Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅོ་ལྔ་པ་ཉམས་ལེན་གྱི་ཁྲིད།
   
   
   
   


 
previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅོ་ལྔ་པ་ཉམས་ལེན་གྱི་ཁྲིད།next

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅོ་ལྔ་པ་ཉམས་ལེན་གྱི་ཁྲིད།


CMR054_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

༼བ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅོ་ལྔ་པ་ཉམས་ལེན་གྱི་ཁྲིད་བཞུགས་སོ།།


CMR054_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། ངོ་སྤྲད་པའི་དོན་དེ་ཉམས་སུ་ལེན་པའི་ཐབས། །མཁའ་འགྲོ་ཀློང་གསལ་འབར་མའི་རྒྱུད་ལས། །རྣམ་རྟོག་གློ་བུར་གང་ཤར་ཡང་། །རིག་རྩལ་ཡིན་པས་དགག་མི་དགོས། །རྟོག་པ་ཤོར་གྱིན་མི་རྟོག་རྒྱས། །སེམས་ལས་་་་་་ཉམས་རྟོགས་བྱུང་གནས་སྣ་ཚོགས་པས་སྟོང་པར་ཧད་དེ་དེར་བྱས་གདའ་གར་བྱ། འདས་པའི་ཆོས་ཀྱི་སྐུ། །ཡིད་ལས་འདས་་་་་་ཡིད་དེ་གསལ་སྟོང་ལམ་ལམ། པའི་ལོངས་སྤྱོད་རྫོགས། །འཛིན་པ་་་འཛིན་པ་འདི་སོར་མེད་པ། བྲལ་བ་སྤྲུལ་པའི་སྐུ། །སྡུག་བསྔལ་ཤར་གྱིན་བདེ་བ་


CMR054_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས། །ཉོན་མོངས་ཆེ་ཞིང་ཡེ་ཤེས་ཧྲག །ཤིང་ཕུང་ཆེ་ཞིང་མེ་ཆེན་འབར། །གཟུང་འཛིན་ཆེ་ཞིང་གྲོལ་ཆ་ཆེ། །འཁྱག་པ་ཆེ་ཞིང་ཆུ་ཆེན་སྐྱེས། །སྤྲིན་ཚོགས་འཐིབ་ཅིང་ཆར་ཆེན་འབེབས། །སྦྲུལ་མདུད་གློ་བུར་ཀློད་ལ་ཞོག །མི་རོ་བཞིན་དུ་སྐྱུར་ལ་ཞོག །དྲི་ངན་བཞིན་དུ་བོར་ལ་ཞོག །བགག་ན་སླར་ཡང་འཕྲོ་བའི་རྒྱུ། །བདས་ན་སླར་ཡང་ལྡོག་པའི་རྒྱུ། །བསྡམ་ན་སླར་ཡང་འཕར་བའི་རྒྱུ། །བརྟུལ་ན་སླར་ཡང་གྱོང་བའི་རྒྱུ། །བསྲེགས་ན་སླར་ཡང་འཁྱག་པའི་རྒྱུ། །དགག་སྒྲུབ་ཕྲོལ་ལ་ཕྱལ་ལེ་ཞོག །སེམས་རིག་པ་བསྲེས་ནས་ཡིན་ལུགས་


CMR054_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲེགས་ཆོད་པའི་ལེའུ་ནས། སེམས་རིག་དབྱེར་མེད་བདེ་བ་ཆེ། །སེམས་འཁོར་བ་འདུག་གོ་སྙམ་པ་ཡི། །དོགས་པ་ཐམས་ཅད་རང་སར་གཞིག །དབྱེར་མེད་བདེ་ཆེན་སྐུ་གསུམ་ངང་། །ཀུན་ཏུ་བཟང་མོ་དེར་ཞལ་མཇལ། །རྣམ་རྟོག་རང་གི་བླ་མར་རྟོག །བླ་མ་རང་རིག་དབྱེར་མེད་འཕྲོས། །རྣམ་རྟོག་ཉིད་ཀྱི་དབང་བསྐུར་ཞུས། །རིག་པ་རང་གསལ་རང་ཚུགས་ཐུབ། །སྣ་ཚོགས་ཉིད་ཀྱི་དམ་ཚིག་བསྲུང་། །སྲུང་མཚམས་བྲལ་བ་རང་ཐག་ཆོད། །རྣམ་རྟོག་ཉིད་ཀྱི་ལུས་ལ་བརྟག །དེ་བཞིན་གཤེགས་སྐུ་རང་ངོ་འཕྲོད། །རྣམ་རྟོག་ཉིད་ཀྱི་ངག་ལ་བརྟག །གྲག་སྟོང་གསུང་དུ་རང་ངོ་འཕྲོད། །རྣམ་རྟོག་ཉིད་ཀྱི་ཡེ་ཤེས་བརྟག །རིག་སྟོང་རྗེན་པར་རང་ངོ་འཕྲོད། །ཡོངས་ལ་གསལ་བོ་ཁྱབ་བརྡལ་ལོ། །ཡེ་གྲོལ་བྱར་མེད་སོ་མའོ། །ཤུགས་གྲོལ་རང་དང་སོ་མའོ། །འབད་མེད་ལྕོག་བཞག་བྱར་མེད་དོ། །རིག་པ་རིག་པ་ཞེས་པ་ནི། །རིག་ཅིང་གསལ་བས་རིག་པ་ཡིན། །རྣམ་རྟོག་སྔ་མ་རང་སར་གྲོལ། །ཕྱི་མའི་དེར་འཛིན་མ་ཤར་བའི། །བར་དེར་གཉེན་པོའི་བཅོས་སླད་བྲལ། །དྲི་བྲལ་སེང་དང་ཕྱེད་པ་འདི། །རིག་པ་ཡིན་


CMR054_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

པར་ངོས་ཟུངས་ཤིག །ངོ་བོ་སྟོང་ལ་རང་བཞིན་གསལ། །ཐུགས་རྗེ་ཀུན་ལ་སྣང་ནུས་པ། །དེ་ནི་རིག་པའི་གནས་ལུགས་ཡིན། །ཚོགས་དྲུག་སྟེང་དུ་རྩལ་ཡང་སྦྱངས། །གཟུགས་ཀྱི་སྟེང་དུ་རིག་རྩལ་སྤྲོ། །གསལ་སྟོང་ཆེན་པོ་ཉམས་སུ་ལོངས། །ཞེས་གསུངས་སོ། །བརྟག་གཉིས་ལས། གང་ཕྱིར་ཡིད་ཀྱིས་མི་སྒོམ་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཐམས་ཅད་ཆོས་ནི་ཡོངས་ཤེས་ནས། །སྒོམ་པ་ཉིད་ནི་བསྒོམ་པ་མིན། །ཅེས་དང་། གསང་འདུས་ལས། དངོས་པོ་མེད་ལ་སྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་གསུངས། བྲམ་ཟེ་ཆེན་པོས། འཇུར་བུར་བཅིངས་པའི་སེམས་ཉིད་འདི། །ཀློད་ན་གྲོལ་བར་ཐེ་ཚོམ་མེད། །དངོས་པོ་གང་གིས་རྨོངས་པ་བཅིངས། །མཁས་རྣམས་དེ་ཡིས་ཡོངས་སུ་གྲོལ། །ཞེས་དང་། ཇི་ལྟར་ནགས་ལ་མཆེད་པའི་མེ་ལྕེ་བཞིན། །གདོང་དུ་བབ་པ་འདི་ལྟར་སྣང་བ་ཀུན། །སེམས་ཀྱི་རྩ་བ་སྟོང་པ་ཉིད་དང་ལྷན་ཅིག་བྱོས། །ཞེས་དང་། བརྟག་གཉིས་ལས། གང་དང་གང་


CMR054_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འཇིག་རྟེན་འཆིང་གྱུར་པ། །དེ་དང་དེ་ཡིས་འཆིང་བ་ལས་གྲོལ་ཏེ། །དེ་ཉིད་མི་ཤེས་འཇིག་རྟེན་མི་གྲོལ་ཞིང་། །དེ་ཉིད་རྣམ་སྤང་དངོས་གྲུབ་རྙེད་མི་འགྱུར། །ཞེས་དང་། ཆགས་པས་འཇིག་རྟེན་འཆིང་འགྱུར་བ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །ཟློག་པའི་བསྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་དང་། སྤྱན་རས་གཟིགས་ཀྱིས་མི་ཏྲ་ཛཱ་ཀི་ལ་གདམས་པ་ལས། གང་སྐྱེས་གཉུག་མ་ཉིད་ཡིན་ཕྱིར། །གང་ཤར་དྲན་པས་མ་བརྗེད་ན། །དེ་ཤར་སྟོང་པ་ཉིད་བདག་ཏུ། །རྣལ་འབྱོར་རྒྱལ་པོ་གདོན་མི་ཟ། །གང་ཤར་ཐམས་ཅད་དེ་ཡིན་ཏེ། །དེ་ནི་གང་དུ་ཡང་མ་ཤར་བའོ། །དེ་ཕྱིར་གང་སྐྱེས་དེ་མ་སྐྱེས། །མ་སྐྱེས་པ་ཉིད་སྐྱེ་བའི་ཚུལ། །ཞེས་དང་། བྲམ་ཟེ་ཆེན་པོས། གང་ཞིག་སེམས་ལས་རྣམ་འཕྲོས་པ། །དེ་སྙེད་མགོན་པོའི་རང་བཞིན་ཏེ། །ཆུ་དང་རླབས་གཉིས་གཞན་ཡིན་ནམ། །སྲིད་དང་མཉམ་ཉིད་ནམ་མཁའི་རང་བཞིན་ནོ། །ཞེས་དང་། མངའ་བདག་མེ་ཏྲི་པས། མ་སྐྱེས་པ་ལ་རྣམ་རྟོག་གློ་བུར་བ། །རྣམ་རྟོག་དེ་ཡང་ཆོས་ཀྱི་དབྱིངས་ཉིད་དེ། །དེ་གཉིས་


CMR054_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་མེད་པར་གང་གིས་ཤེས། །དེ་ཉིད་ཟུང་དུ་འཇུག་པར་ངས་སྨྲའོ། །ཞེས་གསུངས་སོ། །ཊཱཀྐི་མ་ནོར་བུའི་འོད་ཅན་གྱི་ཞལ་ནས། །གང་འདིར་མ་རྟོགས་པ་ཡི་དུས། །ཤེས་པ་འཕྲོ་ཚད་རྣམ་རྟོག་སྟེ། །རྟོགས་པའི་དུས་ན་རྣམ་རྟོག་ཉིད། །སྤྲོས་བྲལ་ལས་ནི་མ་འདས་སོ། །འདི་ནི་མ་ཧཱ་མུ་ཏྲའི་མཚང་། །འཁྱག་པའི་ངོ་བོ་ཆུ་ཡིན་བཞིན། །རྟོགས་དང་མི་རྟོགས་གཉིས་མེད་པར། །མཁས་པས་ཁོང་དུ་ཆུད་པར་བྱ། །ཞེས་དང་། ལྷན་ཅིག་སྐྱེས་པ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། ལྷན་ཅིག་སྐྱེས་པ་སྤྲོས་བྲལ་ཕྱིར། །བསྒོམ་པར་བྱ་བ་མ་ཡིན་ཏེ། །རང་བཞིན་དམིགས་པ་མེད་པའི་རྒྱུན། །རྒྱུན་ཆད་མེད་པར་མི་བྱའོ། །ཞེས་དང་། ཡུམ་ལས། ཡིད་ལ་མི་བྱེད་པ་ནི་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ནོ། །ཞེས་དང་། བྲམ་ཟེ་ཆེན་པོས། སྤྲོས་དང་བྲལ་བའི་རང་གི་སེམས་མཐོང་ནས། །སྤྲོས་པ་ཆད་མེད་བྱེད་པའི་རྣལ་འབྱོར་ནི། །ནོར་བུ་རྙེད་ནས་འཆིང་བུ་ཚོལ་བ་བཞིན། །ཞེས་དང་། བསྒོམ་དུ་མེད་པའི་ཡིད་ལ་མི་བྱ་སྟེ། །ཐ་མལ་ཤེས་པ་རང་ལུགས་གཉུག་མ་ལ། །བཅོས་པའི་དམིགས་པ་


CMR054_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་མི་བསླད་དེ། །རང་བཞིན་དག་པའི་སེམས་ལ་བཅོས་མི་དགོས། །ཞེས་གསུངས་ཤིང་། ཤ་ཝ་རིས་ཀྱང་དེ་ལྟར་གསུངས། བིརླ་པས། ཡོད་མེད་ཅི་ལ་མི་རྟོག་མ་ཡེངས་ངང་ལ་ཞོག །སྟོང་པ་ཉིད་ཀྱང་སྐྱེ་མེད་བློ་ལས་འདས་པ་དང་། །མཐའ་བྲལ་ལ་སོགས་གང་ཡང་ཡིད་ལ་བྱེད་པ་ནི། །གནས་ལུགས་དོན་ལ་མི་གནས་ཤིན་ཏུ་ཡེངས་བའོ། །ཞེས་དང་། ཏེ་ལོ་པས། བློ་ཡི་ཆོས་ཀྱིས་བློ་འདས་དོན་མི་མཐོང་། །བྱས་པའི་ཆོས་ཀྱིས་བྱར་མེད་དོན་མི་རྟོགས། །ཞེས་དང་། ཤ་ཝ་རི་པས། ཡིད་ལ་བྱར་མེད་ཕྱག་རྒྱ་ཆེན་པོ་ལ། །བསྒོམ་རྒྱུ་རྡུལ་ཙམ་མེད་པས་མི་བསྒོམ་སྟེ། །སྒོམ་མེད་དོན་དང་འབྲེལ་མེད་སྒོམ་པའི་མཆོག །ཅེས་དང་། ཚིག་བསྡུས་ལས། རང་བཞིན་མ་བཅོས་རྣལ་མར་བཞག །བསམ་དུ་མེད་པ་ཆོས་ཀྱི་སྐུ། །མ་བཙལ་བཞག་ན་སྒོམ་པ་སྟེ། །བཙལ་ཞིང་སྒོམ་པ་འཁྲུལ་པའི་བློ། །ཞེས་དང་། ནག་པོ་པས། གང་ཞིག་བློ་ཡིས་རྟོགས་གྱུར་པ། ། །རྟོགས་པ་མ་ཡིན་རྟོག་པ་སྟེ། །དེ་ནི་སྔར་བཞིན་ནད་ཁམས་ལྡང་། །རྟོག་པའི་དོན་ལ་བསྒོམ་པ་དེ། །རྣམ་པར་རྟོག་པའི་ཉིད་འཁྲུལ་ཏེ། །ཡུལ་དང་


CMR054_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་པོ་ཉིད་མ་གྲུབ། །མི་རྟག་རྫུན་པས་བདེན་པ་མེད། །དེ་བས་དེ་ཉིད་འཁྲུལ་པའི་ལམ། །ཞེས་དང་། ཡེ་ཤེས་སྙིང་པོས་ཧ་ཅང་དཔྱད་ཆེས་ནའང་ལྷག་མཐོང་གི་སྐྱོན་དུ་འགྱུར། ཞེས་དང་། ཀ་མ་ལ་ཤི་ལས། ཆོས་ཐམས་ཅད་དོན་དམ་པར་རང་བཞིན་མེད་པར་བསམ་མོ། །རང་བཞིན་གང་ཡང་མེད་དོ་སྙམ་པ་གང་ཡང་། །ཡང་དག་པའི་ཤེས་རབ་ཀྱིས་སྤང་སྟེ། ཡོད་མེད་ལས་འདས་པའི་ཡུལ་དེ་ལྟ་བུ་ལ། ཤེས་པ་ཡང་ཡོད་མེད་ལས་འདས་པ་དེ་ལྟ་བུའི་དམིགས་པ་མེད་པར་བསྒོམ་པར་བྱའོ། །ཞེས་དང་། ནོར་བུ་གླིང་པ་བདེ་བའི་རྡོ་རྗེས། གཅིག་དང་དུ་བྲལ་གཏན་ཚིག་རྣམས། །འོད་གསལ་ཤེས་ན་དགོས་པ་མེད། །བདེ་ཆེན་དེར་སྣང་མངོན་སུམ་ལ། །ལུང་དང་རྗེས་དཔག་བཙལ་མི་དགོས། །མྱོང་བ་དངོས་པོའི་གཤིས་ཡིན་པས། །ཆད་པར་ལྟ་བའི་དོགས་པ་མེད།། །གང་ལ་དེ་འོ་མི་སེམས་པས། །སྒྲོ་འདོགས་ཆོད་པས་དོགས་པ་མེད། །ཅེས་དང་། ནམ་མཁའི་རྡོ་རྗེ་ལས། བདག་མེད་གཉིས་སུ་བསྒོམ་པ་ན། །འོད་གསལ་ཤིས་ན་དོགས་པ་མེད། །གླང་པོ་མངོན་སུམ་རྙེད་བཞིན་དུ། །གླང་པོའི་


CMR054_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ནི་ཚོལ་ལམ་ཅི། །ཞེས་དང་། བེ་རོ་ཙ་ནས་བསྒྱུར་བའི་དྷོ་ཧའི་འགྲེལ་པ་ལས། ཡང་དག་པར་ལྟ་བའི་བློ་ལས་ལོག་ནས། དྲན་རིག་རྣམ་རྟོག་གི་ལྟ་བ་ལ་སངས་རྒྱས་ཀྱི་དགོངས་པར་འདོད་དེ། སྣང་སྟོང་གཉིས་ཀ་གློ་བུར་བ་ཡིན་པས་བཅོས་མའོ། །ཞེས་གསུངས་སོ། །ཏེ་ལོ་པའི་ཞལ་ནས། མི་མནོ་མི་སེམས་མི་སྒོམ་མི་དཔྱད། སེམས་ནི་རང་བཞིན་དུ་གནས། ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། དེ་ཡང་གང་དུ་ངོ་འཕྲོད་ཅིང་རང་ངོ་ཤེས་ཙམ་གྱིས་མི་ཆོག་སྟེ། དཔེར་ན་རྟ་རྒོད་ལོ་མང་པོར་ཡན་པར་བཞག་པས་བདག་པོས་ངོ་མ་ཤེས་པ་དེ་རྫི་བོས་ངོ་སྤྲོད་ནས་ཤེས་པ་ཙམ་གྱིས་མི་ཆོག་སྟེ། རྟ་རྒོད་ཐབས་ཀྱིས་བཏུལ་ཞིང་ཁོལ་དུ་བཏུབ་པ་ཞིག་དགོས་པ་ལྟར། སེམས་རྨུ་རྒོད་འདི་ཡང་ངོ་སྤྲད་པ་ཙམ་གྱིས་མི་ཆོག་སྟེ། ཀྱེ་མ་བདག་ལ་བསམ་གཏན་བར་དོ་འཆར་དུས་དེར། །རྣམ་གཡེང་འཁྲུལ་པའི་ཚོགས་རྣམས་སྤངས་བྱས་ནས། །ཡེངས་མེད་འཛིན་མེད་མཐོའ་བྲལ་ངང་ལ་འཇུག །ཅེས་གསུངས་པས། ལས་དང་པོ་པས་ཡེངས་མེད་ཀྱི་དྲན་པས་བསྐྱང་ཞིང་བསྒོམ་དགོས་ཏེ། རྟ་རྒོད་པོ་མ་དུལ་བའི་དུས་སུ་ཡེངས་མེད་བརྩོན་


CMR054_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས་ཀྱིས་འདུལ་དགོས་ཤིང་། ཡེངས་ནི་རྟ་རྒོད་ཤོར་ཞིང་བརྡབས་ནས་ཕུང་བ་ལྟར། འདིར་ཡང་ལས་དང་པོ་པ་ཡེངས་ན་རྟོག་པ་རང་ཁར་འཆོར་ནས་ངན་སོང་དུ་ལྟུང་ཞིང་ཕུང་བར་འགྱུར་བས། ཡེངས་པ་མེད་པའི་དྲན་པས་སྒོམ་འཚོ་བར་བྱའོ། །ཞེས་དང་། དམིགས་པ་དང་བསྒོམ་རྒྱུ་ཅི་ཡང་མེད་པར་མ་ཡེངས་ཙམ་དུ་ཧྲིག་གེ །ས་ལེ། ཡེ་རེ། ཕྱམ་མེ་བཞག །དང་པོ་ཐུན་ཆུང་བ་ལ་བསླབ། གོམས་ནས་ཇེ་རིང་ཇེ་རིང་ལ་བསླབ་ཅིང་། འཕྲོ་འཇོག་པའི་ཚེ། ཧར་ལང་དུ་མི་བྱ་བར་སྒོམས་ཉམས་དེ་མ་ཤོར་བར་དལ་བུས་ལང་ལ་རིག་པ་ངང་མ་ཤོར་བར་མ་ཡེངས་འཛིན་མེད་ཀྱི་ངང་ལ་འགྲོ། བཟའ་བཏུང་སྨྲ་བརྗོད་སོགས་བྱ་བ་གང་བྱེད་ཀྱང་ཡེངས་མེད་ཀྱི་དྲན་པའི་སོ་མ་ཤོར་བར་བསྐྱང་། མཉམ་བཞག་ལ་བྱུང་ནས་རྗེས་ཐོབ་ལ་མ་བྱུང་ན། ཆོས་སྤྱོད་འགྲོ་འཆགས་ཉལ་འདུག་སྤྱོད་ལམ་གང་བྱེད་པ་དང་བསྲེས་པས། ཅི་བྱེད་སྒོམ་དུ་འཆར་རོ། །ཞེས་དང་། ཐུགས་རྗེ་ཆེན་པོ་གསང་འདུས་རྒྱུད་ལས་ཀྱང་། སྒྲིམ་ཀློད་སོར་བཞག་ཆ་ཡང་མཉམ། །སྤྲོས་བྲལ་སྟོང་པའི་ངང་བསྒོམ་བྱ། །ཞེས་པས། དང་པོ་དྲེད་ཐག་ཆུར་


CMR054_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་པ་ལྟར། ལུས་གནད་དང་རིག་པ་ཀྲིམ་མེ་བསྒྲིམ། དེའི་ངང་ལ་ལྷོད་ཀྱིས་ཀློད། དེ་ཀའི་རྗེས་དེ་སོ་མ་ཙན་ནེ། ཧྲིག་གེ་སེང་ངེ་ཐལ་ལེ་བཞག་པས་བསྒྲིམས་པ་དེས་གསལ་ཆ་སྟོན། ཀློད་པ་དེས་ཧྲིག་གེ་དང་བདེ་ཆ་སྟོན། དེ་སོ་མར་བཞག་པའི་སྟོང་པ་དང་། གཏད་མེད་གཉུག་མ་སྟོན་པས། དེ་རྣམས་ཐུན་དང་ལྟ་སྟངས་གཅིག་གི་ངང་དུ་འཇོག་པ་དེ་ལ་སངས་རྒྱས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པའི་སྒོམ་ཟེར་རོ། །དེ་ལ་ཡུན་དུ་བསྒོམ། དེ་ཡང་རྣམ་རྟོག་འགྱུ་ན་བསྒྲིམ། གསལ་ཆ་ཆུང་ན་ཀློད། སྐྱོན་མེད་ལ་སོར་བཞག་གཙོ་བོར་བྱའོ། །དེ་ཚེ་རིག་ཐོག་ན་ངོ་བོ་སྟོང་སེང་ངེ་བ། རང་བཞིན་གསལ་རྗེན་ནེ་བ། རྩལ་གཏད་མེད་དུ་ཐལ་ལེ་བ། གསལ་རིག་སྟོང་གསུམ་ངང་གཅིག་ན། གནས་པ་དེ་ལ་སྐྱོན་མེད་ཀྱི་ཕྱག་རྒྱ་ཆེན་པོ་ཡིན་པས་རྒྱུད་ནས་སྤྲོས་བྲལ་སྟོང་པའི་ངང་བསྒོམ་བྱ། ཞེས་པ་ཡིན་ནོ། ཞེས་དང་། སྲོང་བཙན་སྒམ་པོས། ཐུགས་རྗེ་ཆེན་པོའི་ཆོས་འདི་ཕྱག་རྒྱ་ཆེན་པོ་དང་བསྟུན་པ་ལས། བསྒོམ་པ་ལ་ཡང་དཔེ་དོན་ཕྲུག་གཉིས་ཀྱིས་གཏན་ལ་དབབ་སྟེ། དང་པོ་འོད་གསལ་རྟོག་མེད་མར་མེ་རླུང་གིས་མ་བསྐྱོད་


CMR054_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུ་ནི། དཔེར་ན་མར་མེ་རླུང་གིས་མ་བསྐྱོད་པ་དེ་རྩ་བ་འབར། སྐེད་པ་གསལ། རྩེ་མོ་རྣོ་བ་ལྟར་སེམས་མ་བཅོས་པ་ལ་བཞག་པས་སོ་མ་རང་དྭངས་ལྷུག་པར་འདུག་པ་ན། གཉིས་པ་དྲན་རྟོག་སྟོང་པར་ཤེས་པ་རྐུན་མ་ངོས་ཟིན་པ་ལྟ་བུ་ནི། དཔེར་ན་རྐུན་མ་ངོ་ཤེས་པས་རྐུ་མི་ནུས་པ་ལྟར། བྱིང་རྒོད་ཀྱི་ཉམས་རྟོག་ཅི་བྱུང་ཡང་ངོ་བོ་དེ་སྟོང་པར་ཤེས་པའི་དྲན་པ་ཙམ་གྱིས་ཕྱག་རྒྱ་ཆེན་པོར་གནས་སོ། །སྤྱོད་པ་ལ་དཔེ་དོན་ཕྲུག་གཉིས་ཀྱིས་གཏན་ལ་དབབ་སྟེ། གཉིས་མེད་ཐུག་འཕྲད་མ་བུ་ངོ་འཕྲོད་པ་ལྟ་བུ་ནི། དཔེར་ན་མ་དང་བུ་ངོ་ཤེས་ནས་ཡིན་མིན་གྱི་ཐེ་ཚོམ་མེད་པ་ལྟར། སྣང་བ་ལ་གང་ཤར། ཡིད་ལ་ཅི་དྲན་ཡང་དེ་ཉིད་ཕྱག་རྒྱ་ཆེན་པོར་ངོ་ཤེས་པའོ། །དེ་བཞིན་དུ་སྲོང་བཙན་སྒམ་པོས་ཐུགས་རྗེ་ཆེན་པོའི་ཆོས་འདི་རྫོགས་པ་ཆེན་པོ་དང་སྒོ་བསྟུན་ནས་གསུངས་པ་ལས། ཆོས་ཉིད་ཐུག་འཕྲད་ཀྱི་དགོངས་པ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུ་ནི། །ཆོས་ཉིད་ཅེས་བྱ་བ་གཞན་ན་མེད། རང་གི་སེམས་ཉིད་ངོས་བཟུང་མེད་པར་གནས་པ་འདི། དཔེར་ན་སྔར་འདྲིས་ཀྱི་མི་དང་ཕྱིས་འཕྲད་ན་དེར་འདུག་སྙམ་དུ་ཝལ་གྱིས་ངོ་ཤེས་པ་


CMR054_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། རང་གི་སེམས་ཉིད་འདི་བླ་མས་བསྟན་པ་ཙམ་གྱིས་ཆོས་ཉིད་དུ་ངོ་ཤེས་པའོ། །རྣམ་རྟོག་ཡེ་ཤེས་སུ་འཆར་བའི་དགོངས་པ་ནགས་ལ་མེ་མཆེད་པ་ལྟ་བུ་ནི། ད་ལྟར་གྱི་རྣམ་པར་རྟོག་པ་བར་མཚམས་མེད་པ་འདི་ལ་ངོས་བཟུང་མེད་དེ། དཔེར་ན་ནགས་འཐུག་པོར་གཅིག་ལ་མེ་འབར་ན་རྩི་ཤིང་ཐམས་ཅད་མེ་ཡི་གྲོགས་བྱེད་པ་ལྟར། དུས་གསུམ་གྱི་རྣམ་རྟོག་ཕྲ་རགས་ཐམས་ཅད་དང་པོ་བྱུང་ས་མེད་དེ་སྟོང་། བར་དུ་གནས་ས་མེད་དེ་སྟོང་། ཐ་མར་འགྲོ་ས་མེད་དེ་སྟོང་པས། སྟོང་པའི་ཡེ་ཤེས་ཁོ་ནར་འཆར་བ་ཡིན་ཏེ། མཚན་མ་རང་གྲོལ་གྱི་དགོངས་པ་ཆུ་ལ་ཆུ་ཐིམ་པ་ལྟ་བུ་ནི། དངོས་པོ་མཚན་མར་སྣང་བའི་ཆོས་ཐམས་ཅད་ཆོས་ཉིད་ལས་མ་འདས་པ་སྟེ། དཔེར་ན་ཆུ་བུར་ཆུ་ལས་བྱུང་ནས་ཆུ་ཉིད་དུ་ཐིམ་པ་ལྟར། ཆོས་ཐམས་ཅད་ཆོས་ཉིད་ལས་བྱུང་ནས། ཆོས་ཐམས་ཅད་རང་སར་གྲོལ་བའོ། །ཞེས་གསུངས་སོ། ཌོམྦྷི་ཧེ་རུ་ཀའི་དགོངས་པ། དྭགས་པོ་རིན་པོ་ཆེས་གསུངས་པ་ནི། ཆུ་མ་རྙོགས་ན་དྭངས་བ་བཞིན་དུ་ཚུལ་མ་བཅོས་པར་བཞག་གོ །ཉི་མ་སྤྲིན་གྱིས་མ་བསྒྲིབས་པ་བཞིན་དུ། ཚོགས་དྲུག་མི་འགགས་པ་ལྟར་རང་ལུགས་སུ་


CMR054_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་གོ །དུས་དང་སྤྱོད་ལམ་ཐམས་ཅད་དུ་མ་ཡེངས་པར་བཞག་གོ །ཞེས་དང་། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་ཞལ་ནས། སེམས་མེད་སེམས་ཀྱི་སེམས་ལ་ལྟོས། །མཐོང་རྒྱུ་བྱུང་ན་སེམས་ཉིད་མིན། །མཐོང་མེད་མཐོང་བ་སེམས་ཉིད་མཐོང་། །མཐོང་མེད་སེམས་ལ་མ་ཡེངས་ཞོག །ཅེས་དང་། རྗེ་བཙུན་ས་སྐྱ་པཎ་ཆེན་གྱིས། རང་བྱུང་ཡེ་ཤེས་སྐྱེས་པ་ན། །རྟོག་པ་ཀུན་ཀྱང་ཡེ་ཤེས་ཀྱི། །ངོ་བོ་ཉིད་དུ་གྱུར་པ་སྟེ། །བསྒོམས་དང་མ་བསྒོམས་ཁྱད་པར་མེད། །རྣམ་རྟོག་ཆོས་ཀྱི་དབྱིངས་སུ་ཐིམ། །ཞེས་གསུངས་སོ། །སྐྱེ་མེད་ཞང་གི་ཞལ་ནས། ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ། །འདི་བྱའི་གཏད་སོ་མི་གདའོ། །སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི། །གོ་རིམ་མེད་ཅིང་གྲངས་ངེས་མེད། །དུས་ཚོད་ཚེས་གྲངས་བརྩི་མི་དགོས། །ནམ་དྲན་འགྲོགས་ལ་ཀློད་ལ་ཞོག །དང་པོ་བར་དང་ཐ་མ་མེད། །རང་སེམས་སྐྱེ་མེད་རྒྱུན་མི་འཆད། །ཆུ་རླབས་རྙོག་མ་ལང་ལོང་འདི། །མ་རྟོག་རང་གར་བཞག་པས་དྭངས། །རང་སེམས་རྟོག་པའི་སྒྲིབ་གཡོགས་འདི། །མ་བཅོས་རང་སར་བཞག་ན་དྭངས། །


CMR054_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་བཅོས་མ་བྱེད་ཀློད་ལ་ཞོག །ཤེས་པ་མ་དགུག་ཡན་པར་ཐོངས། །ཞེ་འདོད་མ་བྱེད་ཕྱལ་བར་ཐོངས། །དམིགས་གཏད་མ་བཅད་ཕྱལ་བར་ཐོངས། །བྱ་བྱེད་མ་མང་ཙན་ནེ་ཞོག །སེམས་ཀྱི་བཞག་པ་མ་ཚོལ་བར། །རྟེན་མེད་བར་སྣང་ལྟ་བུར་ཞོག །འདས་དང་མ་འོངས་ད་ལྟ་ལ། །མི་བསམ་ཤེས་པ་སོ་མར་ཞོག །རྣམ་རྟོག་འཕྲོ་རུང་མི་འཕྲོ་རུང་། །ཆེད་དུ་མ་བསྒོམ་ལྷུག་པར་ཞོག །མདོར་ན་ཅི་ཡང་མ་བསྒོམ་པར། །ཤེས་པ་ཅི་དགར་ཐོངས་ལ་ཞོག །གང་ལ་ཡང་ཉམས་དང་བྱ་མི་དགོས། །ཆོས་སྐུའི་ངང་ལས་གཡོ་རེ་ཤི། །གསུངས་སོ། །དཔལ་རྒོད་ཚང་པའི་ཞལ་ནས། གཉུག་མ་བསམ་བརྗོད་བྲལ་བའི་ངང་ལ་ཤེས་པ་འབོལ་ལེ་ཤིག་གེ་ཞོག་གསུངས། ཞོག་བྱ་བ་འདི་རང་ཡང་ཚིག་ཡིན། བཟུང་ལ་བཞག་རྒྱུའམ། བཏེག་ནས་བཞག་རྒྱུའམ། བཅོས་ལ་བཞག་རྒྱུའང་མེད་དེ། ཡིན་ལུགས་ཀྱི་སྟེང་དུ་ཡིན་བཞིན་འཇོག་པ་ལས་བློས་བྱས་ལ་བསྒོམ་རྒྱུ་མེད། ལྷ་མི་གསལ་བའི་བསྒོམ་རྒྱུ་མེད། སྙིང་པོ་མི་ལྕོགས་པ་ལ་འདོན་རྒྱུ་མེད། ཐབས་ལམ་མི་གཅུན་པ་ལ་གཅུན་རྒྱུ་མེད། སེམས་ཁོ་རང་རང་བབས་སུ་འཇོག །བཟོ་


CMR054_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གཉེར་ཁ་མེད་པར་འཇོག་པའོ། །མ་བཅོས་པར་ཞོག་ཅིག་བྱས་ཀྱང་། བཅོས་ཤིང་བདེ་བདེ་གཅིག་འདོད་གནས་གནས་པོ། དྭངས་དངས་པོ། །གསལ་གསལ་པོ། མེད་མེད་པོ། །སྟོང་སྟོང་པོ་ཞིག་འདོད། དེ་བཞིན་མི་བྱ་དེའི་འཇོག་ལུགས་སོ་མ་ལྷུག་པ་རང་དྭངས་གསུམ་དུ་བཞག །དེ་ཡང་སོ་མ་ཤོར་བས་སོ་མ་འབད་རྩོལ་མེད་པས་ལྷུག་པ། གཉེན་པོ་མེད་པས་རང་དྭངས་སུ་ཞོག །ཅེས་གསུངས་སོ། ཡང་དགོན་པའི་ཞལ་ནས། རྣམ་རྟོག་ཏོལ་གྱིས་སྐྱེས་པའི་ངོ་བོ་གཤིས་ཅི་ཡང་མ་ཡིན་པ་གདང་ཅི་ཡང་མ་འགགས་པ། ངོ་བོ་ཅིར་ཡང་མི་རྟོག་པར་གསལ་སྟོང་རྗེན་ལྷག་གིས་འཆར་ཏེ། དེ་བཞིན་དུ་རྣམ་རྟོག་གཅིག་སྐྱེས་ངོ་བོ་ལ་ལྟ། གཉིས་སྐྱེས་ངོ་བོར་བལྟས་པས། རྣམ་རྟོག་གང་སྐྱེས་ཐམས་ཅད་ཟླ་མེད་དུ་རྒྱང་རྒྱང་། དུམ་བུར་སྤྱད་སྦྱད། ཟང་ཐལ་དུ་ཐ་ལ་ལ། ཡུལ་མེད་དུ་རྗེན་ནེ། འཛིན་མེད་དུ་ཁྲོ་ལོ་ལོ་འགྲོ་སྟེ། སངས་རྒྱས་པ་ལ་འདི་ཐག་ཉེ། འཁོར་བ་འདི་རང་གཟན། འཁོར་བ་ཟིལ་གྱིས་གནོན་པ་ཡིན། འཁོར་བ་བཀྲག་མེད་དུ་བྱེད་པ་ཡིན། འཁོར་བ་ཧྲུལ་པོར་བྱེད་པ་ཡིན།


CMR054_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལམ་ཐབས་ཤེས། སྣང་སྟོང་རིམ་སྐྱེས་པ་ལ་སོགས་པ་ཐུན་མོང་དང་ཁྱད་པར་རམ། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡང་ཤེས་པ་སྐད་ཅིག་མའི་ཐོག་ཏུ་ལྷག་ཆད་མེད་པར་ཚང་ཞིང་ཕུན་སུམ་ཚོགས་པ་ལ། གཤིས་རང་གདོད་ནས་དེ་ལྟར་གནས་པས་རང་བྱུང་། དེ་ཟག་པ་མེད་པའི་ལམ་ཐམས་ཅད་ཀྱི་སྙིང་པོ་རང་གྲོལ་ལ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། གཞི་འཁོར་འདས་ལ་མི་གནས་པའི་གནས་ལུགས། ལམ་འཁོར་འདས་ལ་མི་གནས་པའི་ཟུང་འཇུག །འབྲས་བུ་འཁོར་འདས་ལ་མི་གནས་པ་མྱ་ངན་ལས་འདས་པ་སྟེ། ཤེས་པ་སྐད་ཅིག་མའི་ཐོག་ཏུ་སུས་ཀྱང་བཟོ་མ་བྱས་པར་གནས་ལུགས་ཀྱི་རང་གྲོལ། ལམ་ཚང་ལ་མ་ནོར་བར་ཁྲང་ངེ་བ་དེ་ལ་རང་བྱུང་སྙིང་པོ་རང་གྲོལ་ཞེས་བྱའོ། །ཐ་མལ་གྱི་ཤེས་རྒྱུད་འདི་ཉིད་ཡུལ་མེད་ཀྱི་ཆོས་སྐུ་རྗེན་པར་ངོ་ཤེས་ནས། དེ་སུས་ཀྱང་བཟོ་མ་བྱས་པར་རང་བྱུང་། གདོད་མ་ནས་དག་པའི་གཉུག་མ། གཤིས་རང་དེ་བཞིན་དུ་འདུག་པས་རང་བབ་སྟེ། བསྒོམ་རང་བྱུང་གཉུག་མའི་རང་བབས་སོ། །དེ་ལྟ་བུ་དེ་སྐྱོང་བར་བྱེད་པ་ལ་མ་ཡེངས་པའི་ངང་ལས་མི་བསྒོམ་པར་བཞག་པ་གལ་ཆེ། ཡེངས་ན་སོ་སོ་སྐྱེ་


CMR054_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བོར་འདུག་པ། བསྒོམ་ན་གང་བསྒོམས་ཀྱང་གོལ་ས་ལས་མི་འདུག་པས་བསྒོམ་རྒྱུ་མེད་པའི་ངང་ནས་མ་ཡེངས་ཤིག །ཅེས་གསུངས་སོ། །གྲུབ་ཆེན་ཨོ་རྒྱན་པའི་ཞལ་ནས། མ་བཅོས་སོ་མར་བཞག་པ། དྲན་རྟོག་རང་ཡན་དུ་བཏང་བ། སྣ་ཚོགས་གྲོགས་སུ་འཆར་བ། སྣང་བ་རྒྱ་ཡན་དུ་སྐྱོང་བ་དང་བཞི། དེ་ལ་དང་པོ་མ་བཅོས་སོ་མར་བཞག་པ་ནི། བྲམ་ཟེས་སྐུད་པ་འཁེལ་བ་བཞིན་དུ་ལྷོད་དེ་བཞག །སོག་མའི་ཕོན་ཐག་ཆད་པ་བཞིན་དུ་ཤིག་གེ་བཞག །འབོལ་གྱི་སྟེང་དུ་བརྩིས་པ་བཞིན་དུ་འབོལ་ལེ་བཞག །དེ་ལྟར་མ་ཡིན་པར་སྲིན་བུ་ཁ་ཆུས་འཐུམ་པ་བཞིན་དུ་རང་གིས་རང་བཅིངས། བྲག་སྐེད་ཀྱི་ཤིང་ཐུན་བཞིན་དུ་ལུས་སེམས་ཐམས་ཅད་བསྡམས་ཀྱང་སེམས་ཁོ་སྡོད་དུ་མི་འདོད། བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་ངང་ནས། སེམས་སྐུ་གསུང་ཐུགས་སུ་ཆུན་པར། མ་ཡེངས་ཙམ་གྱིས་རྒྱང་སོ་བཙུགས་ནས། རང་སར་ཕྱ་ལེ་རྒྱ་ཡན་དུ་བཏང་བས། རྗེའུ་བཟུང་ནས་རྔ་མོ་བཏང་བ་བཞིན་དུ་རང་མལ་དུ་འཁོར་ནས་འོང་བ་ཡིན། དེས་ན་སེམས་འཛིན་པའི་གནད་ལ་མ་ཡེངས་པའི་ངང་དུ་མི་བསྒོམ་པར་ཀློད་ཤེས་པ་ཞིག་ཁོ་


CMR054_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཟབ་པ་ཡིན་ཏེ། ལར་ཀློད་ཤེས་པ་འདི་ཀ་སླ་མོ་ཞིག་མ་ཡིན་གསུངས། གཉིས་པ་དྲན་རྟོག་རང་ཡན་དུ་བཏང་བ་ལ། སེམས་འདི་ཡེ་གདོད་མ་ནས་ཆོས་ཀྱི་སྐུར་གནས་པ་ཡིན། དེའི་རང་གཟུགས་དྲན་རྟོག་སྣ་ཚོགས་སུ་ཚོགས་དྲུག་པོ་འདིའི་སྟེང་ན་རེས་འཇོག་ཏུ་ཡུལ་ཡུལ་རྒྱུག་པ་ཞིག་ཡོད་པ་ཡིན་ནོ། །དེ་ཐམས་ཅད་རང་སར་རང་ངོ་ཤེས་པའི་མྱོང་བ་རྒྱུད་ལ་སྐྱེས་ནས་ཕྱག་རྒྱ་ཆེན་པོའི་ངོ་བོ་མཐོང་བ་སྟེ། དེ་ལྟ་བུའི་རྟོག་པ་དེ་ལ་བསྒོམ་པ་མ་ཡིན་པའི་ངན་པ་ཞིག་འབོར་རྒྱུའམ། དེ་ལས་བཟང་བ་ཅིག་ལོག་ནས་བསྒྲུབ་རྒྱུ་མེད་དེ་གང་ཤར་གྱི་རྟོག་པ་དེ་ཀའི་སྟེང་དུ། མ་ཡེངས་པ་ཆུ་བོའི་རྒྱུན་བཞིན་དུ་ཉམས་སུ་ལེན་པ་ཡིན། གསུམ་པ་སྣ་ཚོགས་གྲོགས་སུ་ཁྱེར་བ་ནི། ཆོས་བརྒྱད་ཀྱི་སྣང་བ་གང་ཤར་ཡང་། སྐྱོན་དུ་མི་ལྟ་བར་གྲོགས་སུ་གཅོད་པ་སྟེ། དེ་ལྟ་བུའི་དེའི་གནད་ཤེས་ན་མི་རྟོག་པ་ཆེད་དུ་ན་བཙལ་མི་དགོས། རྣམ་རྟོག་ལ་སྐྱོན་དུ་ལྟ་མི་དགོས། ཉམས་ལེན་གྱི་མུ་གེ་མི་ཡོང་བར་སྐུ་རྒྱལ་གྱི་མགོ་ནས་ཟིན་པ་ཡིན་པས། སེམས་གནས་གནས་པོ། གསལ་གསལ་པོ། བདེ་བདེ་པོ་མ་ཚོར་བར། གང་ཤར་ལ་སྤང་བླང་མེད་པར་ཉམས་སུ་


CMR054_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་ཤིག །འདི་ལྟར་ཐ་མལ་གྱི་ཤེས་པ་བཟོ་བཅོས་མེད་པར་རང་རིག་རང་གསལ་འདི་ཉིད་ཆོས་ཐམས་ཅད་ངོ་སྤྲད་ནས། གང་སྐྱེས་ཀྱི་དྲན་རྟོག །གང་ཤར་གྱི་སྣང་བ། བྱ་བྱེད་ཀྱི་མྱོང་ལམ་ཐམས་ཅད། ཕྱག་རྒྱ་ཆེན་པོའི་ངོ་བོར་ཤར་ཏེ། གསེར་གླིང་དུ་རྡོ་བཙལ་བས་མི་རྙེད་པ་བཞིན་དུ། འདི་ལྟར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད། རང་ས་རང་ས་ནས་སོ་མ་ཉམས། མདོག་མ་སྒྱུར་བ། བཟོ་མ་བྱས་པར་གཉུག་མ་ཕྱག་རྒྱ་ཆེན་པོའི་ངོ་བོར། རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འཆར་བ་ཡིན། ཅེས་གསུངས། རྫོགས་ཆེན་ཨ་རོ་སྙན་བརྒྱུད་གཡག་སྡེ་པཎ་ཆེན་གྱི་ལུགས་ལས། རིག་པ་གསལ་སྟོང་འཛིན་མེད་ཀྱི་ངང་དུ་ལྷོད་ཀྱིས་ཀློད། ཤིགས་ཀྱིས་བཤིག །ཅོག་གིས་འཇོག་འཆར་སྒོ་མི་དགག །གཉེན་པོ་མི་སྤང་། བློས་མི་སྒྱུར། བཟོ་བཅོས་མི་བྱེད། གང་ལྟར་ཤར་ཞིང་ཇི་ལྟར་སྣང་བ་དེ་ཀ་ལྟར་ཁ་ནང་དུ་ལོག་ནས་བཅས་བཅོས། དང་དགག་སྒྲུབ་མི་བྱེད་པར། རང་ལུགས་སུ་ལྷོད་དེ་ཞོག །འཛིན་མེད་དུ་གསལ་ལེ་ཞོག །ཨ་རོའི་ཅོག་བཞག་ཆེན་མོ་ཟེར། ཨ་ཙ་བར་བྱེད། ཡིན་ཡང་ཡིན་པར་འདུག་


CMR054_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། གདོང་མཁའ་སྤྱོད་པས། ས་ར་ཧ་ཞལ་གཟིགས་དུས་ས་ར་ཧའི་ཞལ་ནས། ཀྱེ་ཧོ་བུ་ཉོན་རང་སེམས་ལྟོས། །ད་ལྟའི་ཤེས་པ་མ་བཅོས་པ། །དུས་གསུམ་རྒྱལ་བའི་དགོངས་པ་སྟེ། །རྟག་ཆད་མུ་མཐའ་ཀུན་ལས་གྲོལ། །སྒྲིབ་བྲལ་མངོན་སུམ་གྱུར་པ་འདི། །སྤང་བླང་རེ་དོགས་བྲལ་བས་ན། །ཇི་ལྟར་སྣང་བའི་སེམས་ཉིད་ལ། །དེ་ལས་བཅོས་པར་མ་བྱེད་ཀྱེ། །ལུས་སེམས་གྲུབ་མིན་ནམ་མཁའ་ཡི། །འཇའ་ཚོན་ཇི་བཞིན་སྣང་ཡང་སྟོང་། །དེ་ལྟར་གང་གིས་རྟོགས་པ་དེ། །ནམ་མཁའ་ནམ་མཁའ་ལ་ཐིམ། ལྟད་མོ་ཆེན་པོ་འབྱུང་ངོ་བུ། །ཞེས་གསུངས། རྒྱ་སྟོན་ཆོས་ཀྱི་བཟང་པོའི་ཞལ་ནས། གང་ཤར་གང་བྱུང་ངོ་བོ་ལྟོས། །ལྟ་མཁན་འདུག་ན་དེ་ཡང་ལྟོས། །བདེ་ན་བདེ་བའི་ངོ་བོ་ལྟོས། །ལྟ་མཁན་བྱུང་ན་དེ་ཡང་ལྟོས། །སྡུག་ན་སྡུག་པའི་ངོ་བོ་ལྟོས། །ལྟ་མཁན་འདུག་ན་དེ་ཡང་ལྟོས། །བལྟས་པས་ལྟ་རྒྱུ་མ་རྙེད་ན། །དེ་ཡང་མ་འཛིན་ཕྱལ་བར་སྐྱུར། །ལྟ་མཁན་རང་ཡང་མ་རྙེད་ན། །དེ་ཡང་མ་འཛིན་ཕྱལ་བར་སྐྱུར། །ཅེས་གསུངས། ཐུགས་རྗེ་ཆེན་པོའི་ཚེམ་བུ་དམར་ཁྲིད་ལས། རྫོགས་རིམ་ནི་ལུས་


CMR054_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གནད་རྣམ་སྣང་གི་ཆོས་བདུན་བཅའ། རླུང་རང་སོར་བཞག །སེམས་ཅི་ཡང་ཆེད་དུ་ཡིད་ལ་མི་བྱེད་པར་རྩེ་གཅིག་ཏུ་ཧྲིག་གེ་འཇོག་པ་ནི། དང་པོར་མ་ཡེངས་པར་འཇོག་པའོ། །དེ་གོམས་ནས་རྟོག་པ་གང་ཤར་ངོས་བཟུང་སྟེ། དེའི་ངོ་བོ་ལ་རང་གར་འཇོག་པ་ནི་བར་དུ་མ་བཅོས་པར་འཇོག་པའོ། །དེ་བརྟེན་ནས་ཤེས་པ་ཡུལ་ཡུལ་ཅན་ཐམས་ཅད་ལ་གར་འགྲོ་ཕྱམ་མེར་བཏང་སྟེ་དེ་ཐོག་ཏུ་ཀློད་པ་ནི་ཐ་མ་ཅི་དགར་བཏང་བའོ། །བྱིང་ན་བསིལ་སར་བསྡད་ལ་ལྟ་སྟངས་སྟོད། རྒོད་ན་དྲོ་སར་བསྡད་ལ་ལྟ་སྟངས་སྨད་འདོ། །ཞེས་དང་། དཔལ་གཙུག་ལག་ཕྲེང་བའི་ཞལ་ནས། དེས་ན་བདེ་བ་དང་སྡུག་བསྔལ་ཉོན་མོངས་པ་དུག་གསུམ་ལ་སོགས་བཟང་ངན་གྱི་རྟོག་པ་གང་སྐྱེས་ཀྱང་རྗེས་སུ་མི་འབྲང་བར་དེ་རང་ལ་ཁ་ནང་དུ་ལོག་སྟེ་ཅེར་བལྟས་པས། ཆུ་ཐམས་ཅད་ཀྱི་རླན་པ་ལ་ཁྱད་མེད་པ་ལྟར་ཤེས་པ་ཐམས་ཅད་ཀྱི་རང་ངོ་སྟོང་གསལ་རང་བཞིན་གྱིས་དག་པ་ཁོ་ནར་ལྷག་གིས་འཆར་བས་གང་ལ་ཡང་དགག་བསྒྲུབ་བྱ་རྒྱུ་མེད་ཅིང་བྱེད་མི་དགོས་པར་ནང་ནས་ཤེས་ཏེ་བློ་བྲལ་དུ་ལྷུན་གྱིས་གྲུབ་པར་འགྱུར་རོ། །ཡང་དག་པའི་མཐོང་བ་འདིས་ཟིན་པའི་


CMR054_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་སོགས་དགེ་བ་ཅི་བྱས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མིང་ཐོབ་ཅིང་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་གྲུང་པོ་ཚོགས་གཉིས་ཟུང་འཇུག་ཏུ་འགྱུར། ཐེག་པ་ཐམས་ཅད་ཀྱི་ཡང་དག་པའི་དོན་གཅིག་ཆར་དུ་བསྒོམ་པར་འགྱུར་ཏེ། ཞི་ལྷག་ཟུང་འཇུག་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་འགྱུར་བ་ཡིན་ནོ། གསུངས་སོ། །དྲུང་ཆེན་ཀུན་དགའ་རྣམ་རྒྱལ་པའི་ཞལ་ནས། ཏིང་ངེ་འཛིན་གྱི་གནད་ལ་སེམས་རང་ལུགས་སུ་ཀློད་ལ་ཞོག །ཀློད་པའི་སེམས་ཀྱི་ངོ་བོ་ལ་རྗེན་ལྷང་གིས་ལྟོས། མ་ཡེངས་པ་ཙམ་གྱིས་དྲན་པ་རྒྱུན་ཆགས་སུ་བརྟེན། རྣམ་རྟོག་ཅི་ཤར་ཡང་ཆེད་དུ་སྤང་བླང་དང་བཅས་བཅོས་གང་ཡང་མི་བྱེད་པ་རང་ངོ་ལ་ལྟོས། ཞེས་གསུངས་སོ། །བསྒོམ་སྐྱེ་བའི་རེ་བ། མ་སྐྱེས་པའི་དོགས་པ། ཡག་ཏུ་རེ་བ། ཉམས་རྟོགས་བཟང་བའི་རེ་བ། གེགས་དང་གོལ་སར་ཤོར་བའི་དོགས་པ། སྤུ་རྩེ་ཙམ་ཡང་མ་བྱེད་པར་བསྒོམ་རྒྱུ་ཅི་ཡང་མེད་པར། མ་ཡེངས་ཙམ་གྱི་དྲན་རྫི་བརྟེན་པར་མཛོད་ཅིག་ཚར་རོ།། །། ༈ ཁམས་སྟོད་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅོ་ལྔ་པ་ཉམས་ལེན་གྱི་ཁྲིད།next