསུངས། ཚིགས་བཅད་དེ་ཡང་མང་མས་ཤེས་དཀའ་བས། ཇོ་བོ་རྗེའི། བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་པ་འདི་བརྒྱ་ཚར་ཙམ་འདོན། མཐར་ནམ་མཁའི་སྐྱབས་ཡུལ་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་བཞི་གཞུང་ལྟར་བསྒོམ། དེ་ནས་


CMR054_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ཕར་བུས་པས། རང་གི་བདེ་སྐྱིད་དང་དགེ་བའི་རྩ་བ་ཅི་ཡོད་པ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སིབ་ཀྱིས་ཐིམ་ནས། སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན། བདེ་བའི་རྒྱུ་བསོད་ནམས་ཡེ་ཤེས་ཀྱི་ཚོགས་གཉིས་དང་ལྡན་པར་བསྒོམས་ལ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །ཅེས་བརྗོད་པ་ནི་བྱམས་པ་བསྒོམ་པ་ཡིན་ལ། རླུང་ནང་དུ་རྔུབ་པའི་ཚེ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་སྡིག་སྒྲིབ་ཅི་ཡོད་པ་ཐམས་ཅད་སིབས་སེ་རང་ལ་ཐིམ་པས། མེ་ལ་ཤིང་བསྣན་པ་ལྟར། རང་ཐུགས་རྗེ་ཆེན་པོའི་བཀྲག་མདངས་སྔར་ལས་རྒྱས། སེམས་ཅན་ཐམས་ཅད་རིགས་དྲུག་སོ་སོའི་སྡུག་བསྔལ་དང་། སྡུག་བསྔལ་གྱི་རྒྱུ་སྡིག་སྒྲིབ་ཐམས་ཅད་དང་བྲལ་བ་བསྒོམས་ལ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུལ་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །ཅེས་བརྗོད་པ་ནི་སྙིང་རྗེ་བསྒོམ་པ་སྟེ། དེ་ཡང་སྐྱེ་སླ་ཕྱིར་དང་པོ་རང་གི་མ་ལ་བསྒོམ། དེ་ནས་རང་གི་མཐུན་ཕྱོགས་ལ་བསྒོམ། དེ་ནས་ཆོས་དང་བསམ་པ་གཅིག་པ་རྣམས་ལ་བསྒོམ། དེ་ནས་དགྲ་གཉེན་མེད་པར་ཀུན་ལ་


CMR054_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། དེ་ཡང་བྱམས་སྙིང་རྗེའི་དབང་གིས་མཆི་མ་འཁྲུགས་པ་བྱུང་ན། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་ཡིན། དེ་ཡང་དགྲ་གཉེན་དང་ཕྱོགས་རིས་མེད་པ་སེམས་ཅན་ཐམས་ཅད་ལ་མཉམ་ན། བྱམས་པ་ཚད་མེད་དང་སྙིང་རྗེ་ཚད་མེད་ཡིན། གཏོང་ལེན་དམིགས་པ་དེ་གཉིས་ཐུན་རེ་ལ་བརྒྱ་རེའམ། རང་གི་ལོ་གྲངས་སམ་ཉེར་གཅིག་ཙམ་རེ་བསྒོམ། དེ་ནས་དེ་སྒོམ་མཁན་གྱི་སེམས་ལ་བལྟས་པས། བསོད་ནམས་དགེ་རྩ་ཕར་བཏང་བ་དང་། སྡིག་སྒྲིབ་ཚུར་བླངས་པ་དེ་ཐམས་ཅད་སེམས་ཡིན། སེམས་ནི་གདོད་མ་ནས་མ་སྐྱེས་པ་ནམ་མཁའ་ལྟ་བུ། སྟོང་པ་ཉིད་ཀྱི་ངོ་བོ། ཡེ་ནས་འོད་གསལ་བ་ཡིན་ཏེ། སེམས་བསྐྱེད་ཆེན་པོའི་མདོ་ལས། འོད་སྲུང་ནམ་མཁའ་ལྟར་མཚན་ཉིད་མེད་ཅིང་། ཡེ་ནས་འོད་གསལ་བ་རྣམ་པར་དག་པ་དེ་ལ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱའོ། །ཞེས་དང་། སེམས་བསྐྱེད་ཀྱི་ཆོ་ག་རྒྱས་པ་ནས། དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། གཟུང་བ་དང་འཛིན་པ་ཐམས་ཅད་རྣམ་པར་སྤང་བ། ཆོས་བདག་མེད་པ་མཉམ་པ་ཉིད་ཀྱི་རང་གི་སེམས་


CMR054_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་མ་ནས་མ་སྐྱེས་པ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བགྱིའོ། །ཞེས་གསུངས་པའི་ཕྱིར་ཁྱེད་རང་ཉམས་ལེན་ཡོད་པ་རྣམས་ཀྱིས་སེམས་ངོ་མ་ཡེངས་པའི་ངང་ནས་གཏོང་ལེན་གྱི་དམིགས་པ་བསྒོམ་དང་། བྱམས་པ་ནི་བྱམས་ཆེན་གཉུག་མའི་ཏིང་ངེ་འཛིན་དང་། སྙིང་རྗེ་ནི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་པས། དེ་ལས་ཟབ་པའི་ཆོས་མདོ་ལུགས་ལ་མེད་པ་ཡིན། གསར་བུ་རྣམས་ཀྱིས་ཀྱང་གཏོང་ལེན་དེ་ཡུན་རིང་བསྒོམ་རྗེས། དེ་སྒོམ་མཁན་གྱི་སེམས་དེ་ལ་ལྟོས་ནི་སྡོད་དང་། ལས་འཕྲོ་ཡོད་ན་འདི་སྐབས་ནས་ཉམས་རྟོགས་བཟང་པོར་སྐྱེ་ཡང་སྲིད་པ་ཡིན། གཏོང་ལེན་གྱི་སྐབས་སུ་རང་ལུས་ལྷར་མ་བསྒོམས་ཀྱང་རུང་སྟེ། གསར་བུ་རྣམས་དམིགས་པ་དེ་ལ་རྣམ་ཀ་འོང་དོགས་པས་དེ་བགགས་པ་དང་། མི་ཏྲ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ལས། རང་ལུས་ལྷར་བསྒོམ་པར་གསུངས་ཏེ་སྒོམ་པ་དེ་ལེགས། མ་བསྒོམས་ཀྱང་རང་ལ་གནོད་དོགས་མི་དགོས་ཏེ། རྡོ་རྗེའི་གསུང་དགོངས་པ་གཅིག་པ་ལས། སྲུང་འཁོར་རྨད་བྱུང་བྱང་ཆུབ་གོ་ཆ་ཡིན། །ཅེས་དང་། མཚན་བརྗོད་ལས། བྱམས་པའི་གོ་ཆ་


CMR054_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཆས་པ་སྟེ། །སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཞེས་གསུངས་པས་གཏོང་ལེན་གྱི་དམིགས་པ་དེ་ཐུན་རེ་རྒྱུན་དུ་བསྒོམས་ན། བར་ཆད་གང་གིས་ཀྱང་མི་ཚུགས་ཏེ་སྲུང་བའི་མཆོག་ཡིན། ཕོ་གདོན་མོ་གདོན་ཀླུ་གདོན་སོགས་གདོན་གྱིས་གནོད་ན་ཡང་། གདོན་དེ་རང་ལ་བྱམས་སྙིང་རྗེ་གཏོང་ལེན་གྱི་དམིགས་པ་ཕུར་ཚུགས་སུ་བྱས་ན། གདོན་དེ་དམ་ལ་ཐོགས་ནས་རང་གི་ཆོས་སྐྱོང་དུ་འོང་བ་ཡིན་ཏེ། སྔོན་བཅོམ་ལྡན་འདས་ཀྱིས་ཀྱང་བྱམས་པའི་ཏིང་ངེ་འཛིན་གྱིས་བདུད་བཏུལ། ། མཚོན་ཆའི་ཆར་རྣམས་ཀྱང་མེ་ཏོག་གི་ཆར་དུ་གྱུར་པ་ཡིན།། རང་ཉིད་ནད་ཀྱིས་བཏབ་ན་ཡང་། སེམས་ཅན་ཐམས་ཅད་ཀྱི་ནད་དང་སྡུག་བསྔལ་ཐམས་ཅད་རང་གི་ན་སར་བསྟིམས་པས། གཏོང་ལེན་གྱི་དམིགས་པ་དེ་ཕུར་ཚུགས་སུ་བསྒོམ་ན། ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པའི་ནད་ཐམས་ཅད་ལ་ཕན་ཏེ། སྔོན་དགེ་བའི་བཤེས་གཉེན་འཆད་དཀའ་བས། གཏོང་ལེན་གྱི་དམིགས་པ་འདི་ཁོ་ན་ལ་བརྟེན་ནས་མཛེ་ཕོ་ལྔ་བརྒྱ་ཙམ་ལ་ཕན་པས། བཀའ་གདམས་པའི་མཛེ་ཆོས་སུ་གྲགས། སྐྱོབ་པ་འཇིག་རྟེན་མགོན་པོ་ལ་མཛེ་བྱུང་བས། གཏོང་ལེན་


CMR054_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་དུས་ཤངས་བུག་ནས་སྦྲུལ་དཀར་པོ་གཅིག་ཕྱིར་ཐོན་སྐུ་ལུས་བདེ། མི་བསྒོམ་དུས་སུ་ཚུར་ཞུགས་ནས་བསྙུང་གཞི་ཐུ་བ་བྱུང་། །གདམས་པ་འདི་གཞན་ལ་གནང་བས་མཛེ་ཕོ་མང་པོར་ཕན་པས། ཀྱུ་རས་མཛེ་ལ་འུར་དེད་བྱས་ཞེས་གྲགས། །གལ་ཏེ་ལས་ནད་ཡིན་ནས་མ་ཕན་ན་ཡང་དམིགས་པ་དེ་བསྒོམས་པས། ན་བའི་ཟུག་གཟེར་དེས། ཚེ་སྔོན་གྱི་སྡིག་སྒྲིབ་ཅི་ཡོད་པ་དག་པར་འགྱུར་ཏེ། ཕ་དམ་པའི་ཞལ་ནས། ན་བ་ན་བ་མ་ཡིན་ཏེ། །རྣལ་འབྱོར་སྒྲིབ་པའི་ཕྱགས་ཤིང་ཡིན། །ཞེས་གསུངས་པས། ན་བ་དེ་བྱང་ཆུབ་ཀྱི་ལམ་དུ་འགྱུར་རོ། །དེ་བཞིན་དུ་རང་ལ་སྡུག་བསྔལ་ཅི་བྱུང་ཡང་རུང་སྟེ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དེ་རང་གི་སྡུག་བསྔལ་དེ་ལ་བསྟིམས་ནས། གཏོང་ལེན་གྱི་དམིགས་པ་དེ་བསྒོམས་པས། སྡུག་བསྔལ་ཅི་བྱུང་ཡང་བྱང་ཆུབ་ཀྱི་ལམ་དུ་འགྱུར་རོ། །དེ་བཞིན་དུ་མ་ཉེས་པའི་ཁ་ཡོག་གཤེ་སྐུར་སྒྲ་ཕབ་གཏམ་ངན་སེམས་ལ་མི་བཟོད་པ་གང་བྱུང་ཚེ། ནད་བརྒྱ་སྨན་གཅིག་ལྟར་གཏོང་ལེན་དེ་ཁོ་ན་བསྒོམས་པས། སྡིག་སྒྲིབ་ཐམས་ཅད་རྩད་ནས་གཅོད་དེ། དུས་སྙིགས་མ་ལྔ་འདི་བྱང་ཆུབ་ཀྱི་ལམ་དུ་འགྱུར་བའི་


CMR054_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས། ཇོ་བོ་གསེར་གླིང་པ་ནས་ཨ་ཏི་ཤ་ལ་བརྒྱུད་པའི་གདམས་ངག །བཀའ་སྡེ་སྣོད་བདེ་བ་ཡིན་པས་ཉམས་སུ་ལོངས་ཤིག །སེམས་བསྐྱེད་ཀྱི་ཆོས་ཐུན་ཚར་རོ།། ། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བདུན་པ་སེམས་བསྐྱེད་ཀྱི་ཁྲིད།next