Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་གསུམ་པ་ལྷག་མཐོང་བསྒོམ་པའི་ཁྲིད།
   
   
   
   
   
   


 
previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་གསུམ་པ་ལྷག་མཐོང་བསྒོམ་པའི་ཁྲིད།next

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་གསུམ་པ་ལྷག་མཐོང་བསྒོམ་པའི་ཁྲིད།


CMR054_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

༼པ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་གསུམ་པ་ལྷག་མཐོང་བསྒོམ་པའི་ཁྲིད་བཞུགས་སོ།།


CMR054_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། །འཁོར་བ་ནས་ཐར་ཞིང་འཕགས་ལམ་ཐོབ་པའི་ཐབས། ལྷག་མཐོང་གི་ཤེས་རབ་བསྐྱེད་པར་བྱ་སྟེ། རང་ཅག་རྣམས་འཁོར་བར་འཁྱམས་པ་འདི་ཅིའི་སྐྱོན་ཡིན་ན། བདག་མེད་པ་ལ་བདག་ཏུ་བཟུང་བའི་སྐྱོན་ཡིན་ཏེ། མདོ་སྡེ་ཡོན་ཏན་རིན་ཆེན་ལས། འཁོར་བར་ཆགས་པའི་ཡིད་དང་ལྡན་རྣམས་རྟག་ཏུ་འཁོར། །བདག་དང་བདག་གི་ཆོས་གཉིས་ཡང་དག་མི་སྟོང་སྟེ། །བྱིས་པ་བདག་ཉིད་ཀྱིས་ནི་མཁའ་ལ་མདུད་པ་བོར། །དཔེར་ན་དོགས་པའི་འདུ་ཤེས་ཀྱིས་ནི་དུག་


CMR054_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་པ། །དུག་དེ་ཁོང་དུ་སོང་བ་མེད་ཀྱང་བརྒྱལ་བར་འགྱུར། །དེ་བཞིན་བྱིས་པ་བདག་དང་བདག་གི་ལས་ལེན་པ། །བདག་དེར་འདུ་ཤེས་ཡང་དག་མི་རྟགས་སྐྱེ་ཞིང་འཆི། །ཇི་ལྟར་འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་བསྟན། །བདག་དང་བདག་གི་མི་དམིགས་རྣམ་པར་བྱང་བ་གསུངས། །ཞེས་གསུངས་སོ། །རྣམ་འགྲེལ་ལས། གང་ཞིག་བདག་མཐོང་དེ་ལ་ནི། །ང་ཞེས་རྟག་ཏུ་མངོན་ཞེན་འགྱུར། །ཞེན་པས་བདེ་ལ་སྲིད་འགྱུར་བ། །སྲེད་པས་སྐྱོན་རྣམས་སྒྲིབ་པར་བྱེད། །ཡོན་ཏན་མཐོང་བས་ཡང་སྲེད་པ། །ངའི་ཞེས་དེ་ཡི་སྒྲུབ་བྱེད་


CMR054_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ལན། །དེས་ན་བདག་ལ་མངོན་ཆགས་པ། །དེ་སྲིད་དེ་ནི་འཁོར་བར་འགྱུར། །ཞེས་དང་། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །དེ་དག་དང་ནི་ཡོངས་འབྲེལ་ལ། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། བདག་ཏུ་རྟོག་པས་སེམས་གཡེང་སྐྱེས་གྱུར་པ། །དེ་ནི་རབ་འབར་མཚོན་ཆའི་འཁྲུལ་འཁོར་འདྲ། །ཡུལ་ལ་རྗེས་སུ་བརྟེན་ནས་སེམས་བཅོམ་པ། །ཡོངས་སུ་སྨིན་ནས་མི་བཟོད་སྡུག་བསྔལ་རྒྱུ། །ཞེས་དང་། ཡུམ་ལས། །གཟུགས་ནི་བདག་གམ་བདག་གིས་སྟོང་། ཞེས་སོགས་གསུངས། ཡང་ངར་འཛིན་པ་དང་། ང་ཡིར་འཛིན་པས་སེམས་ཅན་རྣམས་འཁོར་བ་ན་འཁོར་རོ། །ཞེས་དང་། །སྤྱོད་འཇུག་ལས། འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང་། །འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་པ་ཀུན། །དེ་ཀུན་བདག་ཏུ་འཛིན་པ་ལས་བྱུང་ན། །འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ། །བདག་ཉིད་ཡོངས་སུ་མ་བཏང་ན། །སྡུག་བསྔལ་སྤོང་བར་མི་ནུས་ཏེ། །ཇི་ལྟར་མེ་ནི་མ་བཏང་ན། །སྲེག་པ་སྤོང་བར་མི་ནུས་བཞིན། །ཞེས་


CMR054_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་ཕྱིར་ང་དང་བདག་གི་རྩ་བ་གཅོད་དགོས། ང་དང་བདག་གི་རྩ་བ་གཟུགས་ཕུང་པོ་འདི་ལས་བྱུང་བས། ཕུང་པོ་འདི་ལ་ང་བདག་ག་ན་འདུག་ང་དང་བདག་ཇི་ལྟར་འདུག་ཚོལ་དགོས་ཏེ། ཀླུ་སྒྲུབ་སོགས་ཀྱིས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བར་འགྱུར། །ཞེས་དང་། ཏོག་ལས། གང་ཞིག་གཟུགས་ཀྱི་རྣམ་རྟོག་སོགས་ལ་ཆགས། །ཐེར་ཟུག་བརྟག་པ་བདག་བརྟེན་དངོས་པོར་ལྟ། །དེ་དག་གིས་ནི་སྐྱེ་བ་རྒྱུན་མི་འཆད། །དེ་དག་ངན་སོང་ས་ལ་ཤིན་ཏུ་འབབ། །ཅེས་དང་། གླང་པོ་ཆེ་དང་རྟ་རྒོད་དང་། དྲེལ་རྒོད་འདུལ་བ་ལས་ཀྱང་རང་སེམས་འདུལ་བ་གལ་ཆེ་སྟེ། དམག་འབུམ་ཕྲག་ཡོད་པའི་གཡུལ་ངོ་ལས་རྒྱལ་བ་ལས་ནི། བདག་ཏུ་འཛིན་པ་ལས་རྒྱལ་བ་ལྷག་སྟེ། ཆེད་དུ་བརྗོད་པའི་ཚོམ་ལས། གླང་པོའི་ནང་ནས་གླང་ཆེན་དང་། །སིནྡྷའི་ཅང་ཤེས་རྟ་དང་ནི། །དྲེའུ་འདུལ་བྱེད་གང་ཡིན་པ། །དེ་བས་བདག་ཉིད་འདུལ་བ་མཆོག །བདག་ཉིད་ལེགས་འདུལ་གང་ཡིན་དེས། །འཆིང་བ་བཅད་ནས་གྲོལ་


CMR054_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་གྱིས། །བཞོན་པ་དེ་དག་རྣམས་ཀྱིས་ནི། །ས་དེ་མངོན་པར་ཐོབ་མི་སྲིད། །འདུལ་སྦྱོང་བྱེད་པ་རྟ་བཟང་ལྟར། །བདག་ཉིད་ཁོ་ན་འདུལ་བར་བྱ། །བདག་ཉིད་ལེགས་པར་བཏུལ་བ་ཡིས། །སྡུག་བསྔལ་རྣམས་ཀྱི་ཕ་མཐར་ཕྱིན། །བདག་ཉིད་ཁོ་ན་བདག་གི་མགོན། །བདག་ཉིད་བདག་གི་སྐྱབས་ཡིན་པས། །དེ་བས་བདག་ཉིད་འདུལ་བར་བྱ། །སྟན་གཅིག་མལ་སྟན་གཅིག་པ་དང་། །གཅིག་པུར་སྙོམ་ལས་མེད་སྤྱོད་ཅིང་། །གཅིག་པུར་ནགས་ཚལ་གནས་པ་དང་། །གཅིག་པུས་བདག་ཉིད་འདུལ་བར་བྱ། །གང་ཞིག་སྟོང་ཕྲག་སྟོང་དག་གི་།དེ་ཡི་གཡུལ་ལས་རྒྱལ་བ་བས། །གང་ཞིག་བདག་ལ་རྒྱལ་བྱེད་པ། དེ་ནི་མི་ཡི་གཡུལ་ལས་རྒྱལ། །ཞེས་གསུངས། འོ་ན་ང་དང་བདག་དེ་ལུས་ཡིན་ནམ་སེམས་ཡིན་ནམ་དཔྱད་དགོས། མིང་ནི་གློ་བུར་བཏགས་པ་ཡིན། མིང་བརྗེས་ན་ང་བརྗེས་པར་འགྱུར་རམ། མིང་བཟང་པོར་བཏགས་ན་ང་བཟང་པོ་དང་། མིང་ངན་པར་བཏགས་ན་ང་ངན་པར་འགྱུར་རམ། འོ་ན་ལུས་འདི་ང་དང་བདག་ཡིན་ནམ། ལུས་འདིའི་མགོ་ནས་རྐང་པའི་བར་ལྷུ་ལྷུ་གཟུགས་གཟུགས་དུམ་བུ་


CMR054_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེས་ལ་ཚོལ་མཛོད། ནང་ཁྲོལ་ཡང་སྡེ་ཚན་ནས་ཞིབ་ཏུ་ཚོལ་མཛོད། །ཡང་ཕྱིའི་ས་ཆུ་མེ་རླུང་ངམ། འབྱུང་བ་གང་ལ་གནས་པར་འདུག་ཐག་ངེས་པར་ཆོད་མཛོད། སྤྱོད་འཇུག་ལས། ཐོག་མར་པགས་པའི་རིམ་པ་ནི། །རང་གི་བློ་ཡིས་ཐ་དད་ཕྱེ། །ཤ་དང་རུས་པའི་དྲྭ་བ་ལས། །ཤེས་རབ་མཚོན་གྱིས་གུད་དུ་ཕྱེ། །རུས་པ་རྣམས་ཀྱང་ཕྱེ་བྱས་ནས། །རྐང་པའི་བར་དུ་ལྟ་བྱ་ཞིང་། །འདི་ལ་སྙིང་པོ་ཅི་ཡོད་ཅེས། །བདག་ཉིད་ཀྱིས་ནི་ལྟ་བར་གྱིས། །ཞེས་དང་། རྩ་བ་ཤེས་རབ་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམ་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པས་ལུས། འདི་ལ་ཡང་ང་བདག་མི་འདུག་སྟེ། ལུས་སོ་སོར་བསིལ་བས་གང་ལ་ཡང་ང་དང་བདག་ཟེར་བའི་སྙིང་པོ་ཏིལ་འབྲུ་ཙམ་ཡང་མི་འདུག་པའི་ཕྱིར་རོ། །འོ་ན་ང་དང་བདག་དེ་སེམས་ཡིན་དགོས་པས། སེམས་དེ་ཚོལ་བར་བྱ་སྟེ། སམ་བྷ་ཏྲི་ལས། མ་ལུས་སྡུག་བསྔལ་བཅིངས་ལས་གྲོལ་འདོད་ཅིང་། །རྫོགས་སངས་རྒྱས་ཀྱི་བདེ་བ་འདོད་པ་གང་། །


CMR054_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ནི་རང་བཞིན་ཡོད་དམ་མེད་པ་དག །བརྟན་པོར་བྱས་ནས་འབད་དེ་དཔྱད་པར་བྱ། །ཞེས་དང་། རྣམ་སྣང་མངོན་བྱང་གི་རྒྱུད་ལས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ལ་བཙལ་བར་བྱ། གང་གིས་མངོན་པར་བྱང་ཆུབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་རྣམ་པ་ཐམས་ཅད་མཁྱེན་པ་དང་། བྱང་ཆུབ་ནི་རང་གི་སེམས་ལ་བཙལ་བར་བྱའོ། །ཞེས་དང་། འཕགས་པ་དཀོན་མཆོག་སྤྲིན་ལས། སེམས་ནི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྟེ། སེམས་ཡོངས་སུ་ཤེས་ན་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་རོ། །ཞེས་དང་། ཆོས་ཀྱི་དབྱིངས་དབྱེར་མེད་པའི་ལེའུ་ལས། སེམས་འདི་ནི་སྔོན་པོའམ། སེར་པོའམ། དམར་པོའམ། དཀར་པོའམ། བཙོད་ཁའམ། །ཤེལ་གྱི་ཁ་དོག་ལྟ་བུའམ། ཡང་དག་པའམ། ཡང་དག་པ་མ་ཡིན་པའམ། རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བའམ། གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པ་


CMR054_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཤིག་སོ་སོར་རྟོག་ཅིག །ཅེས་གསུངས་སོ། །འོད་སྲུང་གིས་ཞུས་པའི་ལེའུ་ལས། འདི་ལྟར་སེམས་ཡོངས་སུ་ཚོལ་ཏེ།། འདི་ལྟར་འདོད་ཆགས་པའམ། ཞེ་སྡང་བར་འགྱུར་བའམ། གཏི་མུག་པར་འགྱུར་བའི་སེམས་དེ་གང་ཡིན། ཅེས་འདས་པའམ་མ་འོངས་པའམ་དེ་ལྟར་བྱུང་བ་ཞིག་ཡིན་ནམ། ཞེས་སོགས་རྒྱ་ཆེར་གསུངས་སོ། །དེའང་སུམ་ཅུ་རྩ་གསུམ་པའི་མདོ་ལས། སྲིད་གསུམ་ཐམས་ཅད་སེམས་ལས་གྲུབ་པར་འགྱུར། །སེམས་ཉིད་དེ་ཡང་རྟག་ཏུ་བསྟན་དུ་མེད། །གཟུགས་མེད་ལུང་དུ་མ་བསྟན་སྒྱུ་མ་འདྲ། །མཁས་པ་དེས་ནི་སེམས་ཀྱི་ཆོས་ཉིད་ཚོལ། །སེམས་དང་སེམས་ནི་གང་གིས་ཚོལ་བྱེད་པ། །དེས་ནི་སེམས་ཀྱི་ཆོས་ཉིད་མཐོང་བ་མེད། །ཅེས་དང་། རྫོགས་ཆེན་ཀློང་གསལ་འབར་མའི་རྒྱུད་ལས། སེམས་ཀྱི་རུ་ཤན་ཕྱེ་བའི་ཕྱིར། །བསམ་མནོ་འདི་ལ་ཉག་གཅིག་བྱ། །རིག་པ་སྨྲོས་མེད་ཆོས་ཀྱི་སྐུ། །འདི་ལ་བྱུང་གནས་འགྲོ་གསུམ་མེད། །སེམས་ཞེས་བྱ་བའི་འགྱུ་འགྱུ་པོ། །འོལ་འོལ་ཕྲིག་ཕྲིག་ཡད་ཡུད་འདི། །དང་པོ་གང་ལས་བྱུང་བ་དང་། །བར་དུ་གནས་དང་ཐ་མར་འགྲོ། །


CMR054_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས་དང་ཁ་དོག་ཇི་ལྟ་བུར། །ཕྱི་ནང་བར་གསུམ་བཤིག་འདྲལ་ལྟ། །ཞེས་དང་། ཐལ་འགྱུར་ལས། དང་པོ་སེམས་ཀྱི་བྱུང་ས་དང་། །བར་དུ་གནས་དང་ཐ་མ་འགྲོ། །གསུམ་ལ་ངེས་པར་བརྟག་དཔྱད་ནས། །སེམས་སྦྱངས་སེམས་ལ་ཕན་པའོ། །ཞེས་གསུངས་པའི་དོན་ནོ། །ཀློང་གསལ་སྙིང་ཐིག་ལས། དང་པོ་བྱུང་གནས་འགྲོ་གསུམ་རྩད་བཅད་པ་ནི། རེ་རེ་ལ་ཡང་དཔྱད་སྒོམ་དང་འཇོག་སྒོམ་དུ་བྱ་སྟེ། དང་པོ་སེམས་ཀྱི་བྱུང་ས་ལ་ཡང་། ཕྱི་སྣང་བའི་ཡུལ་ལ་དཔྱད་ལ་བསྒོམ། ཕྱི་ནང་སྣོད་བཅུད་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་རི་བོ་རི་བྲན་མདོར་ན་གང་ལས་བྱུང་ཇི་ལྟར་བྱུང་། བྱུང་ཚུལ་ཇི་ལྟ་བུ། རིགས་པས་དཔྱད་དེ་ལེགས་པར་བརྟགས་ཤིང་བསྒོམ་མོ། །དེ་ནས་ཡང་རང་གི་ལུས་ཀྱི་ནང་དུ་སྟོད་སྨད་ཡན་ལག་དོན་སྙིང་ཕྱི་ནང་ཐམས་ཅད་དུ་གང་ནས་བྱུང་། ཇི་ལྟར་གནས་ལེགས་པར་བརྟག་གོ །དེ་ནས་འཇོག་སྒོམ་བྱས་ཏེ། སེམས་ཉིད་རང་གི་སྟེང་དུ་ལེགས་པར་བརྟགས་ཏེ། སེམས་ཞེས་མི་དྲན་དགུ་དྲན་མི་རིག་དགུ་རིག་འདི་ཁྱོད་གང་ནས་བྱུང་མཚན་ཉིད་ཇི་ལྟ་བུ། ཞེས་རང་གི་ངོ་བོ་ལེགས་པར་བརྟག་གོ །དེ་ལྟ་


CMR054_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བུར་གནས་པ་དང་། འགྲོ་ས་ཐམས་ཅད་ལེགས་པར་རྩད་གཅོད་བྱ་ཞིང་ཁྱད་པར་དུ་ཡང་ཁ་ལྟ་དྲེད་པོ་དང་། ལས་དང་པོ་པ་རྣམས་ལ་ཕུ་ཐག་ཁྲུས་པར་བཅད་པར་བྱའོ། །དེ་ཡང་སེམས་ཉིད་ཆོས་སྐུ་རྣལ་མ་འདི་འགྲོ་བ་རིགས་དྲུག་ཏུ་འཁྱམས་ཤིང་འཁྲུལ་པའི་རྒྱུ་མཚན་ཇི་ལྟར་འདུག །དེའི་ངོ་བོའམ། ཁ་དོག་གམ། དབྱིབས་སམ། མཚན་ཉིད་ཇི་ལྟར་འདུག །དེ་ཡང་འགྱུ་བྱེད་ཀྱི་རྟོག་པ་འདི་ཇི་ལྟར་བྱུང་གང་ལས་བྱུང། དངོས་པོར་གྲུབ་བམ་མ་གྲུབ། གྲུབ་ན་ཇི་ལྟར་གྲུབ། མ་གྲུབ་ན་སྟོང་པ་ཉིད་ཡིན་ནམ་ཇི་ལྟར་ཡིན་ལ་སོགས་པ་བརྟག་གོ །དེ་ནས་ཡང་གྲུབ་ན་དེའི་མཚན་ཉིད། གཟུགས་ཁ་དོག་ལ་སོགས་ཇི་ལྟར་འདུག །སྟོང་པ་ཡིན་ན་ཇི་ལྟར་སྟོང་། ནམ་མཁའ་ལྟ་བུའི་སྟོང་པ་ཡིན་ནམ། རླུང་དང་བྲག་ཆ་ལྟ་བུའི་སྟོང་པ་ཡིན་ནམ། འོན་ཏེ་ཇི་ལྟར་སྟོང་ལེགས་པར་བརྟག་གོ །དེ་ནས་ཡང་སེམས་དང་རྣམ་རྟོག་གཉིས་གཅིག་གམ་ཐ་དད། །གཅིག་ན་སྣང་བ་སྟོང་པ། གནས་འགྱུ་རྣམས་སོ་སོར་ཅིས་འབྱུང་། གྱེས་དུས་དང་གྱེས་མཚམས་གང་ནས་བྱས། འཁྲུལ་པའི་རྩ་བ་གང་ནས་བྱུང་། བདག་དང་གཞན་གཉིས་


CMR054_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

སུས་བྱས། དེ་རྣམས་ལེགས་པར་བརྟག་གོ །དེ་ལྟར་ཐག་ཆོད་ཀྱི་དྲི་བ་གཙང་མ་གཅིག་མ་བྱུང་བར་བརྟག་པར་བྱའོ། །ཞེས་དང་། ཆོས་རྗེ་རང་བྱུང་རྡོ་རྗེའི་ཞལ་ནས། ལར་ནམ་འཆི་ཚོད་ཅིག་མེད་ལགས་པས། །མང་པོ་ལ་བསམ་བློ་མ་བཏང་བར། །གཅིག་ཆོད་ཀྱི་གདམས་པ་ལ་ལྟོས་ཤིག་ཨང་། །ཞེས་དང་། བདེ་ཆེན་སེམས་ལ་མ་རྟོགས་ན། །ཚིག་ཁ་ལ་བརྗོད་ཀྱང་དགོས་པ་མེད། །བརྡར་ཤ་སེམས་ལ་མ་ཆོད་ན། །ཚིག་ཐ་སྙད་མཁས་ཀྱང་དགོས་པ་མེད། །རྣལ་འབྱོར་མངོན་སུམ་མ་མཐོང་ན། །རྗེས་དཔག་བསྒོམས་པས་དགོས་པ་མེད། །ཅེས་དང་། ཀུན་གྱི་རྩ་བ་གལ་ཆེའི་ཕྱིར། །རང་སེམས་རིག་པ་ལྟ་ཡང་འཚལ། །ཞེས་དང་། དགེ་བཤེས་བྱ་ཡུལ་བའི་ཞལ་ནས། ཐབ་ཀྱི་མེ་བསད་ན་རྩིག་གསེབ་ཀྱི་དུ་བ་རང་འགགས་སུ་འགྲོ། སྤྲོས་པ་ནང་ནས་ཆོད་གསུངས། རྒྱལ་དབང་རྗེས་ཞལ་ནས། པཎྜི་ཏའི་དཔྱད་བསྒོམ་ལྟ་བུ་མ་ཡིན་ཏེ། རྣལ་འབྱོར་པ་ཁ་ནང་བལྟས་ཀྱི་དཔྱད་བསྒོམ་ཡིན། སྒྲོ་འདོགས་ནང་ནས་གཅོད་ཅེས་གསུངས། རྗེ་མཁའ་སྤྱོད་དབང་པོའི་ཞལ་ནས། ཀྱེ་སྐལ་ལྡན་ཁྱོད་ཀྱི་ད་ལྟའི་སེམས་རྩེ་གཅིག་


CMR054_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ལྷང་གིས་ཞོག་ལ། བཞག་པ་དེའི་ངོ་བོ་ལ་ལྟོས་དང་། ཅི་ལྟ་བུ་ཞིག་འདུག །ཅི་ཡང་མ་གྲུབ་པ་ཅིག་མི་འདུག་གམ་སྙམ་ན་མི་སྣང་ངོ་། །ཞེས་འཛིན་མཁན་དེ་སུ་ཡིན། དེ་ཉིད་རང་སེམས་རྟོག་པ་མིན་ནམ་ཡིན་མོད་ཀྱི། དེ་ཡང་བལྟས་ན་མི་སྣང་སྙམ་ན། སྙམ་མཁན་དེ་ལ་ཡང་ལྟོས། ལྟ་མཁན་དེ་ལ་ཡང་ལྟོས་ཤིག །མ་མཐོང་བ་མེད་པ་ཙམ་གྱིས་མེད་པ་ཡང་མ་ཡིན་ཏེ། ས་ཡི་སྒྲུབ་ཀྱི་གཏེར་བཞིན་དེ་བས་ན་སེམས་དེའི་ཁ་དོག་ནི་ཅི། དབྱིབས་ནི་ཅི། ངོ་བོ་ནི་ཅི་ལྟ་བུ་ཡོད་པ་ཞིག་གམ། མེད་པ་ཞིག་གམ། གཉིས་ཀ་ཞིག་གམ། གཉིས་མིན་ཞིག་གམ། སྐྱེས་པའམ་བུད་མེད་དམ་མ་ནིང་ཞེས་རབ་ཏུ་རྟོགས་ཤིག །གལ་ཏེ་གནས་པ་ལ་ངོས་མ་ཟིན་ན། ཆེད་དུ་སེམས་འགྱུར་ཆུག་ལ། འགྲུ་བ་དེ་ཉིད་ཀྱི་ངོ་བོ་ལ་ཡང་དག་པར་ལྟོས་ཤིག །དེ་ཙམ་གྱི་སེམས་ཀྱི་གནས་ལུགས་མ་མཐོང་ན། སླར་སེམས་དེའི་གཞི་རྟེན་ལ་ལྟོས་ཤིག །ནང་ལུས་ལ་བྱུང་ངམ། ཕྱི་སྣང་བ་གཞན་དག་ལས་བྱུང་། ལུས་ཀྱི་ཡང་སྟོད་སྨད་བར་གསུམ། །ཕྱི་ནང་གང་ཞིག་ལས་བྱུང་བ་དང་། བྱེ་བྲག་ཏུ་རྩ་ཁོ་ནའམ། རླུང་ངམ་ཐིག་ལེ་


CMR054_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལས་བྱུང་ལེགས་པོ་ཉིད་དུ་ལྟོས་ཤིག །ཕྱི་རོལ་གྱི་སའམ། ཆུའམ། མེའམ། རླུང་གང་ལས་བྱུང་འབྱུང་བ་ཆེན་པོ་དེ་དག་ལས་གྲུབ་པའི་རི་ཁང་ཁྱིམ་སྐྱེས་པ་བུད་མེད་བརྟན་པ་དང་གཡོ་བ་གང་ལས་སེམས་དེ་བྱུང་བ་ནན་ཏན་དུ་ལྟོས་ཤིག །དེ་བཞིན་དུ་གནས་པ་དང་འགགས་པའི་གཞི་འདི་ཡང་དག་པར་བཙལ་ཏེ། དེ་ལ་ཡང་ནས་ཡང་དུ་བཙལ་བར་བྱའོ། །སེམས་སྐྱེ་བ་སྐྱེ་བ་ཞེས་བྱ་བ་དེ་ཇི་ལྟ་བུ། གང་ལས་སྐྱེས། གང་སྐྱེས་གང་དུ་སྐྱེས་ཇི་ལྟར་སྐྱེས་དེ་བཞིན་དུ་གནས་པ་དང་། འགགས་པ་ཡང་ཇི་ལྟ་བུ་ཞིག་མཐའ་ཆོད་པར་ཚོལ་ཅིག །ཅེས་གསུངས་སོ། །ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། སེམས་མདུན་གྱི་ནམ་མཁར་ཧྲིག་གེ་ཞོག་བྱས་ནས། ཡོད་དེ་རིག་ནས་བཞག་རྒྱུ་རང་གི་དངོས་པོ། དེ་ཅི་འདྲ་ཞིག་འདུག་ལེགས་པར་ལྟོས། བཞག་མཁན་དང་བཞག་རྒྱུའི་སེམས་གཅིག་དང་གཉིས་སུ་འདུག་གམ་ལྟོས། གཉིས་སུ་འདུག་ན་སེམས་གཉིས་སུ་ཡོད་དགོས་པས་གཅིག་སངས་རྒྱས་རྩ་གཅིག་འཁོར་བར་འཁྱམས་དགོས་པས་གཉིས་སུ་ཨེ་འདུག་ལེགས་པར་ཐག་ཆོད་པ་ཞིག་དགོས། གཅིག་ལས་མི་འདུག་ན་གཅིག་པོ་དེ་སེམས་ཡིན་པར་


CMR054_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་གམ་ལྟོས། སེམས་ཟེར་བ་དེ་ནི་ཅི་འདྲ་ཞིག་འདུག་རང་ལུགས་སུ་ལྟོས། ཕྱིའི་ཡུལ་དུ་ཚོལ་བས་ནི་རྙེད་པར་མི་སྲིད་དོ། །དེ་ཡང་སེམས་ཅི་འདྲ་ཞིག་ཡོད་བསམ་མཁན་གྱི་ཤེས་པ་ཁོ་རང་ལ་ལྟོས་ལ་ཚོལ་ཞིག །སྒོམ་མཁན་གྱི་ཤེས་པ་དེ་ལ་རེ་རེ་ལྟོས་ལ་ཚོལ་དང་། དོན་ལ་སེམས་ཟེར་བ་དེ་ཡོད་པ་ཅིག་ཡིན་པར་འདུག་གམ་ལྟོས། ཡོད་ན་དབྱིབས་ཅི་འདྲ་ཞིག་འདུག །ཟླུམ་པོར་འདུག་གམ་གྲུ་བཞི་ཟླ་གམ་གྲུ་གསུམ་ལ་སོགས་པའི་དབྱིབས་སུ་འདུག་པ་ལྟོས། ཐག་ཆོད་པ་ཞིག་ལྟོས་ཅི་འདུག་སྙམ་ན་དབྱིབས་དེ་ལ་ལྟོས་ཤིག་གསུངས། བསྟན་རྒྱུ་མི་འདུག་སྙམ་ན། བསྟན་རྒྱུ་མི་འདུག་པའི་དབྱིབས་དངོས་པོ་ཅན་མི་སྲིད་དོ། །ཞེས་དབྱིབས་ཀྱིས་སྟོང་པར་ངོ་སྤྲད་པ་ཡིན་ནོ། །དེ་བཞིན་དུ་དབྱིབས་ཁ་དོག་ཆེ་ཆུང་ཕྱོགས་རིས་དག་གང་འདུག་རྩད་བཅད་དུ་བཅུག་ལ། དེ་རྣམས་གང་དུ་ཡང་མི་འདུག་སྙམ་ན། འོ་ན་ཅི་ཡང་མི་འདུག་པའི་སྟོང་པ་དེ་བསྒོམ་ཅི་ལ་ཤེས། མ་རྙེད་སྙམ་རྒྱུ་ཞིག་ཡོད། ཅི་ཡང་མེད་ན་ཞེ་སྡང་སྐྱེ་མཁན་དེ་གང་ཡིན། སེམས་མ་རྙེད་བསམ་མཁན་ཞིག་མི་འདུག་གམ་ལེགས་པར་ལྟོས། ཡོད་པར་


CMR054_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ན་ཅི་འདྲ་ཞིག་ཡོད་པ་ན་དངོས་པོ་དང་ཁ་དོག་ཅིག་ཡོད་དགོས་ཏེ་ཁྱེར་རྒྱུ་འདུག་གམ། མེད་ན་བསམ་མེད་རོ་འདྲ་སྟེ་དྲན་མཁན་ཅིག་འདུག་གམ། དེས་ན་ཡོད་མེད་། མཚམས་སུ་ཅི་འདྲ་འདུག་ཐག་ཆོད་པར་ལྟོས། ཞེས་དང་། ཆོས་སྐུ་མཛུབ་ཚུགས་མ་ལས། ལུས་སེམས་གཅིག་དང་ཐ་དད་ལ་ལྟ་བ་ནི། འོ་ན་ལུས་སེམས་གཉིས་གཅིག་གམ་ཐ་དད། གཅིག་ན་ལུས་སྐྱེ་འཇིག་ཅན་དང་སེམས་སྐྱེ་འཇིག་མེད་པ་གཉིས་ག་ལ་གཅིག་ལ། དེར་མ་ཟད་ལུས་བེམ་པོ་སེམས་ཤེས་པ་གཉིས་ཀྱང་མི་གཅིག །གཅིག་ན་ལུས་ཤི་དུས་སེམས་ཀྱང་ཤི་བར་འགྱུར་ལུས་ལ་ཚེར་མ་ཟུག་ན་སེམས་ལའང་ཟུག་པར་འགྱུར་ལ། ཐ་དད་ན་ལུས་ལ་ཚེར་མ་ཟུག་པ་ལུས་སེམས་གང་གིས་ཚོར། ལུས་གཅིག་པུས་ཚོར་ན་འི་རོས་ཀྱང་ཚོལ་བར་འགྱུར་ལ། སེམས་ཀྱིས་ཚོར་ན་ལུས་སེམས་ཐ་དད་ཅིང་ལུས་ཟུག་རྔུ་འབྱུང་བ་སེམས་ཀྱིས་ཚོར་ཚེ་ས་རྡོ་ལ་གནོད་པ་བྱས་པའང་སེམས་ལ་ན་ཚ་འབྱུང་བར་རིགས་པ་ལས་དེ་ལྟར་མི་འབྱུང་ལ། དེས་ན་ལེགས་པར་བལྟའོ། །དེའང་བྱུང་ཚོར་ཐམས་ཅད་ཆུ་ལས་རླབས་ལྟར་ཤེས་པར་བྱས་ལ་བལྟའོ། །ཞེས་དང་། དྲུང་ཆེན་ཀུན་དགའ་རྣམ་


CMR054_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་གྱི་གསུང་ལས། རང་རེས་སྒྲིམ་ཀློད་སོགས་ལ་བརྟེན་ནས་སྒོམ་བཞིན་པའི་སེམས་དེའི་ངོ་བོ་དེ་ལ་ཅུང་ཟད་རྟོག་དཔྱོད་བྱས་ན་སེམས་གནས་པ་དེའི་ངོ་བོ་ལ་ཇི་ལྟ་བུ། ཁ་དོག་གཟུགས་དབྱིབས་འདུག་གམ་མི་འདུག་དང་། དེའི་ངང་ནས་ཐོལ་སྐྱེས་ཀྱི་རྣམ་རྟོག་འཕྲོ་བ་དེ་གང་ནས་འོང་། གར་གནས། ཐ་མ་ཅི་ལྟར་འགྲོ། །རྣམ་རྟོག་ཡལ་བའི་ཚེ་མེད་ནས་འགྲོའམ། གནས་པ་ལྟར་འགྲོའམ། སྟོང་སང་ངེ་འགྲོ། །ཇི་ལྟར་ཡལ་བ་འདི་ལ་ངེས་པ་གཅིག་དང་། མི་རྟ་གླང་སོགས་བག་ཆགས་ཀྱི་གཟུགས་ཤར་བ་དེ་ཇི་ལྟར་ཤར། ཇི་ལྟར་གནས། ཐ་མར་འགྲོ་ཚུལ་སོགས་ལ་ངེས་པ་གཅིག་དང་། ཡང་གནས་བཞིན་པ་དེ་ལྷོད་མེ་རེ། བདེ་ལྷམ་མེ་སྡོད་པ་ཁོ་ན་རེད་དམ། །གསལ་ལ་ལྡན་ནེ་ལྷང་ངེ་འདུག་གམ་མི་འདུག །སྟོང་སང་ངེ་ཡོད་པ་འདྲ་ཅིག་རེད་ངེས་པ་གཅིག་དང་། རང་ལུགས་སུ་ལྷོད་པ་དང་བརྟག་དཔྱད་བྱས་པའི་ངོ་བོ་ཁྱད་འདུག་གམ། འདི་རྣམས་ངེས་པར་མཛོད་ལ་ངེད་ལ་སྨོས་མཛོད། གཉིས་པ་གཞི་རྩ་བཅད་པ་ནི། བྱེ་བྲག་དེ་ཐམས་ཅད་གཅིག་གམ་ཐ་དད་བརྟག་པ་དང་གཙོ་བོར་ལྟ་བྱེད་ཀྱི་མཁན་པོ་ཚོལ་བ་


CMR054_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྗེས་ནས་ཀྱང་འབྱུང་ངོ་། །འདི་དག་ལ་ཕྲ་ཞིབ་ཀྱི་རྟོགས་དཔྱོད་ཅི་ལྟར་བྱུང་བ་དང་། ཡང་ཉམས་ལེན་ལའང་བདེ་མི་བདེའི་གནད་འགགས་གེགས་དང་བོགས་གང་བྱུང་གི་ཁྱད་པར་བཞག་ཐབས་ཁོ་ནའི་སྟེང་ནས་བློ་ལ་མ་བདེ་བས་ཐེ་ཚོམ་དང་ཁུ་འཕྲིག་སང་ཕྱིས་ཀྱི་བསླབ་དོན་སོགས་ཀྱི་ཞུ་རྒྱུ་གང་ཡོད་མ་གསང་བར་ངེད་ལ་སྨོས་ཐར་པའི་ལམ་མཁན་གྱི་བླ་མ་དགོས་པའི་རྒྱུ་མཚན་ཡང་། ལམ་གྱི་གེགས་དང་མི་ཤེས་པའི་སྒྲིབ་གཡོགས་བསལ་མཁན་ཡིན་མོད། ཞུ་རྒྱུ་མང་ཡང་སྨྲ་མ་ཕོད་ཟེར་བ་དང་། རྟོགས་པ་བཟང་བའི་རློམ་སེམས་དང་། ངན་པའི་སྒྱིད་ལུགས་གཉིས་ལ་བརྟེན་ནས། དེ་འདྲ་བླ་མ་ལ་ཞུ་ཀར་མེད་པས་ཞུ་བའི་རྒྱུ་མཚན་ཆུང་སྙམ་དུ་གསང་བ་དང་། སེམས་བསླང་འདྲ་བ་ལ་བརྟེན་ནས་ངའི་འདི་འདྲ་བ་བླ་མས་ཀྱང་བཅོས་རྒྱུ་མེད་སྙམ་པ་དང་། ཡང་ཡང་དྲིས་པས་བྱེ་བྲག་འདི་རྣམས་མིན་པའི་རྟོགས་འབུལ་ཟེར་བའི་ཡ་མཚན་ཅན་ཅིག་འབུལ་དགོས་སྙམ་པ་སོགས་ཀྱི་སེམས་ལས་གཏན་ནས་མི་དགོས་ཡར་ལ་དྲིས་པ་འདི་རྣམས་ཀྱི་ལན་ཐོབ། ཕྱིར་ལའང་ད་ལྟ་ཉམས་སུ་ལེན་པ་འདི་ལ་དཔག་པའི་སྐྱོང་ཐབས་སློབ་པ་ཡིན་པས་དེ་ལྟར་བློ་ལ་ངེས་པར་


CMR054_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ་ཞུ་བའི་གྲབ་མཛོད། ཡང་མ་སྐྱེས་ན་རྫུན་གྱི་གཏིབ་ནོན་འོང་། སྔར་ཡང་རྫུན་གྱི་གཏམ་ངན་སྦེད། རང་ཆེ་གཞན་སྨོད་སྒོམ་ཆེན་བསྲེགས། ཞེས་བཤད་པས་ཁ་ཅིག་གི་མདོ་རྒྱུད་དང་། གོང་མའི་ཉམས་འགྱུར་སོགས་ལུང་འདྲེན་བྱས་ནས་དེས་རྟོགས་འབུལ་གྱི་གོ་དེད་པར་བྱེད་པ་དང་། གཞན་གྱི་ལེགས་པོ་ཞིག་ཞུས་པའི་དཔེ་བཞག་ལེན་ནས་ཞུ་བ་དང་། ད་ལྟ་རང་ལ་ཉམས་མྱོང་མེད་ཀྱང་སྔར་བསྒོམས་བྱས་དུས་བཟང་པོ་ཚོ་བྱུང་ཚུལ་གྱི་ལོ་རྒྱུས་བཤད་པ་དང་། ཡང་བླ་མ་ཕལ་གྱི་ངོ་བསྲུང་ལ་ཡོད་ལོར་བཞག་པའི་རློམ་པས་བླ་མ་དེ་ལ་ཕུལ་ཟིན་པ་ཡིན་ཟེར་བ་དང་དྲིས་པའི་ལན་མེད་པར་མ་དྲིས་པའི་མངལ་ལས་སྐྱེས་དུས་ཚུན་གྱི་བདེན་རྫུན་མང་པོས་བླ་མ་དཀོན་མཆོག་མགོ་བསྐོར་ཞིང་རང་ལ་ཉེས་པ་བསགས་པ་ལ་དགོས་པ་ཏིལ་འབྲུ་ཙམ་ཡང་མེད། རྟོག་པ་ངོ་འཕྲོད་པའི་གང་ཟག་དེ་སྒོམ་སྐྱེས་བདག་པོ་མེད་པར་སོང་ན་ཐར་པའི་ལམ་ཡུ་ཟིན་པ་ཡིན་པས་དགའ་བ་བསྒོམ། ངོ་མ་འཕྲོད་ཀྱང་འཕྲོད་ལེའི་གཏམ་སྙན་བསྒྲགས་ན་སང་ཕྱིས་རང་གི་ལྟ་སྒོམ་སྤྱོད་གསུམ་གྱི་སྟེང་ནས་མཚང་སྟོན་འདོད་དང་གཞན་གྱི་སྒོམ་ཆེན་དེའི་ཁ་དོན་གཉིས་


CMR054_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྟུན་ནས་ཁྲེལ་དོགས་ཡོད་པས་དེ་ལྟར་དགོངས་པ་མཛོད་ལ། དོ་དགོང་ནས་བཟུང་སྟེ་རྟོགས་འབུལ་བྱེད་དགོས་པ་ཡིན་པས་མ་ཆག་པར་རིམ་བཞིན་ངེད་ཀྱི་སར་བྱོན་མཛོད། །ཡང་སང་ནས་རྟོགས་འབུལ་ཐོན་པས་བག་ཡངས་སྙམ་དུ་བཀྱིག་བཀྲོལ་ལྟར་སྤྱོད་ལམ་གང་བདེ་དང་མཚམས་འདོན་པ་སོགས་མ་བྱེད་པར་ཁར་རྩང་ཕན་ལྟར་དུ་བརྩོན་འགྲུས་དྲག་པོ་ཡེངས་མེད་མཛོད་དང་། ཁྱེད་ཅག་ལ་སེམས་ཀྱི་ཉམས་རྟོགས་གང་ཡོད་ལ་འཕྲོད་པའི་ངོ་སྤྲོད་དང་རྒྱབ་ཆོས་དང་ཞལ་ད་རིམ་བཞིན་འོང་བ་ཡང་ཉམས་ལེན་དང་སྦྱར་དགོས་པའི་རྩོལ་བ་ཐོན་པ་གལ་ཆེ་ཞིང་སྔོན་འགྲོ་དུས་རང་གར་འདུག་པ་དང་མི་འདྲ་བའི་ཡེངས་མེད་ཀྱི་དྲན་པ་བརྟེན་དང་ཞག་རེ་ལའང་བོགས་ཆེན་པོ་འོང་བས་དེ་ལྟར་བསྒོམ་མཛོད་ཅིག །ཅེས་དང་། དྲུང་སྒམ་པོ་པའི་ཞལ་ནས། དེ་དག་ཐམས་ཅད་གོ་ཡུལ་གྱིས་མི་ཕན། སྣ་ཟག་དང་ཁ་སྐད་བཟང་པོ་སྟོང་པ་ཡིན། མ་གྲུབ་པ་ཡིན། མེད་པ་ཡིན་ཟེར་བ་སོགས་དེ་རྣམས་ཡིན་པ་ལས་འོས་མེད་དེ་རྣམས་ཁྱེད་ལ་མི་དྲི་ད་ལན་གང་དྲི་ན་སེམས་ལ་འདི་འདྲ་ཞིག་འདུག་ཟེར་བ་ཞིག་འདོད་པ་ཡིན་པས་ཐག་ཆོད་པ་ཞིག་མཛོད། ཅི་ཡང་མ་ཡིན་པའི་


CMR054_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་གསུམ་ཤོ་རེ་མི་འོང་བས། ཆོས་སྐད་གཅིག་ཀྱང་མི་འདོད། །བླུན་ཚིག་རྐྱང་པས་ཆོག་པས་ངས་འདི་ལྟར་བསྒོམས་པས་འདི་རེད་འདི་འདྲ་ཞིག་འདུག་འདི་ཅིག་བྱུང་གསུངས་པ་དེ་འདོད་པ་ཡིན། འབད་ལ་བསྒོམ་གྲོགས་མཆེད་ལ་ཡང་དྲི་རྟོག་མ་བྱེད་འདི་ལ་སོ་ཞིག་མ་ཐེབས་ན། ཁྱེད་ལ་སྒོམ་སྐྱེས་ན་ཕ་བཀའ་བརྒྱུད་རྣམས་མི་བདེན་པའི་ཐག་ངས་ཆོད་ཁྱེད་རང་ཡང་དེ་ལྟར་སོམ་མཛོད། དེ་རྣམས་ལ་ཐུན་བར་དུ་ཡིད་ཆེས་ངེས་ཤེས་དྲང་པ་རེ་མཛོད། དེ་ནས་ཡང་སེམས་མཉམ་པར་བཞག །དུས་རྒྱུན་དུ་ཚོལ་བ་དང་རྟོག་དཔྱོད་ལ་འབྱམས་པར་མི་བྱ་སྟེ། རྗེ་བཙུན་ཆེན་པོ་མི་ཏྲ་པའི་ཞལ་ནས། ཆོས་ཀུན་ཁྱབ་བརྡལ་ཆེན་པོ་ལ། །རང་བཞིན་མ་བཅོས་གཉུག་མ་ཡིན། །བསམ་དུ་མེད་པ་ཆོས་ཀྱི་དབྱིངས། །མ་བཙལ་བཞག་ན་བསྒོམ་པ་སྟེ། །བཙལ་ཞིང་བསྒོམ་པ་འཁྲུལ་པའི་བློ། །ཞེས་གསུངས་པས། མདོ་ལུགས་པཎྜི་ཏའི་དཔྱད་བསྒོམ་འགའ་ཞིག་ལ། །རྒྱུན་དུ་ཡང་སེམས་ཚོལ་ཞིང་བརྟག་དཔྱད་དགོས་པའི་ལུགས་ཀྱང་ཡོད་དེ། འདིར་ཕྱག་རྫོགས་གཉིས་ཀྱི་ལུགས་ལ་ནི། ད་རེས་ཆོས་ཐུན་འདིའི་ཚེ། སེམས་ཚོལ་ཞིང་བརྟག་


CMR054_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་གོ་ཆོད་པ་ཞིག་བྱེད་ནུས་རྒྱུན་དུ་ཚོལ་མི་དགོས་པ་ཡིན་པས་ཀཿཐོག་ལུགས་ལ་ནི། སེམས་ཀྱི་ཁ་དོག་དང་དབྱིབས་རེ་རེ་ནས་ལུས་ཕྱི་ནང་རེ་རེ་ལ་ཡང་ཞག་གསུམ་རེ་ཚོལ་བས། སེམས་ཚོལ་ལ་ཡང་ཟླ་བ་མང་པོ་འགོར་སྐད། འདིར་དེ་ཙམ་ལོང་མེད་པས་སང་ཉིན་ཆོས་ཐུན་མ་བྱུང་ཚུན་འདི་ལ་སྐད་ཅིག་ཀྱང་མ་ཡེངས་པར་སེམས་ཚོལ་བ་གལ་ཆེ། །དགེ་བའི་བཤེས་གཉེན་རྣམས་གྲྭ་ས་ན་ལོ་མང་པོ་བཞུགས་ནས། དབུ་མ་དང་ཕར་ཕྱིན་གཉིས་ལ་སློབ་གཉེར་མཛད། པོ་ཏི་མང་པོ་བློ་ལ་བཟུང་། བཤད་པ་དང་བགྲོ་གླེང་ལ་མི་ཚེ་སྐྱེལ་བ་དེ། སྤྲོས་པ་ཕྱི་ནས་གཅོད་པ་ཡིན། དེ་ལོབ་དཀའ་གོ་དཀའ་ཤེས་དཀའ་རྟོགས་དཀའ། དེ་ལོབ་ཅིང་ཤེས་པ་རྣམས་ཀྱིས་ཀྱང་དོན་མ་རྟོགས་པ་མང་། སེམས་ཚོལ་བ་འདི་ལ་སློབ་གཉེར་དེ་ཐམས་ཅད་ཀྱི་དོན་ཚང་ནས་ཡོད་པ་ཡིན། འདི་སྤྲོས་པ་ནང་ནས་གཅོད་པ་ཡིན་པས། ལོབ་སླ་གོ་སླ་ཤེས་སླ་རྟོགས་སླ། དཔེར་ན་ཐང་ཤིང་སྐམ་པོ་འདོད་ན། འབོལ་ཁབ་དང་ཡལ་ག་རེ་རེ་ནས་གཅོད་ཅིང་སྐམ་པ་ལྟ་བུ་ནི་སྤྲོས་པ་ཕྱི་ནས་གཅོད་པ་ཡིན་པས་དཀའ། ཐང་ཤིང་དེ་རྩ་བ་ནས་བཅད་ན་ཡལ་ག་རྣམས་ཤུགས་ཀྱིས་


CMR054_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

སྐམ་པ་ལྟ་བུ་ནི་སྤྲོས་པ་ནང་ནས་གཅོད་པ་འདི་ཡིན་པས་སླ་སྟེ། ཏེ་ལོ་པའི་ཞལ་ནས། དཔེར་ན་ལྗོན་ཤིང་སྡོང་པོ་ཡལ་ག་ལོ་འདབ་རྒྱས། །རྩ་བ་གཅིག་བཅད་ཡལ་ག་ཁྲི་འབུམ་སྐམ། །དེ་བཞིན་སེམས་ཀྱི་རྩ་བ་བཅད་པས་འཁོར་བའི་ལོ་འདབ་སྐམ། །ཞེས་གསུངས་སོ། །དེས་ན་སེམས་ཚོལ་བ་གལ་ཆེ་གནད་ཆེ་བས། སང་ཉིན་བར་ལ་མ་ཡེངས་མ་གཉིད་པར་ཚོལ། སང་ནམ་ལངས་ནས་ཁྲིད་གཉེར་པ་རྣམས་ལ་ཞུ་དགོས། འདི་ལ་ཐག་ཆོད་མ་བྱུང་ན། ཆོས་ཐུན་རྒྱབ་མ་བཤད་ཞན་འདྲ་བས་གལ་ཆེ་མ་རྙེད་ན་མ་རྙེད་པའི་ལུགས་དེ་ཤོད་དང་ཆོག །སེམས་ངོ་རྟོགས་མི་རྟོགས་འདི་ལ་རག་ལས། ཁྱེད་ཁྲིད་ཐོབ་པ་རྣམས་ཀྱིས་ཀྱང་ཚོལ་དང་། འབྲུག་ལུགས་ལས། རྩེ་་གཅིག་ཆེན་པོ་རྟོགས་རྗེས་སླར་སེམས་ཚོལ་བྱས་པས་སྤྲོས་བྲལ་རྟོགས་པར་བཤད། ཚར་རོ།། །། ༈ ཁམས་སྟོད་ནང་ཆེན་འབང་སང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་གསུམ་པ་ལྷག་མཐོང་བསྒོམ་པའི་ཁྲིད།next