Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་དགུ་པ་བསོད་ནམས་ཀྱི་ཚོགས་བསག་པར་བྱེད་པ་མཎྜལ་གྱི་ཁྲིད།
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་དགུ་པ་བསོད་ནམས་ཀྱི་ཚོགས་བསག་པར་བྱེད་པ་མཎྜལ་གྱི་ཁྲིད།next

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་དགུ་པ་བསོད་ནམས་ཀྱི་ཚོགས་བསག་པར་བྱེད་པ་མཎྜལ་གྱི་ཁྲིད།


CMR054_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

༼ཏ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་དགུ་པ་བསོད་ནམས་ཀྱི་ཚོགས་བསག་པར་བྱེད་པ་མཎྜལ་གྱི་ཁྲིད་བཞུགས་སོ།།


CMR054_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། །བསོད་ནམས་ཀྱི་ཚོགས་བསག་པའི་ཐབས། །མཎྜལ་མཆོད་པ་འབུལ་བ་ནི། སྤྱན་རས་གཟིགས་ཀྱིས་གསུངས་པའི་རྡོ་རྗེའི་ཚིག་རྐང་ལས། །ཡན་ལག་བདུན་དང་རབ་ལྡན་པའི། །མཎྜལ་ཕྱི་ནང་གསང་གསུམ་འབུལ། །ཆོས་ཀུན་སྒྱུ་འདྲར་རབ་ཤེས་པོས། །ཡེ་ཤེས་ཚོགས་ལའང་བསླབ་པར་བྱ། །ཞེས་དང་། ཀློང་གསལ་འབར་མའི་རྒྱུད་ལས། ས་ཤིང་རིན་ཆེན་མཎྜལ་ལ། །དམིགས་རྟེན་བྱས་ལ་སྐུ་གསུམ་གྱི། །མཎྜལ་རྒྱས་བསྡུས་མང་པོ་འབུལ། །དེ་ཡིས་


CMR054_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རྒྱུད་ཚོགས་གཉིས་རྫོགས། །གནས་སྐབས་རིག་སྣང་རང་ངོ་འཕྲོད། །མཐར་ཐུག་གདོད་མར་རང་ཚུགས་ཐུབ། །ཅེས་དང་། འཕགས་པའི་ཚོགས་ནི་མཆོད་བྱས་ན། །བསོད་ནམས་དེ་ཡི་རྐྱེན་གྱིས་ནི། །སྐྱེ་བ་ཀུན་ཏུ་ལོངས་སྤྱོད་ལྡན། །དེ་ལྟར་སངས་རྒྱས་བསམ་ཡས་དེ། །སངས་རྒྱས་འོད་ཟེར་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ན། །བསོད་ནམས་ཕུང་པོ་བསམ་མི་ཁྱབ། །ཅེས་དང་། མྱ་ངན་འདས་མདོ་ལས། སངས་རྒྱས་ཆོས་དང་དགེ་འདུན་ལ། །སྤོས་སམ་མར་མེ་གཅིག་བཙལ་ལམ། །མེ་ཏོག་གཅིག་ཙམ་


CMR054_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བྱས་ན། །མི་གཡོའི་ཞིང་དེར་སྐྱེ་བར་འགྱུར། །ཞེས་དང་། འཆི་མེད་རྔ་སྒྲའི་མདོ་ལས། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །དམ་པའི་ཆོས་ཀྱང་བསམ་མི་ཁྱབ། །འཕགས་པའི་དགེ་འདུན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ན། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཅེས་དང་། སངས་རྒྱས་ཀྱི་ཡོན་ཏན་བརྟགས་པའི་མདོ་ལས། གང་དག་སྟོན་པ་བདེ་གཤེགས་ལ། །མཆོད་པ་ཆུང་ངུ་བྱེད་པ་ཡང་། །ལྷ་མིའི་བདེ་བ་ཀུན་བསྒྲོད་ནས། །འཆི་མེད་དམ་པ་ཐོབ་པར་འགྱུར། །ཞེས་དང་། འཕགས་པ་རྒྱལ་བའི་བློ་གྲོས་ཀྱི་ཞུས་པའི་མདོ་ལས། རིགས་ཀྱི་བུ་བསོད་ནམས་འདོད་པས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ། །ཡོན་ཏན་ཐམས་ཅད་འདོད་པས་དཀོན་མཆོག་གསུམ་ལ་མཆོད་པར་བྱའོ། །ཞེས་དང་། དམ་ཆོས་པདྨ་དཀར་པོ་ལས། སངས་རྒྱས་ལ་དམིགས་ནས་མེ་ཏོག་གཅིག་ནམ་མཁའ་ལ་གཏོར་ནའང་། སྔོན་གྱི་མཐའ་མི་མངོན་པ་དེ་ཙམ་གྱི་བསྐལ་པར་འཁོར་བའི་ཚེ། བརྒྱ་བྱིན་དང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ་པའི་མཐའ་མི་རྙེད། ཅེས་གསུངས་སོ། །སྒོམ་སྐྱེ་བ་ལ་བསོད་


CMR054_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་བསགས་དགོས་ཏེ། མདོ་ལས། བསོད་ནམས་བསགས་པས་བདེ་བ་ཐོབ། །དེ་ཕྱིར་མི་ཡི་བསོད་ནམས་བསགས། །དེ་ཡང་ཡང་དང་ཡང་དུ་བསག ཅེས་དང་། སྡུད་པ་ལས། དེ་དག་དགེ་བའི་རྩ་བ་ཇི་སྲིད་མ་རྫོགས་བར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་ཐོབ་མི་འགྱུར། །ཞེས་དང་། སྡུད་པ་ཚིགས་སུ་བཅད་པ་ལས། ཇི་སྲིད་དགེ་བའི་རྩ་བ་ཡོངས་སུ་མ་རྫོགས་པ། །དེ་སྲིད་སྙིང་པོ་དམ་པ་དེ་ནི་ཐོབ་མི་སྲིད། །ཅེས་དང་། གདོང་དྲུག་གི་རྒྱུད་ལས། འཛམ་བུ་གླིང་དང་གླིང་གཞན་ན། །ནོར་བུ་རིན་ཆེན་གྱིས་བཀང་སྟེ། །སྟོང་གསུམ་ལ་སོགས་མ་ལུས་པ། །ཞུམ་པ་མེད་པར་བྱས་ཏེ་འབུལ། །ཞེས་དང་། ཁྱད་པར་བླ་མ་མཆོད་པ་ནི་ཕན་ཡོན་ཆེ་སྟེ། །སམ་བྷུ་ཊི་ལས། གང་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་བསོད་ནམས་བས། །བླ་མའི་བ་སྤུའི་ཁུང་ཅིག་མཆོག །གསང་བ་འདུས་པ་ལས། དུས་ལྷོ་གསུམ་སངས་རྒྱས་ཀུན་མཆོད་པས། །བླ་མའི་བ་སྤུ་གཅིག་མཆོད་པ། །དེ་ཡི་བསོད་ནམས་ཁྱད་པར་འཕགས། །གསང་འདུས་ལས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་


CMR054_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་པ་བས། རྡོ་རྗེ་སློབ་དཔོན་གྱི་བ་སྤུའི་ཁུང་གཅིག་བསྙེན་བཀུར་བྱས་པ་ཁྱད་པར་འཕགས་སོ། །བསོད་ནམས་སྔ་མ་དེས་ཕྱི་མ་དེའི་བརྒྱའི་ཆར་ཡང་མི་འགྲོའོ། །སྟོང་གི་ཆར་ཡང་མི་འགྲོ། བྱེ་བའི་ཆར་ཡང་མི་འགྲོ།། བྱེ་བ་དཔག་ཏུ་མེད་པར་བསྒྲང་བ་ལས་འདས་པའི་ཆར་ཡང་ཉེ་བར་མི་འགྲོའོ། །ཞེས་གསུངས་སོ། །ཨ་ཏི་བཀོད་པ་ཆེན་པོ་དང་། བླ་མའི་ཡོན་ཏན་ཡོངས་བཟུང་གི་རྒྱུད་གཉིས་མཐུན་པར། དེས་ན་བསྐལ་སྟོང་སངས་རྒྱས་ཀྱང་། །བླ་མ་ཉིད་ལ་བསྟེན་ནས་བྱུང་། །དེས་ན་སངས་རྒྱས་སྟོང་ཕྲག་ལ། །བསྐལ་པ་སྟོང་ཕྲག་མཆོད་བྱས་པས། །བླ་མའི་བ་སྤུའི་ཁུང་རེ་ལ། །ཙནྡན་ཐིགས་པ་གཅིག་བྱུག་པ། །སྟོང་ཕྲག་ཆར་ཡང་ཕོད་པ་མིན། །ཅེས་གསུངས་སོ། །ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས། འཇམ་དཔལ་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་ནི་སྔོན་གྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། །སྦྱིན་པ་ལས་བྱུང་བ་དང་། མཆོད་པ་ལས་བྱུང་བ་དང་།


CMR054_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཐམས་ཅད་ནས་བསླབ་པ་བཟུང་བ་ལས་བྱུང་བ་རྣམས་སྔོན་འགྲོ་གཅིག་གིས་ཟིལ་གྱིས་གནོན་ཏེ། དེ་ལྟར་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱས་པ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །ཞེས་དང་། གསང་བ་འདུས་པའི་རྒྱུད་ལས། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་ཇི་སྙེད་བཞུགས་པ་དང་། །སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེ་ལས་བྱུང་བའི་བསོད་ནམས་ཀྱིས་ཕུང་པོ་ཇི་སྙེད་པ། དེ་བས་ཀྱང་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་བསོད་ནམས་ཁྱད་པར་དུ་འཕགས་སོ། །ཞེས་དང་། མཁའ་འགྲོ་མ་ཟིལ་གནོན་གྱི་རྒྱུད་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ། །བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྙེན་བཀུར་བྱས་པ་བས་ནི། རྡོ་རྗེ་སློབ་དཔོན་གྱི་བ་སྤུའི་ཁུང་གཅིག་ལ་ཏིལ་མར་གྱིས་བྱུག་པ་བསོད་ནམས་ཆེས་ཁྱད་པར་དུ་འཕགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཡོན་ཏན་ཐམས་ཅད་བླ་མ་ལས་འབྱུང་བའི་ཕྱིར་རོ། །ཞེས་དང་། སམ་བྷ་ཏྲི་ལས། གང་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་ཆུབ་


CMR054_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་བསོད་ནམས་པས། །བླ་མའི་བ་སྤུའི་ཁུང་གཅིག་མཆོག །ཅེས་དང་། གསང་བ་འདུས་པ་ལས། དུས་གསུམ་སངས་རྒྱས་ཀུན་མཆོད་པས། །བླ་མའི་བ་སྤུ་གཅིག་མཆོད་པ། །དེ་ཡི་བསོད་ནམས་ཁྱད་པར་འཕགས། །ཞེས་དང་། སྡོམ་པ་འབྱུང་བ་ལས། མཆོད་པ་ཀུན་གྱི་ཐོག་མར་ནི། །བླ་མ་མཆོད་པ་བརྩམ་པར་བྱ། །དེ་མཉེས་པ་ལ་དངོས་གྲུབ་ནི། །ཡེ་ཤེས་དམ་པ་ཐོབ་པར་འགྱུར། །ཅེས་དང་། དུས་ཀྱི་འཁོར་ལོ་ལས། བསྐལ་པ་དུས་གསུམ་ཐམས་ཅད་དུ། །བླ་མེད་དཀོན་མཆོག་མཆོད་པ་དང་། །སྲོག་ཆགས་བྱེ་བའི་ཚེ་སྐྱབས་ཀྱང་། །ཚེ་འདིར་ཐར་པ་མི་ཐོབ་སྟེ། །ཡོན་ཏན་ལྡན་པའི་བླ་མ་ལ། །དད་པས་ཡིད་ཀྱིས་མཆོད་བྱས་ན། །མཆོག་དང་ཐུན་མོང་མི་དངོས་གྲུབ་ནི། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཅེས་དང་། ཀླུ་སྒྲུབ་ཀྱི་རིམ་ལྔར། མཆོད་པ་ཐམས་ཅད་ཡོངས་སྤངས་ཏེ། །བླ་མ་ལ་མཆོད་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་དང་། བླ་མེད་མགོན་པོ་སློབ་དཔོན་གྱིས། །རྡོ་རྗེ་སེམས་དཔའ་མཆོད་བྱས་ན། །དེ་ཡིས་


CMR054_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་མ་བྱས་ཤིང་། །དཀའ་ཐུབ་མ་བརྟེན་གང་ཞིག་ཡོད། །དེ་ཉིད་མི་བཟད་འདོད་པ་ཡི། །ཤིན་ཏུ་དགའ་བ་གང་དང་གང་། །ཤིན་ཏུ་ཁྱད་པར་ཅན་ཡིན་ཏེ། །དེ་དང་དེ་ནི་བླ་མར་འབུལ། །སློབ་དཔོན་གྱིས་ནི་སྡིག་པ་འཕྲོག །སློབ་དཔོན་གྱིས་ནི་འཇིགས་པ་སེལ། །སློབ་དཔོན་གྱིས་ནི་སྡུག་བསྔལ་གྱི། །རྒྱ་མཚོ་ཆེ་ལས་ཕ་རོལ་སྒྲོལ། །ཅེས་དང་། ཀླུ་བྱང་གི་ཆོ་ག་ཉི་ཤུ་པར། སློབ་དཔོན་བརྙས་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །བླ་མ་སངས་རྒྱས་ཀུན་མཉམ་པར། །སློབ་དཔོན་ལ་ནི་གང་བརྙས་པར། །དེ་ནི་སངས་རྒྱས་ཀུན་བརྙས་པས། །རྟག་ཏུ་སྡུག་བསྔལ་ཐོབ་པར་འགྱུར། །དེ་ཕྱིར་སངས་རྒྱས་འབྲས་འདོད་ཅིང་། །གུས་དང་དད་པའི་སེམས་ཅན་གྱིས། །བསམ་ཡས་འབྲས་བུ་སྩོལ་བ་པོ། །འདི་ལ་འབད་པས་ཀུན་གྱིས་མཆོད། །ཅེས་དང་། མཚན་བརྗོད་ལས། མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་མཆོད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །ཅེས་དང་། རྡོ་རྗེ་གདན་བཞི་ལས། སྐྱེ་བོ་སྟོང་ཕྲག་


CMR054_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དག་ཀྱང་། །བྲམ་ཟེ་གཙང་མ་གཅིག་ཏུ་སྦྱར། །བྲམ་ཟེ་སྟོང་ཕྲག་གཉིས་དག་ཀྱང་། །དགེ་སློང་གཅིག་ལ་སྦྱར་བར་བྱ། །དགེ་སློང་སྟོང་ཕྲག་གཉིས་དག་ཀྱང་། །བསམ་གཏན་ལྡན་པ་གཅིག་ལ་སྦྱར། །བསམ་གཏན་ལྡན་པ་སྟོང་ཕྲག་གཉིས། །རྡུལ་གཅིག་པ་ལ་ཡང་སྦྱར་བར་བྱ། །རྡུལ་གཅིག་པ་ནི་སྟོང་ཕྲག་གཉིས། །བླ་མ་གཅིག་ལ་སྦྱར་བར་བྱ། །ཞེས་དང་། དེ་ལྟར་ཚོགས་རྫོགས་པའི་ཐབས་དཀོན་མཆོག་མཆོད་པ་ལས་མེད་པས། སྒྲུབ་པའི་མཎྜལ་དཀོན་མཆོག་གསུམ་བསྒོམས་ནས་མཆོད་པ་ཡིན། དེ་ཡང་དཀོན་མཆོག་ཀུན་འདུས་བླ་མ་མཆོད་པ་ཕན་ཡོན་ཁྱད་པར་དུ་ཆེ་བའི་ཕྱིར། མཆོད་ཡུལ་གྱི་གཙོ་བོར་བླ་མ་སྒོམ་པ་ཡིན། །དེ་ཡང་མཆོད་ཡུལ་དཀོན་མཆོག་དངོས་སུ་བཞུགས་པ་དང་། དངོས་སུ་མི་བཞུགས་པ་ལ་ཡིད་ཀྱིས་དམིགས་ཏེ་མཆོད་པ་ཡང་བསོད་ནམས་མཉམ་སྟེ། མདོ་སྡེ་རྒྱན་ལས། རབ་དང་སེམས་དང་ལྡན་པ་ཡིས། །ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར། །སངས་རྒྱས་རྣམས་ལ་གསོལ་ལ་སོགས། །མངོན་སུམ་མངོན་སུམ་མིན་པར་མཆོད། །ཅེས་གསུངས་སོ། །སྙིང་རྗེ་པདྨ་དཀར་པོའི་མདོ་


CMR054_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཀུན་དགའ་བོ་གང་དག་ང་འདུག་པ་ལ་མངོན་སུམ་དུ་བསྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་ནས་མཆོད་པའི་བར་ལྟ་ཞོག །གང་ང་ཡོངས་སུ་མྱ་ངན་ལས་འདས་ན་རིང་བསྲེལ་ཡུངས་འབྲུ་ཙམ་ལ་བསྟི་སྟང་བྱེད་པ་ཡང་ལྟ་ཞོག །ང་ཡི་ཕྱིར་མཆོད་རྟེན་བྱེད་པ་ལ་བསྟི་སྟང་བྱེད་པའང་ལྟ་ཞོག །ཀུན་དགའ་བོ་གང་དག་ཁ་ཅིག་སངས་རྒྱས་ལ་དམིགས་ནས་ཐ་ནའང་མེ་ཏོག་གཅིག་ནམ་མཁའ་ལ་གཏོར་ན། ཀུན་དགའ་བོ་དགེ་བའི་རྩ་བ་དེས་འབྲས་བུ་མྱ་ངན་ལས་འདས་པ་ཐོབ་སྟེ། ཐ་མ་མྱ་ངན་ལས་འདའ་བར་ང་སྨྲའོ། །ཞེས་དང་། མཆོད་པ་དང་མཎྜལ་དངོས་སུ་མ་འབྱོར་ན། ཡིད་ཀྱིས་སྤྲུལ་ནས་མཆོད་ཆོག་སྟེ། ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །ཞེས་སོགས་གསུངས་པ་ཡིད་སྤྲུལ་ཡིན་གྱི། དངོས་སུ་དེ་འདྲ་ག་ལ་སྲིད། སྟོང་གསུམ་ཁམས་ཀྱི་རྡུལ་སྙེད་དུ། །བདག་ཉིད་ཀྱང་ནི་རྣམ་བསམ་ཞིང་། །མཆོད་པའི་ཕྱིར་ཡང་རྣམ་བསམས་ནས། །སངས་རྒྱས་ཀུན་ལ་དབུལ་བར་བྱ། །ཞེས་དང་། ཞིང་འདི་འཁོར་ལོ་རིན་ཆེན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་


CMR054_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཤེས་རབ་ཅན་གྱིས་དབུལ། །ཞེས་དང་། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན། །གཟུགས་མཆོག་རྒྱལ་བའི་སྤྱན་ལ་མཛེས་པ་ཀུན། །རྡོ་རྗེ་གཟུགས་མའི་ཚོགས་རྣམས་ཀུན་སྤྲུལ་ཏེ། །ཞེས་སོགས་ཡིད་སྤྲུལ་གྱིས་ཆོག་པའི་དོན་ཡིན་ནོ། །སངས་རྒྱས་ཀྱི་ཞིང་ཁམས་རྣམས་དང་། འཇིག་རྟེན་གྱི་ཁམས་རྣམས་སུ། རང་གྲུབ་ཏུ་ཡོད་པ་རྣམས་ཀྱང་བློ་ཡིས་བླངས་ཏེ་འབུལ། སྔོན་རང་གི་ལུས་བླངས་ཚད། ད་ལྟའི་ལུས་འདི། མ་འོངས་པ་ན་ལུས་ལེན་རྒྱུ་ཐམས་ཅད། བློ་ཡིས་བླངས་ཏེ་དཀོན་མཆོག་ལ་འབུལ་བར་བྱ་སྟེ། སྤྱོད་འཇུག་ལས། མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང་། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང་། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང་། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་


CMR054_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གཞན་ཡང་མཆོད་པར་འོས་པའི་རྒྱུན་རྣམས་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དང་། །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་འདི་དག་ཀུན། །བློ་ཡིས་བླངས་ཏེ་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་ནི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །རྒྱལ་དང་རྒྱལ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །ཞེས་དང་། དེ་ལྟར་དངོས་སམ་ཡིད་སྤྲུལ་ལམ་བློས་བླངས་པའི་མཆོད་པ་དང་། མཎྜལ་འབུལ་ཏེ། དངོས་སུ་འབྱོར་ན་མཎྜལ་དེ་ལ་སྒྲུབ་པའི་མཎྜལ་དང་། མཆོད་པའི་མཎྜལ་གཉིས་


CMR054_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དང་པོ་ནི། རིན་པོ་ཆེ་ལ་སོགས་པའི་མཎྜལ་གཉིས་ཡོད་ན། ཆེ་ཞིང་བཟང་བ་ལ་སྒྲུབ་པའི་མཎྜལ་གྱི་དམིགས་རྟེན་བྱ་ཞིང་། ཅུང་ཟད་དམན་པ་ལ་མཆོད་པའི་མཎྜལ་གྱི་དམིགས་རྟེན་བྱ། གཅིག་ལས་མེད་ན་དེ་ཉིད་སྒྲུབ་པའི་མཎྜལ་དང་། །མཆོད་པའི་མཎྜལ་གྱི་དམིགས་རྟེན་ཤིང་དང་རྡོ་ལ་སོགས་པ་ལ་བྱེད། གྲུབ་ཆེན་མི་ཏྲ་ཛཱ་ཀིའི་ཞལ་ནས། མ་འབྱོར་ན་ས་གཞི་སྤོས་ཀྱིས་ཆག་ཆག་བཏབ་ལ་ཚོམ་བུ་བཀོད་གསུངས། དེ་ཡང་མ་འབྱོར་ན་དམིགས་པ་ཁོ་ན་བྱའོ། །དེ་ཡང་ལག་ལེན་ཐུབ་ཕྱིན་ཆད། །གང་ཆེ་བ་བསོད་ནམས་ཆེ་ཞིང་རིན་པོ་ཆེ་ལས་གྲུབ་ན་སོར་བཞི་ཡན་དུ་ལོང་པ། ས་རྡོ་ཤིང་ལ་སོགས་པ་ཡིན་ན་མཐོ་གང་ཡན་ཆད་དོ། །དེ་ལས་ཆུང་བ་མི་བརྟེན་ནོ། །དབྱིབས་ཀུན་ནས་ཟླུམ་པོ་སྟེང་འཇམ་ཞིང་མཉམ་པ། དབུས་ཅུང་ཟད་མཐོ་བ་འབུར་དུ་དོད་པའི་རྣམ་པ་ཅན། སྦྱིལ་མོ་དང་ཚོམ་བུ་མི་ཆགས་པ་མ་ཡིན་པ། སྟེང་ཕྱོགས་ཀྱི་དྲུག་ཆ་དང་མཉམ་པར་རི་ཟླུམ་པོས་འོག་ཏུ་འཁོར་བ། མཛེས་ཤིང་ཡིད་དུ་འོང་བ་གས་གྲུམ་དང་ཆག་པ་དང་། བཙས་ཁྱེར་སོགས་མ་ཡིན་པ་འབྱོར་ན་དྲི་བཟང་གིས་བྱུག་ཅིང་རི་མོ་མེད་པར་བྱའོ། །


CMR054_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་སྐྱོན་དེ་དག་དབུས་ན་ཡོད་ནི་བླ་མ་དང་། མདུན་རང་གཡས་ཕ་མ་དང་གཉེན་འབྲེལ། གཡོན་མཆེད་གྲོགས། རྒྱབ་འཁོར་དང་ལོངས་སྤྱོད་ལ་གནོད་དོ། །ཚོམ་བུ་ཡང་རབ་རིན་པོ་ཆེ། འབྲིང་དུང་དང་མགྲོན་བུ། ཐ་མའང་ནས་དང་འབྲས་སོགས་འབྲུ་བཟང་པོ་ལ་བྱའོ། །དམ་ཚིག་ཏུ་མཎྜལ་སྟོང་པར་མི་བཞག །ལེགས་པར་རང་གཞན་སྣོད་བཅུད་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་མི་གཙང་བའི་དངོས་པོ་ཐམས་ཅད་སངས་ཀྱིས་དག་པར་དམིགས་ལ། མཎྜལ་ལག་ཏུ་ཐོགས་ཏེ་གཡས་སྙིམ་པ་མེ་ཏོག་དང་བཅས་པས། ཏྲི་ཡ་བའི་ལུགས་ལ། ཕྱག་གཡས་པས་གཡས་བསྐོར་དུ་ཕྱི་ཞིང་མཎྜལ་སྲུང་བ་བཞག་ནས་ཚོམ་བུ་བཀོད་པ་ཡིན། ནང་པའི་ལུགས་ཀྱིས་གཡོན་སྐོར་དུ་ཕྱི་ཞིང་། མཎྜལ་གྱི་སྲུང་བ་བཞག་ནས་ཚོམ་བུ་བཀོད་པ་ཡིན་པས། ཕྱི་ལུགས་གཉིས་གང་འཐད་བརྟགས་ལ་ལན་གསུམ་སོགས་ཕྱི། དེ་ནས་ཚོམ་བུ་དབུས་མ་དང་མཐའ་གང་རུང་ཉེ་དྲགས་པ་མ་ཡིན་པ། ཡོ་བ་དང་འཐོར་བ། ཆེ་ཆུང་མི་མཉམ་པའི་སྐྱོན་སོགས་དང་བྲལ་བར་བཀོད། སྐྱབས་ཡུལ་གྱི་སྐབས་ལྟར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ལ་


CMR054_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བསྟིམ། ཡང་སྤྱན་འདྲེན་མ་བྱས་ཀྱང་ཆོག་སྟེ། ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། ཇི་ལྟར་མི་གང་ཐུབ་པ་ཟླ་བ་ཡིད་ལ་དྲན་བྱེད་པ། །དེ་ཡི་མདུན་ན་རྟག་ཏུ་ཐུབ་པ་བཞུགས། །ཞེས་གསུངས་སོ། །དེ་ཉིད་མཆོད་བཤམས་ཀྱི་དབུས་སམ། མཆོད་བཤམས་མེད་ན་སྟེགས་མཛེས་ཤིང་གཙང་བའི་མཆོད་པའི་རྟེན་གྱི་བཞུགས་གནས་སུ་འོས་པ། མཐོ་ལ་ཡངས་པའི་སར་བཤམ་མོ། །དེའི་མདུན་དུ་ཅུང་ཟད་དམའ་བའི་སྟན་ལ་རང་ཉིད་འདུག་སྟེ། ལག་པ་གཡོན་དུ་མཎྜལ་དང་། གཡས་སུ་ཚོམ་བུ་ཐོགས་ལ་ཡིག་བརྒྱ་ཚར་གཅིག་འདོན་པ་དང་སྦྲགས་ནས་གོང་བཞིན་མཎྜལ་གྱི་རྡུལོ་གཙང་ཞིང་དག་པར་ཕྱི་བ་དང་སྦྲག་སྟེ། གཟུང་འཛིན་གྱིས་བསྡུས་པའི་རང་གཞན་གྱི་རྒྱུད་ཀྱི་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ། ཚིག་འདོན་པ་དང་། དོན་གསལ་འདེབས་པ་དང་། ཚོམ་བུ་བཀོད་པ་རྣམས་ཕྱོགས་མཐུན་པར་བྱས་ཏེ། རྒྱས་པར་སོ་བདུན་མ། འབྲིང་བ་ཚོམ་བུ་བདུན་མ། བསྡུས་པ་ས་གཞི་སྤོས་བྱུགས་མ་འདོན་པ་ཕྱིའི་མཎྜལ་ལོ། །ནང་གི་མཎྜལ་ལུས་ལ་བཀོད་པ་ནི། པགས་པ་དབང་ཆེན་གསེར་གྱི་ས་གཞི། རྒྱུ་མ་ལྕགས་


CMR054_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

རིའི་འཁོར་ཡུག །དེའི་དབུས་སུ་སྒལ་ཚིགས་དབུས་ཀྱི་རི་བོ་མཆོག་རབ། མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་། ལག་པ་གཡས་པ་ཤར་ལུས་འཕགས་པོ། །རྐང་པ་གཡས་པ་ལྷོ་འཛམ་བུ་གླིང་། རྐང་པ་གཡོན་པ་ནུབ་བ་ལང་སྤྱོད། ལག་པ་གཡོན་པ་བྱང་སྒྲ་མི་སྙན། །མིག་གཉིས་ཉི་མ་དང་ཟླ་བ། རྣ་བ་གཉིས་སྒྲ་གཅན་དང་དུས་མེ། སྣ་གཏེར་ཆེན་པོའི་བུམ་པ། ལྕེ་འདོད་འཇོའི་བ། རྐང་སོར་བཅུ་ཕྱིའི་ལྷ་མོ་བཅུ།། ལག་སོར་བཅུ་ནང་གི་ལྷ་མོ་བཅུ། ལྷུའི་ཚིགས་ཆེན་བརྒྱད་བཀྲ་ཤིས་པའི་རྟགས་བརྒྱད། དོན་སྣོད་བདུན་རྒྱལ་སྲིད་སྣ་བདུན། སྐྲ་དང་བ་སྤུ་ལྷ་དང་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་དག་ཐམས་ཅད་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང་། དཀོན་མཆོག་ཡི་དམ་ཆོས་སྐྱོང་གི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བསྒོམ། །གསང་བའི་མཎྜལ་རྩ་ལ་བཀོད་པ་ནི། གསང་གནས་རྩ་མཆོག་དབང་ཆེན་གསེར་གྱི་ས་གཞི། ཡན་ལག་གི་རྩ་རྣམས་ལྕགས་རིའི་འཁོར་ཡུག །དབུས་སུ་དབུ་མ་རི་རྒྱལ་ལྷུན་པོ། སྙིང་ག་ཤར་ལུས་འཕགས་


CMR054_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

པོ། ལྟེ་བ་ལྷོ་འཛམ་བུ་གླིང་། མགྲིན་པ་ནུབ་བ་ལང་སྤྱོད། སྤྱི་བོ་བྱང་སྒྲ་མི་སྙན། རྩ་རོ་མ་ཉི་མ། རྐྱང་མ་ཟླ་བ། དབུ་མའི་ཡར་སྣེ་སྒྲ་གཅན། མར་སྣེ་དུས་མེ། །སྙིང་ཁ་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་པའི་འཁོར་ལོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ། དབང་པོ་ལྔ་འདོད་ཡོན་གྱི་ལྷ་མོ་ལྔ། རྩ་འདབ་རྣམས་བཀྲ་ཤིས་ཀྱི་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན་ལྷ་མིའི་དཔལ་འབྱོར་མ་ཚང་བ་མེད་པ་འདི་དག་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་ཡི་དམ་གྱི་ལྷ་ལ་འབུལ་བར་བསྒོམ། །དམིགས་པ་དེ་གཉིས་ནི་གྲུབ་ཆེན་མི་ཏྲའི་གསུངས་ལྷད་མེད་ཡིན་པས་བྱིན་རླབས་ཆེ། ཡང་རང་གི་སེམས་འདི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་པར་བསམས་ནས། རང་གི་མིག་གི་ཡུལ་གྱི་གཟུགས་ཐམས་ཅད་ནི། གཟུགས་རྡོ་རྗེ་མ་མེ་ལོང་ཐོགས་པ། རྣ་བའི་ཡུལ་གྱི་སྒྲ་ནི་སྒྲ་རྡོ་རྗེ་མ་པི་ཝཾ་ཐོགས་པ། སྣའི་ཡུལ་གྱི་དྲི་ནི་དྲི་རྡོ་རྗེ་མ་སྤོས་ཕོར་ཐོགས་པ། ལྕེའི་ཡུལ་གྱི་རོ་ནི་རོ་རྡོ་རྗེ་མ་ཞལ་ཟས་ཐོགས་པ། ལུས་ཀྱི་ཡུལ་གྱི་རེག་བྱ་ནི་རེག་བྱ་རྡོ་རྗེ་མ་ན་བཟའ་ཐོགས་པ། ཡིད་ཀྱི་ཡུལ་གྱི་ཆོས་ནི་ཆོས་དབྱིངས་རྡོ་རྗེ་མ་ཆོས་


CMR054_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ཐོགས་པར་སྤྲུལ། དེ་དག་ལས་སྤྲུལ་པ་མཆོད་པའི་ལྷ་མོ་བཅུ་དྲུག །ཉེར་སྤྱོད་བདུན། འདོད་ཡོན་ལྔ། རྒྱལ་སྲིད་སྣ་བདུན་བཀྲ་ཤིས་པའི་རྫས་བརྒྱད། ངོ་མཚར་བའི་མཆོད་པ་བཅོ་བརྒྱད། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིག་མ་ལྔ། རྡོ་རྗེ་རྣལ་འབྱོར་མ་དཔག་ཏུ་མེད་པས་ཕྱག་ན་བདུད་རྩིའི་བྷན་ཐོགས་པ་ལ་སོགས་པ་མཆོད་པའི་སྤྲིན་ཆེན་པོ་ནམ་མཁའ་བར་སྣང་གང་བ་དང་། རི་རབ་གླིང་བཞི་གླིང་ཕྲན་བརྒྱད་ཉི་ཟླ་དང་བཅས་པ། སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་བཀང་སྟེ་ཕུལ་བར་བསྒོམ། འདི་ནི་གདོང་མཁའ་སྤྱོད་པ་ལ་གླང་ཆེན་འགྱིང་རིར། ཀུན་ཏུ་བཟང་པོས་ལུང་བསྟན་པའི་དོན་བསྡུས་པ་ཡིན་ཏེ་བྱིན་རླབས་ཆེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། །ཆོས་དབྱིངས་མཎྜལ་རིག་པས་བརྒྱན་པ་འདི། །བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་འབུལ། །ཞེས་དང་། རྗེ་མར་པས། རང་བཞིན་སྐྱོན་མེད་ཀྱི་མཎྜལ་ལ། །སྣང་བ་སྣ་ཚོགས་ཀྱི་མེ་ཏོག་བཀོད། །ནམ་མཁའ་རྣམ་དག་གི་མཎྜལ་ལ། །འགགས་མེད་རྟེན་འབྲེལ་གྱི་མེ་ཏོག་བཀོད། །རང་སེམས་བདེ་ཆེན་གྱི་མཎྜལ་ལ། །རྣམ་རྟོག་སྣ་ཚོགས་ཀྱི་མེ་ཏོག་


CMR054_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད། །ཅེས་སོགས་གསུངས་པའི་དོན་ཡང་ཡིན་ནོ། །དེ་དག་གི་འདོན་ཆ་རྒྱས་བསྡུས་གསར་རྙིང་རྣམས་ནས་དུ་མ་འབྱུང་བ། བློ་ལ་ཡོད་ན་རང་གི་གང་ཡོད་དེ་འདོན་ཆོག །མེད་ན་ཚིག་གཅིག་པོ་འདི་འདོན་ནས་དམིགས་པ་བསྒོམ་ཞིང་བརྒྱ་རྩ་བཟླ། བདག་ལུས་ལོངས་སྤྱོད་སྣང་སྲིད་མཎྜལ་འབུལ། །ཞེས་དང་། ཡང་ན་རྗེ་མི་ཏྲས་གསུངས་པའི་སྔགས་འདི་བརྒྱ་ཚར་འདོན་ནོ། །གུ་རུ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། དེ་རྣམས་ཀྱི་གོ་བ་དང་ཤེས་རབ་ཡོད་པ་རྣམས་ལ། ཚོགས་བསགས་པ་གལ་ཆེ་ཚུལ། །ཚོགས་བསགས་པ་ལ་དཀོན་མཆོག་མཆོད་དགོས་ཤིང་། དེ་ཡང་བླ་མ་མཆོད་ན་ཚོགས་རྫོགས་ཕུལ་ཆེ་བ་དང་མཆོད་པ་ཐམས་ཅད་ལ་དང་པོར་ཡོ་བྱད་བསྒྲུབ་དུས། དཀའ་ཚེགས་ཆེ་ཞིང་སྡིག་དང་འདྲེས་པའི་དྲི་མ། དངོས་གཞིའི་ཚེ་སེར་སྣའི་དྲི་མ། རྗེས་ནས་འཕོངས་སེམས་དང་འགྱོད་པའི་དྲི་མ་དང་གསུམ་ཡོད་པས། མཎྜལ་ལ་དེ་གསུམ་མེད་པའི་ཕྱིར་དྲི་མ་མེད་པའི་མཆོད་པ་ཡིན་ཏེ། གླིང་རས་ཀྱི་ཞལ་ནས། ལག་པ་ནར་གྱིས་བརྐྱང་བ་ལ་མཎྜལ་འདི་བས་བསོད་ནམས་ཆེ་བ་མེད་གསུངས། ཡང་ཤིན་ཏུ་ཤེས་རབ་ཆུང་བས་


CMR054_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་དེ་ཙམ་མི་ཟིན་ན། མདུན་གྱི་ནམ་མཁར་པད་ཟླའི་གདན་ལ། བླ་མ་དཀོན་མཆོག་ཐམས་ཅད་འདུས་པའི་ངོ་བོ། སངས་རྒྱས་འོད་དཔག་མེད་སྐུ་མདོག་བྱི་རུ་ལྟར་དམར་བ། དབུ་གཙུག་ཏོར་མཛོད་སྤུ་དཀར་པོ་སོགས་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་ཤིང་། ཆོས་གོས་རྣམ་གསུམ་གསོལ་ནས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་མཉམ་བཞག་གི་སྟེང་ན་ལྷུང་བཟེད་བདུད་རྩིས་བཀང་བ་བསྣམས་པ། དེ་ལྟ་བུ་གཅིག་མཎྜལ་དང་མཆོད་པ་ནམ་འབུལ་གྱི་དུས་སུ་ནམ་མཁར་ལམ་ལམ་གསལ་བཏབ་དེའི་མདུན་དུ་སྐྱེ་བ་འདི་དང་སྐྱེ་བ་སྔ་མ་ཐམས་ཅད་དང་ཕྱི་མ་ཐམས་ཅད་ཀྱི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་འབུལ། གླིང་བཞི་རི་རབ་དང་བཅས་པ། སྟེང་ལྷའི་ལོངས་སྤྱོད། འོག་ཀླུའི་ལོངས་སྤྱོད། བར་མིའི་ལོངས་སྤྱོད། དབྱར་ཀའི་མེ་ཏོག་ཐམས་ཅད། སྟོན་ཁའི་ལོ་ཏོག་ཐམས་ཅད། ལྷའི་ཡུལ་དུ་བདུད་རྩི་ཁ་དོག་ལྔ་ཡོད་པར་བཤད་པ་ཐམས་ཅད་རང་གི་བློ་ཡིས་བླངས་ཏེ་ཕུལ་བར་བསྒོམ། དེ་དག་གི་ཚེ་མཎྜལ་གྱི་ཚིགས་བཅད་ཤེས་སམ། མེད་ན་དམིགས་པ་བསྒོམ་ཞིང་ཡིག་དྲུག་འདོན་པས་


CMR054_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་སྟེ། རྒྱལ་པོ་སྲོང་བཙན་སྒམ་པོའི་གསུངས་ལས། སྣང་བ་སྣ་ཚོགས་ལམ་གྱི་གཏོར་མ་ཞེས་པའི་དོན་ཡང་དེ་ཡིན། དཔའ་ཡིད་ལ་ཡོད་ན་མཚོན་གོར་མོ་རྡོ་ཡིས་ཆོག་ཟེར་བའི་དཔེ་དེ་ལྟར་བསྒོམ་ཤེས་ན་ཚོགས་རྫོགས་པ་ལ་དཀའ་ཚེགས་མེད་གསུངས། དེ་ལྟར་མཎྜལ་རྒྱས་བསྡུས་གང་བསྒོམ་ན་ཡང་རྗེས་སུ། དེ་ནས་མཆོད་པའི་ཡུལ་གྱི་ལྷ་ཚོགས་རང་ལ་བསྟིམས་ནས། ལུས་ངག་ཡིད་གསུམ་མ་བཅོས་པའི་ངང་ལ་མཉམ་པར་འཇོག་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །ཞེས་གྲུབ་ཆེན་མི་ཏྲ་ཛཱ་གིས་གསུངས་ཏེ། དེ་ཁོ་ན་ཉིད་ཀྱི་མཎྜལ་དང་། དམིགས་པ་མེད་པའི་མཆོད་པ་ནི། བདག་མེད་ཀྱི་དོན་སྒོམ་པ་སྟེ། མཆོད་པ་ཡི་ནི་མཆོག་ཡིན་ནོ། །དེ་ལྟར་ཡང་ལྷའི་བུ་བློ་གྲོས་རབ་གནས་ཀྱི་ལེའུ་ལས། བྱང་ཆུབ་འདོད་པའི་བྱང་ཆུབ་སེམས་དཔའ་ཡི། །བསྐལ་པ་བྱེ་བ་གང་གཱའི་བྱེ་སྙེད་དུ། །མེ་ཏོག་སྤོས་དང་དེ་བཞིན་ཟས་སྐོམ་དང་། །ཕུལ་ནས་མི་མཆོག་སངས་རྒྱས་སྟོང་མཆོད་པས། །གང་གིས་གང་ལས་བདག་དང་སྲོག་དང་ནི། །གང་ཟག་མ་མཆིས་དེ་འདྲའི་ཆོས་འདི་དག །ཐོབ་ནས་དེ་ལ་འོད་གསལ་བཟང་ཐོབ་བོ། །དེ་ཡིས་མི་མཆོག་དམ་པ་


CMR054_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་ལགས། །ཅེས་གསུངས་སོ། །སེངྒེ་སྒྲ་ཆེན་གྱི་མདོ་ལས་ཀྱང་། གང་འདུ་ཤེས་དང་མཚན་མ་མི་སྐྱེད་པར་བྱེད་པ་དེ་ནི། དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །བླང་དོར་མེད་པ་དང་གཉིས་སུ་མེད་པར་འཇུག་པ་དེ་ནི། དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་དངོས་པོ་མེད་པའི་མཚན་ཉིད་ཡིན་པས། དེའི་དངོས་པོའི་འདུ་ཤེས་ལ་གནས་པས་མཆོད་པ་སླ་བ་མ་ཡིན་ནོ། །ཞེས་གསུངས་སོ། །ཡབ་སྲས་མཇལ་བའི་མདོ་ལས། སྟོང་ཉིད་ཆོས་ལ་བརྟེན་བགྱིད་ཅིང་། །སངས་རྒྱས་སྤྱོད་ཡུལ་གང་མོས་པ། །དེ་དག་སྟོན་པ་མཆོད་པ་སྟེ། །མཆོད་པ་འདི་ནི་བླ་ན་མེད། །ཅེས་གསུངས་སོ། །བདུད་རྩི་གསང་བའི་རྒྱུད་ལས་ཀྱང་། མཉེས་པའི་དོན་གྱིས་མཆོད་པ་སྟེ། །སྤོས་སོགས་ཕུལ་བས་མཉེས་པ་མེད། །རང་སེམས་ལས་སུ་རུང་བ་དག །མཉེས་པའི་མཆོད་པ་ཆེན་པོའོ། །ཞེས་གསུངས་སོ། །དེ་ལྟར་ཉམས་སུ་བླངས་པས། ཚོགས་རྫོགས་པའི་རྟགས་སུ་ཟས་ཆེར་མ་ཟོས་ཀྱང་མི་རྟོགས། ཤེས་རབ་བྱེ་བས་སྔར་མ་གོ་བའི་ཆོས་མང་དུ་ཤེས། སྔར་


CMR054_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པའི་ཆོས་མང་དུ་དྲན་ཞིང་ཉམས་དགའ་བ་བློ་བཀོལ་དུ་ཐུབ་པ་འབྱུང་། རྨི་ལམ་དུའང་བུད་མེད་མང་པོས་ཟས་སྐོམ་སྟེར་བ་དང་། ཉི་ཟླ་ཤར་བ་དང་། གྱེན་ལ་འགྲོ་བ་དང་། མེ་ཏོག་གི་ཐང་ལ་འགྲོ་ཞིང་མེ་ཏོག་ཐུ་བ་གོས་གསར་པ་གྱོན་པ། རྒྱན་བཏགས་པ། ཆུ་ལས་བརྒལ་བ། ཕ་རོལ་དུ་འགྲོ་བ། ཆུ་ལ་གྲུའམ་ཟམ་པ་བཙུགས་པ། མཎྜལ་དང་མེ་ལོང་ཕྱི་ཞིང་ལྟ་བ་དང་། དུང་འབུད་པ། རྔ་བོ་ཆེ་བརྡུང་པ། རོལ་མོ་བཀྲོལ་བ། ལྷ་ཁང་ལ་ལྟ་བ་སོགས་རྨིའོ། །དེའང་ཐང་རེ་ཙམ་རྨི་བ་ལ་གཏད་ར་མེད་པས་རྟགས་འདི་རྣམས་ཡང་ཡང་འབྱུང་བ་དང་། དངོས་སམ་ཉམས་སམ་དེ་དག་དངོས་སུ་བྱུང་ན་ཅུང་ཟད་ཚོགས་རྫོགས་པའི་རྟགས་ཡང་དག་པ་ཡིན་ནོ། །ཞེས་ཕྱག་ཆེན་ཁྲིད་ཡིག་ཆེན་མོ་ལས་གསུངས་སོ། །ཡང་མཎྜལ་སྐབས་འདིར། ཚེ་བུམ་བདུད་རྩིས་བཀང་བ་མང་པོ་སྤྲུལ་ཏེ་ཕུལ་བས་ཚེ་རིང་། ཤེས་རབ་ཀྱི་རལ་གྲི་མང་པོ་དང་གླེགས་བམ་མང་པོ་སྤྲུལ་ཏེ་ཕུལ་བས་ཤེས་རབ་ཆེ། བཟང་དྲུག་དང་སྨན་མང་པོ་སྤྲུལ་ཏེ་ཕུལ་བས་ནད་ཞི། རྒྱལ་སྲིད་སྣ་བདུན་དང་། རྒྱལ་པོ་ལ་འོས་པའི་ཉེར་སྤྱོད་དང་། གདུགས་བླ་རེ་ཁྲི་


CMR054_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

སྟན་མང་པོ་སྤྲུལ་ཏེ་ཕུལ་བས་མངའ་ཐང་འཕེལ། འདི་དག་ནི་དགེ་བའི་བཤེས་གཉེན་མཁས་པ་རྣམས་ཀྱི་གསུང་རྒྱུན་ལས་བྱུང་ངོ་། །རིམ་གྲོའི་མཆོག་ཀྱང་ཡིན་ཏེ། གྲུབ་ཆེན་ཀརྨ་པཀྵིའི་ཞལ་ནས། མདོས་དང་མཎྜལ་དང་བསྐང་བ་རྣམས་དོན་གཅིག་གསུངས། སྔོན་གླིང་རས་ལ་མཎྜལ་འབུལ་བཅུག་པའི་རྗེས་སུ་གདམས་ངག་བསྟན་པས་རྟོགས་པ་མཆོག་ཏུ་གྱུར། དེས་ན་ལས་འཕྲོ་ཅན་ལ་འདིའི་སྐབས་སུ་རྟོགས་པ་སྐྱེ་བ་ཡང་སྲིད། མཎྜལ་འདི་བརྒྱ་སྟོང་ཁྲི་འབུམ་ཙམ་ཕུལ་ན། བསོད་ནམས་འཕྲལ་དུ་བསྐྱེད་པའི་མན་ངག་ཟབ་མོ་ཡིན། ང་བསོད་ནམས་ཆུང་ཟེར་ནས་རྨོངས་ད་མང་པོ་བྱས་པས་ཅི་ཕན། ཚོགས་བསགས་ཀྱི་ཆོས་ཐུན་དེ་ཉམས་སུ་ལོངས་ཤིག། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་དགུ་པ་བསོད་ནམས་ཀྱི་ཚོགས་བསག་པར་བྱེད་པ་མཎྜལ་གྱི་ཁྲིད།next