Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་པ་བླ་མའི་རྣལ་འབྱོར་བསྒོམ་པའི་ཁྲིད།
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་པ་བླ་མའི་རྣལ་འབྱོར་བསྒོམ་པའི་ཁྲིད།next

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་པ་བླ་མའི་རྣལ་འབྱོར་བསྒོམ་པའི་ཁྲིད།


CMR054_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

༼ཐ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་པ་བླ་མའི་རྣལ་འབྱོར་བསྒོམ་པའི་ཁྲིད་བཞུགས་སོ།།


CMR054_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། བྱིན་རླབས་མྱུར་དུ་འཇུག་པའི་ཐབས། བླ་མའི་རྣལ་འབྱོར་ནི། དང་པོ་བླ་མའི་མཚན་ཉིད་ནི། ཐེག་པ་ཆེ་ཆུང་དང་མདོ་སྔགས་ནས་སོ་སོར་བཤད་དེ། བླ་མའི་རྣལ་འབྱོར་གྱི་སྐབས་འདིར། སྔགས་ལུགས་དང་ཕྱག་རྫོགས་ཀྱི་ལུགས་གཙོ་ཆེ་སྟེ། དང་པོ་བླ་མ་བརྟག་དགོས་པ་ནི། བླ་མའི་སྐྱོན་ཚོལ་བ་མ་ཡིན་ཏེ། རང་གི་ཚེ་རབས་རྟེན་གྱི་སྐྱབས་གནས་ཐུབ་མི་ཐུབ་བརྟག་པ་ཡིན་ཏེ། དོན་དམ་བསྙེན་པ་ལས། འདོད་པའི་དངོས་གྲུབ་སློབ་དཔོན་ཞལ་གྱི་རྗེས་འབྲང་


CMR054_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བར། །མ་ལུས་རྡོ་རྗེ་ཐེག་པ་ཐམས་ཅད་མཁྱེན་པས་གསུངས། །དེ་ཕྱིར་སློབ་མ་མཁས་པ་རྣམས་ཀྱིས་བླ་མ་གསེར་བཞིན་དུ། །ལེགས་པར་བརྟག་ན་སྡིག་པ་ཅུང་ཟད་ཡོད་མ་ཡིན། །ཅེས་དང་། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། རེ་ཤིག་དང་པོར་དངོས་གྲུབ་ནི། །སློབ་དཔོན་རྗེས་སུ་འབྲང་ཡིན་པས། །སློབ་དཔོན་མེད་པར་གྱུར་པ་ནི། །དངོས་གྲུབ་ཐོབ་པར་མི་འགྱུར་བས། །སློབ་དཔོན་མཚན་ཉིད་བཤད་པར་བྱ། །ཞེས་དང་། འོ་ན་བླ་མ་བསྟེན་མི་རུང་བ་གང་ཞེ་ན། རྡོ་རྗེ་མཁའ་འགྲོ་ལས། གང་ཡང་ཁྲོ་དང་སྒྱུ་ཅན་དང་། །ངག་ནི་


CMR054_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་རྩུབ་པ་དང་། །ཡོན་ཏན་དག་གིས་ཆོག་ཤེས་པ། །དེ་ནི་བླ་མར་བསྟེན་མི་བྱ། །ཞེས་དང་། བླ་མ་ལྔ་བཅུ་པ་ལས། བློ་ལྡན་སློབ་མས་བླ་མ་ནི། །སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་ཤིང་ཆགས་ལ་མ་བསྡམ་དང་། །སྤྱོམ་དང་བཅས་ལ་མི་བྱའོ། །ཞེས་དང་། འོ་ན་བླ་མ་མཚན་ཉིད་དང་ལྡན་པ་གང་ཞེ་ན། རྡོ་རྗེ་གུར་ལས། རྡོ་རྗེ་སློབ་དཔོན་མཚན་ཉིད་ལྔ་ལྡན་ཉིད། །དེ་ཡི་ཉེ་བར་བསྟན་པའི་སྔགས། །སྒྲུབ་པ་པོ་ལ་འགྲུབ་བོ་ཀྱེ། །བརྟན་ཞིང་ཟབ་མོའི་ཆོས་ལྡན་དང་། །རིག་པའི་གནས་རྣམས་ཀུན་ལ་མཁས། །སྦྱིན་སྲེག་དཀྱིལ་འཁོར་སྔགས་ཤེས་ཤིང་། །རབ་གནས་གཏོར་མའི་ཕ་རོལ་སོན། །དེ་ཉིད་བཅུ་པོ་རྣམ་པར་རིག །ཉེ་བར་སྤྱོད་པ་སྐྱོང་བྱེད་ཅིང་། །སྔགས་ཀྱི་ཐེག་པའི་རིམ་པར་གུས། །གཟུགས་ལྡན་མཐོང་ན་དགའ་བ་དང་། །དཀྱིལ་འཁོར་བྲི་མཁས་བཟླས་པར་ལྡན། །རྩ་བའི་ལྟུང་བ་རབ་འཇོམས་ཤིང་། །སྔགས་དང་རྒྱུད་ཀྱི་རབ་སྦྱོར་གྱིས། །འཇིག་རྟེན་རྣམས་ལ་བདེ་སྟེར་བ། །དེ་འདྲའི་བླ་མ་དངོས་བྱས་ནས། །གང་གིས་ཀྱང་ནི་སྨད་མི་བྱ། །ཞེས་དང་། གདན་བཞི་ལས། དུལ་ཞིང་


CMR054_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བའི་ཆ་བྱད་ཅན། །སེམས་ཅན་རྣམས་ལ་མི་འཇིགས་སྦྱིན། །སྔགས་དང་རྒྱུད་ཀྱི་སྦྱོར་ཤེས་ཤིང་། །སྦྱོར་དང་བཟོད་དང་ཐབས་དག་དང་། །ཐམས་ཅད་དུ་ནི་ངག་འཇམ་ཞིང་། །སེམས་ཅན་རྣམས་ལ་བུ་གཅིག་བཞིན། །རྣལ་འབྱོར་བསམ་གཏན་མཆོག་སྦྱོར་བ། །སྙིང་རྗེ་ཕན་པའི་སེམས་ཀྱིས་ནི། །བདེན་པར་སྨྲ་ཞིང་གསོད་མི་བྱེད། །དེ་ཉིད་བཅུ་པོ་ཡོངས་ཤེས་ནས། །དེ་ཉིད་སློབ་དཔོན་དུ་བསྟེན་ནོ། །ཞེས་གསུངས་སོ། །དེ་ལྟ་བུའི་སློབ་དཔོན་མཚན་ཉིད་དང་ལྡན་པ་རྙེད་ན། བླ་མ་དེ་ཉིད་དངོས་ཀྱི་སྐུར་བསྒོམ་ན་གསོལ་བ་འདེབས་རུང་སྟེ། རྗེ་མི་བསྐྱོད་ཞབས་ཀྱི་གསུངས་ལས། བླ་མ་ཡང་བླ་མ་མིན་པ་བླ་མར་བཅོས་པ་ལ་མི་ཟེར། བླ་མ་ཡིན་པ་བླ་མར་བྱོན་པ་ཞིག་དགོས། ཞེས་གསུངས་སོ། །དེ་ལྟ་བུ་རྙེད་ན་བླ་མ་དངོས་དེ་བསྒོམས་ལ། གསོལ་བ་བཏབ་ན་བྱིན་རླབས་མྱུར། བླ་མ་དེ་ལྟ་བུ་མ་རྙེད་ན། བླ་མ་དེ་ཉིད་རྡོ་རྗེ་འཆང་ཕྱོགས་སོགས་ལྷའི་སྐུར་བསྒོམ་ལ་གསོལ་བ་བཏབ་ན། བླ་མ་སོ་སོ་སྐྱེ་བོ་འཆིང་བ་དང་ལྡན་པ་ཞིག་ཡིན་ཀྱང་། སངས་རྒྱས་དངོས་ཀྱི་མོས་གུས་ཕུལ་ན། སློབ་བུ་དད་ལྡན་དེ་རྗེས་སུ་


CMR054_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བླ་མ་དེ་ལ་ཞུགས་ཏེ། སངས་རྒྱས་ཀྱི་མཛད་པ་སྟོན་ནུས་པར་གསུངས། ཡང་ཁྲིད་ཀྱི་ལུང་རྒྱུན་ཐོབ་ནས་སྔར་གྱི་བཀའ་བརྒྱུད་གོང་མའི་བླ་མ་གང་དང་གང་ལ་མོས་ཤིང་དད་ན་དེ་ཉིད་རང་གི་རྩ་བའི་བླ་མར་འགྱུར་ཞིང་། བྱིན་རླབས་འཇུག་པར་ངེས་པས་ཚིག་བརྒྱུད་མི་དགོས་དོན་བརྒྱུད་འདི་ཁོ་བོ་རང་ལ་དད་ཆོག་ཅེས། སྒམ་པོ་པ། དུས་གསུམ་མཁྱེན་པ། ཀརྨ་པཀི། ཞང་གཡུ་བྲག་པ། རྗེ་རྒོད་ཚང་པ་སོགས་ཀྱིས་གསུངས་པས། དེས་ན་རང་གང་ལ་དད་པའི་བླ་མ་དེ་རྩ་བའི་བླ་མར་བཟུང་སྟེ་གསོལ་བ་བཏབ་ན། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སྤྲིན་མེད་ཀྱི་ནམ་མཁའ་དྭངས་པ་ལྟ་བུ་རྒྱུད་ལ་མྱུར་བར་བྱིན་རླབས་ཤུགས་ཀྱིས་སྐྱེ་བར་ངེས་སོ། །ཞེས་ཁྲིད་ཆེན་ལས་གསུངས་སོ། དེས་ན་བླ་མ་ལས་དབང་ལུང་ཁྲིད་སོགས་ཐོབ་ན་གཤེ་སྐུར་མི་རུང་སྟེ། ཐིག་ལེའི་རྒྱུད་ལས། འདི་ལྟ་སྟེ། །དཔེར་ན། འདོད་པའི་ཁམས་དང། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་སེམས་ཅན་ཐམས་ཅད་དུས་གཅིག་ལ་བསད་པ་བས་ནི། རྡོ་རྗེ་སློབ་དཔོན་གྱི་བ་


CMR054_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སྤུའི་ཁུང་གཅིག་ལ་སྨོད་པ་བརྒྱ་སྟོང་གི་ཆ་དང་གྲངས་སུ་མི་འགྲོའོ། །ཞེས་དང་། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། སློབ་དཔོན་ཅི་ལྟར་ལྟ་ཞེ་ན། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང་། །དེ་བཞིན་གཤེགས་པའི་རིན་ཆེན་ཏོག །དེ་ནི་ཡེ་ཤེས་རྒྱ་མཚོ་སྟེ། །ཡིད་བཞིན་ནོར་བུ་རིན་ཆེན་བཞིན། །སློབ་དཔོན་གྱི་ནི་ཡོན་ཏན་བཟུང་། །སྐྱོན་རྣམས་ནམ་ཡང་མ་ཡིན་ནོ། །ཡོན་ཏན་བཟུང་བས་དངོས་གྲུབ་ཅིང་། །སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ཉམས། །དེ་ཡི་གྲིབ་མ་ཡང་མི་འགོང་སྟེ། །མཆོད་རྟེན་བཤིགས་དང་འདྲ་བར་གསུངས། །ཞེས་དང་། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། གང་ཞིག་མི་ཡི་འཇིག་རྟེན་དག་ན་དཔལ་ལྡན་བླ་མ་རྡོ་རྗེ་འཛིན་པ་སྡིག་བྲལ་དེ་བདག་སྟེ། །དེ་ལ་གནོད་པའི་སྲོག་ཆགས་རྣམས་ནི་ངེས་པར་དམྱལ་བར་འགྱུར་ཏེ་འདི་ལ་ངོ་མཚར་མེད། །དེ་མཉེས་པ་ཡིས་བདག་ནི་མགུ་སྟེ་དེ་ལ་ཁྲོ་བས་མེ་ནི་ཁྲོས་པ་ཞེས་བྱ་ཆེ་བའོ། །དེ་ཉིད་སེམས་ཅན་རྣམས་ལ་ཐར་པ་བདེ་མཉམ་འབྲས་སྟེར་བུ་རྣམས་དག་གིས་ཕྱག་འོས་མཆོད་འོས་སོ། །ཞེས་དང་། རྒྱུད་བཀོད་པ་ཆེན་པོ་


CMR054_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དེ་ནས་བླ་མ་སྒོམ་དང་བསྟོད་དང་བསམ་པ་ཡིས། །སངས་རྒྱས་འབྲས་བུ་ཉག་གཅིག་འགྲུབ་པར་འགྱུར། །ཞེས་དང་། དྲི་མེད་རིག་པ་རང་བྱུང་གི་རྒྱུད་ལས། བློ་མ་མཉམ་མེད་རིན་པོ་ཆེ། །འོད་གསལ་ཆེན་པོའི་ངང་ལ་བཞུགས། །མཐའ་བརྒྱད་སྐྱོན་གྱིས་མ་གོས་པས། །རྗེ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆི། །ཞེས་གསུངས་སོ།། །སངས་རྒྱས་འདུས་པའི་རྒྱུད་ལས། གང་འདུལ་གདུལ་བྱའི་ཞིང་བཞིན་དུ། །བླ་མ་སྒྲུབ་པའི་ཐབས་བརྩམ་སྟེ། །དེ་ཉིད་དོན་དུ་སུས་གཉེར་བ། །ཐེག་ཆེན་བླ་མའི་ས་ནོན་ཏེ། །ཀུན་གྱི་བདག་ཉིད་ཆེན་པོར་འགྱུར། །ཞེས་དང་། གསང་འདུས་འབུམ་གྱི་རྒྱུད་ལས། བླ་མ་ལ་གུས་སློབ་མ་ཡི། །སྒྲ་རིང་བ་དང་གསལ་བ་དང་། །སྐད་གསང་མཐོན་པོས་གསོལ་འདེབས་ན། །དེ་ལ་བདག་གིས་དངོས་གྲུབ་སྟེར། །ཅེས་གསུངས་སོ། །ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། །བསྙེན་དང་སྒྲུབ་པ་བྱེད་པ་བས། །བླ་མའི་གསོལ་འདེབས་ལན་གཅིག་བརྗོད། །ནུས་པ་འབུམ་ཕྲག་ཆར་མི་ཕོད། །རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ཡང་། །འདུ་འཛི་སྤངས་ནས་རྩེ་གཅིག་བསྒོམ་པ་བས། །བླ་མ་རང་སེམས་


CMR054_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གི་དཀྱིལ་དུ་ཤར་བ་ཙམ། །སྟོང་ཕྲག་ཉི་ཤུའི་ཆར་ཡང་མི་ཕོད་དོ། །བླ་མ་སྒོམ་དང་བསྟོད་དང་བསམ་པ་ཡང་། །སངས་རྒྱས་འབྲས་བུ་ཉག་གཅིག་འགྲུབ་པར་འགྱུར། །ཞེས་གསུངས་སོ། །གཉིས་མེད་སྦས་པ་ལས། ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །སྤྱི་བོའི་བླ་མ་ལེགས་མཆོད་ན། །འདོད་པ་ཐམས་ཅད་འགྲུབ་འགྱུར་ཏེ། །བྱ་བ་མང་པོས་ཅི་ཞིག་བྱ། །ཞེས་དང་། དམ་པ་དང་པོ་ལས། བཀའ་དྲིན་མཛད་པ་རྣམ་ཐར་བྱིན་རླབས་དང་། །རྣམ་པ་ཆ་ལུགས་རྗེས་སུ་དྲན་བྱས་ནས། །མོས་གུས་དྲག་པོས་ཤིན་ཏུ་གདུང་བ་ཡིས། །ཐུན་མོང་མཆོག་གི་དངོས་གྲུབ་འདོད་པའི་བློས། །ཡང་དང་ཡང་དུ་གསོལ་བ་དྲག་ཏུ་གདབ། །ཅེས་གསུངས་སོ། །དཔལ་གསང་བ་འདུས་པ་ལས། རིགས་ཀྱི་བུ་མདོར་བསྟན་ན། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཇི་སྙེད་འཁོད་ཅིང་འཚོ་སྐྱོང་བ་དེ་དག་ཐམས་ཅད་དུས་གསུམ་དུ་ལྷག་ནས་སློབ་དཔོན་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པས་ཡང་དག་པར་མཆོད་ན་སངས་རྒྱས་ཀྱི་ཞིང་དེ་དང་དེར་འགྲོ་ཞིང་ངག་རྡོ་རྗེའི་ཡི་གེ་


CMR054_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འདི་སྐད་དུ་འབྱིན་ཏེ། བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕའོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མའོ། །ཞེས་པ་ནས་བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོན་པའོ། །གསུངས་སོ། །བླ་མའི་ཆེ་བ་སྟོན་པ་ནི། བདེ་མཆོག་སྡོམ་པ་འབྱུང་བ་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །དེ་བཞིན་བླ་མ་བླ་ན་མེད། །ཅེས་དང་། དགོངས་པ་འདུས་པ་ལས། བསྐལ་པ་འབུམ་གྱི་སངས་རྒྱས་བས། །བླ་མོ་གཉན་པར་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་ཀྱང་། །བླ་མ་དག་ལ་བསྟེན་ཏེ་འགྲུབ། །ཅེས་དང་། ཡེ་ཤེས་གྲུབ་པ་ལས་ཀྱང་། །སྐྱ་བ་འཛིན་པ་མེད་པ་ཡི། །གྲུ་ཡིས་ཕ་རོལ་ཕྱིན་མི་འགྱུར། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་། །བླ་མ་མེད་ན་སྲིད་མཐར་མིན། །ཅེས་དང་། རྒྱུད་བླ་མ་ལས། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བསྟེན་ཏེ་བྱུང་། །ཞེས་གསུངས་སོ། །སྒྱུ་འཕྲུལ་དྲྭ་བ་ལས། བླ་མ་སངས་རྒྱས་ཀུན་གྱི་


CMR054_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ། །རྒྱལ་བའི་མན་ངག་གསང་ཆེན་རྣམས། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །གཙོ་བོ་རྡོ་རྗེ་འཛིན་པ་བསྒོམ། །ཞེས་དང་། ཡེ་ཤེས་གསང་བ་སྒྲོན་མེའི་རྒྱུད་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་སྟོང་དུ་བསྒོམ་པ་བས། །བླ་མ་དྲན་པ་བསོད་ནམས་ཆེ། །ལྷ་སྐུ་མ་སྒོམ་བླ་མ་བསྒོམ། །ལྷ་སྐུ་བྱེ་བ་བསྒོམ་པ་བས། །བླ་མ་དྲན་པ་བསོད་ནམས་ཆེ། །ཞེས་དང་། དམ་ཚིག་གསུམ་བཀོད་པའི་རྒྱུད་ལས། རྟོགས་པ་བྱིན་རླབས་ལ་སྐྱེ་སྟེ། །དེ་ཡི་རྩ་བ་མོས་གུས་ཡིན། །སེམས་ལ་མོས་གུས་མེད་པ་ལ། །བླ་མའི་བྱིན་རླབས་མི་འཇུག་སྟེ། །མཆོག་གི་ལམ་དང་བྲལ་བ་ཡིན། །ཅེས་དང་། སྐལ་མེད་བླ་མའི་སྐྱོན་ལ་རྟོག །དེ་ཡིས་ཐར་པ་དོར་བ་ཡིན། །ཅེས་གསུངས་སོ། ཧེ་བཛྲ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་། ཨ་ཏི་བཀོད་པ་ལས། བསྙེན་དང་སྒྲུབ་པ་ས་ཡ་བཟླས་པ་བས། །བླ་མའི་གསང་མཚན་ལན་གཅིག་བརྗོད་པས་ནི། །ནུས་པ་འབུམ་


CMR054_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་ཆར་ཡང་མི་ཕོད་དོ། །རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ཡང་། །འདུ་འཛི་གཡེང་བ་སྤང་ནས་བསྒོམ་པ་བས། །བླ་མ་རང་སེམས་དཀྱིལ་དུ་དར་ཅིག་ཤར་བ་ཙམ། །བླ་མ་བསྒོམ་དང་བསྟོད་དང་བསམ་པ་ཡིས། །སངས་རྒྱས་འབྲས་བུ་ཉག་གཅིག་འགྲུབ་པར་འགྱུར། །ཞེས་དང་། གསང་བ་སྔགས་ལས་བྱུང་བ་ཡི། །བླ་མ་དྲིན་དང་ལྡན་པ་ཉིད། །སྙིང་གི་དཀྱིལ་ལམ་ཡན་ལག་མཐིལ། །སྤྱི་བོའི་གཙུག་ཏུ་སུས་སྒོམ་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཀྱང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་དང་། བཤད་རྒྱུད་མཁའ་འགྲོ་རྒྱ་མཚོ་ལས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ། །ཅེས་དང་། སྡོམ་པ་འབྱུང་བའི་རྒྱུད་ལས་ཀྱང་། །བློ་མ་དང་བྲལ་ཆོས་མེད་དེ། །ཆོས་དང་བྲལ་བས་གྲོལ་བ་མེད། །ཅེས་དང་། ཀྱེའི་རྡོ་རྗེ་ལས།། མཁས་པ་ཡིས་ནི་རྙེད་དཀའ་བ། །བླ་མའི་དྲིན་གྱིས་རྙེད་སླར་འགྱུར། །ཞེས་གསུངས་སོ། །བིཪ་པའི་ཤིན་ཏུ་སྤྲོས་མེད་ལས། །བླ་མ་དང་ནི་རྡོ་རྗེ་སེམས། །ཐ་དད་པར་ནི་མི་བྱ་


CMR054_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །བླ་མ་སངས་རྒྱས་ཆོས་དང་ནི། །དེ་བཞིན་བླ་མ་དགེ་འདུན་ཏེ། །དངོས་གྲུབ་གོ་འཕང་མཆོག་འདོད་པས། །ཀུན་ནས་བླ་མ་མཉེས་པར་བྱ། །སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང་། །རྩོད་པའི་དུས་འདིར་བདག་དོན་དུ། །ཀུན་དང་མཐུན་པར་སྟོན་མཛད་པ། །དེ་ལྟར་ཤེས་ནས་དངོས་གྲུབ་ཀྱི། །བསྟན་བྱ་དུས་གསུམ་སངས་རྒྱས་ཀྱི། །དངོས་གྲུབ་རྒྱ་ཆེན་སྣོད་དུ་འགྱུར། །ཞེས་དང་། རྡོ་རྗེ་སྙིང་པོའི་རྒྱན་ལས། རྟག་ཏུ་བླ་མ་ལ་གུས་པའི། །སློབ་མས་བླ་མར་འདི་ལྟར་བལྟ། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང་། །ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །ཡན་ལག་བྱང་ཆུབ་སེམས་དཔའ་ཆེ། །བ་སྤུ་རྣམས་ནི་དགྲ་བཅོམ་ཉིད། །སྤྱི་གཙུག་རིགས་ལྔའི་སངས་རྒྱས་ཏེ། །འཇིག་རྟེན་པ་ནི་ཞབས་ཀྱི་གདན། །འོད་ཟེར་གནོད་སྦྱིན་གསང་ལ་སོགས། །དེ་ལྟར་ཡོན་ཏན་རང་བཞིན་ལུས། །རྣལ་འབྱོར་ཅན་གྱིས་རྟག་ཏུ་བལྟ། །ཞེས་དང་། རྡོ་རྗེ་ཕྲེང་བ་ལས། རྡོ་རྗེ་སློབ་དཔོན་སྐུ་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས།།


CMR054_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡི་གཟུགས་ཀྱི་ཕུང་པོ་ནི། །སངས་རྒྱས་རྣམ་པར་སྣང་མཛད་དོ། །ཞེས་སོགས་ལྷ་སོ་གཉིས་ཀྱི་འཁོར་ལོར་བཤད། གསང་བ་འདུས་པ་ལས། སློབ་དཔོན་སྙིང་གར་རབ་སྒོམ་ན། །བྱང་ཆུབ་འདི་ཡིས་ཐོབ་འགྱུར་ཏེ། །ངོ་མཚར་ཆེན་པོའི་དངོས་གྲུབ་ཡིན། །སྐུ་གསུང་ཐུགས་ནི་འགྲུབ་པར་འགྱུར། །ཞེས་དང་། ས་སྐྱ་པཎྜི་ཏས། །ཉི་མའི་དཀྱིལ་འཁོར་རེབ་ཚ་ཡང་། །མེ་ཤེལ་མེད་པར་མེ་མི་འབྱུང་། །དེ་བཞིན་སངས་རྒྱས་ཡོན་ཏན་ཡང་། །བླ་མ་མེད་པར་འབྱིན་མི་ནུས། །ཞེས་གསུངས་སོ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། དེ་བཞིན་གཤེགས་པས་བཀའ་སྩལ་པ། སློབ་དཔོན་དུ་ནི་གྱུར་ནས་ནི། །སངས་རྒྱས་ཀུན་གྱིས་ཕྱག་མཛད་པ། །བདག་ཅག་རྣམས་ཀྱི་ཕ་དང་མ། །འདི་ཉིད་ཡིད་ལ་བསམ་པོར་བྱ། །ཞེས་གསུངས་སོ། །པཉྩ་ཀྲ་མ་ལས། སློབ་དཔོན་གྱིས་ནི་རྟོག་པ་འཕྲོག །སློབ་དཔོན་གྱིས་ནི་འཇིགས་པ་སེལ། །སློབ་དཔོན་གྱིས་ནི་སྡུག་བསྔལ་གྱི། །རྒྱ་མཚོར་འགྱིང་ལས་ཕ་རོལ་སྒྲོལ། །དངོས་གྲུབ་འདོད་པའི་དོན་དུ་ནི། །དྲག་ཏུ་བླ་མ་བསྟེན་པར་བྱ། །དིས་ནི་འདོད་པའི་འབྲས་བུ་སྟེར། །དེ་ལས་ཉམས་


CMR054_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྡུག་བསྔལ་ཐོབ། །ཅེས་དང་། རྡོ་རྗེ་གུར་ལས། གང་ཕྱིར་རྡོ་རྗེ་འཛིན་པ་ཞེས། །དེ་ནི་སློབ་དཔོན་གཟུགས་སུ་འཛིན། །སེམས་ཅན་ཕན་འདོགས་དམིགས་པ་ནི། །ཐ་མལ་པ་ཡི་ཚུལ་དུ་གནས། །ཞེས་དང་། གཉིས་མེད་རྣལ་འབྱོར་རྒྱལ་བའི་རྒྱུད་ལས། ལྷ་དང་མི་ཡི་སྟོན་པ་གང་། །རྐང་གཉིས་ཐམས་ཅད་མཁྱེན་པ་སྟེ། །མ་འོངས་བླ་མའི་གཟུགས་ཀྱིས་གནས། །དེ་ཉིད་ཚུལ་འདིར་བསྟན་པའོ། །ཞེས་དང་། བ་ཚ་ཅན་གྱི་ཆུ་ཀླུང་གི་མདོ་ལས། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ང་ནི་སློབ་དཔོན་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་བསྐྱེད། །ཅེས་དང་། དམ་ཚིག་གསུམ་བཀོད་པ་ལས། གཡོ་མེད་མོས་གུས་ཟླ་དྲུག་པགིས། །རྡོ་རྗེ་འཆང་གི་ས་ཐོབ་འགྱུར། །ཞེས་དང་། ། རྡོ་རྗེ་སློབ་དཔོན་མེད་པར་ནི། །ཉོན་མོངས་ཐམས་ཅད་སྤངས་པ་དང་། །མྱ་ངན་འདས་ཞི་གོ་འཕང་དང་། །ཕྱིར་མི་ལྡོག་པ་ཐོབ་མི་འགྱུར། །ཞེས་དང་། གང་གིས་བླ་མ་རྡོ་རྗེ་འཛིན། །ཐ་དད་ཉིད་དུ་མཐོང་གྱུར་པ། །དེ་ཡིས་དེ་ཉིད་དངོས་གྲུབ་ནི། །འཚོགས་པའི་མཚན་ཉིད་ཅན་མི་


CMR054_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ། །ཅེས་དང་། རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ལས། བླ་མར་མོས་གུས་མེད་གྱུར་ན། །བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་བས། །དེ་བས་གུས་པ་ཐམས་ཅད་ཀྱིས། །བླ་མའི་སྐུ་གསུང་ཐུགས་མཉེས་བྱ། །མོས་གུས་གང་ཡོད་རྒྱལ་བའི་སྲས། །གཉུག་མ་ལྷན་སྐྱེས་ཡེ་ཤེས་འཆར། །ཞེས་དང་། ཡིད་བཞིན་མཆོག་གི་རྒྱུད་ལས། །རང་གི་བླ་མ་འདུན་པའི་ལྷ། །སྤྱི་བོའི་གཙུག་ཏུ་སྒོམ་པ་ཡི། །སངས་རྒྱས་དཀྱིལ་འཁོར་སྟོང་ཕྲག་ནི། །ལག་མཐིལ་བཞག་ནས་སྟོང་གསུམ་བསྐོར། །སྙིང་གར་ལན་གསུམ་བསྟིམས་བྱས་པས། །བརྒྱ་སྟོང་བརྒྱ་དང་ཆར་མི་ཕོད།། །དེ་ནས་རྟག་ཏུ་དྲན་པ་ཡི། །སྤྱི་གཙུག་འཁོར་ལོའི་རྒྱན་ཉིད་དོ། །དཔལ་ལྡན་བླ་མ་བསམ་པར་བྱ། །ཞེས་སོགསུངས། ཌཱ་ཀི་གསང་མཛོད་རྒྱུད་ལས། ལྷ་ལ་བརྟན་པ་ཐོབ་པ་བས། །བླ་མ་ཡུད་ཙམ་དྲན་པ་མཆོག །གསལ་ལ་མི་རྟོག་བདེ་བ་དང་། །དབྱེར་མི་ཕྱེད་པ་དེ་ཉིད་ནི། །བླ་མ་སྒོམ་པ་ཁོ་ན་ལས། །སྐྱེ་འགྱུར་གཞན་གྱིས་འགྲུབ་པར་དཀའ། །ནོར་བུ་རིན་ཆེན་བོར་བ་བཞིན། །མི་བརྗེད་མཆོག་གི་དངོས་གྲུབ་གཏོང་། །ཞེས་དང་། རྫོགས་ཆེན་


CMR054_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་གསལ་འབར་མའི་རྒྱུད་ལས། བླ་མ་སངས་རྒྱས་ཀུན་གྱི་ཚབ། །མོས་གུས་གདུང་བས་གསོལ་བཏབ་ན། །སྒྲུབ་ཐབས་གཞན་ཚོ་ག་ལ་དགོས། །དངོས་གྲུབ་ཆེན་པོ་དུས་གཅིག་འབྱུང་། །ཞེས་གསུངས་པས། བླ་མ་ལྷ་གང་འདོད་དུ་བསྒོམས་ནས་གསོལ་བ་བཏབ་པས་ལྷ་དེ་འགྲུབ་པའི་ཕྱིར། སྒྲུབ་ཐབས་གཞན་མི་དགོས་ཏེ། གྲུབ་ཆེན་མི་ཏྲ་ཛོ་ཀིའི་ཞལ་ནས། མཆོག་འདོད་པས་བླ་མ་རྡོ་རྗེ་འཆང་། ཤེས་རབ་འདོད་པས་བླ་མ་འཇམ་དབྱངས་བསྒོམ། བྱམས་སྙིང་རྗེ་འདོད་པས་བླ་མ་སྤྱན་རས་གཟིགས། མཐུ་སྟོབས་ཆེ་བར་འདོད་པས་ཕྱག་ན་རྡོ་རྗེ། འཇིགས་སྐྱོབ་ལ་སྒྲོལ་མ། ཚེ་རིང་བར་འདོད་ན་ཚེ་དཔག་མེད། ནད་ཞི་བར་འདོད་པས་སྨན་བླ། ལོངས་སྤྱོད་ཆེ་བར་འདོད་པས་རྣམ་སྲས་རིན་འབྱུང་། ཞི་བ་ལ་རྡོ་རྗེ་སེམས་དཔའ། རྒྱས་པ་ལ་རིན་འབྱུང་། དབང་བ་ལ་འོད་དཔག་མེད་དང་ཀུ་རུ་ཀུལླེ། དྲག་པོ་ལ་རྡོ་རྗེ་འཇིགས་བྱེད་དང་ཆོས་སྐྱོང་དུ་བསྒོམ་ནས། འདོད་པའི་གསོལ་འདེབས་བྱས་པས། སོ་སོའི་ལས་འགྲུབ་པ་ཡིན་གསུངས། བླ་མ་ཚེ་དཔག་མེད་དུ་བསྒོམས་ཀྱང་རུང་སྟེ། སྤྱན་རས་


CMR054_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ཀྱི་རྡོ་རྗེའི་ཚིག་རྐང་ལས། བླ་མ་ཚེ་དཔག་མེད་སྐུ་ལ། །མཆོག་ཀུན་རང་འདུས་ངོ་བོར་བལྟ། །དེ་ལ་ཕྱག་དང་མཆོད་ལ་སོགས། །གསོལ་འདེབས་དབང་བཞི་སྨིན་པར་བྱ། །ཞེས་གསུངས་སོ། །ཁྱད་པར་དུ་ཨོ་རྒྱན་རིན་པོ་ཆེ་སྒོམ་ན་ཐུགས་རྗེ་བྱིན་རླབས་མྱུར་ཏེ། ཨོ་རྒྱན་ཉིད་ཀྱི་ཞལ་ནས། ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན། །རྡོ་རྗེ་དྲག་རྩལ་པདྨ་ང་ཉིད་བསྒོམ། །དུས་གསུམ་སངས་རྒྱས་ཡོན་ཏན་བདག་ལ་རྫོགས། །རྒྱལ་བ་ཞི་ཁྲོ་གསང་སྔགས་ཕྱི་ནང་དང་། །དཔའ་བོ་མཁའ་འགྲོའི་དངོས་གྲུབ་བྱིན་རླབས་རྣམས། །ནོར་བུ་རིན་ཆེན་ཡོན་ཏན་ཀུན་རྫོགས་ལྟར། །དེ་དག་མ་ལུས་ཐམས་ཅད་བདག་ལ་རྫོགས། །ང་ཉིད་བསྒོམ་དང་དྲན་པ་ཙམ་གྱིས་ཀྱང་། །རྒྱལ་བ་སྲས་བཅས་དེ་ལ་ཐུགས་རྗེས་གཟིགས། །གསང་སྔགས་ཕྱི་ནང་ལྷ་ཚོགས་ཐམས་ཅད་ཀྱིས། །དབང་བསྐུར་བྱིན་རླབས་དངོས་གྲུབ་སྟེར་བར་བྱེད། །ཡོན་ཏན་ཐམས་ཅད་ང་ཉིད་བསྒོམས་པས་འབྱུང་། །དངོས་གྲུབ་ཐམས་ཅད་ང་ཉིད་བསྒོམས་པས་ཐོབ། །ཕྲིན་ལས་ཐམས་ཅད་ང་ཉིད་བསྒོམས་པས་འགྲུབ། །ཅེས་གསུངས་སོ། །དེ་ལྟར་བླ་མ་སངས་


CMR054_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་སྐུར་བསྒོམ་ན། སངས་རྒྱས་ཐམས་ཅད་ཆོས་སྐུ་གཅིག་ཡིན་པས། དེ་དཀོན་མཆོག་ཀུན་འདུས་ཀྱི་སྐུར་ངེས་ཤེས་བསྐྱེད་ལ། བླུན་དད་ལྟ་བུ་ཨུ་ཚུགས་ཀྱིས་གསོལ་བ་བཏབ་ན་དངོས་གྲུབ་མྱུར་ཏེ། དགྲ་ནག་རྒྱུད་ལས། ཆོས་སྐུ་བླ་མའི་གཟུགས་སུ་བྱོན། །དེ་ལ་ཐེ་ཚོམ་མེད་པ་ཡིན། །མཁས་པས་དེ་ལ་དངོས་གྲུབ་ཉེ། །ཡང་ན་བླུན་པོ་དད་པ་ཅན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་དངོས་གྲུབ་ཤིན་ཏུ་རིང་། །ཞེས་གསུངས་སོ། །དེ་ནས་མཐར་བླ་མ་ལས་དབང་བཞི་ལེན་པར་བསྒོམས་པས། དོན་གྱི་དབང་ཐོབ་ནས། དབང་དོན་གྱི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་རྟོགས་པའི་ཕྱིར། དྭགས་པོ་བཀའ་བརྒྱུད་ཕལ་ཆེ་བས། དབང་མ་བསྐུར་ཀྱང་ཁྲིད་བཤད་པའི་ཕྱག་སྲོལ་དར་བ་སྟེ། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། བླ་མའི་སྐུ་ཡི་དཀྱིལ་འཁོར་ལ། །དབང་བཞི་ཡོངས་སུ་རྫོགས་པར་ཞུ། །ས་ལམ་ཐམས་ཅད་དེ་ཡིས་བགྲོད། །ཅེས་གསུངས་སོ། །བླ་མ་སྐུ་གསུམ་བདེ་བ་ཆེན་པོའི་རྒྱུད་ལས། །ཐོག་མའི་སངས་རྒྱས་བླ་མ་ལ། །རང་སེམས་སྐུ་གསུམ་སྨིན་པ་ཡི། །འདི་ལ་བྱིན་


CMR054_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་རྗེས་གནང་ཞུ། །རང་ཟབ་བླ་མའི་དབང་ཐོབ་ནས། །མྱུར་བ་ཉིད་དུ་མངོན་སངས་རྒྱས། །ཞེས་དང་། དེ་ཡང་བླ་མ་བསྒོམ་ལུགས་གསུམ་སྟེ། ཐོ་བརྩེགས་སུ་སྒོམ་པ་ནི། རང་གི་སྤྱི་བོར་རྩ་བའི་བླ་མ་དེ་ཉིད་ལྷ་གང་འདོད་གཅིག་ལ་སྐུ་ཤིན་ཏུ་ཆེ་བ་གཅིག་བསྒོམ། དེའི་དབུ་གཙུག་ཏུ་ཡར་ལ་ལྗོན་ཤིང་གཅིག་ལ་ཡལ་ག་ལྔ་ཡོད་པ་ལྟར། དབུས་སུ་ཟུང་འཇུག་བརྒྱུད་རིམ། གཡས་སུ་ཕྱག་ཆེན་བརྒྱུད་རིམ། གཡོན་དུ་བློ་སྦྱོང་བརྒྱུད་རིམ། རྒྱབ་ཏུ་རྫོགས་ཆེན་བརྒྱུད་རིམ། མདུན་དུ་དམར་ཁྲིད་བརྒྱུད་རིམ་རྣམས་བསྒོམ། བླ་མ་ཁྲོམ་ཚོགས་སུ་བསྒོམ་ན། བླ་མ་ཤཱཀྱ་ཐུབ་པ་ལ་སངས་རྒྱས་བྱང་སེམས་བརྒྱུད་པའི་བླ་མ་ཐམས་ཅད་ཀྱིས་བསྐོར་བ་བསྒོམ་སྟེ། དཔལ་ཕག་མོ་གྲུ་པའི་ཞལ་ནས། རྩ་བའི་བླ་མ་བཅོམ་ལྡན་བསྟན་པའི་གཙོ། །དུས་གསུམ་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བརྒྱུད་པའི་ཚོགས་བཅས་མཁའ་ལ་སྤྱན་དྲངས་ཏེ། །སེང་གེ་པདྨ་ཉི་མ་ཟླ་བའི་གདན། །སངས་རྒྱས་རོལ་པའི་རྣམ་པར་བཞུགས་པར་བསྒོམ། །ཞེས་གསུངས་ཏེ། འདི་བླ་མ་སྤྲུལ་སྐུའི་རྣལ་འབྱོར་ཡང་ཟེར། ལོངས་སྐུ་བླ་མའི་རྣལ་


CMR054_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ནི། ཕྱག་ཆེན་ལྟར་ན་རིགས་ལྔ་གཅིག་བསྡུས་རྡོ་རྗེ་འཆང་ཡབ་ཡུམ། རྫོགས་ཆེན་ལྟར་ན་ཀུན་ཏུ་བཟང་པོ་ཡབ་ཡུམ་བསྒོམ། ཀུན་འདུས་སུ་སྒོམ་ན་རྩ་བ་དང་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་ངོ་བོ་སངས་རྒྱས་གང་འདོད་ཀྱི་སྐུ་གཅིག་ཏུ་བསྒོམས་ལ། གསོལ་འདེབས་ནི། རང་གིས་ཤེས་ན་ཕྱག་རྫོགས་དམར་ཁྲིད་སོགས་ཀྱི་གསོལ་འདེབས་བྱའོ། །གསར་རྙིང་སྤྱི་ཁྱབ་ཡིན་པས་མ་ནམ་བཞི་སྐོར་གྱིས་ཀྱང་ཆོག །ལེའུ་བདུན་མའི་བླ་མ་སྐུ་གསུམ་གསོལ་འདེབས་བྱས་ཀྱང་ཆོག །གསོལ་འདེབས་བྱས་ཀྱང་རྟོག་པ་འོག་འགྱུས་སུ་བཏང་བའི་ཚིག་ཤར་རེ་བ་ཙམ་མ་ཡིན་པར་ལུས་ཀྱི་བ་སྤུ་ལྡང་གདོང་མཆི་མ་འཁྲུག་སེམས་མོས་གུས་བཟོད་མེད་དུ་མ་ཤར་གྱི་བར་སེམས་གཞན་དུ་མ་ཡེངས་པར་གདབ་བོ། །བླ་མ་ཐོ་བརྩེགས་སུ་བསྒོམ་པ་ཡིན་ན། བྱིན་རླབས་ཆུ་རྒྱུན་གཅིག་མའི་དབང་ནི། རྗེ་ཆོས་ཀྱི་དབང་ཕྱུག་གིས་གསུངས་པ། གསོལ་བ་བཏབ་པའི་བརྒྱུད་པའི་བླ་མ་ཡི། །སྐུ་ལས་བདུད་རྩིའི་རྒྱུན་བབ་གནས་བཞི་གང་། །དབང་བཞི་ཐོབ་ཅིང་སྐུ་བཞིའི་ནུས་པ་བཞག །སད་རྨི་གཉིད་འཐུག་ཐ་མལ་སྒྲིབ་པ་སྦྱངས། །ཞེས་གསུངས་པ་


CMR054_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བསྒོམ། བླ་མ་ཁྲོམ་ཚོགས་སུ་སྒོམ་ན་འཁོར་རྣམས་གཙོ་བོ་ལ་བསྟིམ། དེ་ནས་འོད་ཟེར་སྤྲོ་བསྡུའི་དབང་ནི། དཔལ་གཙུག་ལག་ཕྲེང་བའི་གསུངས། དེ་ནས་བླ་མའི་དཔྲལ་བ་ནས་སྐུའི་འོད་ཟེར་དཀར་པོ་བྱུང་། རང་གི་དཔྲལ་བར་ཐིམ། ལུས་འོད་ཀྱིས་གང་། བུམ་པའི་དབང་ཐོབ། སྐུ་རྡོ་རྗེ་སྤྲུལ་སྐུའི་གོ་འཕང་ཐོབ། མགྲིན་པ་ནས་གསུང་གི་འོད་ཟེར་དམར་པོ་བྱུང་། མགྲིན་པར་ཐིམ། གསང་བའི་དབང་ཐོབ། གསུང་རྡོ་རྗེ་ལོངས་སྐུའི་གོ་འཕང་ཐོབ། ཐུགས་ཀ་ནས་ཐུགས་ཀྱི་འོད་ཟེར་སྔོན་པོ་བྱུང་། །སྙིང་གར་ཐིམ་ལུས་སེམས་བདེ་བས་གང་། དབང་གསུམ་པ་ཐོབ། ཐུགས་རྡོ་རྗེ་ཆོས་སྐུའི་གོ་འཕང་མངོན་དུ་བྱས། ལྟེ་བ་ནས་འོད་ཟེར་སེར་པོ་བྱུང་། ལྟེ་བར་ཐིམ་ལུས་སྣང་སེམས་གསུམ་གྱི་སྤྲོས་པ་ཞི་སྟེ། འོད་གསལ་སྟོང་པ་ཉིད་བློ་ལས་འདས་པ་ལྷུན་གྲུབ་ཏུ་ཤར། དབང་བཞི་པ་ཐོབ་སྟེ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུའི་གོ་འཕང་མངོན་དུ་བྱས་སོ་གསུངས་པ་དེ་ལྟར་བསྒོམ། རྒྱས་པར་འདོད་ན། གྲུབ་ཆེན་མི་ཏྲ་ཛཱ་ཀའི་གསུངས་པ། དང་པོ་འོད་ཟེར་གྱི་དབང་གི་སྦྱོང་བར་བྱེད་པ་ནི། བླ་མ་རྣམས་ཀྱི་སྤྱི་བོར་འཁོར་ལོའི་


CMR054_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ཨོཾ་དཀར་པོ། མགྲིན་པར་པདྨའི་སྟེང་དུ་ཨཱཙྪཡིག་དམར་པོ། སྙིང་གར་རྡོ་རྗེའི་སྟེང་དུ་ཧཱུྃ་ཡིག་སྔོན་པོ། ལྟེ་བར་དུ་མེའི་སྟེང་དུ་ཧོམ་ཡིག་སེར་པོ། དེ་རྣམས་ལས་འོད་ཟེར་དཀར་དམར་མཐིང་སེར་འཕྲོས་པས། རང་གི་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་སྟེ་གནས་བཞིར་ཕོག་པས་ལུས་ངག་ཡིད་གསུམ་འཕོ་བའི་བག་ཆགས་ཀྱི་སྒྲིབ་པ་བཞི་དག །ལམ་དགའ་བཞི་རྒྱུད་ལ་སྐྱེས། སྐུ་བཞི་ཡེ་ཤེས་མངོན་དུ་བྱས་པར་བསྒོམ། གཉིས་པ་ཆུ་རྒྱུན་གྱི་དབང་གི་ཆུ་བཞིས་དག་པར་བྱེད་པ་ནི། གནས་བཞིའི་ཡི་གེ་བཞི་ལས་ཆུ་རྒྱུན་འོ་མ་ལྟ་བུ་དང་། པདྨ་རཱ་ག་ལྟ་བུ་དང་། བཻཌཱུརྱ་ཞུན་མ་ལྟ་བུ་དང་། གསེར་བཙོ་མ་ལྟ་བུའི་ཆུ་རྒྱུན་བྱུང་ནས་རང་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་དག དགའ་བཞི་སྐྱེས་སྐུ་བཞི་མངོན་དུ་བྱས་པར་བསྒོམ། གསུམ་པ་བརྟན་པར་བྱེད་པ་ཡིག་འབྲུའི་དབང་ནི། བླ་མའི་གནས་བཞིའི་གདན་ཡིག་འབྲུ་དང་བཅས་པ་ཆད་ཀྱིས་ཆད་ནས་ཨོཾ་རང་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་དག་དགའ་བཞི་སྐྱེས་སྐུ་བཞི་ཐོབ་པར་བསྒོམ། བླ་མ་ཐོ་བརྩེགས་དང་། ཁྲོམ་ཚོགས་སུ་བསྒོམ་པ་ཡིན་ན། གྲུབ་ཆེན་མི་ཏྲ་ཛཱ་ཀིའི་ཞལ་


CMR054_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ནས། བླ་མ་རྣམས་རིམ་གྱིས་འོད་དུ་ཞུ་ནས་རང་གི་རྩ་བའི་བླ་མ་ལ་ཐིམ། རང་གི་ལུས་ངག་ཡིད་གསུམ་དང་། དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་པར་བསྒོམས་ནས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་ལུས་ངག་ཡིད་གསུམ་མ་བཅོས་པའི་ངང་ལ་བཞག །ཅེས་གསུངས། །ཡང་ཤེས་རབ་ཆུང་བའི་རིགས་རྣམས་ཀྱིས། དམིགས་པ་དེ་རྣམས་མི་ཟིན་ན། རང་གི་སྤྱི་གཙུག་ཁྲུ་གང་ཙམ་གྱི་ནམ་མཁར། པདྨ་འདབ་མ་སྟོང་དང་ལྡན་པའི་གེ་སར་གྱི་སྟེང་དུ། ཉི་མ་དང་ཟླ་བའི་སྟེང་དུ། རྩ་བའི་བླ་མ་ཨོ་རྒྱན་པདྨ་པཎྜི་ཏ་བཅུ་དྲུག་ལོན་པའི་ཚུལ་ཅན། དཀར་དམར་མདངས་དང་ལྡན་པ་ཆོས་གོས་གསེར་གྱི་པ་ཏྲ་ཅན་ཟ་འོག་གི་བེར་དང་། པད་ཞྭ་པདྨ་ཁ་བྱེ་བ་ལྟ་བུ་ལ། རྒོད་སྒྲོ་དར་སྣ་ཉི་ཟླ་རྒྱ་གྲམ་གྱིས་མཚན་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་པས་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་བྷནྡྷ་བསྣམས་པ། ཁ་ཊཾ་གཡོན་གྱི་མཆན་དུ་བཅུག་པ། འོད་ཟེར་སྟོང་གསུམ་ཁེངས་པར་བསྒོམ། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཁ་བ་བུ་ཡུག་ལྟར་བྱོན་ནས་དེ་ལ་ཐིམ། དེ་ལ


CMR054_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པའི་ངང་ནས། གུ་རུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས་སོ། །ཞེས་པ་བརྒྱ་ཚར་བརྗོད་པས། གུ་རུ་ནི་བླ་མ་ཐམས་ཅད། པདྨ་འབྱུང་གནས་ནི་ཨོ་རྒྱན་ཏེ། དེ་ལ་གསོལ་འདེབས་ཐམས་ཅད་ཚང་། ཡི་གེ་བཅུ་གཉིས་སྔགས་ཀྱི་ཕྲེང་བ་འདི། ཕྱི་ལྟར་གསོལ་བ་འདེབས་པའི་སྙིང་པོ་ཡིན། ཞེས་གསུངས་པས། བཛྲ་གུ་རུ་སྟོང་ཚར་རམ་ལྔ་བརྒྱ་ཙམ་བཟླ། དེ་ནས་ཨོ་རྒྱན་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་དང་དབྱེར་མེད་དུ་འདྲེས། རང་གི་སེམས་ལ་སེམས་ཀྱིས་ལྟ་བ་ཙམ་མ་གཏོགས་བཅོས་སླད་མེད་པར་བྱིན་རླབས་ལས་བྱུང་བའི་ཉམས་མྱོང་དེ་སྐྱོང་སྟེ། ཨོ་རྒྱན་རིན་པོ་ཆེས་གསུངས་པའི་བླ་མ་ཆོས་སྐུ་སྒྲུབ་ཐབས་ལས། གཉིས་མེད་ཐུགས་རྒྱུད་འཕོས་པའི་ངང་དེ་ལ། ། སྟོན་སེར་ནམ་མཁའ་བཞིན་དུ་གསལ་དྭངས་བཞག །སྨྲར་མེད་ཡིད་ཆེས་འདི་ཞེས་བརྗོད་བྱ་བྲལ། །འདི་འདྲའི་ཡིན་ལུགས་མ་མཐོང་མཐོང་རྒྱུ་གཅིག །ས་ལེ་རང་གསལ་རྟོག་མེད་རྗེན་ནེ་བ། །དེ་ཚེ་རང་བྱུང་བླ་མའི་རང་ཞལ་མཇལ། །འགྲོ་མགོན་བླ་མའི་བྱིན་རླབས་དེ་ཚེ་འཇུག །དེ་ཡི་དོན་རྟོགས་རྒྱུན་དུ་དེ་ལྟར་བསྒོམ། །ཞེས་དང་། དཔལ་


CMR054_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་མོ་གྲུ་པའི་ཞལ་ནས། དོན་དམ་བློ་འདས་སེམས་ཉིད་ཆོས་ཀྱི་སྐུ། །གདོད་ནས་རྣམ་དག་མ་སྐྱེས་འདུས་མ་བྱས། །རང་བཞིན་འོད་གསལ་ལྷུན་གྲུབ་དེ་བཞིན་ཉིད། །གློ་བུར་རྟོག་པའི་དྲི་མས་མ་བསླད་ཅིང་། །མི་རྟོག་ཟག་མེད་བདེ་ཆེན་ཞི་བའི་ངང་། །བསྒོམ་བྱ་སྒོམ་བྱེད་རྩོལ་བ་རྣམས་སྤངས་ཏེ། །འབད་མེད་ཆེན་པོ་མ་བཅོས་ལྷུག་པར་བཞག །བརྗོད་བྲལ་བློ་འདས་ཕྱག་རྒྱ་ཆེན་པོ་ནི། །སྐུ་གསུམ་དབྱེར་མེད་བླ་མ་དམ་པ་སྟེ། །དེས་ནི་བདུད་དང་ཉོན་མོངས་ལས་རྒྱལ་ཞིང་། །དཔག་མེད་ཡོན་ཏན་རྒྱ་མཚོའི་བདག་ཉིད་དེ། །སྒྲུབ་མཆོག་བླ་ན་མེད་པར་རྒྱལ་བས་བཤད། །ཅེས་གསུངས་སོ། །དེ་ལྟར་རྩེ་གཅིག་ཏུ་བསྒོམས་པས། ཉམས་རྟོགས་ངེས་པར་སྐྱེ། དེ་ལ་ངོ་སྤྲོད་ཡང་མི་དགོས། གེགས་དང་གོལ་ས་ཡང་མེད་པ་མོས་གུས་ཆེན་པོའི་ཁྲིད་ལས་གསུངས། ལྔ་ལྡན་གྱི་ཡང་རྩ་བ་ཡིན་ཏེ། བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་བོ་མི་འབབ་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་གསུངས་པ་ལྟར་ཉམས་སུ་ལོངས་ཤིག །བླ་མའི་རྣལ་འབྱོར་གྱི་ཆོས་ཐུན་ཚར་རོ།། །།


previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་པ་བླ་མའི་རྣལ་འབྱོར་བསྒོམ་པའི་ཁྲིད།next