Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་དྲུག་པ་ཕྱག་རྒྱ་ཆེན་པོའི་ཁྲིད།
   
   
   


 
previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་དྲུག་པ་ཕྱག་རྒྱ་ཆེན་པོའི་ཁྲིད།next

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་དྲུག་པ་ཕྱག་རྒྱ་ཆེན་པོའི་ཁྲིད།


CMR054_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

༼མ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་དྲུག་པ་ཕྱག་རྒྱ་ཆེན་པོའི་ཁྲིད་བཞུགས་སོ།།


CMR054_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། ཉམས་རྟོགས་ཇི་ལྟར་འཆར་ཚུལ་ནི། དེ་ལ་སྔོན་འགྲོ་དང་དངོས་གཞིའི་ཆོས་རྣམས་བརྩོན་འགྲུས་ཆེན་པོས་ཉམས་སུ་བླང་ན། སྔོན་འགྲོའི་རྟགས་དང་དངོས་གཞིའི་རྟགས་རྣམས་འཆར་ཏེ། །ཡུན་མི་འགོར་བར་རྟགས་རྣམས་དུས་གཅིག་ལ་འཆར་བ་ནི། སྔོན་གྱི་ལས་འཕྲོ་ཅན་གང་ཟག་ཅིག་ཆར་བ་ཞེས་བྱ་སྟེ་དཀོན། རྟོགས་རྣམས་མ་ངེས་པ་འཆར་ཞིང་མཐོ་དམན་ཆེ་བ་ནི། གང་ཟག་འབྲིང་ཐོད་རྒལ་བའི་རིགས་ཡིན་པས་བསྒོམ་ན་རྩལ་ཆེ་སྟེ། རྐྱེན་གྱིས་ཁྱེར་ན་ཐ་མལ་པར་


CMR054_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཉན་ཡོད། རིམ་སྐྱེས་པ་ནི་རྟགས་འོང་དཀའ་སྟེ། གཉུག་བསྲིངས་ནས་བསྒོམས་པས་མུས་ཀྱིས་འོང་། སྔོན་འགྲོ་རྣམས་བསྒོམས་པས་རྟགས་ཀྱང་། ནམ་འོང་ངེས་པ་རང་མེད། རིམ་པ་ལྟར་འོང་བ་དང་། འཆར་ནས་འོང་བ་མ་ངེས་པས་རྟགས་ཐོན་མ་ཐོན་ཤེས་པར་བྱས་ལ། རྟགས་བཟང་བ་ལ་ཧ་ཅང་དགའ་བྲོད་ཀྱང་མི་བྱ། རྟགས་མ་ཐོན་ན་སྒྲིབ་པ་འཐུག་པའི་རྟགས་ཡིན་པས་བརྩོན་འགྲུས་བསྐྱེད། །རྟགས་ངན་པ་བྱུང་ན་སྒྲིབ་པ་དག་པའི་སློངས་སུ་ཤེས་པར་བྱ། དེ་ལ་རྣམ་རྟོག་མི་བྱ། དང་པོ་སྔོན་འགྲོའི་རྟགས་ནི། རྒོད་ཚང་པའི་ཞལ་ནས། །


CMR054_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་ཡུལ་འབྲེལ་ཐག་ཆོད་པ་དང་། །ཉེ་འབྲེལ་འབྱར་རྩི་གོག་པ་དང་། །ཟས་ནོར་འཁྲི་བ་ཆོད་པ་གསུམ། །འཆི་བ་མི་རྟག་བསྒོམ་ན་ཡོང་། །དོན་མེད་བྱ་བ་མི་བྱེད་ཅིང་། །ཉིན་མཚན་ཆོས་ཀྱི་ལས་ལ་བརྩོན། །སྡིག་པའི་གྲོགས་པོ་སྤང་བ་གསུམ། །དལ་འབྱོར་རྙེད་དཀའ་བསྒོམ་ན་ཡོང་། །འདོད་པའི་ཡོན་ཏན་བྱུར་དུ་མཐོང་། །དཀོན་མཆོག་གསུམ་ལ་བློ་གཏད་བསྐུར། །འཇིག་རྟེན་ཆོས་ལ་ཞེན་པ་ལོག །འཁོར་བའི་ཉེས་དམིགས་བསྒོམ་ན་ཡོང་། །ཞེས་གསུངས་སོ། །དེ་ལྟར་སྔོན་འགྲོ་བཞི་པོ་བསྒོམས་པས། །ཕྱི་ནང་གསང་གསུམ་གྱི་རྟགས་རེ་རེ་ཅིས་ཀྱང་འོང་ངོ་། །དང་པོར་གསོལ་བ་བཏབ་པས་བྱིན་རླབས་ཞུགས་པའི་རྟགས་ནི། ཕྱི་རྟགས་ནི་མོས་གུས་ཀྱི་གདུང་ཤུགས་ཚད་མེད་པས། བླ་མ་རྩ་ན་བཞུགས་ཡོད་ཀྱང་། སྙིང་ལ་འདོད་ནས་སྐུ་ལ་རེག་སྙིང་འདོད་པ་དང་། བློ་སྣ་བླ་མས་འཕྲོག་ནས་བསམ་རྒྱུ་བླ་མ་ལས་མེད་པ་གསོལ་འདེབས་ཉིན་མཚན་འཁོར་ཡུག་ཏུ་འགྲོ་བ་འབྱུང་། ནང་རྟགས་སུ་རྗེས་དྲན་པ་ཙམ་གྱིས་ཉམས་འབར། ཕྱིའི་སྣང་བ་བན་བུན་ལང་ལོང་དུ་འགྲོ། ནང་གི་ཤེས་པ་གསལ་སྟོང་རྗེན་པ་རུ་འཆར། །


CMR054_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱི་རྟོག་པ་རྒྱུན་ཐག་ཆད་པ་འོང་། གསང་རྟགས་སུ་བླ་མ་དང་ཞལ་མཇལ་བ། དབང་བསྐུར་བ། ཆོས་བཤད་པ་འོད་ཟེར་གྱིས་འཕྲོ་འདུ་བྱས་པ་རྨིའོ། །ཡི་གེ་བརྒྱ་པ་བསྒྲང་བའི་སྡིག་པ་དག་པའི་རྟགས་སུ། ལུས་ཡང་བ། གཉིད་ཆུང་བ། ཁམས་བདེ་བ། སྙིང་དགའ་ཡལ་བ་འབྱུང་། རྨིས་རྟགས་སུའང་ཁྲུས་བྱས་པོ། །གཅེར་བུར་ཐོན་པ། ལུས་ལས་རྣག་ཁྲག་ཟག་པ། །འཁྲུ་བ་སྐྱུགས་པ། གོས་དཀར་པོ་གྱོན་པ་འབྱུང་ངོ་། །མཎྜལ་ཕུལ་བས་ཚོགས་རྫོགས་པའི་རྟགས་སུ། ཁམས་བདེ་བ་ཉམས་དགའ་བ་ཟས་མ་ཟོས་ཀྱང་མི་ལྟོགས་པ། ཤེས་རབ་ཆེ་རུ་འགྲོ་བ་འོང་ངོ་། །རྨིས་རྟགས་སུ། ཉི་ཟླ་ཤར་བ། གྱེན་ལ་འཛེགས་པ། མེ་ཏོག་གི་ཐང་ལ་ཕྱིན་པ་དང་། བུད་མེད་བཟང་མོས་ཟས་བྱིན་པ་མེ་ལོང་ལ་བལྟས་པ་ལ་སོགས་པ་འབྱུང་ངོ་། །མི་རྟག་པ་བསྒོམས་པས་ཞེན་པ་ལོག་པའི་རྟགས་སུ། འདོད་ཡོན་ལ་ཞེན་པ་མེད་པ། ཚེ་འདིའི་བསམ་སྦྱོར་རྒྱུན་ཆད། བློ་བདེ་འབོལ་ལེ་འགྲོ། བློ་རྒོད་མང་དུ་ལྡང་། ཅིས་ཀྱང་དགོས་པ་མེད་སྙམ་བློ་སྣ་ཐུང་སྦུད་ཀྱིས་འགྲོ། སྣང་བ་ཡང་བཀྲག་མེད་དུ་འགྲོ། ཤེས་པ་


CMR054_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལ་མི་ཆགས་པར་ལྷུན་ཆགས་པ་འབྱུང་ངོ། །གཞན་ཡང་སྒྲིབ་པ་ཆ་སྲབ་ཅིང་། བརྩོན་འགྲུས་ཆེ་བ་ལ་ལུས་སྣང་སེམས་གསུམ་གྱི་སྟེང་ནས་མི་མཐུན་པའི་རྐྱེན་སྣ་ཚོགས་འབྱུང་སྟེ། སྒོམ་སྐྱེ་བའི་སྔ་ལྟས་ཡིན་པས་སྐྱོན་དུ་མི་ལྟ། འདི་ལ་གཅོད་ཡུལ་བས་སློང་ཚད་ཟེར། ཞི་བྱེད་པས་དགེ་བའི་སློང་ཟེར། རྫོགས་ཆེན་པས་བྱིན་རླབས་ཞུགས་པའི་རྟགས་ཟེར། ཕྱག་ཆེན་པ་རྣམས་ཀྱིས་ཉམས་ཀྱི་དྲོད་རྟགས་ཟེར། མདོར་ན་སྡིག་པ་དག་པའི་རྟགས་སོ། །གཞན་ཡང་དབང་པོ་རབ་ལ་ངོ་སྤྲད་པས་ཆོག་པ་འོང་། འབྲིང་ལ་ཞི་གནས་སྐྱེ་བ་དང་། ཐ་མ་ལའང་གནས་པའི་སྣ་ཁ་ཟིན་པ་ཙམ་འབྱུང་ངོ་། །དེ་ནས་མཚན་བཅས་དང་མཚན་མེད་ཀྱི་ཞི་གནས་སྒོམ་པའི་རྟགས་ནི། རྣམ་པར་རྟོག་པ་ཐམས་ཅད་རང་སར་ཞི་ནས། སེམས་གར་གཏད་དུ་གནས་པ་དེ་ཞི་གནས་ཡིན་ཏེ། དེ་ཡང་གསལ་སེང་ངེ་གནས་པ་ཞི་གནས་སྐྱོན་མེད་ཡིན། དྲན་མེད་དུ་གཉིད་འཐུག་པོ་ལྟར་ནག་ཐིབས་སེ་སོང་ན། འགོགས་པ་ཆ་མཐུན་ཏེ། ཕྱི་བས་བསྒོམ་ཤེས་པ་དེ་ཡིན་ནོ། །ཡང་སེམས་ནག་ཐིབས་སེ་མ་སོང་ཡང་སེམས་ལ་དྲན་རྟོག་མེད། ལུས་འགུལ་བསྐྱོད་མི་ཤེས་པར་


CMR054_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པ་དེ་ཞི་གནས་ཡིན་ཏེ། དེའི་ལག་པ་ནས་བསྡུས་ཏེ་བསླང་བ་སོགས་མི་རུང་། དེ་བྱས་ན་ཚེ་འཕོས་ནས་དུད་འགྲོར་སྐྱེ་བའམ། དྲན་པས་མི་ཟིན་པར་སྨྱོ་ཉན་ཡོད་པས་རྣ་བར་ཏིང་ཤག་རྡུང་། སྣ་ལ་སྤོས་བདུག །ངོ་ལ་ཆུ་བཏབ་པས་གཉིད་སད་པ་ལྟར་འོང་། ལར་རྣམ་རྟོག་བཀག་པས་གོམས་པའི་ཤུགས་ཀྱིས། སེམས་ལ་རྣམ་རྟོག་ཅི་ཡང་མི་འགྱུ་བར་དྲན་མེད་དུ་གནས་པ་ལ། ཕྱག་རྒྱ་ཆེན་པོ་ཡིན་པར་བྱེད་པ་ནི་རྒྱ་ནག་ཧྭ་ཤང་གི་ལྟ་བ་དང་མུ་སྟེགས་པའི་ལུགས་ཡིན་ཏེ། ས་སྐྱ་པཎྜི་ཏའི་ཞལ་ནས། ཚོགས་བརྒྱད་འགགས་པའི་ཞི་གནས་ནི། །ཉན་ཐོས་འགོགས་པ་ཆ་མཐུན་ཏེ། །དུད་འགྲོར་སྐྱེ་བའི་རྒྱུ་རྐྱེན་ཡིན། །ཅེས་དང་། རྒོད་ཚང་པའི་ཞལ་ནས། ངས་ནི་རྣམ་རྟོག་བཀག་ནས་བསྒོམ་པ་འདི་འདྲ་མུ་སྟེགས་རང་ཡིན་སྙམ་གསུངས། རྗེ་དུས་མཁྱེན་ལ། དང་པོ་དེ་འདྲ་བྱུང་ནས། དྭགས་པོ་ལ་ཞུས་པས། འོ་དེ་ངན་ཤོས་ཡིན། དེ་ལ་འགྲོ་དོགས་གྱིས་གསུངས། རཱ་ག་ཨ་སྱས་ལོ་ལྔ་ཙམ་གྱི་དུས། མགུར་འབུམ་གྱི་ཚིག་གཅིག་ངག་ཏུ་བརྗོད་པས་དྲན་མེད་ཀྱི་ཞི་གནས་དེ་ལ་དལ་ཅིག་སོང་བ་འདུག །དེ་བསྒོམ་ཡིན་


CMR054_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ན་ལམ་ལོག་པ་སྟེ། བསྒོམ་སྐྱེ་བའི་སྔ་ལྟས་ཙམ་ཡིན་པ་སྟེ། སྔར་མགྲོན་པོའི་བུ་ཚ་ཞིག་ཤིང་ཐུ་བདོ་ཕུག་པ་ནང་དུ་ངལ་གསོས་ལུས་གནད་བཅས་ཏེ་དྲན་མེད་ཞི་གནས་འཐོམ་པ་ལ་སོང་རོགས་རྣམས་ཀྱིས་བཙལ་ཡང་མ་རྙེད་དེ་བོར་ཤོར། ཕྱིར་ལོ་མགྲོན་པོ་དེར་སྒར་བརྒྱབ་སྟེ། ན་ཉིན་བུ་ཚ་བོར་ཤོར་མལ་ཡིན་སྨྲས་ཤིང་ཐུར་སོང་བས། ཕུག་པ་གཅིག་གི་ནང་ན་ཁོ་ལུས་གནད་ཁྲིག་གེ་འདུག །རོགས་ཚོས་བོས་ནས་མདུན་དུ་འཚོགས་པས། ཁོ་སད་ནས་ཁོ་རེ་ཚོ་ད་འགྲོ་ཨེ་རན་ཟེར་ནས་ལངས་བྱུང་བས། ལུས་ལ་ཡང་སྐྱོན་ཅི་ཡང་མེད་པར་འདུག །ཕྱིས་དེ་ཆོས་སྒོར་ཞུགས་པས། མེ་ཉག་སྒོམ་ཆེན་ཟེར་བའི་གྲུབ་ཐོབ་ཅིག་བྱུང་སྐད། གཞན་ཡང་ཞི་གནས་ཀྱི་སྐབས་འདིར་གསལ་བའི་ཉམས་ལ། རྩ་རིགས་བཟང་ན་རྟགས་བཅུ་ཆ་མཐུན་པ། མིག་གིས་ཡུལ་དུ་དུ་བ་དང་། མེ་ཁྱེར། སྨིག་རྒྱུ་དང་། མར་མེ། ཟླ་བ། ཉི་མ། མེ་འོད་ལྟ་བུ་དང་། ཐིག་ལེ་དང་། འོད་ཀྱི་གོང་བུ་དང་། འཇའ་ཚོན་སོགས་དང་། གཞན་ཡང་མིག་བཙུམས་ཀྱང་གསལ་པོར་མཐོང་བ། །འགྲོ་བ་དང་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་དུ་མ་མཐོང་ཞིང་


CMR054_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་བ་འབྱུང་ངོ་། །ལང་ཀའི་མདོ་ལས། བྱིས་པ་ཉེར་སྤྱོད་བསམ་གཏན་དང་། །དོན་རབ་འབྱེད་པའི་བསམ་གཏན་དང་། །དེ་བཞིན་ཉིད་དམིགས་བསམ་གཏན་དང་། །དེ་བཞིན་དགེ་བའི་བསམ་གཏན་རྣམས། །རྣལ་འབྱོར་ཅན་གྱིས་བརྩོན་བྱས་ནས། །ཉི་མ་ཟླ་བའི་དབྱིབས་འདྲ་དང་། །འོད་དང་པདྨོ་ལྟ་བུ་དང་། །རི་མོ་ནམ་མཁའ་མེ་འདྲ་མཐོང་། །མཚན་མ་སྣ་ཚོགས་དེ་དག་གིས། །མུ་སྟེགས་ཅན་ལམ་ཁྲིད་བྱེད་པ། །ཉན་ཐོས་དག་དང་རང་རྒྱལ་གྱི། །སྤྱོད་ཡུལ་དུ་ཡང་ལྟུང་བར་བྱེད། །དེ་དག་ཐམས་ཅད་རྣམ་སྤངས་ཤིང་། །སྣང་བ་མེད་པར་ནམ་གྱུར་པ། །དེ་ཚེ་སངས་རྒྱས་ལྷ་ཡི་ཕྱག །ཐམས་ཅད་ཞིང་ནས་འབྱུང་བ་ཡིན། །དེ་ཡིས་མགོ་ལ་བྱུག་མཛད་དོ། །ཡང་དག་རྗེས་སུ་འགྲོ་བའི་ལྟས། །ཞེས་གསུངས་པས། ངོ་མཚར་བའི་མཐོང་སྣང་ཅི་བྱུང་ཡང་། ཞི་གནས་ཀྱི་རྟགས་ཕྲན་བུ་ཡིན་གྱི། སྒོམ་དངོས་ནི་མ་ཡིན་ནོ། །དེ་ནས་གནས་པ་དང་པོ་འཆར་ཏེ། གཙུག་ན་རིན་ཆེན་གྱིས་ཞུས་པའི་མདོ་ལས། རིགས་ཀྱི་བུ་གཞན་ཡང་མགྱོགས་པ་རབ་ཏུ་མགྱོགས་པ། མི་གནས་པ་རྒྱུ་བ་སྤྲེའུ་དང་རླུང་དང་འདྲ་བ་


CMR054_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

འབབ་ཆུའི་རྒྱུན་དང་། འབྲུ་མར་གྱི་མར་མེ་འདྲ་བ། རྒྱང་རིང་པོར་འགྲོ་བ། ལུས་མེད་པ་ཡུལ་ལ་བསྐམ་པ་སྐྱེ་མཆེད་དྲུག་ལ་སྤྱོད་ཡུལ་བ་གཞན་གྱིས་སེམས་ཤེས་པ་དང་ལྡན་པའི་སེམས་གནས་པར་རྩེ་གཅིག་པ་མི་འཕྲོ་བ་ཞི་གནས་ལ་རྩེ་གཅིག་པ་གཡེང་བ་མེད་པ་འདི་ནི་སེམས་གནས་པའོ། །ཞེས་དང་། ཏེ་ལོ་པའི་ཞལ་ནས། ལས་ནི་དང་པོར་གཅོང་རོང་ཆུ་དང་འདྲ། །ཞེས་དང་། ཞང་རིན་པོ་ཆེའི་ཞལ་ནས། གནས་པ་དང་པོ་བྱུང་དུས་སུ། །རི་གཟར་ལོག་ནས་ཆབ་འདྲིལ་ལྟར། །རྣམ་རྟོག་ཟམ་མི་འཆད་པ་འབྱུང་། །བསྒོམ་ཉམས་མེད་དམ་སྙམ་པ་འོང་། །རྣམ་རྟོག་བྱུང་ཚད་ཚོར་བ་དེ། །ཤེས་པ་ཅུང་ཟད་གནས་པ་ཡིན། །གནས་པ་མེད་པའི་གོང་རོལ་དུ། །རྣམ་རྟོག་རང་གར་ཤོར་བ་ཡིན། །རྟག་པར་འགྱུས་ཀྱང་ངོ་མ་ཤེས། །ཞེས་དང་། ངེས་དོན་རྒྱ་མཚོ་དང་། གྲུབ་ཐོབ་བརྒྱུད་པའི་ཞལ་ལུང་གཉིས་ཀ་ལས། དང་པོ་དམིགས་པ་ལ་སེམས་དམ་དུ་གནས་པ་འདྲ་ཞིག་ཡོད་དེ། སྣ་ཟིན་ཙམ་ཡིན། དེ་ནས་རིམ་པར་བག་ཙམ་དང་ཙ་ནས། རྟོག་པ་སྔར་བས་མང་དུ་སོང་བ་འདྲ་ཞིག་བྱུང་ན། དེ་མང་དུ་སོང་བ་མིན། །


CMR054_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་ཕན་ཆད་མ་བསྒོམས་པས་རྣམ་རྟོག་བྱུང་ཡང་མ་ཚོར། ད་ལྟ་སེམས་མཉམ་པར་བཞག་སྟེ་རིག་པ་དྭངས་པས་ཚོར་བ་ཡིན། དེ་ལ་རྟོག་པའི་སྣ་མ་བསྐྱིལ་རྗེས་སུ་མ་འབྲང་བར་བཞག་པས་རྟོག་པ་འོག་འགྱུ་ལ་མི་འཁྱོར་བར་སྐྱེས་ཚད་ངོས་ཟིན། ཐུན་བསྡུང་མི་དགོས་པར་རིག་པ་སྤྱན་སི་ལི་ལི་འགྲོ་བ་འདྲ་ཞིག་འདུག་ཀྱང་། སྒོམ་གྱི་རྒྱུན་དེ་མ་ཆད་པར་བྱུང་ན། གནས་པ་དང་པོ་རི་གཟར་གྱི་ཁ་ནས་ཆུ་འབབ་པ་དང་འདྲ་བ་ཟེར་བ་ཡིན། དེའང་རི་གཟར་གྱི་ཆུ་རྦ་རླབས་དང་བཅས་འབབ་པ། དེའི་གསེབ་ཏུ་ཚུད་ནས་རང་རེ་ཁྱེར་བ་འདྲ་ཞིག་བྱུང་ན་མིན། དེ་ལ་གལ་མེད་དུ་ལྟ་བ་འདྲ་ཞིག་འདུག་ན་ཡིན། ཅེས་དང་། ཏེ་ལོ་པའི་ཞལ་ནས། བར་པ་ཆུ་བོ་གང་གཱ་དལ་གྱིས་གཡོ། །ཞེས་དང་། ཞང་རིན་པོ་ཆེས། དེ་ནས་དལ་འབབ་ཆུ་བོ་བཞིན། །ཤེས་པ་དལ་ཞིང་རྣམ་རྟོག་ཉུང་། །ཞེས་གསུངས་སོ། །དེའི་དོན་ངེས་དོན་རྒྱ་མཚོ་དང་གྲུབ་ཐོབ་བརྒྱུད་པའི་ཞལ་ལུང་གཉིས་ཀ་ལས། དེ་ལ་ལྟ་བ་དང་སྐྱོང་ལུགས་གོང་ལྟར་བྱས་པས་རྣམ་རྟོག་དེ་ཕྲ་ཉལ་གྱིས་སོང་ནས་མི་རྟོག་པའི་ངང་ལ་འགྲོ། སྐབས་སྐབས་སུ་རྟོག་པ་རེ་ཏོལ་གྱིས་


CMR054_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ཡང་རྒྱུན་མི་འབྲེལ་བར་རྡོ་ཚན་ལ་ཁ་བ་བབས་པ་ལྟར་ཡལ་འགྲོ། རྟོག་པ་ཅི་འགྱུས་སྤུ་རིས་དང་གྲངས་སུ་ཐེབས་པ་ཡོང་ཞིང་རང་གི་སྒོམ་རྒྱུན་དེ་ན་ར་ར་འགྲོ་བ་འདྲ་ཞིག་བྱུང་ན་གནས་པ་བོར་པ་ཆུ་རླུང་དལ་གྱིས་འབབ་པ་ལྟ་བུ་ཟེར། དེའང་ཐག་རིང་པོ་ཞིག་ཏུ་འདུག་ནས་དེའི་འབབ་ལུགས་ལེགས་པར་མི་མཐོང་བར་འདྲ་ན་མིན། རྩར་འདུག་ནས་མཐོང་བ་འདྲ་ན་ཡིན། གསུངས་སོ། །འདི་སྐབས་སུ་ཉམས་གཉིས་པ་གཅོང་རང་གི་ཆུ་འབབ་འདྲ་ཞེས་པ། བླ་མ་རྣམས་ཀྱི་གསུང་རྒྱུན་ལས་བྱུང་སྟེ། རེས་འགའ་ཀྱི་ལེ་མེ་རེ་གནས། །རེས་འགའ་ཚུབ་ཚུབ་ཚུབ་འཕྲོ་སྟེ། །འཕྲོ་བའི་ཚེ་ན་ལྷོད་ཅིང་ལྟ། །གནས་ཚེ་ཅུང་ཟད་བསྒྲིམ་ལ་དེའི་ངང་ལ་བཞག །འདི་སྐྱེ་མཁན་ཡང་མང་བར་སྣང་། དཔལ་གཙུག་ལག་ཕྲེང་བའི་ཞལ་ནས། སླར་ཡང་དེ་ཉིད་ལ་སེམས་རྩེ་གཅིག་ཏུ་བསྡུས་ཤིང་གཙོ་བོར་ཐང་ཆད་པ་ངལ་བསོ་བ་ལྟར་ནང་དུ་བཤིག་ཅིང་ཀློད། བསྒོམ་འོང་དུ་རེ་བ་དང་། །མ་བྱུང་གི་དོགས་པ་མེད་པར་ཁོག་ཡང་པོས་དལ་དུ་ལུས་གནད་དང་ལྟ་སྟངས་མི་གཡོ་བར་བཞག་པས། རྣམ་རྟོག་རྣམས་འཇམ་ཉལ་གྱིས་སོང་། ལུས་སེམས་བདེ་ཆམ་མེ་བ་དལ་


CMR054_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ལྷོད་ཆགས་པ་ལ་ལུས་གནད་ཟུག་རྔུ་མེད་པ་སྒོམ་འཕྲོ་བཞག་པའི་དུས་ཀྱང་ཕྱི་རོལ་གྱི་བྱ་བ་ལ་བློ་མི་འཇུག་པར་སེམས་བདེ་གསལ་དུ་ཕྲི་ལེ་གནས་པ་སྒོ་གསུམ་གྱི་སྤྱོད་ལམ་ཐམས་ཅད་རང་བཞིན་གྱིས་དལ་ཞིང་ལྷོད་པ་ཞིག་འབྱུང་སྟེ། འདིའི་ཚེ་ཉོན་མོངས་པའི་རྐྱེན་ཕྲ་མོས་མི་གནོད། སྒོ་ལྔའི་སྤྱོད་ཡུལ་དུ་འཆར་སྒོ་སྔོན་མེད་པ་མང་པོ་འབྱུང་སྟེ། གནས་པ་བར་པ་ཆུ་རླུང་དལ་གྱིས་འབབ་པ་ལྟ་བུའི་ཞེས་བྱ་བ་ཞི་གནས་བར་མའི་དུས་སོ། །ཞེས་གསུངས་སོ། །ཏེ་ལོ་པའི་ཞལ་ནས། ཐ་མ་ཆུ་རྣམས་མ་བུ་འཕྲད་པ་འདྲ། ཞེས་དང་། ཞང་རིན་པོ་ཆེའི་ཞལ་ནས། དེ་ནས་རྒྱ་མཚོའི་གཏིང་བཞིན་དུ། ཤེས་པ་མི་གཡོ་བརྟན་པར་གནས། །ཞེས་དང་། ངེས་དོན་རྒྱ་མཚོ་དང་གྲུབ་ཐོབ་གོང་མའི་ཞལ་ལུང་གཉིས་ཀ་ལས། དེ་ལ་གོང་བཞིན་བསྐྱངས་པས་ཕྲ་རགས་ཀྱི་རྣམ་རྟོག་རྒྱུན་ཆད་དེ་མི་རྟོག་པའི་ངང་ལ་མེ་རེ་གནས། ལུས་བདེའམ་ཡོད་དུ་མི་ཚོར། རླུང་འགྲོ་འོང་དང་། །འགགས་པའང་མི་ཚོར་སེམས་བདེ་གསལ་མི་རྟོག་པ་ལ་ཕྱམ་མེ་འགྲོ། རྗེས་ཐོབ་ཏུའང་ལེགས་པར་མ་དཔྱད་ན་ཡུལ་གྱི་སྤུ་རིས་མི་ཟིན། རྣམ་གཡེང་ལ་བློ་མི་


CMR054_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་བརྗེད་ངེས་ཆེར་སོང་བ་འདྲ་བ་མ་བསྒོམས་ཀྱང་སྒོམ་དུ་ཕྱམ་ཕྱམ་འགྲོ་བ། དྭངས་ཆ་ཡོད་པ་སྤྲིན་མེད་པའི་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་ཉམས་ལ་ཁད་གཏིང་མེད་པ་གསལ་མེ་རེ་བ་བྱུང་ན་གནས་པ་ཐ་མ་མི་གཡོ་བ་རྒྱ་མཚོ་ལྟ་བུ་བྱ་བ་ཡིན།། དེའང་མུན་ནང་གི་རྒྱ་མཚོ་འདྲ་ན་མིན། ཉིན་པར་གྱི་རྒྱ་མཚོ་འདྲ་ན་ཡིན། འདི་རྣམས་བསམ་གཏན་གྱི་དངོས་གཞི་ཡིན་པས་རྒྱུན་བསྲིང་ན་མངོན་ཤེས་སོགས་འཆར་ཞིང་བདེན་པ་མཐོང་བའི་རྟེན་བྱེད་དོ། །ཞེས་གསུངས་སོ། །དཔལ་གཙུག་ལག་ཕྲེང་བའི་ཞལ་ནས། དེ་ཉིད་རྩེ་གཅིག་ཏུ་རྣམ་གཡེང་མེད་པར་བསྐྱངས་བས་ལུས་བདེ་ཞིང་སེམས་གསལ་ལ་རྟོག་པ་མེད་ལ་ཕྱི་རོལ་གྱི་རྐྱེན་གང་གིས་ཀྱང་མི་གནོད་སྙམ་པ་ཉིན་མཚན་འདས་པ་སོགས་མི་ཚོར། ཉོན་མོངས་པ་མངོན་དུ་གྱུར་པ་མགོ་ནོན་ནས་མི་སྐྱེ་བ་སྙམ་བྱེད་ཅིང་གསལ་སྣང་གི་མངོན་ཤེས་ཕྲ་མོ་འཆར་བ་སོགས་ཡོན་ཏན་ལྟར་སྣང་བ་དུ་མ་འབྱུང་བ་ནི་གནས་པ་ཐ་མ་མི་གཡོ་བ་རྒྱ་མཚོ་ལྟ་བུ་ཞེས་ཞི་གནས་ཐ་མའི་དུས་སོ། །དེ་ཕན་ཆད་ཅི་སྐྱེས་པ་ཐམས་ཅད་ཞི་གནས་ཡིན་པས་ཕྱི་ནང་ཐུན་མོང་། བན་བོན་ཐུན་མོང་ཐེག་པ་ཆེ་ཆུང་ཐུན་མོང་གི་ལམ་ཡིན།


CMR054_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྒོམ་ཕྱག་རྒྱ་ཆེན་པོ་ནི་མ་ཡིན་ཏེ། སེམས་དཔའ་ཆེན་པོ་རང་བྱུང་རྡོ་རྗེའི་ཞལ་ནས། ཐབས་ཀྱི་མ་ཟིན་དགེ་བ་ཡིས། །འདོད་ཁམས་ལྷ་ཡི་དགེ་བ་སྒྲུབ། །བདེ་གསལ་ལྡན་པའི་བསམ་གཏན་ཀྱང་། །གཟུགས་ཁམས་ལྷ་ལས་འགྲོ་ས་མེད། །འདུ་ཤེས་བཀག་པས་མི་རྟོག་པ། །ཚེ་རིང་པོ་ཡི་ལྷ་རུ་གོལ། །ཆོས་ཀུན་མཁའ་ལྟར་རྟོགས་ལགས་ཀྱང་། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཡིན། །སེམས་ཉིད་མཁའ་ལྟར་བལྟས་ལགས་ཀྱང་། །རྣམ་ཤེས་མཐའ་ཡས་གནས་སུ་གོལ། །ང་མེད་ཅི་ཡང་མེད་པ་སྟེ། །ཡོད་མིན་མེད་མིན་སྲིད་པའི་རྩེ། །ཀྱེ་མ་ཁམས་གསུམ་ཡོ་ལང་ལ། །མཁས་རྣམས་བདེན་པར་མ་རེ་མཛོད། །ཅེས་དང་། དཔལ་ཕག་མོ་གྲུ་པའི་ཞལ་ནས། བླ་མ་དམ་པའི་རྩར་ཕྱིན་ནས། །གདམས་ངག་གང་རུང་ཉམས་བླང་ན། །བདེ་བས་ལུས་སེམས་གང་བ་འབྱུང་། །ཞེན་ཅིང་ཆགས་པས་བསྐྱངས་གྱུར་པས། །འདོད་ཁམས་གནས་སུ་གོལ་བར་འགྱུར། །གསལ་བར་དྭངས་པ་ནམ་མཁའ་ལྟར། །ཕྱི་ནང་ཟླ་བ་ཤར་བ་འདྲ། །ཕྱེ་དང་བཙུམ་པ་ཁྱད་པར་མེད། །དེ་ལ་ཞེན་ཅིང་ཆགས་པ་ཡིས། །


CMR054_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་པོ་ཡིས་སྐྱོང་གྱུར་ན། །གཟུགས་ཀྱི་ཁམས་སུ་གོལ་བར་འགྱུར། །ཕྱི་དང་ནང་དུ་བལྟས་གྱུར་ཀྱང་། །རྟོག་པ་ཕྲ་བ་ཙམ་ཡང་མེད། །རྡུལ་བྲལ་ཆོས་སྐུ་བལྟ་བྱས་ནས། །དགའ་དང་མི་དགའ་ཡིད་བསམ་པའི། །ཉམས་དེ་ལེགས་པར་སྐྱོང་གྱུར་ན། །གཟུགས་མེད་ཁམས་སུ་གོལ་བར་འགྱུར། །བདེ་དང་གསལ་དང་མི་རྟོག་གསུམ། །ཞེན་པ་བྲལ་བར་བསྒོམ་བྱས་ཀྱང་། །ཉན་ཐོས་རང་རྒྱལ་པའང་སྲིད། །ཅེས་དང་། རྗེ་འཇིག་རྟེན་མགོན་པོའི་ཞལ་ནས། བདེ་དང་གསལ་དང་མི་རྟོག་གསུམ། །འདི་གསུམ་སྒོམ་གྱི་གོལ་ས་ཡིན། །ཅེས་དང་། རྒྱལ་བ་ཆོས་ལྡིང་བའི་ཞལ་ནས། རང་སེམས་སྐྱེ་མེད་དུ་མ་གཏོགས་ན། །སེམས་ཀློད་ཅིང་བསྒོམས་ཀྱང་ཞི་གནས་ཡིན། །བསྒྲིམས་ཤིང་བསྒོམས་ཀྱང་ཞི་གནས་ཡིན། །མ་བཅོས་བཞག་པས་བཅོས་མར་སོང་། །སེམས་ཡོད་པར་བསྒོམས་ཀྱང་རྟག་ལྟ་ཡིན། །མེད་པར་བསྒོམས་ཀྱང་ཆད་ལྟ་ཡིན། །སེམས་སུ་བསྒོམས་ན་སེམས་ཙམ་ཡིན། །དབུ་མར་བསྒོམས་ན་གཟུང་འཛིན་ཡིན། །བདེ་གསལ་མི་རྟོག་བསྒོམས་པ་ཡང་། །རྟོག་པས་སྒྲིབ་པ་གོལ་བ་ཡིན། །ཐབས་ལམ་ཟབ་མོའི་


CMR054_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་མྱོང་ཡང་། །འཇིག་རྟེན་ལམ་གྱི་ཏིང་འཛིན་ཡིན། །ཉོན་མོངས་རྣམ་རྟོག་སྣ་ཚོགས་ཀྱང་། །ཁམས་གསུམ་འཁོར་བར་སྐྱེ་བའི་རྒྱུ། །ཞེས་གསུངས་སོ། །དེ་ཡང་ཅི་ལྟར་བྱ་ཞེ་ན། རྗེ་རིན་པོ་ཆེ་སྒམ་པོ་པའི་ཞལ་ནས། གནས་པ་དང་རྟོགས་པ་གཉིས་ལས་གནས་པ་གཙོར་ཆེར་མི་བྱ། གནས་པ་ནི་བརྒྱལ་བ་དང་ར་རོ་བ་དང་གཉིད་འཐུག་པོ་ལའང་ཡོད་དེ། རྟོགས་པ་མིན་པའི་ཕྱིར་རོ། །ཞེས་དང་། འོ་ན་ཞི་གནས་དེ་སྐྱེ་མི་རུང་བའི་ངན་པ་ཞིག་ཡིན་ནམ་སྙམ་ན། དེ་ནི་མ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་སྐྱེ་བའི་གཞི་དང་རྟེན་ཡིན་ཏེ། དགའ་བོ་མངལ་གནས་ཀྱི་མདོ་ལས། གང་ལ་མཉམ་བཞག་སེམས་མེད་པ། །ཟག་པ་རྣམས་ནི་སྤོང་མི་འགྱུར། །ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཤཱ་རིའི་བུ་དེ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་གི་སྔོན་དུ་འགྲོ་ཞེ་ན། འདི་ལྟ་སྟེ། སེམས་ངེས་པར་རྟོགས་པའི་སྔོན་དུ་འགྲོ་བའོ། །ཞེས་དང་། གྲུབ་ཐོབ་བརྒྱུད་པའི་ཞལ་ལུང་ལས། གནས་པ་གསུམ་པོ་དེ་དག་གང་སྐྱེས་འདུག་ཀྱང་དེ་ཙམ་ན་ངོ་སྤྲད་པས་རང་ངོ་ཤེས། བྲོད་ཁ་སྙེད་སྒྲོ་འདོགས་ཆོད། མ་


CMR054_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་ལ་ངོ་སྤྲད་ན་དེ་ལྟར་འོང་བར་འདོད་ནས་ཉམས་ལེན་འཆུགས། དེའང་གནས་པ་དང་པོ་དེས་ཅུང་གྲོལ་མི་ཐུབ། ཁྲིད་ཐེངས་གཅིག་ལ་ཐ་ནའང་གནས་པ་བར་པ་ཙམ་མ་སྐྱེས་པའི་ཐབས་མེད། ཅེས་གསུངས་པས། ཁྲིད་གཞུག་རིང་ཐུང་གང་ཡིན་ཀྱང་། གནས་པ་འབྲིང་ངམ་ཐ་མ་ཙམ་ངེས་པར་སྐྱེ་བས། དེ་ལ་ལྷག་མཐོང་ངོ་སྤྲད་ནས་བསྒོམས་པས། རྩེ་གཅིག་གི་ལམ་སྣེ་ཟིན་པ་ཡིན་ནོ། །དེ་ལ་རྗེ་མི་ཕམ་པདྨ་དཀར་པོ་སོགས། འབྲུག་ལུགས་ཁ་ཅིག་གིས་ནི། རྩེ་གཅིག་རབ་འབྲིང་ཐ་གསུམ་ཞི་གནས་ཁ་རྐྱང་ཡིན་ཞིང་། དེ་ནས་སེམས་ཚོལ་ཞིང་ལྷག་མཐོང་ངོ་སྤྲད་པས་སྤྲོས་བྲལ་གྱི་རྟོགས་པ་སྐྱེ་བར་བཤད་དོ། །དེ་ལྟར་ན་ཟླ་ཁྲིད་ཙམ་ཞུས་ནས་ལྷག་མཐོང་ངོ་སྤྲད་ཐབས་མེད་དེ། དེང་སང་སྒོམ་བྱས་ནས་ལོ་དྲུག་བདུན་སོང་བ་རྣམས་ཀྱང་། རྩེ་གཅིག་འབྲིང་ཡན་ལ་མ་བརྒལ་བ་མང་བར་འདུག །དེའི་མུས་ལ་ཤི་ན། ལྷག་མཐོང་གི་ངོ་སྤྲོད་ཙམ་ཡང་མ་ཐོབ་པས་ལམ་སྣེ་མ་ཟིན་པར་འགྱུར་བ་དང་། རྩེ་གཅིག་རབ་མ་སྐྱེས་ཀྱི་བར་ལྷག་མཐོང་ངོ་མི་སྤྲད་པ་ནི། ཞི་གནས་རབ་དང་ལྡན་པའི་ལྷག་མཐོང་གིས་ཞེས་པ་མདོ་ལུགས་བཀའ་གདམས་


CMR054_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་རིམ་གྱི་ལུགས་ཡིན། ཕྱག་རྫོགས་ཀྱི་ལུགས་མ་ཡིན་ཏེ། མཉམ་མེད་དྭགས་པོས་སྒོམ་ཚུལ་ལ་ཁྱད་ཆོས་སུ་གནང་བ། རྣལ་འབྱོར་བཞིའི་ཞལ་གདམས་དང་། འཇིག་རྟེན་གསུམ་མགོན་ཞང་རིན་པོ་ཆེ། རྒྱ་རས་གསུམ་གྱི་དགོངས་པ་དང་། ཡང་དགོན་པ་ཉིད་ཀྱི་མྱོང་བ་དང་བསྟུན་པའི་རྣལ་འབྱོར་བཞི་རིམ་ལས། རྣམ་རྟོག་འགྱུ་བ་དེ་རྒྱུན་ཆད་ནས་མི་རྟོག་པའི་ངང་ལ་ནམ་བཞག་གི་གནས་པ་དེ། གནས་པ་མི་གཡོ་བ་རྒྱ་མཚོ་ལྟ་བུ་ཡིན། བཀའ་གདམས་པ་ཀུན་དེ་ལ་སྒོམ་དུ་བྱེད་པ་ཡང་ཡོད་པར་གདའ། དེ་ལྟར་གནས་པའི་ཏིང་ངེ་འཛིན་ཞེན་པ་མེད་པར་ཐབས་མཁས་ཤིང་། ཤེས་རབ་ཀྱི་རྩིས་ཟིན་པ་བསྐྱངས་པས། རྩེ་གཅིག་གི་སྒོམ་སྐྱེས་ཏེ། རྣལ་འབྱོར་ཞེས་པ་ནི་ཐབས་དང་ཤེས་རབ་བམ་ཞི་གནས་ལྷག་མཐོང་མཉམ་པོར་སྦྱོར་བས་རྣལ་འབྱོར་དེ་དག་དང་། གང་གིས་སྦྱོར་བར་ནུས་པ་དེ་ལ་རྣལ་འབྱོར་ཞེས་བྱ་བ་ཡིན་གསུངས། སྔ་འགྱུར་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་དང་། ཕྱི་འགྱུར་ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་རྒྱུད་ལས། སེང་གེ་རྣམ་པར་འགྱིང་བའི་ཏིང་ངེ་འཛིན་གྱིས། རྩེ་གཅིག་མི་གཡོ་དྭངས་པས་


CMR054_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་གསལ། །རང་བྱུང་ཡེ་ཤེས་ཁོང་ནས་སད་པར་བྱེད། །བཟོད་པ་བརྟན་པོས་ངན་སོང་སྡུག་བསྔལ་སྤོངས། །ཞེས་དང་། ཡང་དགོན་པའི་ཞལ་ནས། དང་པོ་ངང་ལ་གནས་པ་རྩེ་གཅིག་གི་རྣལ་འབྱོར་ཏེ། དེ་ལ་ཡང་གནས་པའི་ཏིང་ངེ་འཛིན་ནི་ཞི་གནས་རྐྱང་པ་ཡིན་ལ། འདིར་རྣལ་འབྱོར་ཅེས་པས། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་དགོས་ཏེ། ཕྲ་རགས་ཀྱི་རྣམ་རྟོག་རང་སར་ཞི་ནས། སེམས་གསལ་སྟོང་ནམ་མཁའ་དྭངས་བའི་དཀྱིལ་ལྟ་བུར་གསལ་སེང་ངེ་གནས་པ་ལ། རྟོག་མེད་དུ་ངེས་ཤེས་སྐྱེས་པ་ནི། ལྷག་མཐོང་གི་ཉམས་ཡིན་པས། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་སྒོམ་དེ། སྒོམ་བཟང་པོའི་དུས་ན་རྟོག་མེད་ཀྱི་ཤེས་པ། བདེ་གསལ་དུ་སེང་ངེ་ཡེ་རེ། རྗེན་ལྷང་ངེ་གནས་པ་ནི། བདེ་གསལ་གྱི་ངོ་བོ་མཐོང་བ་སྟེ། རེས་བསྒོམས་ཀྱང་མི་འོང་། རེས་མ་བསྒོམས་ཀྱང་འོང་བ། ཏིང་ངེ་འཛིན་ལ་དབང་མ་ཐོབ་པས། དཔེར་ན་བཟོ་གསར་པས་གཟབ་ཏུ་མི་གཏུབ་པ་དང་འདྲ་བས། རྩེ་གཅིག་ཆུང་ངུ་ཡིན་ནོ། །ཕྱག་རྒྱ་ཆེན་པོའི་སྒོམ་གྱི་སྣ་འདི་ནས་ཟིན་པ་ཡིན་པས་བླ་མ་ཉམས་མྱོང་ཅན་གྱིས་འདི་ངོ་སྤྲོད་དུ་ཡོད་


CMR054_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། དེ་ལ་བསྒོམ་སྐྱེས་ཟེར་བ་ཡིན་ནོ། །གསུངས་སོ། །ཁྲིད་ཆེན་ལས། རྩེ་གཅིག་ཆུང་ངུ་ནི། སེམས་བཅས་བཅོས་མེད་པར་མཉམ་བཞག་ཙམ་ན་མངོན་འགྱུའི་རྟོག་པ་འགགས། བདེ་གསལ་མི་རྟོག་པར་སོང་ན་སེམས་རྩེ་གཅིག་ཏུ་ཟིན་འོང་། ཏིང་ངེ་འཛིན་ལ་དབང་མ་ཐོབ་པས་རེས་བསྒོམས་ཀྱང་མི་འོང་། རེས་མ་བསྒོམས་ཀྱང་འོང་། རེས་གསལ་རེས་མི་གསལ། དེའི་དུས་སུ་རྟོགས་པ་མ་ཐོབ་ངེས་ཤེས་ཆེན་པོ་མ་སྐྱེས། དེས་ཀྱང་དྭངས་བ་འདྲེན་ནུས། ཡེ་ཤེས་ཀྱི་མགོ་ཙམ་དང་ལམ་ནག་གྱི་སྣེ་ཙམ་ཟིན། རྩེ་གཅིག་གི་ཉམས་འདི་རྣམས་དཔེར་ན། ཚེས་གཅིག་གི་ཟླ་བ་ཟུར་ཙམ་མཐོང་བ་དང་འདྲ། སེམས་མ་བཅོས་པར་བཞག་པས། བདེ་སེང་ངེ་བར་གནས་ཏེ། བཤིག་མི་འདོད་པར་འབྱུང་བས། དེ་མ་བཤིགས་ན་སྒོམ་དོན་མཐུན་མི་སྐྱེ་བས་བཤིགས་ཏེ། རྟོག་པ་མི་འགེགས་པར་རྟོག་པ་གང་སྐྱེས་རང་བཞིན་མེད་པར་རང་ངོ་ཤེས་ཏེ་གཏན་ལ་ཕབ་པར་བྱའོ། །དེའང་རྩེ་གཅིག་ཆུང་ངུའི་དུས་སུ་སེམས་གསལ་སྟོང་དང་བདེ་ཉམས་དང་བཅས་པ་ངོས་བཟུང་ཅན་ཡོད་ལ། དེའི་ངང་ནས་རྣམ་རྟོག་ཤར་ཚེ། རང་


CMR054_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

དྭངས་སུ་འགྲོ་ཞིང་བསྒོམ་ཡིན་སྙམ་པས་བློས་བྱས་ཀྱི་ངེས་ཤེས་ཀྱང་འོང་། རྗེས་སྣང་ཨ་འཐས་ཀྱི་དྲན་པ་བྱ་བ་ཡོང་བས། དགའ་སྤྲོ་དང་བཅས་པས་སྣང་བ་ཕལ་ཆེར་ཨ་འཐས་སུ་འཆར། དྲན་པས་ཉམས་དང་བཅས་ཏེ། སྟོང་པ་རང་སེམས་སྣང་ཡིན་ནམ་སྙམ་པའི་འཛིན་སྟངས་དང་། རྨི་ལམ་སྔར་ལས་གསལ་དང་ཐོན་ཙམ་མ་གཏོགས་ཁྱད་པར་ཆེར་མི་འབྱུང་། རེས་སྒོམ་མི་ཡོང་སྙམ་པས་མཉམ་པར་འཇོག་དཀའ་བ་དང་། འཕེལ་འགྲིབ་ཆེ་ཞིང་མོས་གུས་དག་སྣང་སྙིང་རྗེ་ཆེར་འགྲོ། ཞེས་དང་། རྒྱལ་དབང་ཆོས་རྗེས་གསུངས་པ། འདིར་བཤད་ན་རྩེ་གཅིག་གི་རྩེ་གཅིག་ནི། རྣམ་གཡེང་གི་རྟོག་པ་ཞི་བའི་ངང་དུ་རྩེ་གཅིག་ཏུ་གནས་པ་དེ་ཡིན། རྩེ་གཅིག་གི་སྤྲོས་བྲལ་ནི། གནས་པ་དེའི་ངོས་ནས་མཚན་མའི་སྤྲོས་པ་མི་དམིགས་པ་དེ་ཡིན། རྩེ་གཅིག་གི་རོ་གཅིག་ནི་མི་རྟོག་པ་དང་རྣམ་པ་བདེ་བ་དང་གསལ་བ་དེ་ལ་ཉམས་ཀྱི་བདེ་གསལ་མི་རྟོག་པ་གསུམ་རོ་གཅིག་ཏུ་འདྲེས་པ་དེ་ཡིན། རྩེ་གཅིག་གི་སྒོམ་མེད་ནི། དེ་ལ་བརྟན་པ་ཐོབ་ནས་ཉིན་མཚན་འཁོར་ཡུག་ཏུ་སོང་བ་དེ་ཡིན། ཞེས་གསུངས་སོ། །དེས་ན་ད་ལམ་ཡང་ཆོས་ཀྱི་སྐབས་


CMR054_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་རེ་ཞིག་དེ་ཡན་མ་བཤད་ཀྱང་ཆོག་ཅིང་། འདིའི་ལུགས་ལ་རྩེ་གཅིག་འདི་ལ་ཞི་གནས་གཙོ་ཆེར་མོད་ཀྱི་ཞི་གནས་ཁ་རྐྱང་ནི་མ་ཡིན་ཏེ། ཞི་ལྷག་ཟུང་འཇུག་ཏུ་མ་འབྲེལ་ན། རྣལ་འབྱོར་བཞི་རིམ་གྱི་གྲར་མི་བརྩི་བ་ཡིན་ནོ། །ཟུར་མང་བཀའ་བརྒྱུད་ལ་སོགས་པ་བཀའ་བརྒྱུད་སྤྱིའི་ལུགས་ལ། འདི་ཙམ་ངོ་སྤྲད་ནས། དེ་ཡན་ཆད་ས་མཚམས་མི་ཕྱེ་བར་སྐྱོང་འཇུག་པ་ཡིན། ས་མཚམས་ཕྱེས་ཀྱང་ཞུ་ཤེས་མི་ཤེས་ཀྱི་དབང་གི་ས་མཚམས་འབྱེད་པར་དཀའ། གོལ་ས་རྣམས་ནི་ཞི་གནས་ཀྱི་སྐབས་ནས་ཡིན་གྱིས་ལྷག་མཐོང་ངོ་འཕྲོད་ནས་གོལ་ས་མེད། རྩེ་གཅིག་གི་སྣེ་ཟིན་ནས་ཕྱག་རྒྱ་ཆེན་པོའི་ལམ་སྣེ་ཟིན་པ་ཡིན་པས། དེ་མི་སྐྱུར་བར་སྐྱོང་བ་རང་གིས་ཆོག་པས། བོགས་འདོན་ཡང་ལོག་ནས་མི་དགོས་ཏེ། མོས་གུས་དང་གསོལ་འདེབས་ཁོ་ནས་ཆོག །གཞན་ལ་དྲི་རྟོག་དང་བཅས་བཅོས་ཡང་མི་དགོས་ཏེ། མོས་གུས་དྲག་པོས་གསོལ་བ་བཏབ་ནས། བླ་མ་རང་ལ་བསྟིམ་སྟེ། སེམས་ལ་བལྟས་པས་གང་ཤར་བའི་རྟོག་པ་དེ་ལ་གེགས་དང་གོལ་ས་ཅི་ཡང་མེད་པས། དེ་ལ་ངོ་སྤྲོད་ཀྱང་མི་དགོས། ས་ལམ་ཐམས་ཅད་


CMR054_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

མོས་གུས་ཀྱི་སྟོབས་ལས་སྐྱེས་པས་ཉམས་རྟོགས་དེས་བསྒྲོད་པ་ནི། རྡོ་རྗེ་ཕག་མོས་རྒོད་ཚང་པ་ལ་གནང་བའི་མོས་གུས་ཕྱག་རྒྱ་ཆེན་པོ་ཡིན་ནོ། །ཚར་རོ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་དྲུག་པ་ཕྱག་རྒྱ་ཆེན་པོའི་ཁྲིད།next