Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་བཞི་པ་ངོ་སྤྲོད་ཀྱི་ཁྲིད།
   
   
   
   
   


 
previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་བཞི་པ་ངོ་སྤྲོད་ཀྱི་ཁྲིད།next

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་བཞི་པ་ངོ་སྤྲོད་ཀྱི་ཁྲིད།


CMR054_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

༼ཕ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་བཞི་པ་ངོ་སྤྲོད་ཀྱི་ཁྲིད་བཞུགས་སོ།།


CMR054_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། །རང་གི་སེམས་ཉིད་འདི། ཕྱག་རྒྱ་ཆེན་པོ་དང་། རྫོགས་པ་ཆེན་པོ་གཞི་ཁྲེགས་ཆོད་དུ་ངོ་སྤྱོད་པ་ནི། ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པའི་མདོར། རིགས་ཀྱི་བུ་ཏིང་ངེ་འཛིན་ཐོབ་པའི་བྱང་ཆུབ་སེམས་དཔའ་ཞི་གནས་ཙམ་དང་། ཏིང་ངེ་འཛིན་གྱི་རོ་ཙམ་གྱིས་ཆོག་པར་མི་འཛིན་གྱི། ཏིང་ངེ་འཛིན་ཉིད་ལ་གནས་ནས་ཐེག་པ་ཆེན་པོའི་ཆོས་དེ་དག་ལ་བསྒྲང་ཞིང་། གཞལ་ལ་དཔྱོད་ཅིང་སོ་སོར་རྟོག་ཅིང་། དེ་ལ་བསྒྲེང་ཞིང་གི་ཞལ་ལ་དཔྱད་ཅིང་སོ་སོར་རྟོག་པའི་རྣམ་


CMR054_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལྷག་མཐོང་རབ་ཏུ་སྐྱེའོ། །ཞེས་བཀའ་སྩལ་ཏོ། །འཕགས་པ་དཀོན་མཆོག་བརྩེགས་པ་ལས། འོད་སྲུང་སེམས་ནི་ཡོངས་སུ་བཙལ་བས་མི་རྙེད་དོ། །གང་མི་རྙེད་པ་དེ་ནི་མི་དམིགས་པའོ། །གང་མི་དམིགས་པ་དེ་ནི་འདས་པ་ཡང་མ་ཡིན། །མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །ཞེས་དང་། རྣམ་པར་སྣང་མཛད་བྱང་ཆུབ་པའི་རྒྱུད་ལས། གསང་བའི་བདག་པོ་ཇི་ལྟར་རང་གི་སེམས་ཡོངས་སུ་ཤེས་པར་བྱ་ཞིང་འདི་ལྟ་སྟེ། རྣམ་པར་རམ། ཁ་དོག་ཏུའམ། དབྱིབས་སམ། ཡུལ་དུའང་། གཟུགས་སུའམ། ཚོར་


CMR054_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། བདག་ཏུའམ། བདག་གིར་རམ། བཟུང་བར་རམ། འཛིན་པར་རམ། དག་པར་རམ། མ་དག་པར་རམ། ཁམས་སུའམ། སྐྱེ་མཆེད་དུའམ། རྣམ་པ་ཐམས་ཅད་ཀྱི་བར་དུ་ཡོངས་སུ་བཙལ་ཡང་མི་དམིགས་པ་དེ་ཡིན་ཏེ་ཞེས་སོགས་རྒྱས་པར་གསུངས་སོ། །ཀླུ་སྒྲུབ་ཀྱི་སེམས་འགྲེལ་ལས། སེམས་ནི་མིང་ཙམ་ཡིན་པ་སྟེ། །མིང་ལས་གཞན་དུ་འགའ་ཡང་མེད། །མིང་ཙམ་དུ་ནི་རྣམ་རིག་བལྟ། །མིང་ཡང་རང་བཞིན་མེད་པ་ཡིན། །ནང་ངམ་དེ་བཞིན་ཕྱི་རོལ་ལམ། །ཡང་ན་གཉིས་ཀའི་བར་དག་ཏུ། །རྒྱལ་བ་རྣམས་ཀྱིས་སེམས་མ་རྙེད། །དེ་ཕྱིར་སྒྱུ་མའི་རང་བཞིན་སེམས། །ཁ་དོག་དབྱིབས་ནི་དབྱེ་བའམ། །གཟུང་བ་དང་ནི་འཛིན་པའམ། །སྐྱེས་པ་བུད་མེད་མ་ནིང་སོགས། །ངོ་བོ་སེམས་ནི་གནས་པ་མིན། །མདོར་ན་སངས་རྒྱས་རྣམས་ཀྱིས་ནི། །གཟིགས་པར་མ་གྱུར་གཟིགས་མི་འགྱུར། །རང་བཞིན་མེད་པའི་རང་བཞིན་ཅན། །ཇི་ལྟ་བུར་ནི་གཟིགས་པར་འགྱུར། །ཞེས་དང་། ཕག་གྲུས། སེམས་བྱ་བྱེད་བཅས་ན་འཁོར་བ་སྟེ། །


CMR054_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བྱེད་བྲལ་ན་མྱ་ངན་འདས། །སེམས་ཀྱི་རྩ་བ་མ་ཆོད་པར། །འཁྲུལ་པའི་རྩ་བ་མི་ཆོད་པས། །དང་པོར་སེམས་ཀྱི་རྩ་བ་བཅད། །ཅེས་གསུངས། བྲམ་ཟེ་ཆེན་པོས། བུ་ལྟོས་ཤིག་རང་གི་སེམས་ལ་ལྟོས། །བལྟས་པས་སེམས་ལ་གྲུབ་པ་མེད། །གྲུབ་པ་མེད་པའི་སེམས་ཉིད་འདི། །སྣ་ཚོགས་སུ་སྣང་བ་ངོ་མཚར་ཆེ། །རང་སེམས་སྐྱེ་མེད་ཆོས་ཀྱི་སྐུ། །ཆོས་ཀྱི་སྐུ་ལ་སྐྱེ་འཇིགས་མེད། །སྐྱེ་མེད་བདེ་བ་ཆེན་པོའི་སྐུ། །རང་ལ་ཡོད་པ་ངོ་མཚར་ཆེ། །རང་སེམས་ཆོས་སྐུའི་མེ་ལོང་ལ། །གཉིས་མེད་ཡེ་ཤེས་འོད་དུ་ཤར། །ཤར་བ་ཉིད་ནས་གྲུབ་པ་མེད། །བདེ་ཆེན་ལྷན་ཅིག་སྐྱེས་པ་ཡིན། །ཅེས་གསུངས་སོ། །ཏེ་ལོ་པས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏེ་ལོ་ངས་ནི་ཅི་ཡང་བསྟན་དུ་མེད། །རང་གིས་རང་ཉིད་མཚོན་ཏེ་ཤེས་པར་བྱོས། །ཞེས་དང་། སུམ་ཅུ་རྩ་གསུམ་པའི་ལེའུ་ལས། སྲིད་གསུམ་ཐམས་ཅད་སེམས་ལས་བྱུང་བར་འགྱུར། །སེམས་དེ་ཉིད་ཀྱང་འདི་ཞེས་བསྟན་དུ་མེད། །གཟུགས་མེད་ལུང་དུ་མ་བསྟན་སྒྱུ་མ་འདྲ། །མཁས་པ་དེ་ནི་སེམས་ཀྱི་


CMR054_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་ཚོལ། །དེས་ནི་སེམས་ཀྱི་ཆོས་ཉིད་ཚོལ་བ་ན། །སེམས་དང་སེམས་ཀྱི་ཆོས་ཉིད་མཐོང་བ་མེད། །སེམས་དེ་སེམས་གང་གིས་ནི་ཚོལ་བྱེད་པའི། །སེམས་དེ་ཡིས་ནི་རང་བཞིན་མཐོང་བ་མེད། །ཅེས་དང་། རྣམ་སྣང་མངོན་བྱང་ལས། སེམས་དེ་ནི་དེ་བཞིན་གཤེགས་པས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །ཁ་དོག་མ་ཡིན་དབྱིབས་སུ་སྣང་བ། མུན་པ་སྐྱེས་པ་བུད་མེད་མ་ནིང་མ་ཡིན་ནོ། །ཞེས་དང་། བྱང་ཆུབ་སེམས་འགྲེལ་ལས། ནང་ངམ་དེ་བཞིན་ཕྱིར་རོལ་ལམ། །ཡང་ན་གཉིས་ཀའི་བར་དག་ཏུ། །རྒྱལ་བ་རྣམས་ཀྱིས་སེམས་མ་རྙེད། །ཅེས་དང་། སེམས་ནི་མིང་ཙམ་ཡིན་པ་སྟེ། །མིང་ཙམ་དུ་ནི་རྣམ་རིག་བལྟ། །མིང་ཡང་རང་བཞིན་མེད་པ་སྟེ། །དེ་ཕྱིར་སྒྱུ་མའི་རང་བཞིན་སེམས། །ཞེས་དང་། འོད་སྲུང་གིས་ཞུས་པའི་མདོ་ལས། འོད་སྲུང་སེམས་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མེད་པ་ཡང་མི་དམིགས་སོ། །འོད་སྲུང་སེམས་ནི་དཔྱད་དུ་མེད་པ། རྟེན་མ་ཡིན་པ་སྣང་བ་མེད་པ། རྣམ་པར་རིག་པ་མེད་པ་གནས་པ་མེད་པའོ། །འོད་སྲུང་སེམས་ནི་སངས་རྒྱས་ཀྱིས་ཀྱང་


CMR054_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །འོད་སྲུང་སེམས་ནི་ཀུན་ཏུ་བཙལ་ཡང་མི་རྙེད་དོ། །གང་མ་རྙེད་པ་དེ་མི་དམིགས་སོ། །གང་མི་དམིགས་པ་དེ་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །ཞེས་དང་། བྱམས་པས་ཞུས་པའི་མདོ་ལས། བྱམས་པས་གསོལ་བ། ནང་གི་སེམས་ཇི་ལྟར་ལྟ་བར་བགྱི། བཀའ་སྩལ་པ། སེམས་ནི་དབྱིབས་མེད་པ། ཁ་དོག་མེད་པ་གནས་མེད་པ། ནམ་མཁའ་ལྟ་བུའོ། །ཞེས་དང་། ཞི་བ་ལྷས། འཇིག་རྟེན་གྱི་ནི་མགོན་པོས་ཀྱང་། །སེམས་ཀྱིས་སེམས་མི་མཐོང་ཞེས་གསུངས། །རལ་གྲིའི་སོ་ཡིས་རང་ལ་རང་། །ཅི་ལྟར་མི་གཅོད་དེ་བཞིན་ཉིད། །ཅེས་དང་། སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ལ། །འདུ་ཤེས་མཐོང་བ་མེད་ལ་སེམས་དཔའ་མི་མཐོང་ཞིང་། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །དེ་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ཅེས་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཨེ་མ་ཧོ། སེམས་ཞེས་བྱ་བའི་རིག་རིག་ཏུར་ཏུར་


CMR054_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པོ། །ཡོད་ནི་གཅིག་ཀྱང་ཡོད་པ་མ་ཡིན་ཏེ། །བྱུང་ནི་འཁོར་འདས་བདེ་སྡུག་སྣ་ཚོགས་བྱུང་། །འདོད་ནི་ཐེག་པ་བཅུ་གཉིས་ལྟར་དུ་འདོད། །མིང་ནི་བསམ་གྱིས་མི་ཁྱབ་སོ་སོར་བཏགས། །ལ་ལ་དག་གིས་སེམས་ཉིད་སེམས་ཉིད་ཟེར། །མུ་སྟེགས་ལ་ལས་བདག་ཅེས་མིང་དུ་བཏགས། །ཉན་ཐོས་པས་ནི་གང་ཟག་བདག་མེད་ཟེར། །སེམས་ཙམ་པས་ནི་སེམས་ཞེས་མིང་དུ་བཏགས། །ལ་ལས་དབུ་མ་ཞེས་པའི་མིང་དུ་བཏགས། །ལ་ལས་ཤེས་རབ་ཕ་རོལ་ཕྱིན་མ་ཟེར། །ལ་ལས་བདེ་གཤེགས་སྙིང་པོ་མིང་དུ་བཏགས། །ཚེལ་ལས་ཕྱག་རྒྱ་ཆེན་པོ་མིང་དུ་བཏགས། །ལ་ལས་ཐ་མལ་ཤེས་པ་མིང་དུ་བཏགས། །ལ་ལས་ཐིག་ལེ་ཉག་གཅིག་མིང་དུ་བཏགས། །ལ་ལས་ཆོས་ཀྱི་དབྱིངས་ཞེས་མིང་དུ་བཏགས། །ལ་ལས་ཀུན་གཞི་ཞེས་པའི་མིང་དུ་བཏགས། །འདི་ཉིད་མངོན་སུམ་མཛུབ་ཚུགས་ངོ་སྤྱད་ན། །འདས་པའི་ཤེས་པ་རྗེས་མེད་ཡལ་བའི་སྟེང་། །མ་འོངས་རྟོག་པ་མ་སྐྱེས་སོ་མ་ལ། །ད་ལྟའི་བཟོ་མེད་རང་ལུགས་གནས་པའི་དུས། །ཐ་མལ་རང་ཁའི་དུས་ཀྱི་ཤེས་པ་ལ། །རང་གིས་རང་ལ་ཅེར་གྱིས་ལྟ་བའི་ཚེ། །བལྟས་པས་མཐོང་རྒྱུ་


CMR054_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ས་ལེ་བ། །རིག་པ་མངོན་སུམ་རྗེན་ནེ་ཧྲིག་གེ་བ། །གྲུབ་པ་མེད་པའི་སྟོང་དྭངས་སང་ངེ་བ། །གསལ་སྟོང་གཉིས་སུ་མེད་པར་ཡེ་རེ་བ། །རྟག་པ་མ་ཡིན་ཅི་ཡང་གྲུབ་པ་མེད། །ཆད་པ་མ་ཡིན་ས་ལེ་ཧྲིག་གེ་བ། །གཅིག་ཏུ་མ་ཡིན་དུ་མར་རིག་ཅིང་གསལ། །དུ་མར་མ་གྱུར་དབྱེར་མེད་རོ་གཅིག་པས། །གཞན་ན་མེད་དོ་རང་རིག་འདི་ཉིད་དོ། །གདོད་མའི་གནས་ལུགས་དོན་གྱི་ངོ་སྤྲོད་དེ། །འདི་ལ་སྐུ་གསུམ་དབྱེར་མེད་ཅི་ཡང་ཚང་། །ཅི་ཡང་མ་གྲུབ་སྟོང་པ་ཆོས་ཀྱི་སྐུ། །སྟོང་པའི་རང་མདངས་གསལ་བ་ལོངས་སྐུ་ཡིན། །འགགས་མེད་ཅི་ཡང་ཤར་བ་སྤྲུལ་པའི་སྐུ། །རང་ཁ་གཅིག་ཏུ་ཚང་བ་ངོ་བོ་ཉིད། །འདི་ཉིད་མཛུབ་ཚུགས་བཙན་ཐབས་ངོ་སྤྲོད་ནི། །ད་ལྟར་རང་གི་ཤེས་པ་འདི་ཀ་ཡིན། །མ་བཅོས་རང་གསལ་ཤེས་པ་འདི་ཀ་ལ། །སེམས་ཉིད་མ་གཏོགས་བྱ་བ་ཅི་ལ་ཟེར། །འདི་ལ་བསྒོམ་རྒྱུ་ཅི་ཡང་མེད་པ་ལ། །བསྒོམས་པས་མ་བྱུང་བྱ་བ་ཅི་ལ་ཟེར། །རིག་པ་མངོན་སུམ་འདི་ཀ་ཡིན་པ་ལ། །རང་སེམས་མ་རྙེད་བྱ་བ་ཅི་ལ་ཟེར། །གསལ་རིག་རྒྱུན་ཆད་མེད་པ་འདི་ཀ་ལ། །སེམས་ངོ་མ་མཐོང་


CMR054_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཅི་ལ་ཟེར། །ཡིད་ཀྱི་བསམ་མཁན་ཁོ་རང་ཡིན་པ་ལ། །བཙལ་བས་མ་རྙེད་བྱ་བ་ཅི་ལ་ཟེར། །འདི་ལ་བྱ་རྒྱུ་ཅི་ཡང་མེད་པ་ལ།བྱས་པས་མ་བྱུང་བྱ་བ་ཅི་ལ་ཟེར། །མ་བཅོས་རང་སར་བཞག་པས་ཆོག་པོ་ལ། །གནས་སུ་མ་བཏུབ་བྱ་བ་ཅི་ལ་ཟེར། །བྱར་མེད་ཅོག་གེར་བཞག་པས་ཆོག་པ་ལ། །དེ་ལ་མ་ནུས་བྱ་བ་ཅི་ལ་ཟེར། །གསལ་རིག་སྟོང་གསུམ་དབྱེར་མེད་གཅིག་པ་ལ། །གྲུབ་དང་མ་འགྲུབ་བྱ་བ་ཅི་ལ་ཟེར། །རྒྱུ་རྐྱེན་མེད་པར་རང་བྱུང་ལྷུན་གྲུབ་ལ། །རྩོལ་བས་མ་ནུས་བྱ་བ་ཅི་ལ་ཟེར། །རྟོགས་པ་ཤར་གྲོལ་དུས་མཉམ་ཡིན་པ་ལ། །གཉེན་པོ་མ་བྱུང་བྱ་བ་ཅི་ལ་ཟེར།། །ད་ལྟའི་ཤེས་པ་འདི་ཀ་ཡིན་པ་ལ། །འདི་ལ་མི་ཤེས་བྱ་བ་ཅི་ལ་ཟེར། །སེམས་ཉིད་སྟོང་པ་གཞི་མེད་ཡིན་པར་ངེས། །རང་སེམས་དངོས་མེད་ནམ་མཁའ་སྟོང་པ་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །སྟོང་པ་ཕྱལ་ཆད་ཚད་ལྟ་མ་ཡིན་པའི། །རང་བྱུང་ཡེ་ཤེས་ཡེ་ནས་གསལ་བར་ཤེས། །རང་བྱུང་རང་གསལ་ཉི་མའི་སྙིང་པོ་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །རིག་པ་ཡེ་ཤེས་རྒྱུན་ཆད་མེད་པར་ངེས། །རིག་པ་རྒྱུན་ཆད་མེད་པ་


CMR054_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བོའི་གཞུང་དང་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །རྣམ་རྟོག་འགྱུ་དྲན་ངོས་བཟུང་མེད་པར་ངེས། །འགྱུ་བ་དངོས་མེད་བར་སྣང་སེར་བུ་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །ཅི་སྣང་ཐམས་ཅད་རང་སྣང་ཡིན་པར་ངེས། །སྣང་བ་རང་སྣང་མེ་ལོང་གཟུགས་བརྙན་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །མཚན་མ་ཐམས་ཅད་རང་སར་གྲོལ་བར་ངེས། །རང་བྱུང་རང་གྲོལ་བར་སྣང་སྤྲིན་དང་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །ཞེས་གསུངས་སོ། །རྫོགས་ཆེན་ཀློང་གསལ་འབར་མའི་རྒྱུད་ལས། ཆོས་རྣམས་ཀུན་གྱི་རང་བཞིན་ནི། །ནང་འཛིན་སེམས་ནི་སྟོང་པས་ན། །ནང་གི་སྟོང་པ་ཉིད་ཡིན་ནོ། །ཕྱི་ཡི་ཡུལ་འཛིན་སྟོང་པའི་ཕྱིར། །ཕྱི་ཡི་སྟོང་པ་ཉིད་ཡིན་ནོ། །ཕྱི་ནང་བར་གྱི་དབང་པོ་ལྔ། །འཛིན་བྲལ་སྟོང་པ་གཉིས་སུ་མེད། །ཕྱི་ནང་མེད་པའི་སྟོང་ཉིད་ཡིན། །དེ་དག་ཐམས་ཅད་སྟོང་པ་རུ། །འཛིན་མཁན་རང་ཡང་སྟོང་པས་ན། །གཉིས་སུ་མེད་པའི་སྟོང་ཉིད་དོ། །འབྱུང་བ་ཆེན་པོའི་གླིང་བཞི་དང་། །རི་རབ་ལ་སོགས་གང་ལའང་། །ཆགས་པའི་འཛིན་པ་


CMR054_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པས་ན། །ཆེན་པོ་སྟོང་པ་ཉིད་དུའོ། །ད་ལྟ་ཐོས་བསམ་སྒོམ་གསུམ་སོགས། །རྟོགས་པ་དོན་དམ་སྟོང་ཉིད་ཡིན། །དགེ་རྩ་བཟང་སྟོབས་རློམས་པས་ན། །འདུས་བྱས་སྟོང་པ་ཉིད་དུའོ། །འདུས་མ་བྱས་ཀྱི་དགེ་བ་ཡིས། །རློམ་སེམས་ངང་གིས་སྟོང་པའི་ཕྱིར། །འདུས་མ་བྱས་ཀྱི་སྟོང་པ་ཉིད། །མཐའ་ལས་འདས་ཀྱི་འཛིན་པ་སྟོང་། །མཐའ་ལས་འདས་པའི་སྟོང་ཉིད་དོ། །ཐོག་མ་བར་དང་ཐ་མ་རུ། །སེམས་ཅན་རྣམས་ཀྱི་དོན་བྱེད་ཕྱིར། །འཛིན་པ་ཐམས་ཅད་སྟོང་པས་ན། །ཐོག་མ་ཐ་མར་སྟོང་པའོ། །མྱ་ངན་འདས་པ་ཆེན་པོའི་ཚེ། །སེམས་ཅན་ཀུན་གྱི་དོན་མི་འདོར། །དོར་བ་མེད་པའི་སྟོང་ཉིད་དོ། །སྣང་བ་ཐམས་ཅད་རང་བཞིན་སྟོང་། །རང་བཞིན་སྟོང་པ་ཉིད་ཡིན་ནོ། །སྣང་སྲིད་འཁོར་འདས་མ་ལུས་ཀུན། །རང་བཞིན་དངོས་པོ་སྟོང་པའི་ཕྱིར། །ཆོས་རྣམས་སྟོང་པ་ཉིད་ཡིན་ནོ། །སངས་རྒྱས་མཚན་དཔེས་བརྒྱན་གྱུར་ཀྱང་། །དེ་ལ་བདག་འཛིན་མེད་པའི་ཕྱིར། །རང་གི་མཚན་ཉིད་སྟོང་པའོ། །ཆོས་རྣམས་མི་དམིགས་པ་རུ་ནི། །སྤུ་ཙམ་འཛིན་པ་སྟོང་པས་ན། །མི་དམིགས་པ་ཡི་སྟོང་པའོ། །དངོས་པོ་མེད་


CMR054_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཛིན་པ་རྣམས། །མཐའ་དེ་འཛིན་པའི་དངོས་པོ་མེད། །ངོ་བོ་ཉིད་ཀྱིས་སྟོང་པའོ། །ཞེས་དང་། ཏཻ་ལོ་པས། དཔེར་ན་ནམ་མཁའ་སྟོང་པར་ཐ་སྙད་རབ་བཏགས་ཀྱང་། །ནམ་མཁའ་ལ་ནི་འདི་འདྲ་བརྗོད་དུ་མེད། །དེ་བཞིན་རང་སེམས་འོད་གསལ་བརྗོད་གྱུར་ཀྱང་། །བརྗོད་པས་འདི་འདྲ་གྲུབ་ཅེས་གདག་གཞི་མེད། ཅེས་དང་། སེམས་ནི་ནམ་མཁའི་དཀྱིལ་ལྟར་བསམ་པའི་ཡུལ་ལས་འདས། །དེ་ངང་བཏང་བཞག་མེད་པར་ཀློད་ལ་ཞོག །སེམས་ལ་གཏད་སོ་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལ་གོམས་པས་བླ་མེད་བྱང་ཆུབ་ཐོབ། །ཅེས་དང་། ས་ར་ཧས། འཁོར་འདས་ཀུན་གྱི་རྩ་བ་སེམས་ཀྱི་རང་བཞིན་ཏེ། །རྟོགས་ན་བསྒོམ་དུ་མེད་ཅིང་མ་བཅོས་ལྷུག་པར་ཞོག །རང་ལ་བཞག་ནས་གཞན་ལ་ཚོལ་བ་ཨ་རེ་འཁྲུལ། །འདི་ཡིན་འདི་མིན་མེད་དོ་ཐམས་ཅད་གཉུག་མའི་ངང་། །ཞེས་དང་། གྲུབ་ཆེན་ཉི་མ་རྩལ་གྱིས། སྣ་ཚོགས་སེམས་ཀྱི་ཆོ་འཕྲུལ་ཏེ། །སེམས་ནི་འདི་ཞེས་མཚོན་དུ་མེད། །དེ་ཕྱིར་འཁོར་འདས་རྩ་བ་བྲལ། །དེ་ཉིད་ཆོས་སྐུར་ཤེས་པར་བྱ། །ཞེས་དང་། ཉི་མ་སྦས་པས། སེམས་


CMR054_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བལྟས་པས་སྐྱེ་བ་མེད། །ཡུལ་ལ་བལྟས་པས་སྤྲོས་དང་བྲལ། །གཉིས་མེད་དོན་འདི་བློ་ལས་འདས། །ངས་ནི་ཅི་ཡང་མི་ཤེས་སོ། །ཞེས་དང་། ཛྙཱ་ན་ཤིས། རྩ་བ་བྲལ་བའི་སྡོང་པོ་བཞིན། །ང་ཡི་སེམས་ཉིད་མཁའ་ལྟར་སྟོར། །འཁྲུལ་སྣང་ཇི་ལྟར་དགྱེས་དགྱེས་མཛོད། །ང་ནི་ནམ་མཁའི་རྣལ་འབྱོར་པ། །ཞེས་དང་། གཅེར་བུ་པས། རང་གྲོལ་བློ་ལས་འདས་པ་ལ། །མ་བཅོས་སྒོ་གསུམ་ལྷུག་པར་ཞོག །མ་ཡེངས་དགག་སྒྲུབ་མེད་པར་ཞོག །མི་གཡོ་མཉམ་ཉིད་ཆེན་པོར་ཞོག །ཅེས་དང་། པདྨོ་ཤིས། གཞུག་མ་ལྷན་ཅིག་སྐྱེས་པ་འདི། །བསམ་བསྒོམ་བློ་ཡིས་མ་བཅོས་ན། །ཆོས་སྐུ་གཞན་ནས་བཙལ་མི་དགོས། །རང་ཆས་ཡིན་ནོ་ལྷུག་པར་ཞོག །ཅེས་དང་། རྗེ་ནཱ་རོ་པས། རང་རིག་བདེ་གསལ་གྱི་ཤེས་པ་འདི། ཅི་ཡང་མེད་པའི་ཆོས་སྐུ་སྟེ། །གྲུབ་པ་ཡོད་ན་ཞེ་འདོད་རིག་པ་ལ། །གྲུབ་པ་མེད་པའི་ཞེ་འདོད་ཅི་ཡང་མེད། །ཅེས་དང་། ཤ་ཝ་རི་པས། ནམ་མཁའ་ཞེས་ནི་རབ་བརྗོད་ཀྱང་། །ནམ་མཁའི་ངོ་བོ་ཅིར་ཡང་གྲུབ་པ་མེད། །ཡོད་དང་མེད་དང་ཡོད་མིན་མེད་མིན་དང་། །དེ་ལས་གཞན་


CMR054_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དུའང་མཚོན་པའི་ཡུལ་ལས་འདས། །ཞེས་དང་། བིརླ་པས། སྲིད་དང་ཞི་བ་མཉམ་ཉིད་ཕྱག་རྒྱ་ཆེ། །ངོ་བོ་ཉིད་ཀྱི་མ་སྐྱེས་རང་བཞིན་རྣམ་པར་དག ། མཚོན་བྱའི་གནས་ལུགས་མེད་པས་ཐ་སྙད་ཚིག་ལམ་ཆད། །རང་བཞིན་བརྗོད་མེད་ངོ་བོ་ལྟོས་ཆོས་ཀུན་དང་བྲལ། །བརྟག་དཔྱད་མེད་ཅིང་མཚོན་བྱའི་དཔེ་དང་བྲལ། །དཔེ་བྲལ་ཉིད་ལའང་མི་གནས་བློ་ཡི་ཡུལ་ལས་འདས། །ཞེས་དང་། དབུ་མ་རྩ་ཤེས་ལས། སྟོང་ངོ་ཞེས་ཀྱང་མི་བརྗོད་དོ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང་། །གཉིས་དང་གཉིས་མིན་མི་བྱ་སྟེ། །ཞེས་དང་། རྩོད་ཟློག་ལས། གལ་ཏེ་ང་ལ་དམ་བཅའ་འགའ་ཡོད་ན། །དེས་ན་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཅེས་དང་། བཞི་བརྒྱ་པ་ལས། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་རིང་པོ་ན་ཡང་། །གླན་ཀ་བརྗོད་པར་ནུས་མ་ཡིན། །ཅེས་དང་། གྲུབ་ཆེན་མི་ཏྲ་ཛཱ་ཀིའི་ཞལ་ནས། སེམས་ཉིད་སྐྱེ་འགགས་གནས་གསུམ་གྱི་མཐའ་དང་བྲལ་བ། བདག་དང་བདག་གིར་འཛིན་པའི་གཟུང་འཛིན་ལས་


CMR054_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ཞིང་། ངོ་བོ་སྟོང་པ་རང་བཞིན་གསལ་བ་རྣམ་པ་འགགས་མེད་ཀྱི་རིག་པ་ཡུལ་མེད་དུ་མར་སྣང་ཞིང་། གསལ་བ་མཐོང་བྱ་མཐོང་བྱེད་ཀྱི་འཛིན་པའི་ཡུལ་ལས་འདས་པ། བསྒོམ་བྱ་སྒོམ་བྱེད་ཀྱི་དམིགས་པའི་ཡུལ་ལས་གྲོལ་བ། གང་ཡང་ཡིད་ལ་མི་བྱེད་པ་ཡིད་ལ་བྱ་བྱེད་དང་བྲལ་བ་དེ་ཉིད་བཟོ་བཅོས་མ་བྱས་པར་ལྷུག་པར་བྱ་བ་ཐམས་ཅད་དང་བྲལ་བས་བྱར་མེད། གང་ཤར་ངོས་འཛིན་དང་བྲལ་བས་འཛིན་མེད། མཉམ་བཞག་གི་ཤེས་པ་ལ་བཅོས་སླད་དང་བྲལ་བའི་ཧད་དེ་བ། མཚན་འཛིན་མེད་པས་སྟོང་སང་ངེ་བ། རང་བཞིན་གྱིས་འོད་གསལ་བས་ས་ལེ་བ། རྣམ་རྟོག་གཟུང་འཛིན་གྱིས་མ་གོས་པའི་རྗེན་ནེ་བ། རང་ངོ་རང་གིས་ཤེས་པས་ཧྲིག་གེ་བ། ཡུལ་ཡུལ་ཅན་གྱི་འཛིན་པ་ཞིག་པས་སྣང་སེམས་དབྱེར་མེད་ཟང་ཐལ་དུ་ཕྱམ་མེ་བ། རིག་པ་མ་བཅོས་པར་རང་ལུགས་སུ་འཇོག་པས་ཐ་མལ་ཤེས་པ། རྣམ་རྟོག་ལུ་གུ་རྒྱུད་དུ་སྙིང་མི་འཇུག་པར་རིག་པ་སོ་མ་ཞེས་བྱ་སྟེ། འདི་ལྷག་མཐོང་ཉམས་སུ་བླང་བའི་ངོ་བོ་དངོས་གཞི་ཡིན་ནོ། །ཡང་སེམས་ཉིད་སྤྱན་རས་གཟིགས་ཀྱང་ཡིན་ཏེ། ཐུགས་རྗེ་ཆེན་པོའི་སྤྱན་གྱིས་འགྲོ་བ་ཡོངས་ལ་ཐོགས་


CMR054_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་གཟིགས་པས་ན་སྤྱན་རས་གཟིགས་སོ། །བློ་འདས་མཐའ་དབུས་དང་བྲལ་བའི་ཀུན་མཁྱེན་གྱི་སྤྱན་གྱིས་ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུར། མ་འདྲེས་པ་རང་གསལ་དུ་གཟིགས་པས་ན་སྤྱན་རས་གཟིགས་སོ། །རང་རིག་ཡེ་ཤེས་ཀྱི་སྤྱན་གྱིས་ཆོས་ཉིད་སྐྱེ་བ་མེད་པའི་དོན་གཟིགས་པས་ན་སྤྱན་རས་གཟིགས་སོ། །གཟུང་འཛིན་དབྱིངས་སུ་དག་པའི་སྤྱན་གྱིས་སྤྲོས་བྲལ་འོད་གསལ་བའི་སེམས་གཟིགས་པས་ན་སྤྱན་རས་གཟིགས་སོ། །ཞེས་དང་། སྤྱན་རས་གཟིགས་ཉིད་ཀྱིས་སྲོང་བཙན་སྒམ་པོ་ལ་གསུངས་པ། སེམས་ཀྱི་ངོ་བོ་སྟོང་པ་ཅི་ཡང་མ་གྲུབ་པ་ཡིན། སྟོང་པ་ལས་རྩལ་མ་འགགས་པའི་སངས་རྒྱས་ལ་སྐུ་དང་ཡེ་ཤེས་སུ་ཤར། སེམས་ཅན་ལ་དུག་ལྔ་ལ་སོགས་པར་ཤར་བ་ཡིན་ནོ། །དེ་ལ་སེམས་ངོ་བོ་སྟོང་པར་འདུག་པ་སྟེ། ཆོས་ཀྱི་སྐུ་རང་ལ་གནས་པ་ཡིན། རྩལ་དུག་ལྔ་དང་རྣམ་རྟོག་མ་འགགས་པ་ཤར་ཀྱང་། རྩ་བ་སྟོང་པ་ཡིན་པས་མ་འགགས་རང་ཤར། མི་གནས་ཏེ་རང་གྲོལ་བས་ཡེ་ཤེས་སུ་འཆར་རོ། །སེམས་ཉིད་ངོ་བོ་སྟོང་པ་ཆོས་སྐུར་ཉམས་སུ་བླང་མ་འགགས་པ་གསལ་བའི་ལོངས་སྐུ་ཉམས་སུ་བླངས།


CMR054_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་སུ་འཆར་བ་རང་ཤར་རང་གྲོལ་བ་སྤྲུལ་སྐུར་ཉམས་སུ་བླང་ངོ་། །ཞེས་གསུངས་སོ། །མཁའ་འགྲོ་སྙིང་ཐིག་ལས། དང་པོ་བྱུང་ས་མེད་དེ་ཆོས་ཀྱི་སྐུ། །བར་དུ་གནས་ས་མེད་དེ་ལོངས་སྤྱོད་རྫོགས། །ཐ་མ་འགྲོ་ས་མེད་པ་སྤྲུལ་པའི་སྐུ། །ཞེས་གསུངས་པས། སེམས་ཉིད་སྐུ་གསུམ་གྱི་རང་བཞིན་དུ་རང་གྲོལ་བའོ། །ཞེས་དང་། །ཀློང་གསལ་སྙིང་ཐིག་ལས། དེ་ལ་གང་ཤར་གྱི་ངོ་བོ་ཤར་གྲོལ་མཉམ་གྲོལ་ཇི་ལྟར་འགྱུ་ཞིང་འཕྲོ་ཡང་། དོན་རང་བཞིན་དུ་མ་གྲུབ་སྟེ། འགྱུ་བསྡོ་གསལ་སྟོང་སྟེ། ཡུལ་མེད་རྗེན་པར་སྟོང་པའི་རང་རྩལ་ལས་གཞི་མ་གྲུབ་སྟེ། བརྗོད་མེད་སྤྲོས་བྲལ་དོན་ལ་གདངས་མ་འགགས་ཙམ་དུ་ཅི་ཡང་སྣང་བས། སྣང་བའི་ངོ་བོ་སྟོང་པ་ཡུལ་མེད་བློ་བྲལ་དུ་ཤེས་ཤིང་། དེའི་དོན་དང་མི་འབྲལ་བ་ནི་ལྷང་ངེ་ཞེས་བྱའོ། །ཞེས་དང་། རྩ་ཚིག་ལས། རང་གི་སེམས་ཀྱི་ངོ་བོ་ལ་ལྟོས། ཅིའི་ངོ་བོར་ཡང་མ་གྲུབ། ཅེས་དང་། རྗེ་རང་བྱུང་རྡོ་རྗེའི་ཞལ་ནས། དུས་གསུམ་སངས་རྒྱས་ཀྱི་དགོངས་པ། དམ་པ་རྣམས་ཀྱིས་དོན་དུ་གཉེར་བ། ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཟེར་བའི་སྒྲ་བོ་ཆེ་གཡེར་པོ་ཆེ་དེ་རང་གི་སེམས་


CMR054_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཟེར་བ་ཡིན། རང་སེམས་ངོ་མ་ཤེས་ན་ངའི་སེམས་ངའི་སེམས་ཟེར་བའི་མི་དྲན་དགུ་དྲན་དེ་ཡིན་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་། །རིག་པ་འདི་རང་ལས་མ་འདས། སྡེ་སྣོད་མདོ་རྒྱུད་ཀྱི་བཅུད་ཀྱང་འདི་ཡིན། ། འདི་ཉམས་སུ་ལེན་ན་བསྒོམ་རྒྱུ་ཅི་ཡང་མེད། རིག་པ་འདི་ཧྲིག་གེ་རང་སར་ཞོག །དེ་ཕྱག་རྒྱ་ཆེན་པོ་ཡིན་ནམ་མ་ཡིན་སྙམ་པའི་ཐེ་ཚོམ་མི་དགོས། ཡག་ཏུ་རེ་བ་དང་། ཉེས་ཀྱི་དོགས་པ་ཡེ་མ་བྱེད། རྟོག་པ་སྤྱན་སྤུན་མང་པོའི་རྗེས་སུ་མ་འབྲང་། རིག་པ་ཧྲིག་གེ་རང་གི་ཐོག་ཏུ་ཞོག །ལྷོད་དེ་ཀློད་ལ་ཞོག །སྒོམ་རྒྱུ་ཅི་ཡང་མི་བདོག་གོ །དེ་ལྟར་ཡང་ནས་ཡང་དུ་བསྒོམས་པས་དུས་ཚོད་གཅིག་ནས་རྣམ་རྟོག་རང་ངོ་ཤེས་ནས་སྐད་ཅིག་ལ་བག་ཆགས་མུན་པ་དྲུངས་ནས་ཕྱུང་སྟེ། དེ་ཉིད་སངས་རྒྱས་ཞེས་བྱའོ། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། ཕྱག་རྒྱ་ཆེན་པོའི་སྙིང་གཏམ་ཚིག་གཅིག་མ་བླ་མ་དམ་པ་གྲུབ་ཐོབ་རྣམས་ཀྱི་མན་ངག་མཐར་ཐུག་དེ་ལས་ཡོད་རེ་ཤི །ཞེས་གསུངས་སོ། །རྗེ་མཁའ་སྤྱོད་དབང་པོའི་གསུང་ལས། ཨེ་མ་རིགས་ཀྱི་བུ་ཁྱོད་ཀྱི་ད་ལྟའི་སེམས་འདི་ཡོད་པ་ཞིག་ཡིན་


CMR054_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ན། ཕྱི་ནང་བར་གསུམ་གང་ཡང་རུང་བ་ཞིག་ན་ཡོད་པར་འཐད་པ་ལས། དེ་དག་ན་བདེན་པ་ཉིད་དུ་འདུག་གམ། ཁ་དོག་དང་དབྱིབས་མི་སྣང་མོད་ཀྱི། རིག་པ་ཙམ་དུ་སྣ་ཚོགས་སྙམ་ན་རིག་ན་ཡུལ་གང་ཞིག་རིག །ཡུལ་མི་ཞིག་རིག་གོ་སྙམ་ན། ཡུལ་དེ་རིག་པ་དེ་ལས་གཞན་ཞིག་གམ་དེ་ཉིད་ཡིན། །དབྱེར་མེད་དུ་ཡིད་ལ་སྣང་བའི་ཚེ། དེས་སེམས་ལས་གང་རིག་ཉེ་བར་དམིགས། གལ་ཏེ་སེམས་ཉིད་ཡིན་ན། རལ་གྲིས་རལ་གྲི་རང་གི་སོ་ལྟར། དེས་ཅི་ལྟར་རིག །དགྲ་གཉེན་ཡིད་དུ་འོང་མི་འོང་སོགས་ཐམས་ཅད་དེ་ལྟ་བུར་ཏེ། དེ་ལྟར་ན་རིག་པ་ཤེས་པ་ཞེས་བྱ་བ་ནི། བཏགས་པ་ཙམ་ཁོ་ན་བརྟགས་ཤིང་དཔྱད་པ་ན། དེ་ལྟར་མོད་ཀྱིས་ཀྱང་། འདི་ལྟར་རིག་གོ་ཤེས་སོ། །རྟོག་གོ་ཞེས་མངོན་སུམ་ཉིད་དུ་སྟོང་སྙམ་ན། རྟོག་ཤེས་རིག་པ་ཉིད་ཀྱི་ཚེ། དེ་ངེས་པར་གཞི་མ་གྲུབ་སྟེ། དེ་བས་ན་དེ་སྔ་ཕན་ཆད་རིག་པ་མེད་པ་ཉིད་ལ་རིག་པ། ཤེས་པ་མེད་པ་ཉིད་ལ་ཤེས་པ། སེམས་མེད་པ་ཉིད་ལ་སེམས། ཡིད་མེད་པ་ཉིད་ལ་ཡིད། རྟོག་པ་མེད་པ་ཉིད་ལ་རྟོག་པར་བཟུང་ནས་རྣམ་པར་གཡེང་བ་ལགས་མོད། གོའམ་ཨེ་མ་རིགས་


CMR054_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བུ། སེམས་འདི་ནི་ནམ་མཁའ་ལྟ་བུ་སྟེ། ནམ་མཁའ་ལ་འདི་ཞེས་གྲུབ་པ་འདུག་གམ། དེ་བཞིན་དུ་སེམས་ནི་ནམ་མཁའི་ཁ་དོག་ལྟ་བུ། རི་བོང་གི་རྭ་ལྟ་བུ་སྟེ། གཞི་མ་གྲུབ་པ་རྩ་བ་མེད་པ། རྟེན་མེད་པ་བརྟན་པ་མེད་པ་རང་བཞིན་མེད་པ་མཚན་མ་མེད་པ་མཚན་ཉིད་མེད་པ་རྟག་མེད་པ། ཁ་དོག་མེད་པ་དབྱིབས་མེད་པ་རང་གི་ངོ་བོ་མེད་པ། བྱུང་བ་མེད་པ་སོང་བ་མེད་པ་གནས་པ་མེད་པ། དེ་ནི་ངོ་བོ་ཉིད་ཀྱི་འདུས་མ་བྱས་པ་ཉིད་པས། ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཀྱང་། མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །ཅུང་ཟད་ཅིག་གྲུབ་ན་ཐམས་ཅད་མཁྱེན་པས་གཟིགས་ཏེ། གཞི་ཅུང་ཟད་ཀྱང་མ་གྲུབ་པའི་ཕྱིར་མི་གཟིགས་པ་ཉིད་དོ། །དོན་གྱི་ངེས་པ་འདི་ད་ཁྱོད་ཀྱི་སྙིང་ལ་ལེགས་པར་བབས་སམ། དེ་སྔ་ཕན་ཆད་སེམས་སོ། །ཡིད་དོ། །རྣམ་པར་ཤེས་པའོ། །དགའ་བའོ། །མི་དགའ་བའོ། །བདེ་བའོ། སྡུག་བསྔལ་བའོ། །འཁྲུལ་ལོ། །གྲོལ་ལོ། །དག་གོ །མ་དག་གོ །མཆོག་གོ །དམན་ནོ། །བཟང་ངོ་། །ངན་ནོ། །ཞེས་སོགས་སུ་འཛིན་པས་ཡང་དག་པར་དཀྲུགས་


CMR054_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། སེམས་མི་དམིགས་པའི་ཕྱིར་དེ་དག་ཇི་ལྟར་དམིགས་ཏེ། ད་ནི་ཁྱོད་ཀྱིས་སེམས་མེད་པའི་ངང་དུ་ཞོག་ཅིག །བསམ་དུ་མེད་པའི་ངང་དུ་ཞོག་ཅིག །དགག་སྒྲུབ་མེད་པའི་ངང་དུ་ཞོག་ཅིག །སྤང་བླང་མེད་པའི་ངང་དུ་ཞོག་ཅིག །རེ་དོགས་མེད་པའི་ངང་དུ་ཞོག་ཅིག །ཡིན་མིན་མེད་པའི་ངང་དུ་ཞོག་ཅིག །བཟང་ངན་མེད་པའི་ངང་དུ་ཞོག་ཅིག །འཁྲུལ་གྲོལ་མེད་པའི་ངང་དུ་ཞོག་ཅིག །ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། འོ་དེ་ལྟར་སེམས་མ་བཅོས་པར་ལྷན་ནེ་བཞག་པའི་དུས་ཀྱི་ཤེས་པ་འདི་ལ་ཅེར་རེ་ལྟོས་ཤིག །ཁྱེད་རང་རྣམས་ཀྱི་སེམས་རྣམ་རྟོག་རང་སར་ཞི་ནས་མ་བཅོས་པའི་ངང་ལ་ལྷན་ནེ་གནས་པ་ཞིག་འདུག་གམ། འདི་ལ་ཞི་གནས་ཞེས་བྱ་བ་ཡིན་ཏེ། སེམས་ཀྱི་ངོ་བོ་ཡིན་ནོ། །ད་ཁྱེད་རང་གི་སེམས་གནས་མཁན་གྱི་ངོ་བོ་ཁོ་རང་ལ་རེ་རེ་ལྟོས་དང་། དངོས་པོ་དབྱིབས་དང་ཁ་དོག་ཅིའི་ངོ་བོར་མ་གྲུབ་པའི། ཅི་ཡང་མེད་པའི་སྟོང་ལྷང་ངེ་བ་ཞིག་འདུག་གམ། འདི་ལ་སྟོང་པ་ཞེས་བྱ་བ་ཡིན། སྟོང་པ་དེ་ཡི་གདངས་མ་འགགས་པ་ས་ལེ་བ་འདྲ་བ། སང་ངེ་བ་འདྲ་བ། འོལ་ལེ་གསལ་བ་ཞིག་འདུག་གམ། འདི་ལ་


CMR054_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གསལ་བ་ཞེས་བྱ་བ་ཡིན་ནོ། །ངོ་བོ་ཅི་ལྟར་ཡང་མ་གྲུབ་པའི་སྟོང་སང་ངེ་བ་དེ་དང་། དེའི་གདངས་མ་འགགས་པ་གསལ་བ། དེ་གཉིས་དབྱེར་མེད་མི་ཕྱེད་པ་ཧྲིག་གེ་འདྲ་བ། ལྷང་ངེ་བ་འདྲ་བའི་རིག་པ་ཡོད་རྒྱུ་ཞིག་ཡོད་ལ། ཁར་དངོས་སུ་སྨྲ་རྒྱུ་མ་རྙེད་པའི་ཤེས་པ་ད་ལྟའི་ཧྲིག་གེ་བ་འདི་ལ་རིག་པ་ཞེས་མིང་དུ་བཏགས་པ་ཡིན། བསམ་པར་བྱེད་པའི་མཁན་པོ་ཡང་འདི་ཁོ་ན་ཡིན་པས། སེམས་ཞེས་མིང་དུ་བཏགས་པ་ཡིན་ནོ། །མི་དྲན་དགུ་དྲན་གྱི་མཁན་པོ་ཡང་འདི་ཡིན་པས། དྲན་པ་ཞེས་མིང་དུ་བཏགས་པ་ཡིན་ནོ། །མཐོང་རྒྱུ་མེད་བཞིན་དུ་གསལ་རྗེན་ནེ་རེ་རེ་ལྷག་གེ་མཐོང་བས། ལྷག་མཐོང་ཞེས་མིང་དུ་བཏགས་པ་ཡིན་ནོ། །བྱེ་བྲག་ཐམས་ཅད་ཤ་མོང་གི་སུལ་བཞིན་དབྱེ་བར་བྱེད་པའི་མཁན་པོ་ཡང་འདི་ཡིན་པས་སོ་སོར་རྟོག་པའི་ཤེས་རབ་མིང་དུ་བཏགས་པ་ཡིན་ནོ། །དེ་ལ་སོགས་པ་བདེ་གཤེགས་སྙིང་པོ་ཐིག་ལེ་ཉག་གཅིག་དབྱིངས་དང་ཡེ་ཤེས། དབུ་མ། དོན་དམ་པའི་བདེན་པ། ཕྱག་རྒྱ་ཆེན་པོ། རྫོགས་པ་ཆེན་པོ། སྟོང་པ་ཉིད་ལ་སོགས་པ་ཐམས་ཅད་འདི་གཅིག་པུའི་མིང་ཡིན་ནོ། །


CMR054_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །ཆོས་སྐུ་མཛུབ་ཚུགས་མ་ལས། ད་ཡུལ་སྣང་བ་ཐམས་ཅད་ཆུ་དང་རླབས་ལྟར་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ལས་དོན་དུ་གང་ཡང་མ་གྲུབ་པར་རྟོགས་པས་ན་སྣང་བ་ཐམས་ཅད་སེམས་སུ་ངོ་འཕྲོད་པ་ཡིན་ནོ། །སེམས་དེའི་ངོ་བོ་འགྲོ་གནས་བྱུང་གསུམ་ལ་དཔྱད་པས་གང་དུའང་མ་གྲུབ་པ་རྨི་ལམ་གྱི་རྟ་གླང་ལྟར་དོན་ལ་མ་གྲུབ་པར་རྟོགས་པས་སེམས་སྟོང་པར་ངོ་འཕྲོད་པ་ཡིན། སྟོང་ཞིང་གསལ་དྭངས་ཀྱི་ངང་ནས་འགགས་མེད་བདེ་ཆེན་དུ་སྣ་ཚོགས་ལྷུན་གྲུབ་ཏུ་འཆར་བ་ཆུ་ནང་གི་ཟླ་བ་ལྟར་རྟོགས་པས་སྟོང་པ་ལྷུན་གྲུབ་ཏུ་ངོ་འཕྲོད་པ་ཡིན།། དེ་ལྟར་ལྷུན་གྱིས་གྲུབ་ཙམ་ནས་གསལ་རིག་སྟོང་པ་ལྷུན་གྲུབ་སྤྲོས་བྲལ་འགྱུར་མེད་བདེ་བ་ཆེན་པོ་ལས་མ་གཡོས་པར་སྦྲུལ་ལ་མདུད་པ་བོར་བ་ལྟར། ། ཤར་གྲོལ་དུས་མཉམ་པར་ངེས་པས་ལྷུན་གྲུབ་རང་གྲོལ་དུ་ངོ་འཕྲོད་པ་ཡིན། ངོ་སྤྲོད་རྒྱུའི་སེམས་དེ་ནི་ཐ་མལ་ཤེས་པ་མི་འགྱུ་དགུ་འགྱུ་མི་རིག་དགུ་རིག་ཏུར་ཏུར་པོ་དེ་ཀ་གསལ་སྟོང་ཟུང་འཇུག་བདེ་བ་ཆེན་པོ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཅེས་བྱ་བ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་དེ་ངོ་ཤེས་ན་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཟེར་བ་ཡིན་པས། དེ་ལ་


CMR054_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་རྒྱུ་ཅི་ཡང་མེད་པར་སྐད་ཅིག་ཀྱང་མ་ཡེངས་པར་རིག་པ་ཧྲིག་གེ་རང་སར་བཞག །ལེགས་སུ་རེ་བ་དང་ཉེས་སུ་དོགས་པའི་རེ་དོགས་གང་ཡང་མི་བྱ་བར་ལྷོད་དེ་ཀློད་ལ་ཐ་མལ་ཤེས་པའི་རང་ངོ་སྐྱོང་བའི་སྐད་ཅིག་དེ་ལ་ཕྱག་རྒྱ་ཆེན་པོ་བདེ་སྟོང་ཟུང་འཇུག་དེ་སྤྲིན་མེད་ཀྱི་ནམ་མཁའ་དག་པའི་དཀྱིལ་ལྟར་མཐོང་བ་ཡིན་ནོ། །ད་ཞི་ལྷག་ཟུང་དུ་འབྲེལ་ཞིང་ཉམས་རྟོགས་ཕུལ་དུ་བྱུང་སྟེ་ཐར་པའི་ལམ་དུ་ཚུད་པ་ཡིན་གོ་བཅད། ཅེས་གསུངས་སོ། །ཇོ་འབྲོམ་ཞུས་ལན་ལས། རྗེ་ཡང་ཡང་བཙལ་ཞིང་མ་རྙེད་ན། །འབྲོམ་རང་ལུགས་ཡང་ཡང་མཐོང་བ་ཡིན། །རྗེ་མ་རྙེད་པ་ལ་བཞག་ལགས་སམ། །འབྲོམ་ལྷོད་དེ་ཀློད་ན་དམ་པ་ཡིན། །ཅེས་དང་། འཇིག་རྟེན་གསུམ་མགོན་གྱི་ཞལ་ནས། རང་གི་རིག་པ་རིག་རིག་ཏུར་ཏུར་པོ་འདི་ལ་བལྟས་པའི་དུས་སུ་གང་ཡང་མ་མཐོང་བ་དེ་ནི་དེ་ཁོ་ན་ཉིད་མཐོང་བའོ། །ཞེས་གསུངས་སོ། །དོན་ལ་སེམས་མི་འཕྲོ་བར་ཀྱི་ལེ་གནས་པ་དེ་ཞི་གནས་ཡིན་དེའི་ངོ་བོ་ལ་བལྟས་པས་སྟོང་པ་ཉིད་དུ་ལྷག་གིས་མཐོང་བ་དེ་གནས་པའི་སྟེང་ནས་ལྷག་མཐོང་ཤར་བ་ཡིན།། སེམས་ཅུང་ཟད་མ་གནས་ན་མི་མཐོང་


CMR054_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བས་སེམས་སྣ་ཚོགས་སུ་འཕྲོ་བ་མཐོང་བ་དེ་ཞི་གནས་ཡིན། དེའི་ངོ་བོ་ལ་བལྟས་པས་སྟོང་པར་མཐོང་བ་དེ་འགྱུ་བའི་སྟེང་ནས་ལྷག་མཐོང་ཤར་བ་ཡིན། སེམས་མི་རྟོག་ཆོས་སྐུའི་ནམ་མཁའ་ལ། །རྣམ་རྟོག་གི་སྤྲིན་ཚོགས་མི་དྭངས་ན། །མཁྱེན་གཉིས་ཀྱི་ཉི་ཟླ་མི་གསལ་བས། །སྒོམ་གཉུག་མ་འདི་ལ་ནན་ཏན་མཛོད། །ངོ་སྤྲོད་ཀྱི་ཆོས་ཐུན་ཚར་རོ།། །།༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་བཞི་པ་ངོ་སྤྲོད་ཀྱི་ཁྲིད།next