Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་གཅིག་པ་བསྐྱེད་རིམ་གྱི་ཁྲིད།
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་གཅིག་པ་བསྐྱེད་རིམ་གྱི་ཁྲིད།next

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་གཅིག་པ་བསྐྱེད་རིམ་གྱི་ཁྲིད།


CMR054_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

༼ད༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་གཅིག་པ་བསྐྱེད་རིམ་གྱི་ཁྲིད་བཞུགས་སོ།།


CMR054_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། །བྱང་ཆུབ་མྱུར་དུ་ཐོབ་པའི་ཐབས། བསྐྱེད་རིམ་སྒོམ་པ་ནི་གསང་སྔགས་ཀྱི་ཁྱད་ཆོས་ཡིན་པས། མདོ་ལུགས་ལས་ཀྱང་ཁྱད་པར་འཕགས་ཏེ། ཚུལ་གསུམ་སྒྲོན་མ་ལས། །དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས། སམ་བྷུ་ཊི་ལས། མདོར་བསྡུས་ན་ནི་སངས་རྒྱས་ཉིད། །བསྐལ་པ་བྱེ་བ་གྲངས་མེད་པས། །ཇི་སྲིད་སངས་རྒྱས་གང་ཐོབ་


CMR054_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

པ། །གང་གིས་དམ་པས་བདེ་བ་ཁྱོད། །སྐྱེ་བ་འདིས་ནི་ཐོབ་པར་འགྱུར། །ཡང་ན་རྡོ་རྗེ་འཛིན་པ་ཉིད། །ཡང་ན་འཁོར་ལོས་སྒྱུར་བའམ། །འདིས་ནི་དངོས་གྲུབ་ཆེན་པོ་བརྒྱད། །གཞན་ཡང་ཡིད་ལ་འདོད་པ་ཐོབ། །ཅེས་གསུངས་སོ། །ཡེ་ཤེས་ཐིག་ལེ་ལས། ཡང་ན་ལུས་འདི་སྤང་མ་ཐག །བརྩོན་པ་མི་ལྡན་པས་ཀྱང་འགྲུབ། །ཅེས་དང་། དུས་འཁོར་རྩ་རྒྱུད་ལས། གདོལ་པ་རྨིག་མཁན་ལ་སོགས་དང་། །མཚམས་མེད་ལྔ་ནི་བྱེད་པ་རྣམས། །སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ནས། །སྐྱེ་བ་འདི་ཉིད་སངས་རྒྱས་འགྱུར། །ཞེས་དང་།


CMR054_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་ལས། སེམས་ཅན་མཚམས་མེད་ལྔ་ལ་སོགས། །སྡིག་པ་ཆེན་པོ་བྱས་པས་ཀྱང་། །རྡོ་རྗེ་ཐེག་པའི་རྒྱ་མཚོ་སྟེ། །ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། །ཞེས་དང་། སངས་རྒྱས་མཉམ་སྦྱོར་ལས། གསང་སྔགས་འདི་ཡི་ཆོ་ག་ཡིས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཞེས་དང་། རྡོ་རྗེ་རྩེ་མོ་ལས། སྐྱེ་དང་སྐྱེ་བ་ཐམས་ཅད་དུ། །རྡོ་རྗེ་ཅན་ནི་མངོན་བརྩོན་འགྱུར། །སྐྱེ་བ་བཅུ་དྲུག་མཐར་ཐུག་པས། །ཞི་བ་སངས་རྒྱས་ཉིད་ཐོབ་འགྱུར། །ཞེས་དང་། སོ་སོ་སྐྱེ་བོས་སངས་རྒྱས་ཉིད། །འགྲུབ་པར་འགྱུར་ཏེ་གཞན་དུ་མིན། །ཅེས་དང་། དེ་ལྟར་ཕ་རོལ་ཏུ་ཕྱིན་པའི་ལམ་གྱིས། བསྐལ་པ་གྲངས་མེད་བདུན་དང་ལྔ་དང་གསུམ་ལས་ཉེ་བར་སངས་རྒྱས་ཐོབ་པའི་ཐབས་མེད་ལ། གསང་སྔགས་ལུགས་ཀྱིས་རབ་ཚེ་འདི་འབྲིང་བར་དོ། ཐ་མ་སྐྱེ་བ་གསུམ་དང་བདུན་དང་བཅུ་དྲུག་ལས་མི་འགྱང་བར་སངས་རྒྱས་ཐོབ་པ་ནི། དཔེར་ན་ལོ་དང་ཟླ་བ་འགོར་བའི་ལམ་རྐང་མགྱོགས་འགྲུབ་པས་ཉིན་གཅིག་གིས་བསྒྲོད་པ་ལྟར། ཡི་དམ་གྱི་ལྷ་དང་རང་གཉིས་དབྱེར་མེད་མཉམ་པ་ཉིད་དུ་སྒོམ་པའི་མཐུ་ཡིན་ཏེ། སློབ་དཔོན་ཛྙཱ་ན་ས་།


CMR054_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་རས། དཔེར་ན་སྐྱེས་བུ་སྟོབས་ཆུང་བའམ། ཕྱུགས་ཀྱི་ཤིང་རྟས་ཡུན་རིང་གིས། །བསྒྲོད་པར་བྱ་བའི་གནས་དེར་ནི། །རྐང་མགྱོགས་གྲུབ་པའམ་ཉི་ཟླས་ནི། །མྱུར་བ་ཉིད་དུ་འགྲོ་བར་འགྱུར། །དེ་བཞིན་ཕ་རོལ་ཕྱིན་པའམ། །ལམ་གཞན་དག་ལ་བརྟེན་ནས་ནི། །ཡུན་རིང་འཇུག་པར་འགྱུར་བ་དེས། །སྔགས་པས་ཚེ་འདི་འཇུག་པ་ནི། །མཉམ་ཉིད་མཐུ་ལ་བརྟེན་ཕྱིར་རོ། །ཞེས་གསུངས་སོ། །དེ་ཡང་བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ལ། ལྷ་སྒོམ་པ་ཡོད་ཀྱང་བསྐྱེད་རིམ་གྱི་མིང་མི་ཐོག །བླ་མེད་རྒྱུད་ལ་སྐྱེ་གནས་བཞི་སྦྱང་ཕྱིར། བསྐྱེད་རིམ་བཞི་གསུངས་ཏེ། སྦྱོར་བ་ཡན་ལག་དྲུག་གི་སྒོ་ནས་བསྐྱེད་པ་མངལ་འབྱིན་དང་། མངོན་བྱང་ལྔ་ཡི་སྒོ་ནས་བསྐྱེད་པ་དང་། ཆོ་ག་གསུམ་གྱི་སྒོ་ནས་བསྐྱེད་པ་རྣམས་ནི། ཆོ་ག་བློ་ལ་ཡོད་པའི་དགེ་བཤེས་གཅིག་མིན་པས་བསྒོམ་མི་ཤེས་པས་གྲུབ་ཆེན་ཀརྨ་པཀྵིའི་ཞལ་ནས། ཡི་གེ་མི་ཤེས་པ་རྣམས་སྐད་ཅིག་དྲན་རྫོགས་ཀྱི་རྣལ་འབྱོར་བྱའོ། །ཞེས་གསུངས་སོ། །དེ་ལྟ་བུའི་ལྷ་དེ་ཡང་། ནམ་མཁའི་རི་མོ་ལྟར་སྣང་ལ་རང་བཞིན་མེད་ཅིང་། གསལ་ལ་འཛིན་པ་མེད་


CMR054_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྒོམ་སྟེ། ཁ་དོག་མ་འདྲེས་པ་ནམ་མཁའི་འཇའ་ལྟ་བུ། རྣམ་པ་གསལ་བ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ། སྣང་བར་ཁྱབ་པ་ཆུ་ཟླ་ལྟ་བུ་སྟེ། དེ་ལྟར་དཔེའི་གཙོ་བོ་གསུམ་མམ། བཅུ་གཉིས་ལྟར་ཤེས་པར་བྱ་བ་ཡང་། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། ཁང་སྟོང་ཁྱེད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་མེད་ཀྱང་། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཁྱེད་ཀྱི་སྐུ་ནི་སྟོན་པར་མཛད། །ཅེས་གསུངས་པ་དང་། གུར་ལས། གང་ཞིག་ང་ཡི་སྐུ་བསྒོམ་པ། །གལ་ཏེ་སྒྱུ་མའི་གཟུགས་ཀྱིས་སམ། །གང་ཞིག་རྨི་ལམ་འདྲ་བ་ནི། །ཤིན་ཏུ་སྒོམ་པར་བྱེད་གྱུར་པས། །མངོན་སུམ་དུ་ནི་མཐོང་བར་འགྱུར། །ཞེས་དང་། དཔལ་ཕག་མོ་གྲུ་པའི་ཞལ་ནས། འཇའ་ཚོན་ལྟ་བུའི་ལྷ་སྐུ་བསྒོམ། །དགོངས་པ་ཐ་མལ་ཞེན་པ་སྤོངས། །ཞེས་གསུངས་པས། ཡི་དམ་གྱི་ལྷ་སྣང་སྟོང་འཛིན་པ་མེད་པ་ལ་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །དེ་ལྟར་ཡི་དམ་གང་བསྒོམ་ཡང་འདྲ་མོད་ཀྱི། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་བསྒོམ་པ་ནི་མཆོག་ཏུ་བསྔགས་ཏེ། པདྨ་རྒྱལ་པོའི་རྒྱུད་ལས། མགོན་པོ་སྤྱན་རས་གཟིགས་ཀྱི་སྐུ། །མཚན་ཙམ་ཐོས་


CMR054_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྡུག་བསྔལ་འགགས། །དྲན་དང་མོས་པས་བདེ་བ་འདྲེན། །ཅེས་དང་། ཕྱག་བཞི་ཡན་ཆད་ཐམས་ཅད་ལ། །དང་པོས་ཐུགས་ཀར་ཐལ་མོ་སྦྱར་བའོ། །དཀར་ལ་སྔོ་བའི་མདངས་སྟོན་པ། །སྐུ་མདོག་ཀུན་གྱི་དག་པ་ཡིན། །རྣམ་དག་རྒྱ་ཆེན་ཀུན་ལ་ཤེས། །སྒོམ་དང་ཡིད་ལ་དྲན་པས་ཀྱང་། །མཚམས་མེད་སྒྲིབ་པ་དག་པར་བྱེད། །འབྲེལ་པར་རང་དང་གཞན་དག་ཀྱང་། །ཁང་གིས་དཀྱིལ་འཁོར་གཅིག་པུར་གཅེས། །མང་པོ་བསམ་པ་སྣང་བ་དག །ལེགས་པར་གྱུར་ན་གཅིག་པུའོ། །ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཐུགས་རྗེ་ཆེ་སྒྲུབ་བདེ་གཤེགས་ཀུན་འགྲུབ་འགྱུར། །ཞེས་གསུངས་པ་དང་། བཀའ་གདམས་གླེགས་བམ་ལས། ལྷ་བཞིའི་གདམས་པའི་སྐབས་སུ་སྤྱན་རས་གཟིགས་ལ་བསྟོད་པ། ཞི་བ་ཐུགས་རྗེ་མཚུངས་མེད་པ། །ཐུགས་རྗེའི་ཚོགས་རབ་དཔག་མེད་པ། །སྤྱན་རས་གཟིགས་ཀྱི་ངོ་བོ་ཉིད། ཅེས་དང་། རྒྱལ་བ་སྲས་བཅས་མ་ལུས་པའི། །ཕོ་བྲང་ཉིད་ཀྱང་དེ་ཉིད་ཡིན། །བུ་ག་གཅིག་ན་རྒྱལ་བ་ཡི། །ཞིང་ཁམས་དཔག་མེད་མཆོག་ཏུ་རྒྱས། །ཞེས་དང་།


CMR054_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་སྤྱད་ན་འདི་ལྟ་སྟེ། །སྐུ་བཞིའི་སངས་རྒྱས་མ་ལུས་དང་། །ཞི་ཁྲོ་དཔའ་བོ་དཔའ་མོའི་ཚོགས། །ཀུན་གྱི་དཀྱིལ་འཁོར་གཅིག་པུ་ཉིད། །ཅེས་གསུངས་སོ། །པདྨ་རྒྱལ་པོའི་རྒྱུད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་དཀྱིལ་འཁོར་གཅིག་བསྒོམ་པ། །སངས་རྒྱས་ཐམས་ཅད་འདུས་པ་ནི། །མགོན་པོ་སྤྱན་རས་གཟིགས་སྐུ་ཡིན། །དྲན་པ་ཙམ་གྱིས་འཁོར་བ་ཡི། །རྟོག་པ་ཐམས་ཅད་འགགས་པར་འགྱུར། །མྱ་ངན་འདས་པ་ཐམས་ཅད་ཀྱི། །སྙིང་པོ་མ་ལུས་ལེགས་པར་འགྱུར། །ཞེས་གསུངས་སོ། །དམ་ཆོས་པདྨ་དཀར་པོ་ལས། དག་པའི་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག །ཐེ་ཚོམ་མེད་པར་དྲན་བྱོས་དྲན་པར་གྱིས། །འཆི་བའི་ཚེ་དང་ཉོན་མོངས་གཙེས་པའི་ཚེ། །མགོན་དང་སྐྱབས་དང་དཔུང་གཞན་དག་ཏུ་འགྱུར། །ཞེས་དང་། སྔགས་ཀྱང་ཡི་གེ་དྲུག་པའི་ཕན་ཡོན་འདྲ་བ་གཞན་ལ་མེད་དེ། པདྨ་རྒྱལ་པོའི་རྒྱུད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྙིང་པོ་བསྡུས་པ་འདི་ལ་ནི། །ཐེ་ཚོམ་


CMR054_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བརྩོན་པར་གྱིས། །རྒྱ་མཚོ་ནང་གི་རིན་ཆེན་བཞིན། །ཨོཾ་མ་ཎི་པདྨེ་ཧཱུྃ། ཐེངས་གཅིག་མོས་པས་བརྗོད་པ་ན། །སེམས་ཅན་དམྱལ་བའི་ནད་ལས་ཐར། །ཐེངས་གཉིས་བརྗོད་པས་ཡི་དྭགས་ཀྱི། །འགྲོ་བའི་སྒོ་ཡང་འགགས་པར་འགྱུར། །གསུམ་བརྗོད་དུད་འགྲོའི་འགྲོ་བ་འགགས། །འདོད་པའི་ཡོན་ཏན་ལྔ་སྤྱད་ཀྱང་། །འདི་དང་མ་བྲལ་གཙང་མར་གནས། །ཟས་དང་གོས་དང་བཏུང་བ་ཡང་། །འདི་དག་དྲན་པས་ཉེས་པ་མེད། །འབྲས་ཀྱི་ཕུབ་མའི་གསེབ་ནས་ནི། །སྙིང་པོ་འབྲས་བུ་ལེན་པ་ཡིན། །དཔག་བསམ་ཤིང་གི་སྡོང་པོ་ལ། །མེ་ཏོག་ལེན་པ་ལྟ་བུ་ཡིན། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་མེ་ལྷ་གཤིན་རྗེ་དང་། །ཚངས་པ་བརྒྱ་བྱིན་གྲུལ་བུམ་དང་། །ཕྱི་དང་ནང་གི་འཚེ་བ་ཀུན། །སྔགས་ཀྱི་རྒྱལ་པོ་བགྲང་བས་ཞི། །ཡོན་ཏན་བགྲང་ལས་འདས་པ་ནི། །འཕགས་པས་གྲངས་སུ་བྱ་བར་ནུས། །ཞེས་གསུངས་སོ། །སྤྱན་རས་གཟིགས་ཀྱི་མཚན་བརྒྱ་རྩ་བརྒྱད་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། འཕགས་


CMR054_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྤྱན་རས་གཟིགས་ཡིད་ལ་བྱས་ནས། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླས་བརྗོད་བྱས་ན་ངན་སོང་དུ་མི་སྐྱེ། མནར་མེད་པར་མི་འགྲོའོ། །སུ་ཞིག་ནངས་པར་ལངས་ནས་བཟླས་སམ། འདོན་ཏེ་བཟླས་བརྗོད་བྱེད་ན། དེའི་ལུས་ལ་མཛེ་དང་། ཤུ་བ་དང་། གཡན་པ་དང་། འབྲས་དང་། བས་ལྡག་དང་། བློ་དམན་པ་དང་། དབུགས་མི་བདེ་བ་དང་། ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །སྐྱེས་སོ་ཅོག་ཏུ་སྐྱེ་བ་དྲན་པར་འགྱུར་རོ། །འཆི་བའི་ཚེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །གར་སྐྱེས་གང་དུ་གནས་ཀྱང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་མི་འབྲལ་བར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་ན་ཡིད་གཞུངས་པར་འགྱུར་རོ། །དབྱངས་སྙན་པར་འགྱུར་རོ། །གཙུག་ལག་ཐམས་ཅད་ལ་མཁས་པར་འགྱུར་རོ། །ཞེས་གསུངས་པ་དང་། ཟ་མ་ཏོག་བཀོད་པའི་མདོ་ལས། སངས་རྒྱས་དམར་པོ་མཆོག་གིས་བཀའ་སྩལ་པ། རིགས་ཀྱི་བུའམ། །རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཡི་གེ་དྲུག་པའི་རིག་སྔགས་འདི་བཟླ་བར་བྱེད་ན་སྤོབས་པ་མི་ཟད་པར་འགྱུར་རོ། །ཡེ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པར་འགྱུར་རོ། །བྱམས་


CMR054_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པར་འགྱུར་རོ། །ཉི་མ་རེ་རེ་བཞིན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་འགྱུར་རོ། །ཡི་གེ་དྲུག་པའི་རིག་སྔགས་འདི་བརྗོད་ཅིང་རྟག་ཏུ་བཟླས་བརྗོད་ལ་བརྩོན་པ་དེ་དག་ནི་བསོད་ནམས་དང་ལྡན་པ་ཡིན་ནོ། །དེ་དག་བཟླས་བརྗོད་བྱེད་པའི་ཚེ་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་དགུ་འདུ་བར་འགྱུར་རོ། །རིགས་ཀྱི་བུ་དེའི་བ་སྤུའི་ཁུང་བུ་རེ་རེ་ལ་ཡང་དེ་བཞིན་གཤེགས་པ་བྱེ་བ་དག་བཞུགས་སོ། །བཞུགས་ནས་ཀྱང་རིགས་ཀྱི་བུ་ཁྱོད་ལ་འདི་འདྲ་བའི་ཡིད་བཞིན་གྱི་ནོར་བུ་རྙེད་པ་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ་ཁྱོད་ཀྱི་བདུན་རྒྱུད་ཐར་བར་བྱས་པ་ལེགས་སོ། །རིགས་ཀྱི་བུ་ཁྱེད་ཀྱི་ལྟོ་བ་ན་སྲོག་ཆགས་གནས་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པར་འགྱུར་རོ། །ལེགས་སོ་བྱ་བ་སྦྱིན་པར་འགྱུར་རོ། །ཞེས་གསུངས་པ་དང་། ཟ་མ་


CMR054_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་བཀོད་པའི་མདོ་སྡེ་ཆེན་པོ་ལས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཀའ་སྩལ་པ། གང་དག་ཕ་རོལ་གྱི་བུད་མེད་ལ་ཆགས་ནས། འདོད་ལོག་སྤྱོད་པ་དང་། སྲོག་གཅོད་པའི་ལས་དང་། ཕ་མ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། དགེ་སློང་མ་སུན་ཕྱུང་བ་དང་། མཆོད་རྟེན་བཤིགས་པ་དང་། གཙུག་ལག་ཁང་བཤིགས་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་དང་། མཚམས་མེད་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་། ཟ་མ་ཏོག་བཀོད་པའི་ཡི་གེ་དྲུག་པ་འདིས་རྩ་བ་ནས་འདག་པར་བྱེད་དོ། །ཞེས་གསུངས་སོ། །སྲོང་བཙན་སྒམ་པོའི་ཞལ་ནས། ཐུགས་རྗེ་ཆེན་པོའི་མཐའ་ནི་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པའི་ཡི་གེ་དྲུག་པ་འདི་ལ་ཐུག་གོ །རང་དོན་སྒྲིབ་པ་སྦྱང་བ་ཡང་ཡི་གེ་དྲུག་པ་འདི་ཡིན་ནོ། །གཞན་དོན་འགྲོ་དྲུག་གནས་སྦྱང་བ་ཡང་ཡི་གེ་དྲུག་པ་འདི་ཡིན་ནོ། །ཚེ་འདི་ལ་ཐུན་མོང་དངོས་གྲུབ་འབྱུང་བ་ཡང་ཡི་གེ་དྲུག་པ་འདི་ཡིན་ནོ། །ཕྱི་མ་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འབྱུང་བ་ཡང་ཡི་གེ་དྲུག་པ་འདི་ཡིན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པའི་ཡི་གེ་དྲུག་པ་འདི་ཟློས་ཤིག །སྒྲོངས་ཤིག


CMR054_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབས་ཤིག །སྟོན་ཅིག །ཤོད་ཅིག །སྔ་མའི་སངས་རྒྱས་ཀྱི་གཤེགས་ཤུལ། ད་ལྟའི་སངས་རྒྱས་ཀྱི་བསྟན་པ། ཕྱི་མའི་སངས་རྒྱས་ཀྱི་ལམ་ཡིན་ནོ། །ཞེས་གདམས་སོ། །ཕྱི་བློན་ལའོ། །ཆོས་ཐུགས་རྗེ་ཆེན་པོའི་ཡང་སྙིང་ༀ་མ་ཎི་པདྨེ་ཧཱུཾ་ཞེས་པ་འདི་ལས་ལྷག་པ་མེད་དེ། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་སྙིང་པོ་མ་ནོར་བ་འདི་ཡིན་ནོ། །ཞེས་བོད་འབངས་སྤྱི་ལ་གདམས་སོ། །སྙིང་པོ་ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པ་འདི་ཡིད་བཞིན་གྱི་ནོར་བུ་ཡིན་པས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འདི་ལས་འབྱུང་བ་ཡིན་ནོ། །འདི་བློས་ཤིག་འདི་ལ་ནན་ཏན་བསྐྱེད་ཅིག །ཅེས་སྤྲུལ་པའི་རྒྱལ་པོས་གསུངས་སོ། །ཨོ་རྒྱན་རིན་པོ་ཆེ་རྔ་ཡབ་གླིང་དུ་འབྱོན་ཁ་ཞལ་ཆེམས་བཞག་པ། ཡི་གེ་དྲུག་པའི་ཕན་ཡོན་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་བརྗོད་པ་དང་བསྒྲུང་བའི་མཐའ་ལས་འདས། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱིས་འགྲོ་བ་རིགས་དྲུག་ལ་ཐུགས་རྗེ་རྒྱུན་ཆད་མེད་པར་གཟིགས་པའི་ཐུགས་ཀྱི་ཡང་སྙིང་ཡིན་པས། སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་བའི་


CMR054_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །དེས་ན་ཕྱི་རབས་ཀྱི་རྗེ་འབངས་རྣམས་ཀྱིས་ཐུགས་རྗེ་ཆེན་པོ་ཟུངས་ཤིག །ཡི་གེ་དྲུག་པ་ཟློས་ཤིག །ངན་སོང་དུ་འགྲོ་བའི་དོགས་པ་མེད་དོ། །བོད་ཁ་བ་ཅན་གྱི་ལྷ་སྐལ་ཡིན་པས། དད་གུས་དང་མོས་པས་གསོལ་བ་ཐོབ་ཅིག །བྱིན་རླབས་དངོས་གྲུབ་འབྱུང་ངོ་། །ཡིད་གཉིས་ཐེ་ཚོམ་མ་བྱེད་ཅིག །ཆོས་འདི་ལས་ཟབ་པ་འབྱུང་བ་ནི་དུས་གསུམ་སངས་རྒྱས་རྣམས་ཀྱིས་ཀྱང་མ་གསུངས་ཏེ། སློབ་དཔོན་པདྨ་འབྱུང་གནས་བདག་གིས་ཀྱང་མ་གསུངས་མི་ཤེས་སོ། །ད་ལྟར་བཞུགས་དང་སླད་ཀྱིས་འབྱོན་པ་ཡི། །བོད་ཀྱི་རྗེ་འབངས་ཐམས་ཅད་དེ་ལྟར་ཐུགས་ལ་ཞོག །ཅེས་གསུངས་སོ། །སྲོང་བཙན་སྒམ་པོས། མི་ཀུན་བསོད་ནམས་འགྲིབས་པའི་དུས་ཡིན་ཅིག་འོང་། དུས་དེ་ཙམ་ན་བདེ་སྐྱིད་འཛོམ་འདོད་ན། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་གསོལ་བ་ཐོབ་ཅིག །སྙིང་པོ་ཡི་གེ་དྲུག་པ་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པ་འདི་ཟློས་ཤིག །ཚེ་འདིའི་བདེ་སྐྱིད་དང་དགོས་འདོད་ཐམས་ཅད་འདི་ལས་འབྱུང་བས། རིན་པོ་ཆེ་ལ་གསོལ་བ་ཐེབ་པ་དང་འདྲའོ། །ཕྱི་མ་ལ་སྒྲིབ་པ་བྱང་ནས་བྱང་ཆུབ་ཐོབ་པར་གདོན་མི་ཟའོ། །འདི་ལ་ཐེ་ཚོམ་དང་


CMR054_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་གཉིས་མ་བྱེད་ཅིག །ཅེས་སྤྲུལ་པའི་རྒྱལ་པོའི་ཞལ་ཆེམས་སུ་བཞག་གོ །མ་གཅིག་གི་ཞལ་ནས། ད་ལྟ་ངས་ནི་སྤྱན་རས་གཟིགས་དབང་ཕྱུག་དང་། རྗེ་བཙུན་སྒྲོལ་མ་གཉིས་ལ་ཡོངས་སུ་གྲགས་པའི་ཁྱད་ཆོས་སུ་བྱེད་པ་ཡིན། འདི་གཉིས་འོ་སྐོལ་བོད་གངས་ཆེན་པ་རྣམས་ཀྱི་སྤྱི་མྱེས་ཀྱང་ཡིན་པར་སྣང་ཞིང་། ལྷ་སྐལ་ཡིན་ངེས་པར་འདུག་པས་དོན་ལ། བྱིས་པ་ཆུང་ངུ་སྨྲ་ཤེས་པ་ཙམ་ནས་ཡི་གེ་དྲུག་པ་འདོན་ཤེས་པ་དུས་མཉམ་སྟེ། འཕགས་པས་རྒྱུད་བྱིན་གྱིས་བརླབས་པར་ངེས་པའི་རྟགས་ཡིན་པས། ངེད་རང་ཐམས་ཅད་ཀྱིས་ངེས་པར་དུ་འཕགས་པ་ལ་ལྷ་སྐལ་བྱེད་པར་རིགས་སོ། །ཞེས་དང་། སྙིང་པོ་ཡི་གེ་དྲུག་པ་ནི། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་མདོ་དོན། རྒྱུད་སྡེ་ཟབ་མོ་ཐམས་ཅད་ཀྱི་གཞི་མ། མདོ་སྔགས་གཉིས་ཀྱི་བཅུད་བསྡུས་པ། གསུང་རབ་རྒྱ་མཚོ་འདྲ་བ་རྣམས་ཀྱི་འོ་མ་ལྟར་བསྲུབ་པའི་སྙིང་པོ་མར་ཕྱུང་བ་ལྟ་བུ། ནུས་པ་ནི་། ལྷནད་གདོན་བགེགས་རིགས་མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་པར་བྱེད་པ་ནི། རྫས་ཕ་ལམ་དང་འདྲ་ཞིང་། འདོད་པའི་དོན་ཐམས་ཅད་མྱུར་དུ་འགྲུབ་པར་བྱེད་པ་ཡིད་་


CMR054_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བ་ཡི་གེ་དྲུག་པ། ཞེས་གསུངས་སོ། །དེ་ལྟར་ལྷ་བསྒོམ་ཞིང་སྔགས་བཟླས་པའི་རྟགས་ནི། དཔུང་པ་བཟང་པོས་ཞུས་པའི་རྒྱུད་ལས། དེ་ལྟར་བཟླས་པའི་གསང་སྔགས་ཉེ་གྱུར་ནས། །མཚན་མོ་ཉལ་བའི་རྨི་ལམ་འདི་དག་མཐོང་། །ཁང་བཟང་ལྗོན་ཤིང་བྲམ་ཟེ་སེང་གེ་རྟ། །རི་བོ་ཤིང་རྟ་སྣང་ལྡན་སྤྲིན་དང་རླུང་། །སྟག་དང་བསེ་དང་གླང་ཆེན་ཁྱུ་མཆོག་དང་། །རྨི་ལམ་ན་ནི་དགའ་བས་ཞོན་པ་དང་། །མེ་ཏོག་ཕྲེང་བ་དྲི་དང་གོས་རྣམས་དང་། །ཤ་ཆང་ཉ་དང་འབྲས་བུ་གླེགས་བམ་དང་། །ལྷ་ཡི་གཟུགས་དང་ཨུཏྤལ་དམར་པོ་དང་། །ཤིང་རྟ་གང་བའམ་བ་གཞོན་བེའུ་ཕྲུག་ཅན། །གདུགས་དཀར་བསིལ་ཡབ་ལྷམ་དང་རལ་གྲི་དང་། །རྔ་ཡབ་གསེར་ལ་གཡུ་ཅན་དང་ཕྲེང་བ་དང་། །ནོར་བུ་མུ་ཏིག་ཉ་ཕྱིས་དུང་དང་དངུལ། །བུད་མེད་གཟུགས་བཟང་བ་དང་བུ་མོ་དང་། །རིན་ཆེན་སྣ་ཚོགས་རྣམས་ཀྱིས་སྤྲས་པའི་རྒྱན། །མལ་སྟན་དཀར་པོ་བཏིང་བ་རྙེད་པ་དང་། །ཐོ་རངས་ཁར་ནི་ཆུ་བོ་ཆུ་ཀླུང་དང་། །འབབ་ཆུ་རྒྱ་མཚོ་དང་ནི་རྫིང་བུ་དང་། །ལུ་མ་དག་ནི་འཐུང་ངམ་བརྒལ་རྨིས་དང་། །ཡང་ན་ཁྲག་


CMR054_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ལུས་ནི་ཁྲུས་བྱེད་པའམ། །ལྷ་དང་མཆོད་རྟེན་འདུག་ནས་རྒྱལ་བའི་གཟུགས། །བྱང་ཆུབ་སེམས་དཔའ་རྣམས་དང་རང་སངས་རྒྱས། །ཟག་མེད་དགེ་འདུན་དགེ་སློང་དགེ་སློང་མའི། །དགེ་བསྙེན་རྣམས་དང་ས་བདག་ལྷ་རྣམས་དང་། །མཆོད་གནས་བྲམ་ཟེ་ཡིད་འོང་སྐྱེས་བུ་དང་། །མི་དང་མི་མཆོག་ཕྱུག་ཅིང་འབྱོར་པའི་བུ། །ཕ་མ་མཛའ་བཤེས་གཉེན་དང་གནོད་སྦྱིན་དང་། །གྲུབ་པའི་ལྷ་དང་ན་ཆུང་ཚོགས་དག་དང་། །ཅི་སྟེ་ཉི་མ་ཟླ་བ་ཟ་བ་དང་། །ས་ཡི་ནང་འགྲོ་ས་བོན་ཀུན་འཐུང་དང་། །མེ་ལ་རྫི་ཞིང་ཤ་ནི་ཟ་བ་དང་། །ལུས་ཀྱི་ནང་དུ་བུད་མེད་ཞུགས་པ་མཐོང་། །རྨི་ལམ་བཟང་པོ་འདི་དག་མཐོང་བ་གང་། །དེ་ནི་རིང་པོར་མི་ཐོགས་འགྲུབ་པར་འགྱུར། །ཟླ་བ་གཅིག་དང་ཟླ་ཕྱེད་ཉིན་ཞག་དང་། །སྐད་ཅིག་གིས་ཀྱང་ཕྱིར་ཕྱིར་ཉེ་བར་འགྱུར། །ཞེས་རྨི་ལམ་བརྟག་པ་གལ་ཆེ་སྟེ། ལེགས་པར་གྲུབ་པའི་རྒྱུད་ལས། རྨི་ལམ་ན་ཡང་དངོས་གྲུབ་མཐོང་། །དེ་ལ་ཡང་ནི་དངོས་གྲུབ་ཡོད། །ཅེས་གསུངས་སོ། །ལར་གསང་སྔགས་ཀྱི་ཉམས་ལེན་ལ་དབང་ཐོབ་དགོས། མ་ཐོབ་ན་མི་རུང་ན་ཡང་། གྲུབ་ཆེན་


CMR054_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་པཀྴི་ལ་ཐུགས་རྗེ་ཆེན་པོས་ལུང་བསྟན་ཞིང་གནང་བའི་རྒྱལ་བ་རྒྱ་མཚོ་ཁྲོམ་ཆོས་མ་འདི་དབང་མ་ཐོབ་ན་ཡང་རུང་སྟེ། དབང་མ་ཐོབ་པ་དང་། ལུང་མ་མནོས་པ་དང་། །སློབ་དཔོན་གྱི་ཆོས་མ་རྫོགས་པ་རྣམས་ཀྱང་ཕྲིན་ལས་ཐུགས་རྗེ་ཆེན་པོ་དང་མཉམ་པར་གྱུར་ཅིག། །ཀརྨ་པའི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་ལགས་པས་ཀུན་གྱིས་བྲིས་ཤིག །སྒྲུབས་ཤིག །དབང་བསྐུར་ཅིག །ཁྲོམ་ཆོས་རྒྱ་ཆེན་པོས་གཞན་དོན་གྱིས་ཤིག །བླ་མ་ཡི་དམ་མཁའ་འགྲོའི་བྱིན་རླབས་ཀྱིས། ལུང་མ་མནོས་ཀྱང་། དཔེ་འདི་གང་གིས་བྲིས་པ་དང་མཐོང་བར་གྱུར་པ་རྣམས་ཀྱང་རང་གཞན་གྱི་དོན་ཉི་མ་ཤར་བ་ལྟ་བུར་གྱུར་ཅིག །ཅེས་གསུངས་སོ། བཅོམ་ལྡན་འདས་ཇོ་བོ་ཐུགས་རྗེ་ཆེན་པོ་ཁྲོམ་ཆོས་སུ་བྱེད་པ་ནི། སེམས་བསྐྱེད་གོང་ན་ཡོད་པ་བཞིན་དུ་སྤྱོད་ནས། བསྐྱེད་རིམ་དུ་སྒོམ་པ་ནི། ཁྱེད་རྣམས་ཀྱི་རྣམ་པར་ཤེས་པའི་ས་བོན་ཡི་གེ་ཧྲཱིཿདཀར་པོ་ཞིག་ཏུ་བསྒོམ། ཧྲཱིཿདེ་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་དག་ནས། ཕྱི་སྣོད་འཇིག་རྟེན་གྱི་ཁམས་དང་། ནང་བཅུད་ཀྱི་སེམས་ཅན་ཐམས་


CMR054_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཐུགས་རྗེ་ཆེན་པོར་ལྷག་གིས་བསྒོམ། འོད་ཟེར་ཚུར་འདུས་ནས་ཡི་གེ་ཧིལ་ཐིམ་པ་ཙམ་གྱིས། པདྨ་ཉི་མ་ཟླ་བའི་གདན་སྟེང་དུ་ཧྲཱིཿའོད་དུ་ཞུ་བ་ལས། །རང་ཉིད་ཇོ་བོ་ཐུགས་རྗེ་ཆེན་པོ་ཡིན་ཨང་སྙམ་དུ་ལྷག་གིས་བསྒོམ། དེ་ཡང་ཅི་ལྟ་བུ་ཞིག་ཡིན་ན། སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཞལ་པདྨ་ཁ་བྱེ་བ་ལྟར་འཛུམ་མུ་ལེ་འདུག་པ། དབུ་སྐྲ་རལ་པ་ཐོར་ཚུགས་གྱེན་དུ་བཅིངས་པ་ལ་རིན་པོ་ཆེའི་རྩེ་བྲན་རྣམ་པ་ལྔས་བརྒྱན་པ། དར་གྱི་ཅོད་པན་ཡོད་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མ་ན་དུང་སྒོང་གི་ཕྲེང་བ་འདྲེན་པ། གཡོན་གྱི་འོག་མ་ན་མེ་ཏོག་པདྨའི་ཡུ་བ་འཛིན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་མགུལ་དོ་དང་། སེ་མོ་དོ་དང་། དོ་ཤལ་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བ། འོད་ཟེར་སྣ་ཚོགས་འཕྲོ་བར་བསྒོམ་པ་ནི། དམ་ཚིག་སེམས་དཔའ་བསྐྱེད་པའོ། །ཏིང་འཛིན་སེམས་དཔའ་བསྒོམ་པ་ནི། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧྲིདཀར་པོ་བསྒོམ་པ་ལ།


CMR054_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མ་ཎི་པདྨེ་ཧཱུྃ་གིས་གཡས་བསྐོར་དུ་བསྐོར་བར་བསྒོམ་པ་ནི་ཏིང་འཛིན་སེམས་དཔའོ། །ཨོཾ་མ་ཎི་པདྨེ་ཧཱུྃ་འདོན་པ་ཙམ་གྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཐུགས་རྗེ་ཆེན་པོའི་ངོ་བོར་ཁ་བ་བབས་པའི་ཚུལ་དུ་བདག་དང་སེམས་ཅན་ཐམས་ཅད་ལ་རྒྱུན་ཆད་མེད་པར་ཐིམ་པར་བསྒོམ་པ་ནི། །ཡེ་ཤེས་སེམས་དཔའ་བསྟིམ་པའོ། །སྣང་བ་སྐུའི་ཁྱེར་སོ་ཐུགས་རྗེ་ཆེན་པོར་ཕྱི་སྣོད་ནང་བཅུད་ཀྱི་སེམས་ཅན་རྣམས་བདག་སྒོམ་པ་ལྟ་བུར་གྱུར་པར་བསམ། སྒྲ་གྲག་གསུང་གི་ཁྱེར་སོ་ཡི་གེ་དྲུག་མའི་སྒྲར་བསྒོམ། དྲན་རྟོག་ཐུགས་ཀྱི་ཁྱེར་སོ་སྣང་སྟོང་ཟུང་དུ་འཇུག་པ་རང་བྱུང་ཡེ་ཤེས་སུ་ཤེས་པར་བྱའོ། །ལུས་ངག་ཡིད་གསུམ་སྣང་བའི་ཁྱེར་སོ་བློ་ལས་འདས་པ་དུ་མ་རོ་གཅིག་གི་དོན་ལ་དབང་ཐོབ་པར་བྱའོ། །ཡིད་བཞིན་ནོར་བུའི་སྒྲུབ་ཐབས། འགྲོ་དྲུག་ཡོངས་ལ་ཁྲོམ་ཆོས་སུ་བཤད་པར་བྱའོ། །འདི་ནི་ཡབ་སྲས་རྣམས་དབུ་ཞྭ་བཞེས་དུས་ཁྲོམ་ཆོས་སུ་གནང་བ་སྟེ། དེ་ཉིད་རྗེ་དཀོན་མཆོག་ཡན་ལག་གིས་ཚིགས་བཅད་དུ་ཕབ་པ་འདི་རཱ་ག་ཨ་སྱས་ཡབ་སྲས་གསུམ་ཀའི་དྲུང་ནས་ལན་བཞི་བཅུ་ཞེ་བསྒང་


CMR054_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཐོབ་པས། བྱིན་རླབས་ལྷག་པར་ཆེ་བ་ཡིན་ཏེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། རང་གི་རྣམ་ཤེས་ཧཱི༔ཡིག་དཀར། །འོད་ཟེར་དཀར་པོ་འཕྲོས་པ་ཡིས། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་དག །ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ། །འོད་ཟེར་ཚུར་འདུས་ཧྲིལ་ཐིམ། །པདྨ་ཉི་ཟླའི་གདན་གྱི་སྟེང་། །ཧཱིཝཡིག་འོད་དུ་ཞུ་བ་ལས། །རང་ཉིད་ཐུགས་རྗེ་ཆེན་པོར་གྱུར། །སྐུ་མདོག་དཀར་པོ་ཞལ་གཅིག་པ། །པདྨ་རྒྱས་ལྟར་འཛུམ་མདངས་ཅན། །རལ་པའི་ཐོར་ཚུགས་བཅིངས་པ་ལ། །རིན་ཆེན་ལྔ་ཡི་རྩེ་བྲན་དང་། །དར་གྱི་ཅོད་པན་གྱིས་བརྒྱན་པ། །ཕྱག་བཞིའི་དང་པོ་ཐལ་མོ་སྦྱར། །གཡས་འོག་མུ་ཏིག་ཕྲེང་བ་འཛིན། །གཡོན་གྱི་འོག་མས་པདྨ་འཛིན། །རིན་ཆེན་སྣ་ཚོགས་མགུལ་དོ་དང་། །སེ་མོ་དོ་དང་དོ་ཤལ་དང་། །དོ་ཤལ་ཕྱེད་པས་ཡང་དག་བརྒྱན། །ཕྱི་དང་ནང་ནི་སྒྲིབ་མེད་གསལ། །ཞབས་གཉིས་སྐྱིལ་མོ་ཀྲུང་གིས་བཞུགས། །འོད་ཟེར་སྣ་ཚོགས་འཕྲོ་བ་ནི། །དམ་ཚིག་སེམས་དཔའི་རང་བཞིན་ནོ། །ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང་། །ཧིཡིག་ཡི་གེ་དཀར་པོ་ལ། །ཡི་གེ་དྲུག་


CMR054_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

པས་གཡས་སུ་བསྐོར། །དེ་ནི་ཏིང་འཛིན་སེམས་དཔའོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པ་ངག་ཏུ་བརྗོད་པས་མཐུས། །དུས་གསུམ་བདེ་གཤེགས་ཐམས་ཅད་ནི། །ཐུགས་རྗེ་ཆེན་པོའི་ངོ་བོ་རུ། །གྱུར་ནས་ཆར་ལྟར་རང་ལ་ཐིམ། །ཡེ་ཤེས་སེམས་དཔའ་ཡོངས་རྫོགས་པའོ། །སྣོད་བཅུད་ཐམས་ཅད་ལྷ་རུ་གྱུར། །སྣང་བ་སྐུ་ཡི་ཁྱེར་སོ་ཡིན། །སྒྲ་སྐད་ཐམས་ཅད་ཡི་གེ་དྲུག །གྲག་པ་གསུང་གི་ཁྱེར་སོ་ཡིན། །སེམས་ནི་ཟུང་འཇུག་རང་བྱུང་སྟེ། །དྲན་རྟོག་ཐུགས་ཀྱི་ཁྱེར་སོ་ཡིན། །ཞེས་གསུངས་སོ། །གྲུབ་ཆེན་མི་ཏྲ་ཛ་ཀིའི་ཞལ་ནས། ཕྱི་མདོ་ལྟར་འདོན་པ་ནི། སྙིང་ཁའི་ཧྲཱིཿདང་སྐུ་ལ་དམིགས་ཏེ་སྒྲ་ཆེན་པོས་ལྷང་ལྷང་འདོན་པའོ། །ནང་སྔགས་ལྟར་འདོན་པ་ནི། སྙིང་གར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཚེག་དྲག་དང་བཅས་པའི་མཐར། ཡི་གེ་དྲུག་པ་གཡས་སུ་འཁོར་བ་ལས་འོད་ཟེར་སྣ་ལྔ་འཕྲོས་པས་ལུས་ཀྱི་ནང་གང་། སླར་འོད་ཟེར་འཕྲོས། ཕྱི་སྣོད་འཇིག་རྟེན་ལ་ཕོག །ཞིང་ཁམས་བདེ་བ་ཅན་དུ་བྱས། ནང་བཅུད་སེམས་ཅན་ལ་ཕོག །སྤྱན་རས་གཟིགས་སུ་གྱུར། ཐམས་ཅད་


CMR054_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞལ་ནས་སྔགས་འདྲེན་པར་བསམས་ལ་ཁང་པའི་ནང་དུ་ཚོར་ཙམ་དུ་འདོན་པའོ། །གསང་བ་སྒྲ་མེད་དུ་བཟླས་པ་ནི། ཏིང་ངེ་འཛིན་གསལ་བར་ལྕེ་རྩེ་ནས་འདོན་པའོ། །དེ་ཁོ་ན་ཉིད་ཀྱི་བཟླས་པ་ནི། རང་ཉིད་སྤྱན་རས་གཟིགས་སུ་གསལ་བར་བསྐྱེད་པའི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས། ལུས་ཀྱི་ཕྱི་ནང་བ་སྤུའི་བུ་ག་དང་བཅས་པ་ཐམས་ཅད་ཐུགས་རྗེ་ཆེན་པོས་གང་། ཕྱི་སྣོད་འཇིག་རྟེན་གྱི་ཁམས་ལ་ཕོག་པས་བདེ་བ་ཅན་དུ་བྱས། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་ཐམས་ཅད་སྤྱན་རས་གཟིགས་སུ་གྱུར། མདོར་ན་གཟུགས་སྣང་ཐམས་ཅད་སྤྱན་རས་གཟིགས་ཀྱི་སྐུར་གྱུར། སྒྲ་གྲག་པ་ཐམས་ཅད་ཡི་གེ་དྲུག་པ་གསལ་བཏབ་ནས། ཡིད་ཀྱིས་བཟླས་པ་བྱེད་པའོ། །ཞེས་གསུངས་སོ། །རྡོ་རྗེ་ཕག་མོས་གྲུབ་ཐོབ་ཚོམ་བུ་པ་ལ་གནང་བའི་ཐུགས་རྗེ་ཆེན་པོའི་དམར་ཁྲིད་རྩ་ཚིག་ལས། ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་བསྒྲུབ་པ་ལ་འདི་ལྟ་བུའི་བློ་སྟོབས་ཤིག་དགོས། གཞན་ཀུན་ཡི་དམ་ཞིག་བསྒོམ། ཡང་ཅིག་སྒོམ་བྱེད་དེ། དེ་ལྟ་བུ་ནི་ཡི་དམ་བླང་དོར་དུ་སོང་བས་གྲུབ་པ་ཐོབ་པའི་དུས་མི་ཡོང་རང་ཉིད་


CMR054_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཡི་དམ་ཀུན་འདུས་སུ་བསྒོམ། གནས་གང་ན་འདུག་ཀྱང་གཞལ་ཡས་ཁང་ཡིན། འདི་ནམ་ཞིག་སངས་རྒྱས་དུས་ན་ཞིང་ཁམས་རྣམ་པར་དག་པའི་རྒྱུ་ཡིན། གཞན་ཀུན་བླ་མ་གཅིག་བསྒོམ་ཡང་གཅིག་སྒོམ་བྱེད་དེ། བླ་མ་སྤང་ལེན་དུ་སོང་བས། གྲུབ་པ་ཐོབ་པའི་དུས་མི་ཡོང་། བླ་མ་ཡང་མིར་བསྒོམས་པས་བྱིན་རླབས་མི་འབྱུང་བས། རྩ་བའི་བླ་མ་དེ་སངས་རྒྱས་འོད་དཔག་མེད་ཀྱི་རྣམ་པར་བསྒོམས་ནས་རིགས་ཀྱི་བདག་པོའི་ཚུལ་དུ་བཞུགས་པ་ལ་བརྒྱུད་པའི་བླ་མ་རྣམས་སྤྱན་དྲངས་ཏེ། རྩ་བའི་བླ་མ་དེ་ལ་རྡོ་ཚན་ལ་ཁ་བ་བབ་པ་བཞིན་དུ་གཉིས་མེད་དུ་ཐིམ་པས། བླ་མ་ཀུན་འདུས་པའི་བདག་ཉིད་དུ་བསམ། རང་ཡི་དམ་ཀུན་འདུས་ཐུགས་རྗེ་ཆེན་པོ་སྒོམ་པའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱིཿདཀར་པོ་ལ་ཡི་གེ་དྲུག་པ་དཀར་སྐོར་རེ་བསྐོར་བར་བསམས་ནས། དེ་ཀློག་པའི་ཚུལ་བཟླ། གྲོགས་སུ་འགྲོགས་ཀྱང་ཡི་དམ་ལྷ་ཞེས་པའི་དོན་སེམས་ཅན་ཐམས་ཅད་ཡི་དམ་དུ་བསྐྱེད། ནམ་ཞིག་སངས་རྒྱས་ཐོབ་པའི་དུས་ན། འཁོར་གདུལ་བྱ་ཡོངས་སུ་དག་པ་ཐོབ་པའི་རྒྱུ་ཡིན། གཞན་ཀུན་སྔགས་གཅིག་བཟླས་ཕྲེང་བ་གཅིག་སྐྱུར་ཏེ། དེས་གྲུབ་པ་ཐོབ་པའམ་


CMR054_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པ་བསྐྱེལ་བའི་དུས་མི་འོང་། སེམས་ཅན་ཐམས་ཅད་ཡི་དམ་དུ་གྱུར་པས་སྔགས་བཟླ་རོག་བྱེད་པར་བསམ། འདི་ལྟ་བུས་ནི་ཚད་མེད་པའམ་དཔག་ཏུ་མེད་པའི་བཟླས་པར་འགྱུར་གསུངས། ཁོ་རང་ཡང་ཐུགས་དམ་ལ་ཧབ་གཅོད་དུ་མཛད། དེ་ལྟར་སྣོད་བཅུད་རྣམ་པར་དག་པའི་རང་བཞིན་དུ་གྱུར་པ་ནི། སྣང་བ་སྐུའི་ཁྱེར་སོ་བྱ་བ་ཡིན། སྒྲ་ཅི་གྲག་པ་ཐམས་ཅད་གྲག་སྟོང་ཡི་དམ་ལྷའི་གསུང་དུ་ཤེས་པའམ་སྔགས་ཀྱི་སྒྲར་ཤེས་པ་ནི་གྲག་པ་གསུང་གི་ཁྱེར་སོ་ཡིན། སེམས་ལ་དྲན་བསམ་འགྱུ་བ་ཅི་བྱུང་བ་ཐམས་ཅད་རིག་སྟོང་ལྷའི་ཐུགས་སུ་ཤེས་པ་ནི་དྲན་པ་ཐུགས་ཀྱི་ཁྱེར་སོ་བྱ་བ་ཡིན་ནོ། །ཞེས་གསུངས་སོ། །ཡང་ཤེས་རབ་ཆུང་བ་རྣམས་ཀྱིས། དེ་རྣམས་ཀྱང་བསྒོམ་མི་ཤེས་ན། རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། རྒྱན་ཆ་ལུགས་དང་ལྡན་པ་གཅིག་ཡིན་བསམ་པའི་ངེས་ཤེས་ཀྱིས། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲིདཀར་པོའི་མཐར་ཡི་གེ་དྲུག་པ་གཡས་སུ་འཁོར་ཞིང་ཡོད་པར་བསྒོམ། དེ་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ལ་


CMR054_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་དེས་མཆོད། དེ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས། ཆར་བབ་པ་ལྟར་བྱོན་ཏེ་རང་ལ་སིབ་སིབ་ཐིམ་པར་བསྒོམ། ཡང་རང་གི་འོད་ཟེར་དེས་ཕོག་པས། །སེམས་ཅན་ཐམས་ཅད་ཀྱང་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས་ཡིག་དྲུག་འུ་རུ་རུ་འདོན་པར་བསྒོམ། སྐབས་སུ་དེ་ལྟར་སྒོམ་མཁན་སེམས་ལ་ཡང་ལྟ་སྟེ། ཀྱེའི་རྡོ་རྗེ་ལས། སྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་རྣམས་ཡང་དག་གནས། །རྣམ་སྣང་མི་བསྐྱོད་དོན་གྲུབ་དང་། །རིན་ཆེན་དཔག་མེད་སེམས་དཔའོ། །ཞེས་གསུངས་སོ། །ལྔ་ལྡན་ལས། རང་ལུས་ལྷ་སྐུའི་རྒྱལ་པོ་ལ། །འགྱུར་མེད་ཀྱི་བཙན་ས་མ་ཟིན་ན། །མ་མཁའ་འགྲོའི་འཁོར་ཚོགས་མི་འདུ་བས། །ལུས་ཡི་དམ་ལྷ་ལ་འབད་ཀྱང་འཚལ། །ཞེས་གསུངས་སོ། །བསྐྱེད་རིམ་གྱི་ཁྲིད་ཚར་རོ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་གཅིག་པ་བསྐྱེད་རིམ་གྱི་ཁྲིད།next