Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བརྒྱད་པ་སྒྲིབ་སྦྱངས་ཀྱི་ཁྲིད།
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བརྒྱད་པ་སྒྲིབ་སྦྱངས་ཀྱི་ཁྲིད།next

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བརྒྱད་པ་སྒྲིབ་སྦྱངས་ཀྱི་ཁྲིད།


CMR054_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

༼ཉ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བརྒྱད་པ་སྒྲིབ་སྦྱངས་ཀྱི་ཁྲིད་བཞུགས་སོ།།


CMR054_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་གདམས་ངག་ཟབ་མོ། །སྡིག་སྒྲིབ་ཉེས་ལྟུང་སྦྱང་བའི་ཐབས། །སྟོབས་བཞིའི་སྒོ་ནས་བཤགས་པ་གལ་ཆེ་སྟེ། ཚེ་རབས་ཐམས་ཅད་དུ་གནོད་པ་ནི་སྡིག་སྒྲིབ་ཡིན། དེ་བཤགས་ན་དག མ་བཤགས་ན་དུས་ནམ་ཞིག་ངེས་པར་སྨིན་དགོས་པ་ཡིན། ཚེ་འདི་ལ་སྡིག་པ་ཆེན་པོ་མ་བྱས་བསམ་ན་ཡང་། དྲི་མེད་བཤགས་རྒྱུད་དང་། སློབ་དཔོན་ཟླ་བ་གྲགས་པའི་གསུང་མཐུན་པར། ཤ་རུས་བསགས་ན་འཇིག་རྟེན་ལྟོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་


CMR054_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་ན་བསམ་འདས་བརྗོད་མི་ལོངས། །ཞེས་གསུངས་པས་ཚེ་རབས་སྔ་མའི་སྡིག་སྒྲིབ་དཔག་ཏུ་མེད་པ་ཞིག་ཡོད། རིགས་དྲུག་གང་དུ་སྐྱེས་ཀྱང་ཆོས་དང་ལྡན་པའི་ལུས་ཐོབ་པ་ཉུང་། དེའི་ཚེ་གང་བྱས་ཐམས་ཅད་སྡིག་པ་ཁོ་ན་ཡིན་ཏེ། ཆེད་དུ་བརྗོད་པའི་ཚོམ་ལས། །ལྕགས་ལ་གཡའ་ནི་ལང་གྱུར་པ། །ལང་པ་དེས་ནི་རང་ཉིད་ཟ། །དེ་བཞིན་མ་བརྟགས་བྱས་པ་ཡི། །རང་གི་ལས་ཀྱིས་ངན་འགྲོར་འགྲོ། །ཞེས་གསུངས་སོ། །སྤྱིར་དགེ་སྡིག་ཐམས་ཅད་ཡིད་ཀྱི་ཀུན་སློང་ལ་རག་ལས་ཏེ། ཡིད་གཙོ་བོ་ཡིན། ལུས་ངག་བྲན་ཡིན་ནོ། །དེ་ལྟར་ཡང་


CMR054_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ཕྲེང་བ་ལས། ཆོས་རྣམས་ཀུན་གྱི་སྔོན་འགྲོ་བས། །ཡིད་ནི་གཙོ་བོ་ཞེས་གྲགས་པས། །ཞེས་གསུངས་སོ། །དེས་ན་ཡིད་ཆགས་སྡང་ལ་སོགས་པ་ཉོན་མོངས་ཅན་གྱིས་ཀུན་ནས་བསླངས་ནས། མཚམས་མེད་པ་ལྔའམ། དེ་དང་ཉེ་བ་ལྔའམ། མི་དགེ་བ་བཅུའམོ། སྡོམ་པ་དང་དམ་ཚིག་ཉམས་པ་རང་གིས་བྱས་པ་དང་། གཞན་ལ་བྱེད་དུ་བསྩལ་བ་དང་། བྱེད་པ་ལ་རྗེས་སུ་ཡི་རང་བར་བྱེད་པ་རྣམས་སྡིག་པ་མི་དགེ་བ་ཞེས་བྱ་སྟེ། དེ་མ་ཟད་པར་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ། ཡིད་ཆགས་སྡང་གི་དབང་གིས་བྱས་པ་ཡང་མི་དགེ་བ་ཡིན་ནོ། །དེ་དག་གི་འབྲས་བུ་ནི་སྡུག་བསྔལ་འབྱུང་བ་ཡིན་ཏེ། དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་གསུངས་སོ། །སྤྱོད་འཇུག་ལས་ཀྱང་། མི་དགེ་བ་ལས་སྡུག་བསྔལ་འབྱུང་། །འདི་ལས་ཅི་ལྟར་ངེས་ཐར་ཞེས། །ཉིན་མཚན་རྟག་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཞེས་གསུངས་སོ། །


CMR054_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

རང་རེ་རྣམས་དམ་པའི་ཆོས་དཔང་། དཀོན་མཆོག་གསུམ་དང་གནམ་ས་རྒྱ་དབུས། ཇོ་བོ་སོགས་རྟེན་གསུམ། སྙུག་གུའི་བྲིས་ཚད་ཟེར་བ་དང་། རང་དད་པ་གལ་ཆེའི་དགོན་པ་དང་། བླ་མ་ལ་ཚད་བཙུགས་པའི་མནའ་འདི་ཞོར་ལ་འགྲོ་བ་འདི་ཡང་སྡིག་ཆེ་སྟེ། ཏིང་འཛིན་རྒྱལ་པོ་ལས། གང་གིས་འཛམ་བུ་གླིང་འདི་ཡི། །མཆོད་རྟེན་ཐམས་ཅད་བཤིག་བྱེད་པས། །གང་གིས་མདོ་སྡེ་དཔང་བྱེད་པའི། །སྡིག་པ་འདི་ནི་ཆེས་ཁྱད་འཕགས། །གང་གིས་གང་གཱའི་བྱེ་སྙེད་ཀྱི། །དགྲ་བཅོམ་བསད་པར་གྱུར་པ་ལ་བས། །གང་གིས་མདོ་སྡེ་དཔང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། །ཞེས་གསུངས་སོ། །དེང་སང་ཆོས་པ་འགའ་ཞིག་ཆོས་མགོ་མ་ཐོན་པ་ལ་བརྟེན་ནས། ཆོས་པ་འདི་ཚོ་སྒོམ་ཆེན་འདི་ཚོ་ཟེར་ནས་ཆོས་པ་སྤྱི་ལ་སྐུར་འདེབས་བྱེད་པ་ནི། མཚམས་མེད་པ་ལས་ཀྱང་ཐུ་སྟེ། ཐར་པ་ཆེན་པོའི་མདོ་ལས། གང་ཞིག་ཆོས་འདི་འཇིག་པའི་ཚེ། །རྒྱལ་བའི་དྲིན་ལེན་ལེན་འདོད་པས། །སྐད་ཅིག་ཡུད་ཙམ་སྒོམ་བྱེད་པ། །སྟོང་ཁམས་གང་བའི་སེམས་ཅན་ལ། །སྲོག་གི་སྦྱིན་པ་བྱིན་པ་བས། །བསམ་གཏན་སྒོམ་


CMR054_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསོད་ནམས་ཆེ། །གང་གིས་བསྒོམས་ལ་སྐུར་པ་དང་། །དགེ་འདུན་དཀྲུགས་པར་བྱེད་པ་ནི། །སྟོང་ཁམས་གསུམ་པོ་གང་བ་ཡི། །མི་རྣམས་ཀྱི་ནི་སྲོག་བཅད་དང་། །སྲོག་ཆགས་ཐམས་ཅད་བསད་དང་འདྲ། །དེ་ཡི་སྡིག་པའང་དེ་བཞིན་ནོ། །གང་ཞིག་དགེ་སྦྱོང་མཐོང་བ་ལ། །སྐུར་པ་འདེབས་ཤིང་མ་དད་ན། །དཀོན་མཆོག་གསུམ་གྱི་རིགས་གཅོད་པས། །དེས་ནི་རྒྱལ་བའི་ལན་མི་ལྡོན། །ཅེས་དང་། རྒྱུད་བླ་མར། གང་ཞིག་ཡང་ཡང་སྡིག་གྲོགས་བརྟེན་པས་སངས་རྒྱས་ངན་སེམས་སྡང་གྱུར་དང་། །ཕ་མ་དགྲ་བཅོམ་གསོད་པར་བྱ་དང་རུང་མིན་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་པས་མྱུར་དུ་དེ་ལས་ཐར་འགྱུར་གྱིས། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་གསུངས་སོ། །རང་རེ་ཡོན་ཏན་མཁན་པོ་རྣམས་ཀྱིས་ཀྱང་། ལྟ་བ་དང་། གྲུབ་མཐའི་བཤགས་རལ་མ་འཁྲུལ་པ་ཤེས་ནས་གཞན་ལ་སྟོན་པ་ནི། ཆོས་ཀྱི་ག་དར་མཁས་པའི་བྱ་བ་ཡིན་མོད་ཀྱི། ཕྱོགས་རིས་ཆགས་སྡང་གི་དབང་གིས་རང་གི་ལུགས་དང་། རང་གིས་གང་ཤེས་འདི་ནི་བཟང་པོ་ཡིན་ནོ་ཞེས་


CMR054_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། རང་གིས་མི་ཤེས་པ་དང་། གཞན་གྱི་ལུགས་དེ་སྨད་ན་ཆོས་སྤང་པ་ཡིན་པས་སྡིག་ཆེ་སྟེ། བྱམས་པས། ངག་གི་ཉེས་པ་རང་བཞིན་འདུག་པ་སྟེ། །མི་རིག་པ་ཡི་ཆོས་ལ་ཡང་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །དེ་ཕྱིར་བཏང་སྙོམས་བཞག་ལེགས་ཉེས་པ་མེད། །ཅེས་དང་། ཆོས་ཀྱི་མཚན་ཉིད་གང་ལ་ཡོད་མེད་དག །མི་ཤེས་མཐོང་བ་མེད་པའི་རྒྱུ་བཞི་ཡི། །རྣམ་དབྱེ་སྨྲ་བའི་ཁ་ནི་བདུད་ཀྱིས་ཕྱེས། །ཆོས་ལ་ཉན་སྤྱོད་ཐུབ་པའི་གཞུང་ལས་བཀག །གསུངས་སོ། །རྣམ་པར་འཐག་པ་བསྡུས་པའི་མདོ་ལས། འཇམ་དཔལ་གང་ལ་ལ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ལ། ལ་ལ་ལ་ནི་བཟང་བར་འདུ་ཤེས། ལ་ལ་ལ་ནི་ངན་པར་འདུ་ཤེས་ན་དམ་པའི་ཆོས་སྤང་པའོ། །དམ་པའི་ཆོས་སྤངས་པས། དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིན། དགེ་འདུན་ལ་ངན་དུ་བརྗོད་པ་ཡིན། འདི་ནི་རིག་པའོ། །སྐུ་འདི་ནི་མི་རིག་པའོ། །ཞེས་ཟེར་ནས་དམ་པའི་ཆོས་སྤང་བའོ། །ངས་འདི་ན་ཐེག་པ་གསུམ་ཐ་དད་པའི་ཆོས་བསྟན་པ་མེད་ན། མི་བླུན་པོ་དེ་དག་ངའི་ཆོས་རྣམས་ལ་ཐ་དད་དུ་


CMR054_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དེ། འདུ་ཤེས་པ་དེ་ཆོས་སྤང་བའོ། །ཞེས་གསུངས་སོ། །ད་ནས་བཟུང་སྟེ་དུས་སྙིགས་མར་བབ་པས། ལུང་པ་རེ་ན་གཏེར་སྟོན་སྤྲུལ་སྐུ་རེ་འབྱུང་བར། ཨོ་རྒྱན་རིན་པོ་ཆེས་ལུང་བསྟན་པ་ལྟར། ད་ནི་ཇེ་མང་དུ་འགྲོ་སྟེ། རང་གཏེར་ཆོས་ལ་ཤིན་ཏུ་མཁས་པས། གཏེར་བརྫུ་གཏེར་རྫུན་ཡིན་པའི་རྟགས་གསལ་པོར་མཐོང་ནས། ཚར་བཅད་ན་བསྟན་པའི་ག་དར་ཡིན་པས་ཉེས་པ་མེད་པའི་སྟེང་ན་ཕན་ཡོན་ཡོད། རང་གི་ཐག་ཤིན་ཏུ་མི་ཆོད་པ་ལ་སྐུར་པ་བཏབ་ན་སྡིག་ཆེ་སྟེ། རྣམ་སྣང་མངོན་བྱང་ལས། བདག་གིས་སེམས་ཀྱི་མཚན་ཉིད་སོགས་གཏན་ལ་མ་ཕེབས་པར་འཁྲུལ་ནས་འདི་སྐད་དོ། །འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་གྱིས། འདི་ནི་རང་བཟོ་ཅན་གྱི་རང་བཟོར་བྱས་པ་ཡིན་ནོ་ཟེར་བ་དག་འབྱུང་བར་འགྱུར་རོ། །གསང་བའི་བདག་པོ་མི་བླུན་པོ་དེ་དག་ནི་འགྲོ་བ་གཉིས་སུ་རིག་པར་བྱ་སྟེ། གཉིས་གང་ཞེ་ན་འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང་དུད་འགྲོའོ། །ཞེས་གསུངས་སོ། །དེང་སང་སྐྱེས་བུ་དམ་པ་ཡུལ་མཐོན་པོ་རྣམས་ཀྱི། མཛད་སྤྱོད་ལ་རང་ཅུང་ཟད་མ་མགུ་ནས། སྐུར་པ་ཆེན་པོ་འདེབས་པ་ནི། ཁོང་


CMR054_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ནི་གནོད་མི་ནུས། རང་གི་ལྕེ་གླང་དོར་ལྔ་བརྒྱས་རྨོ་སྟེ། རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། བསྐལ་པ་དག་ནི་དུ་མར་ཡང་། །ལུས་ནི་དཔག་ཚད་ལྔ་བརྒྱར་འགྱུར། །དེ་ལ་མགོ་ཡང་ལྔ་བརྒྱ་སྟེ། །མགོ་རྣམས་རེ་རེ་དག་ལ་ཡང་། །ལྔ་བརྒྱའི་ལྕེ་ལས་མི་ཉུང་སྟེ། །ལྕེ་གཅིག་ཉིད་ལ་ཐོང་གཤོལ་ནི། །ལྔ་བརྒྱ་ཚང་སྟེ་མི་ཉུང་བ། །རབ་ཏུ་འབར་བས་རྨོ་བར་བྱེད། །སྐུར་འདེབས་སྡིག་པའི་ལས་ཀྱིས་སོ། །ཞེས་གསུངས་སོ། །བོན་དང་མུ་སྟེགས་པ་ལ་དད་གུས་ཡང་མི་རུང་སྟེ། སྐུར་པ་འདེབས་ཡང་མི་རུང་ན། རབ་ཏུ་བྱུང་བ་རྣམས་ལ་ག་ལ་རུང་སྟེ། རྣམ་སྣང་མངོན་བྱང་ལས། གྲུབ་པའི་མཐའ་ཡི་བློ་བསྐྱེད་ཕྱིར། །ཕྱི་རོལ་པ་ཡང་ལམ་ཚོལ་ཞུགས། །དེ་ཕྱིར་དེ་ལ་སྨད་མི་བྱ། །ཉན་ཐོས་ལམ་ཞུགས་སྨོས་ཅི་དགོས། །ཞེས་གསུངས་སོ། །སྔོན་དགེ་སློང་རོགས་ལ། གསུང་མི་སྙན་པ་ཁྱིའི་སྐད་འདྲ་སྨྲས་པས་ཁྱིའི་སྐྱེ་བ་ལྔ་བརྒྱ་བླང་བ་དང་། ཡུར་བ་ལ་མཆོང་དུས་སྤྲེའུ་འདྲ་སྨྲས་པས་སྤྲེའུའི་སྐྱེ་བ་ལྔ་བརྒྱ་བླངས་པའི་ལོ་རྒྱུས་ལྟར། ངག་འཁྱལ་འདི་ཡང་ཡག་ཉེས་ཆེ་བར་སྣང་། ཁྱད་པར་རང་རེ་ཆོས་སྒོར་


CMR054_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ་རྣམས། སྐྱབས་འགྲོའི་བསླབ་པ་དགུ། དགེ་བསྙེན་གྱི་ཁྲིམས་ལྔ། དགེ་ཚུལ་གྱི་ཁྲིམས་བཅུ། དགེ་སློང་གི་ཁྲིམས་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ། གསང་སྔགས་ཀྱི་རྩ་ལྟུང་བཅུ་བཞི། སྦོམ་པོ་བརྒྱད། རྙིང་མའི་རྩ་བ་སྐུ་གསུང་ཐུགས། ཡན་ལག་ཉི་ཤུ་རྩ་ལྔ། རྒྱས་པར་ས་ཡ་འབུམ་སྡེ། དེ་ཚུར་བསྡུས་པ་ཉི་ཤུ་རྩ་བརྒྱད་རྣམས་སྲུང་དགོས་ཏེ། རྩ་བ་རྣམས་མ་ཉམས་ན་རབ་ཡིན། ཕྲ་ཞིབ་རྣམས་ཤེས་པར་ཡང་དཀའ། སྲུང་བར་ཡང་དཀའ་སྟེ། དེས་མི་གནོད་རྟོགས་པ་མཐོ་བསམ་མི་རུང་བཤགས་པ་དགོས་ཏེ། རྒྱ་མཚོས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་གང་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་ཚུལ་ཁྲིམས་ཡང་དག་པར་རྫོགས་པར་མ་བྱས་ཏེ། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པ་དང་། ཚུལ་ཁྲིམས་ནི་ཡོངས་སུ་རྫོགས་པར་མ་བྱས་ལ། དེ་དག་གི་ལྟ་བ་དྲང་པོར་གྱུར་ཏེ། དེ་སེམས་ཅན་དམྱལ་བ་རྣམས་སུ་མི་སྐྱེའམ། ཤི་འཕོས་ནས་ཀླུའི་སྐྱེ་གནས་སུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་སོ། །དེས་ན་


CMR054_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་ཞིབ་རྣམས་ལ་བཤགས་པ་འདི་གལ་ཆེ། བཤགས་ན་དག་གམ་སྙམ་ན། དྲན་པ་ཉེར་བཞག་གི་མདོ་ལས། སེམས་ཅན་དམྱལ་བའི་ལས་བྱས་ཤིང་མི་འདོར་ཕྱིས་བྱེད་དམ་ཡང་བཅའ། གཞན་ཡང་བྱེད་ལ་སྨོན་པ་ནི། །དམྱལ་བའི་ཚེ་ཚད་རྫོགས་པར་འགྱུར། །སྤྱད་ཀྱང་འགྱོད་ནས་འཆག་པ་དང་། །ཕྱིན་ཆད་སྡོམ་པས་ཚེ་ཕྱེད་ཐུབ། །འགྱོད་སོགས་གཉེན་པོ་ཤས་ཆེ་བ། །སྐྱེས་མ་ཐག་ནས་ཐར་བར་འགྱུར། །ཞེས་དང་། མདོ་སྡེ་མྱ་ངན་འདས་ཆེན་ལས། སྡིག་པ་བྱས་ནས་ཀྱང་། ཕྱིས་འགྱོད་དེ་ཕྱིར་བཅོས་ན། ཆུ་རྙོག་མ་ཅན་ནོར་བུ་ཆུ་དྭང་གིས་དྭངས་བའམ། སྤྲིན་དང་བྲལ་ནས་ཟླ་བ་གསལ་བ་དང་འདྲའོ། །ཞེས་པ་དང་། དེ་བས་ན་སྡིག་པ་ལ་འགྱོད་ཅིང་མ་འཆབ་པར་བཤགས་ན་ཅི་ལྟ་བུ་ཡང་འབྱང་བར་འགྱུར་རོ། །ཞེས་གསུངས་སོ། །བཤགས་ལུགས་ཇི་ལྟར་བཤགས་ན། སྟོབས་རྣམ་པ་བཞིའི་སྒོ་ནས་བཤགས་སོ། །དེ་ལྟར་ཡང་ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་གནོན་པར་འགྱུར་


CMR054_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །བཞི་གང་ཞེ་ན་འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། ཉེས་པ་ལས་ལྡོག་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །ཞེས་གསུངས་སོ། །རྣམ་པར་སུན་འབྱིན་པའི་སྟོབས་ནི་སྡིག་པ་སྔར་བྱས་པ་ལ་འགྱོད་པ་སྟེ། འགྱོད་ལུགས་གསུམ། དགྲ་འདུལ་གཉེན་སྐྱོང་རང་གི་ལུས་པོ་གསོ་བ་དང་། ནོར་རྫས་བསགས་པའི་ཕྱིར་དུ་སྡིག་བྱས་ཏེ། ཤི་བའི་དུས་དེ་ཚོ་ཤུལ་དུ་ལུས། ལས་ངན་སྡིག་སྒྲིབ་དེ་རང་གཅིག་པུའི་ཁུར་ནས་འགྲོ། དེ་དུས་ཁུར་རོགས་ཀྱང་མེད་དེ། །སྦྱིན་པས་ཞུས་པའི་མདོ་ལས། ཕ་མ་སྤུན་དང་བུ་དང་ཆུང་མ་དང་། །བྲན་དང་ནོར་དང་རྩ་ལག་ཚོགས་རྣམས་ཀྱང་། །ཤི་བའི་རྗེས་ཕྱིར་དེ་དག་འགྲོ་བ་མེད། །ལས་རྣམས་རྗེས་སུ་འབྲང་ཞིང་དེ་དག་འགྲོ། །ཞེས་པ་དང་། ཤིན་ཏུ་སྡུག་བསྔལ་གྱུར་པ་དེ་དུས་སུ། །བུ་དང་ཆུང་མ་སྐྱབས་སུ་འགྱུར་མ་ཡིན། །བདག་ཉིད་གཅིག་པུས་སྡུག་བསྔལ་མྱོང་བར་འགྱུར། །དེ་དག་དེ་ཚེ་བདག་གིས་སྐལ་མི་ལེན། །ཞེས་གསུངས་སོ། །སྤྱོད་པ་ལ་འཇུག་པ་ལས་ཀྱང་། ཐམས་ཅད་བོར་ཏེ་ཆས་དགོས་པ། །བདག་གིས་དེ་ལྟར་མ་


CMR054_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ནས། །མཛའ་དང་མི་མཛའི་དོན་གྱི་ཕྱིར། །སྡིག་པ་རྣམ་པ་སྣ་ཚོགས་བྱས། །མཛའ་བ་རྣམས་ཀྱང་མེད་པར་འགྱུར། །མི་མཛའ་རྣམས་ཀྱང་མེད་པར་འགྱུར། །བདག་ཀྱང་མེད་པར་འགྱུར་བ་སྟེ། །དེ་བཞིན་ཐམས་ཅད་མེད་པར་འགྱུར། །ཞེས་གསུངས་སོ། །སྡིག་པ་ལ་སྒྲུག་པ་སྐྱེས་ཏེ་འགྱོད་པ་ནི་འཆི་ཁ་ནད་གཅོད། ཤི་ནས་བར་དོའི་འཇིགས་སྐྲག །དེ་ནས་དམྱལ་བའི་སྡུག་བསྔལ་མྱོང་དགོས་པས་ཤིན་ཏུ་སྐྲག་སྟེ། སྤྱོད་འཇུག་ལས། བདག་ནི་མལ་དུ་གནས་བཞིན་དུ། །གཉེན་བཤེས་རྣམས་ཀྱིས་མཐའ་བསྐོར་ཡང་། །སྲོག་གཅོད་པ་ཡི་ཚོར་བ་དག །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །ཞེས་གསུངས་སོ། །གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་གཅིག་སྐྱབས་ན། །དེ་ཡང་བདག་གིས་མ་བརྟེན་ནོ། །ཞེས་དང་། སློབ་སྤྲིང་ལས། དུས་ཀྱི་ཞགས་པས་སྐེ་ནས་བཏབ་སྟེ་གཤིན་རྗེའི་མི། །གཏུམ་མོ་རྣམས་ཀྱིས་དབྱུགས་པས་བརྡེག་ཅིང་ཁྲིད་པར་འགྱུར། །ཞེས་དང་། །སྐྱེ་བོ་ཡན་ལག་གཅོད་པའི་སར། །དེ་རིང་ཁྲིད་པའང་བྲེད་གྱུར་ཏེ། །ཁ་སྐམ་


CMR054_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མིག་རྩ་ཞན་ལ་སོགས། །སྔར་ལས་གཞན་དུ་འགྱུར་སྣང་ན། །གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟོ། །ཤ་ཚུགས་ཅན་གྱིས་བཟུང་འགྱུར་ཞིང་། །འཇིགས་ཆེན་ནད་ཀྱིས་ཐེབ་གྱུར་པ། །རབ་ཏུ་ཉམས་ཐག་སྨོས་ཅི་དགོས། །ཞེས་གསུངས་སོ། །དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་ཀླག་པ་གཟུགས་སུ་བགྱིས་རྣམས་ལ། །འཇིགས་པ་བསྐྱེད་པར་འགྱུར་ན་མི་བཟོད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར་འགྱོད་པ་བསྐྱེད་དོ། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། སྡིག་པའི་གཉེན་པོར་དགེ་བ་སྤྱོད་པའོ། །དེས་སྡིག་པ་ཟད་པར་བྱེད་དེ། ཆོས་མངོན་པ་ཀུན་ལས་བཏུས་པ་ལས་ཀྱང་། མི་མཐུན་པའི་ལས་ཀྱི་ཕྱོགས་ནི། གཉེན་པོའི་ལས་སྟོབས་དང་ལྡན་པར་བལྟ་སྟེ། མི་མཐུན་པའི་ཕྱོགས་ཀྱི་འབྲས་བུ་འཕངས་སུ་ཟིན་ཀྱང་། གཉེན་པོའི་སྟོབས་ཀྱིས་གཞན་དུ་བསྒྱུར་ཕྱིར་རོ། །ཞེས་དང་། འདུལ་བ་ལུང་ལས། གང་གིས་སྡིག་པའི་ལས་བྱས་པ། །དགེ་བ་ཡིས་ནི་འགོག་བྱེད་དེ། །ཉི་ཟླ་སྤྲིན་ལས་འབྱུང་བ་བཞིན། །འཇིག་རྟེན་འདི་དོར་སྣང་བར་འགྱུར། །ཞེས་གསུངས་


CMR054_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །འོ་ན་སྡིག་པའི་གཉེན་པོར་དགེ་བ་བྱེད་པ་དེ་ཡང་། སྡིག་པ་ཇི་སྙེད་བྱས་པ་དེ་སྙེད་ཀྱི་དགེ་བ་དགོས་སམ་ཞེ་ན། མ་ཡིན་ཏེ། མྱ་ངན་འདས་ཆེན་གྱི་མདོ་ལས། དགེ་བ་གཅིག་བྱས་ཀྱང་སྡིག་པ་མང་པོ་འཇོམས་ཏེ། ཞེས་དང་། རྡོ་རྗེ་ཆུང་དུས་རི་རབ་བམ། མེ་ཆུང་ངུས་རྩྭ་ཤིང་ངམ། དུག་ཆུང་དུས་སེམས་ཅན་འཇོམས་པ་ལྟར། དགེ་བ་ཆུང་ངུས་ཀྱང་སྡིག་པ་ཆེན་པོ་འཇོམས་པས་ན། དོན་དུ་གཉེར་བ་ཆེན་པོ་ཉིད་དོ། །ཞེས་གསུངས་སོ། །གསེར་འོད་དམ་པའི་མདོ་ལས་ཀྱང་། གང་གིས་བསྐལ་པ་སྟོང་རྣམས་སུ། །སྡིག་པ་ཤིན་ཏུ་མི་བཟད་བགྱིས། །ལན་གཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །ཞེས་གསུངས་སོ། །དེ་ལྟར་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཀྱིས་སྡིག་པ་འདག་པ་ནི། དཔེར་ན་ངན་སྐྱུགས་ཀྱི་འདམ་རྫ་བ་ན་ཆུད་པའི་གང་ཟག་གཅིག་འདམ་རྫབ་ནས་ཕྱུང་སྟེ། ཁྲུས་བྱས་ཏེ་དྲི་བཟང་པོས་བྱུག་པ་དང་འདྲ། ཞེས་གསུངས་སོ། །ཉེས་པ་ལས་ལྡོག་པའི་སྟོབས་ནི། ཕྱིན་ཆད་འཕྲོ་བཅད་དེ་བསྡམ་པའོ། །སྤྱོད་འཇུག་ལས། འདྲེན་པ་རྣམས་ཀྱིས་བདག་གི་སྡིག །


CMR054_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ནོངས་པ་ལགས་པར་བཟུང་དུ་གསོལ། །འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་བདག་ནི་ཡོངས་མི་བགྱིད། །ཅེས་གསུངས་པ་ལྟར་རོ། །དེ་ལྟར་ཉེས་པ་ལས་ལྡོག་པའི་སྟོབས་ཀྱིས་སྡིག་པ་འདག་པ་ནི། དཔེར་ན་ཆུ་རྒྱུན་གནོད་པ་ཅན་གྱི་འོལ་ཁ་བསྒྱུར་བ་དང་འདྲ། ཞེས་གསུངས་སོ། །རྟེན་གྱི་སྟོབས་ནི་དཀོན་མཆོག་ལ་སྐྱབས་ཞུ་བའམ། རྟེན་ཁྱད་པར་ཅན་ནམ། སྐྱེས་བུ་དམ་པའི་དྲུང་དུ་བཤགས་པ་སྟེ། བྱང་ཆུབ་སྤྱོད་འཇུག་ལས་ཀྱང་། སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་བྱས་ན་ཡང་། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བདག་ཅག་རྣམས་ཀྱིས་ཅིས་མི་བརྟེན། །ཞེས་གསུངས་སོ། །དེ་ལྟར་རྟེན་གྱི་སྟོབས་ཀྱིས་སྡིག་པ་འདག་པ་ནི། དཔེར་ན་ཁས་གཉན་པོའི་དབང་པོ་ཆེ་ལ་ཇོ་བོ་འཇུས་པའམ། དུག་ལའང་སྔགས་ཀྱིས་བཏབ་པ་འདྲ། ཞེས་གསུངས་སོ། །སྔོན་སོར་ཕྲེང་ཅན་གྱིས་མི་དགུ་བརྒྱ་དང་དགུ་བཅུ་གོ་དགུ་བསད་པ། རྣམ་པར་སུན་འབྱིན་བཤེགས་པས་དག་ནས་དགྲ་བཅོམ་ཐོབ། ཁྱེའུ་བདེ་བྱེད་ཀྱིས་མ་བསད་པ། གཉེན་པོ་ཀུན་སྤྱོད་བཤགས་པས་


CMR054_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནས་ལྷར་སྐྱེས་ཏེ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ། གཅུང་དགའ་བོ་བུད་མེད་ལ་ཆགས་པ། སྡོམ་སེམས་སྐྱེས་ནས་དགྲ་བཅོམ་ཐོབ། རྒྱལ་བུ་མཐོང་ལྡན་གྱིས་ཕ་བསད་པ། །རྟེན་གྱི་བཤགས་པས་དག་ནས་བྱང་ཆུབ་སེམས་དཔའ་གྱུར། རྒྱལ་བུ་དགེ་མཐོང་གིས་མི་སུམ་སྟོང་བསད་པ་ཡང་བཤགས་པོས་དག །དེ་ལྟར་ཡང་། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱིས་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་བཞིན་དུ་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་སོ། །སྡིག་པ་བཤགས་པས་དག་ཀྱང་མྱུར་དུ་མ་བཤགས་ན། ནམ་འཆི་ཆ་མེད་དེ། བདག་ནི་སྡིག་པ་མ་བྱང་བ། །སྔོན་དུ་འགུམ་པར་འགྱུར་དུ་མཆི། །ཅི་ལྟར་འདི་ལས་ངེས་ཐར་བ། །མྱུར་བའི་ཚུལ་གྱིས་བསྐྱབ་ཏུ་གསོལ། །ཡིད་བརྟེན་མི་རུང་འཆི་བདག་འདིས། །བྱས་དང་མ་བྱས་མི་སྡོད་པས། །ན་དང་མི་ན་ཀུན་གྱིས་ཀྱང་། །གློ་བུར་ཚེ་ལ་ཡིད་མི་བརྟེན། །ཞེས་གསུངས་སོ། །དེ་ལྟར་སྟོབས་བཞིའི་སྒོ་ནས་སྡིག་པ་བཤགས་དགོས་ལ། ཁྱད་པར་བཤགས་པའི་མཆོག་ཏུ་གྱུར་པ་


CMR054_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ནི། རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཡིན་ཏེ། རྒྱུད་ལས། བདག་གཞོན་ཀུན་གྱི་དོན་གྱི་ཕྱིར། །ལུས་ངག་ཡིད་གསུམ་སྒྲིབ་སྦྱང་ནི། །ཡི་གེ་བརྒྱ་པའི་སྒོམ་བཟླས་བྱ། ། སྡིག་སྒྲིབ་མ་ལུས་བྱང་བར་འགྱུར། །ཞེས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས། འདི་ནས་མཚམས་མེད་བྱས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་བསླུས་པ་དང་། དམ་པའི་ཆོས་ལ་སྨོད་པ་དང་། ཉེས་པ་ཐམས་ཅད་བྱས་པ་ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་མཆོག་ནི་སྒྲུབ་པ་པོས། །རྡོ་རྗེ་སེམས་དཔའ་བརྟེན་གྱུར་པས། ཚེ་འདི་ཉིད་ལ་ཇི་ལྟར་འདོད་པའི་དངོས་གྲུབ་ཐམས་ཅད་དམ། དངོས་གྲུབ་དམ་པའམ། རྡོ་རྗེ་སེམས་དཔའི་དངོས་གྲུབ་བམ། དེ་བཞིན་གཤེགས་པའི་དངོས་གྲུབ་ཀྱི་བར་དུ་འཐོབ་ཅེས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་སེམས་དཔའ་གསུངས་སོ། །དྲི་མེད་བཤགས་རྒྱུད་ལས། རྡོ་རྗེ་སེམས་དཔའི་ཞལ་ནས་ཡིག་བརྒྱ་གསུངས་ནས། འདི་དག་དུས་གཅིག་ལ་ལན་བརྒྱ་རྩ་བརྒྱད་བཟླས་ན། ཉམས་ཆག་ཐམས་ཅད་བསྐང་སྟེ། ངན་སོང་


CMR054_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལས་ཐར་བར་འགྱུར་རོ། །ཞེས་དང་། ཡང་རྒྱུད་དེ་ཉིད་ལས། དེ་བས་ན་རྣལ་འབྱོར་པ་གང་ཞིག་གིས་ཡི་དམ་དུ་བཅས་ནས་འདོན་ན། མི་དེ་ཚེ་འདི་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་སྲས་ཀྱི་དམ་པར་དགོངས་ནས། བསྲུང་ཞིང་སྐྱོབ་པར་མཛད་པ་ལས། ཚེ་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་དམ་པར་ཉིད་དུ་གདོན་མི་ཟ་བར་འགྱུར་རོ། །གསུངས་སོ། ན་རཀ་དོང་སྤྲུགས་རྒྱུད་ལས། ཡིག་བརྒྱ་གསུངས་ནས། སྔགས་འདི་ལན་བརྒྱ་རྩ་བརྒྱད་བཟླས་ན། །ཉམས་ཆག་ཐམས་ཅད་བསྐང་སྟེ། ངན་སོང་གསུམ་དུ་ལྟུང་བ་ལས་ཐར་བར་འགྱུར་རོ། །རྣལ་འབྱོར་པ་གང་ཞིག་གིས་ཡི་དམ་དུ་བྱས་ནས་འདོན་ན། མི་དེ་ཚེ་འདི་ཉིད་ལ་ཡང་དུས་གསུམ་གྱི་སངས་རྒྱས་ཀྱིས་སྲས་ཀྱི་དམ་པར་དགོངས་ནས། ཚེ་དང་བསོད་ནམས་འཕེལ་བར་འགྱུར་རོ། །ཞེས་གསུངས་སོ། །དེ་ཡང་སྐུ་སྒོམ་པ་ཕྱིའི་རྡོར་སེམས། ཡིག་ཕྲེང་འཁོར་བ་ནང་གི་རྡོར་སེམས། བདུད་རྩི་འབབ་པ་གསང་བའི་རྡོར་སེམས། ཡིག་བརྒྱ་བརྒྱ་རྩ་ལས་མི་ཉུང་བ་བཟླས་པའོ། །ཡང་སྔགས་རིང་མི་ཤེས་སམ། མི་དག་གམ་


CMR054_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་ན་ཡི་གེ་དྲུག་བཟླས་པ། དབང་རྟུལ་མཚན་ནས་འབོད་པ་ཞེས་གསུངས་ཏེ། གསང་བའི་རྒྱུད་ཀྱི་རྣམ་པར་འབྱེད་པ་དྲག་པོ་གསུམ་འདུལ་གྱི་རྒྱུད་ལས། ཨོཾ་བཛྲ་སཏྭ་ཧཱུྃ། ཞེས་འབུམ་བརྗོད་ན་རྩ་བའི་དམ་ཚིག་ཉམས་པ་ཞི་བར་འགྱུར་རོ། །ཞེས་གསུངས་སོ། །རང་གི་སྒོ་གསུམ་སྣང་གྲག་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མེད་པ་སྣང་ལ་རང་བཞིན་མེད་པར་དཔྱད་ན་ངོས་བཟུང་མེད་པ་ལ་སེམས་བཞག་ནས་སྔགས་ཐུང་བཟླ་བ་ཤེས་རབ་ཀྱི་བཟླས་པ་ཡིན་ནོ། །དམིགས་པ་དངོས་ནི། རང་གི་སྤྱི་བོར་པདྨ་དཀར་པོ་དང་ཟླ་བའི་གདན་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། ཞལ་གཅིག་ཞི་ཞིང་འཛུམ་པ། ཕྱག་གཉིས་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཞིང་གཡོན་དྲིལ་བུ་དཀུར་བརྟེན་པ། དར་དཀར་པོའི་སྟོད་གཡོགས་དང་ཤམ་ཐབས་ཅན། དབུ་རྒྱན་ལ་སོགས་པ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་སྤྲས་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོའི་མཐར་སྔགས་ཕྲེང་གཡས་སུ་འཁོར་བ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་


CMR054_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཐུགས་ཀའི་སྔགས་འཁོར་ལ་ཐིམ་པས་བདུད་རྩིའི་རྒྱུན་བབས་སྐུ་གང་། ཞབས་གཡས་པའི་མཐེ་བོང་ནས་ངང་རྒྱང་རྒྱང་བྱུང་། རང་གི་ཚངས་བུག་ནས་ཞུགས་ལུས་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་སོལ་ཁུའམ་དུད་ཁུའི་རྣམ་པ་རྐང་མཐིལ་གཉིས་དང་འོག་སྒོ་ནས་ཐོན། ས་འོག་ཏུ་སོང་བས་ལས་ཀྱི་གཤིན་རྗེ་ངོམ་པར་གྱུར། བདུད་རྩིས་ལུས་དཀར་ལྟེམ་གྱིས་གང་། ལུས་ཀྱི་ཕྱི་ནས་ཀྱང་བཀྲུས་པས། ལུས་ཤེལ་སྒོང་གཡའ་དག་པ་ལྟར་གྱུར་པར་བསྒོམ་ཞིང་། ལུས་ཀྱི་ལས་ནི་རྣམ་པ་གསུམ། །ཞེས་སོགས་བཤགས་ཚིག་གང་ཤེས་བརྗོད་རྗེས། ཡིག་བརྒྱའམ་བཛྲ་སཏཱ་ཅི་འགྲུབ་བཟླ། རྡོ་རྗེ་སེམས་དཔའི་ཞལ་ནས་ཁྱོད་བ་ཀྱི་སྡིག་སྒྲིབ་དག་གོ་གསུངས་ནས་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་དང་། རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མེད་པར་བསྒོམ། ཀུན་སྙིང་འགྲེལ་ཆེན་ལས། རང་གི་ལུས་ངག་ཡིད་གསུམ་དང་། །རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས། །གཉིས་སུ་མེད་པའི་ངང་དེ་གར། །སེམས་ཀྱི་རྡོ་རྗེ་ངོས་བཟུང་ནས། །གློ་


CMR054_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བུར་འཕྲོ་འདུ་བྲལ་བའི་ངང་། །གདོད་མའི་མགོན་པོ་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟར་བྱའོ། །རྡོར་སེམས་དམིགས་པ་ཟིན་དཀའ་ན། ཁྲིད་འདི་དང་འབྲེལ་པ་སྤྱན་རས་གཟིགས་ཀྱིས་གསུངས་པའི་རྡོ་རྗེའི་ཚིག་རྐང་ལས། རང་བཞིན་བཅས་པ་སྡིག་པའི་ཚོགས། །དེ་དག་ཀུན་རྫོབ་དོན་དམ་གྱི། །བཤགས་པའི་ཐབས་ཤེས་ལ་མཁས་པ། །ཧྲཱིཿཡིག་བཞི་སྦྱོར་གདམས་པ་བསྒོམ། །ཞེས་གསུངས་པ་ལྟར། རང་ཐ་མལ་པར་གནས་པའི་སྤྱི་གཙུག་ཏུ། ཧྲཱིཿདཀར་པོ་ཚེག་དྲག་དང་བཅས་པ་ལས་འོད་ཟེར་འཕྲོ་བའི་རང་བཞིན་ཅན་དུ་བསམ། དེ་ལས་བདུད་རྩི་འོ་མ་ལྟ་བུ་བབས་པས། ལུས་ཀྱི་ནང་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བཀྲུས། བ་སྤུའི་བུ་ག་དང་། རྩ་སྒོ་ཆུ་སྒོ་ཞབས་སེན་མོའི་བར་ནས་དུད་ཁུ་དང་སོལ་ཁུའི་རྣམ་པ་ནག་ནུ་རུ་རུ་བུད་པར་བསམས་ལ། ལུས་ཀྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་དཀར་ལྟེམ་གྱིས་གང་བར་བསམ་པ་ནི། སྡིག་པ་དག་པར་བྱེད་པའི་སྦྱོར་བའོ། །སྡིག་སྒྲིབ་ཐམས་ཅད་སྦྱོང་བར་བྱེད་པ་འོད་ཟེར་སྤྲོ་བསྡུའི་སྦྱོར་བ་ནི། ཧྲཱིཿཡིག་ལས་འོད་ཟེར་ཁ་དོག་ལྔ་དང་ལྡན་པ། ཉི་མ་སྟོང་གི་འོད་ལྟ་བུ་འཕྲོས་


CMR054_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལུས་ཀྱི་ནང་གི་སྡིག་སྒྲིབ་ཐམས་ཅད་དག་ནས་མུན་པ་ལ་ཉི་མ་ཤར་བ་ལྟ་བུར་སྦྱངས། ལུས་ཀྱི་ནང་འོད་ཟེར་གྱིས་གང་ནས་འོད་ཟེར་སྣ་ལྔ་ཕྱིར་འཕྲོས།། སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་སྒོམ་པ་ནི་སྒྲིབ་པ་ཐམས་ཅད་སྦྱོང་བར་བྱེད་པའི་སྦྱོར་བའོ། །དེ་དག་གི་སྐབས་སུ་ངག་ཏུ་ཡང་ཧྲུའདོན་པར་བྱའོ། །མཐར་རང་ལུས་འོད་དུ་ཞུ་ནས་ཧྲིལ་ཐིམ། ཧྲི༔ཡིག་འ་ར་སྟ་ལ་ཐིམ། ར་སྟ་ཁོག་པ་ལ། དེ་གི་གུ་ལ། དེ་རིམ་གྱིས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་དམིགས་མེད་ཀྱི་ངང་ལ་འཇོག་པ་ནི་སྦྱོང་བྱེད་ཆེན་པོའོ། །ཞེས་གསུངས་པ་ལྟར་བསྒོམ། དེ་ལྟར་རྡོར་སེམས་དང་གྷིཡིག་གང་བསྒོམས་ཀྱང་། རྗེས་ནས་སྒོམ་མཁན་གྱི་སེམས་ལ་བལྟས་པ་དོན་དམ་པའི་བཤགས་པ་ཡིན་ཏེ། ལས་རྣམ་པར་དག་པའི་མདོ་ལས། གང་ཞིག་བཤགས་པ་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་ཀ །དག་ལྟ། །འདི་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་དང་། ཐར་པ་ཆེན་པོའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་པའི་རང་བཞིན་ནང་ན་ཡང་མི་


CMR054_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

གནས། ཕྱི་རོལ་ན་ཡང་མི་གནས། བར་ན་ཡང་མི་གནས་ཏེ། སེམས་རྣམ་པར་གྲོལ་བའི་ཕྱིར། སྡིག་པའི་རང་བཞིན་ཡང་རྣམ་པར་གྲོལ་ལོ། །སེམས་སྟོང་པ་ཉིད་ཀྱི་ཕྱིར། སྡིག་པའི་རང་བཞིན་སྟོང་པ་ཉིད་དོ། །དད་པའི་མཐུ་ཆེ་བའི་ཕྱིར། བསོད་ནམས་ཀྱི་མཐུ་ཡང་ཚེའོ། །ཞེས་དང་། དྲི་མེད་བཤགས་རྒྱུད་ལས། ཀུན་ཏུ་བཟང་པོས་བཀའ་སྩལ་པ། རྣལ་འབྱོར་གྱི་གྲལ་འདིར་འཁོད་པ་རྣམས་ཀྱི་ཡི་དམ་སེམས་ནི། དོན་དམ་པར་ཐུགས། ཡང་དག་པའི་ཡེ་ཤེས་ཉིད་ཡིན་ཏེ། ཡང་དག་པའི་ཡེ་ཤེས་ནི་རང་གི་ཀུན་གཞི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། ཀུན་གཞི་མ་བཅོས་པ་ལ། ཡིད་རང་བྱུང་གི་ཡེ་ཤེས་བདེ་བ་ཆེན་པོ་ཤར་བ་ནི། བསྲུང་དུ་མེད་པའི་དམ་ཚིག་ཆེན་པོ་སྟེ། ཞེས་པ་ནས་དེ་ལྟར་རྟོགས་པའི་རྣལ་འབྱོར་པ་རྣམས་ནི་མི་བསྲུང་བའི་སྲུང་བ་ཆེན་པོ་སྟེ། དེ་ནས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཉམས་ཆག་བྱུང་བ་རྣམས་སྐུ་གསུང་ཐུགས་ཀྱི་ཉམས་ཆག་རྗེས་སུ་སྐོང་། ཞེས་པའི་བར་རྒྱས་པར་གསུངས་སོ། །དེ་ལྟར་བསྒོམས་བཟླས་བྱས་པས། སྡིག་སྒྲིབ་དག་པའི་རྟགས་ནི། བསྐུལ་བྱེད་ཀྱི་གཟུངས་ལས། ཇི་སྲིད་སྡིག་


CMR054_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱང་བའི་མཚན་མ་མཐོང་གིས་བར་དེ་སྲིད་དུ་བཟླས་བརྗོད་བྱ་སྟེ། རྨི་ལམ་ན་ཟས་ངན་པ་སྐྱུགས་པ་དང་། འོ་མ་དང་ཞོ་ལ་སོགས་པ་འཐུང་བ་དང་། ཉི་མ་་དང་ཟླ་བ་མཐོང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། མེ་འབར་བ་དང་། མ་ཧེ་དང་མི་ནག་པོ་ཐུབ་པ་དང་། དགེ་སློང་དང་། དགེ་སློང་མའི་དགེ་འདུན་མཐོང་བ་དང་། འོ་མ་འབྱུང་བའི་ཤིང་དང་། གླང་པོ་དང་ཁྱུ་མཆོག་གི་སྟེང་དང་། སེངྒེའི་ཁྲི་དང་། ཁང་བཟང་གི་སྟེང་དུ་འཛེག་པ་དང་། ཆོས་ཉན་པ་རྨིས་ན་སྡིག་པ་དང་བྲལ་བར་འགྱུར་ཏེ། །སྡིག་པ་བྱང་བར་ཤེས་པར་བྱའོ། །ཞེས་གསུངས་སོ། །གཞན་ཡང་རྨི་ལམ་དུ་མཆེ་བ་ཅན་གྱིས་རྨུགས་པ། ར་ཅན་གྱིས་བརྡུང་བ། མཚོན་གྱིས་བརྒྱབ་པའམ། བུ་ག་ཐམས་ཅད་ནས་རྣག་ཁྲག་དང་། མི་གཙང་བ་ཟག་པ། ལུས་ཁོལ་བུར་སྲང་ནས་རྣག་ཁྲག་ཐོན་པ། དོན་སྙིང་ནང་གྲོལ་ཕྱིར་འགྲིམ་པ། ལུས་བསྲེགས་ནས་ཐལ་བ་རླུང་ལ་ཕྱར་བ། ཁྲུས་བྱས་གོས་དཀར་པོ་གྱོན་པ་རྣམས་སྡིག་པ་དག་རྟགས། ལུས་ལས་སྲོག་ཆགས་ཐོན་པ། ས་འོག་དང་། མུན་ནག་ནས་ཐར་བ་ནི་གདོན་བགེགས་དང་། བྱད་


CMR054_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ལས་གྲོལ་རྟགས། ཉི་ཟླ་སྐར་གསུམ་དུས་གཅིག་ཤར་བ། ཉི་ཟླ་ཤར་བ་ནམ་མཁའ་ལ་འཕུར་བ། བྲག་དཀར་གངས་རི་མཆོད་རྟེན་གྱི་རྩེར་ཕྱིན་པ། སྐས་དང་རི་ལ་འཛེགས་པ་དགེ་སྦྱོར་འཕེལ་རྟགས། གསེར་དང་ནོར་བུ་རྙེད་པ། གྲུབ་ཐོབ་རྣམས་དང་མཇལ་བ་རྟོགས་པ་འཆར་རྟགས། ལོ་ཐོག་མང་པོ་དང་འབྲུ་མང་པོའི་བདག་པོ་བྱེད་པ། ཤིང་ཐོག་དང་སྦྲང་རྩི་བཟང་པོ་སོགས་རོ་མངར་བ་ཞིམ་པོར་ཟོས་པ་ནི་ཉམས་མྱོང་འབྱུང་རྟགས། ཤེལ་སོགས་རིན་པོ་ཆེའི་སྐས་ལ་འཛེགས་པ། སྐར་ཚོགས་འཐུགས་པོ་ལ་ལྟ་ཞིང་རྒྱུ་སྐར་རྣམས་བརྩི་བ། གདུགས་དང་བླ་རེ་ཕྱེ་མ་ཕུར་མས་ནམ་མཁའ་གང་བ། ཁྲིམས་ཀྱི་རྔ་བོ་ཆེ་བརྡུང་བ་སོགས་ས་ཐོབ་རྟགས་སུ་བཤད། ཁ་ཅིག་ལ་ནི་རྨི་ལམ་མི་འཚམས་པ་ཆེན་པོ་རྨིས་ནའང་བཟང་བར་འདུག་གསུངས། རྨི་ལམ་བཟང་པོ་འབྱུང་ཡང་ཧ་ཅང་དགའ་བྲོད་མི་བྱ། འཕྲོ་མི་སྐྱུར་པར་ཉམས་སུ་ལེན། རྨིས་ལྟས་ངན་པ་བྱུང་ན་ཡང་སྡིག་སྒྲིབ་ཆེ་བའི་སློང་ཡིན་པས་བརྩོན་འགྲུས་ཆེར་བྱ། དངོས་སུ་ཡང་བློ་སེམས་བདེ་བ་དང་། ལུས་ཡང་བ་དང་། ཁམས་དྭངས་བ་འབྱུང་ངོ་། །སྒྲིབ་སྦྱོང་གི་ཆོས་ཐུན་ཚར་རོ། །


previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བརྒྱད་པ་སྒྲིབ་སྦྱངས་ཀྱི་ཁྲིད།next