Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་བདུན་པ་རྫོགས་ཆེན་གྱི་ཁྲིད།
   
   


 
previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་བདུན་པ་རྫོགས་ཆེན་གྱི་ཁྲིད།next

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་བདུན་པ་རྫོགས་ཆེན་གྱི་ཁྲིད།


CMR054_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

༼ཙ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་བདུན་པ་རྫོགས་ཆེན་གྱི་ཁྲིད་བཞུགས་སོ།།


CMR054_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། ཆུ་བུར་མིག་གིས་བལྟས་པས། ཡེ་ཤེས་ཀྱི་སྤྱན་ཤར་བའི་གདམས་ངག་རྫོགས་པ་ཆེན་པོ་འོད་གསལ་ཐོད་རྒལ་གྱི་ཁྲིད་འདི་ཡང་། ཐུགས་རྗེ་ཆེན་པོའི་དམར་ཁྲིད་དང་འབྲེལ་ཆེ་བ་ཡིན་པས། རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་ནས། ཐུགས་རྗེ་ཆེན་པོའི་ཆོས་འདི་རྫོགས་པ་ཆེན་པོ་ཡང་ཡིན་ཏེ། ཞེས་སོགས་རྒྱ་ཆེར་གསུངས། ཀློང་གསལ་ལས་ཡིད་ཆེས་དོན་དུ་ལོ་རྒྱུས་བཤད། ཅེས་དང་། དཔལ་ཀུན་ཏུ་བཟང་པོ་ནས། ཇི་ལྟར་བརྒྱུད་པ་ལྟར་བཤད་དེ། ཉི་ཟླ་ཁ་སྦྱོར་


CMR054_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྒྱུད་ལས། དེ་ནས་ལོ་རྒྱུས་བཤད་པར་བྱ། །ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་གསུངས་པས། ཡིད་ཆེས་པར་བྱ་བ་དང་བྱིན་རླབས་འཇུག་ཅིང་ངེས་ཤེས་སྐྱེ་བར་བྱ་བའི་ཕྱིར།། བརྒྱུད་པའི་ཆེ་བའི་ཡོན་ཏན་རྣམས་བཤད་པར་བྱའོ། །དེ་ལ་ཐོག་མར་སངས་རྒྱས་དང་སེམས་ཅན་རིས་སུ་མ་བྱེ་བའི་ཚེ། དཔལ་ཀུན་ཏུ་བཟང་པོ་འཁྲུལ་མ་མྱོང་བར་སངས་རྒྱས། དེ་ལས་ཡན་ན་སངས་རྒྱས་གཞན་མེད་པས་དང་པོའི་སངས་རྒྱས་ཞེས་བྱ་སྟེ། སངས་རྒྱས་ཐམས་ཅད་ཀྱི་སྤྱི་


CMR054_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

མྱེས་སོ། །སེམས་ཅན་རྣམས་རང་ངོ་རང་གིས་མ་ཤེས་པས་འཁོར་བར་འཁྱམས་སོ། །དེའི་ཚེ་ཀུན་ཏུ་བཟང་པོ་ཆོས་སྐུ་སྟོང་པའི་ངང་ལས། གཟུགས་ཀྱི་སྐུར་བཞེངས་ཏེ། རྡོ་རྗེ་འཆང་ཆེན་པོ་དང་། ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་དང་། འོད་མི་འཁྲུགས་པ་དང་། སྟོན་པ་འཇིགས་སྐྱོབ་དང་། སྟོན་པ་གཞོན་ནུ་རོལ་པས་རྣམ་པར་བརྩེ་བ་དང་། །སྟོན་པ་རྡོ་རྗེ་འཆང་དང་། སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་དང་། སྟོན་པ་དྲང་སྲོང་འཕྲོས་པའི་རྒྱལ་པོ་དང་། སྟོན་པ་གསེར་འོད་དམ་པ་དང། སྟོན་པ་བརྩེ་བས་རོལ་པའི་བློ་གྲོས་དང་། སྟོན་པ་འོད་སྲུང་བགྲེས་པོ་དང་། སྟོན་པ་མངོན་རྫོགས་རྒྱལ་པོ་དང་། སྟོན་པ་ཤཱཀྱ་ཐུབ་པ་སྟེ། སྔོན་བྱོན་སྟོན་པ་བཅུ་གཉིས་དེ་རྣམས་ཀྱིས་གསུངས་པའི། རྫོགས་པ་ཆེན་པོའི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞི་གསུངས་པ་རྣམས་རྡོ་རྗེ་སེམས་དཔས་ཨོ་རྒྱན་ཡུལ་གྱི་དགའ་རབ་རྡོ་རྗེ་ལ་གསུངས་པས། ཐུགས་སུ་ཆུད་པ་ཡི་གེར་བཀོད། དགའ་རབ་རྡོ་རྗེས་རྒྱ་ནག་གི་རིག་འཛིན་ཤྲཱི་སེང་ཧ་དང་། རྒྱ་གར་གྱི་རིག་འཛིན་འཇམ་དཔལ་བཤེས་གཉེན་དང་། བྲམ་ཟེའི་ཁྱེའུ་གསུམ་ལ་བཤད་པས། རྫོགས་


CMR054_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་བྲམ་ཟེ་ལུགས་སོགས་གསུམ་དུ་གྲགས། ཤྲཱི་སེང་ཧས་པདྨ་འབྱུང་གནས་དང་པཎྜི་ཏ་རྒྱལ་བ་ཡེ་ཤེས་མདོ་དང་། བི་མ་ལ་མི་ཏྲ་གསུམ་ལ་བཤད།། བི་མ་ལ་བོད་དུ་ཕེབས་ནས་མྱང་ཏིང་འཛིན་བཟང་པོ་བེ་རོ་ཙ་ན་སོགས་ལ་གསུངས་པས། བི་མ་ལའི་སྙིང་ཏིག་དང་། བེ་རོ་ཙ་ནའི་འདྲ་འབག་སོགས་རྫོགས་ཆེན་བཀའ་མ་རྣམས་ཡིན། ཨོ་རྒྱན་གྱིས་གཏེར་དུ་སྦས་པ། མཁའ་འགྲོ་སྙིང་ཏིག་ཀློང་གསལ་སྙིང་ཏིག་རྡོར་སེམས་སྙིང་ཏིག །ལྟ་བ་ཀློང་ཡང་དགོངས་པ་ཟང་ཐལ་ལ་སོགས་པ་དཔག་ཏུ་མེད་པ་ཡོད་དེ། དེ་སྔོན་གཏེར་སྟོན་ཕྱེད་གཉིས་བརྒྱ་ལྷག་ཙམ་བྱོན་པས། གཏེར་ཁ་རེ་རེ་ཡོད་པ་ཡིན། སྤྱིར་རྫོགས་པ་ཆེན་པོ་ལ་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཡོད་པར་བཤད་དེ། ཕལ་ཆེར་གཏེར་དུ་བཞུགས། འགའ་ཞིག་མི་ཡུལ་དུ་དར་ཏེ་རྫོགས་པ་ཆེན་པོའི་རྒྱུད་བཅུ་བདུན་རྒྱུད་བུ་ཆུང་བཅུ་བདུན། མཁའ་འགྲོ་ཀློང་གསལ་འབར་མའི་རྒྱུད། སེམས་སྨད་མ་བུ་བཅུ་བདུན། མདོ་བདུན། སྒྱུ་འཕྲུལ་སྡེ་བརྒྱད་ལ་སོགས་པ་མདོ་སྒྱུ་སེམས་གསུམ་དུ་གྲགས་པ་རྣམས་ཡིན། སྤྱིར་རྫོགས་ཆེན་འདི་ཐེག་པ་དགུའི་ཡང་རྩེ། མཁའ་འགྲོའི་


CMR054_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཁྲག་མན་ངག་གི་ཆོས་བཀའ་སྲུང་མ་གཟའ་དམ་གསུམ་ཡོད་པས་ཤིན་ཏུ་གཉེན་པའི་ཕྱིར། གཅིག་བརྒྱུད་མ་གཏོགས་ཁྲོམ་ཆོས་སུ་བཤད་མི་རུང་ནའང་། ཀརྨ་གླིང་པའི་གཏེར་ཁ། ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་དང་། དགོངས་པ་རང་གྲོལ་གཉིས་ཀའི་ཐུན་མོང་གི་ཆོས། བར་དོ་ཁྲིད་དྲུག་གི་ནང་ནས། སྒྲོལ་མ་དྲུག་གི་ངོ་སྤྲོད། ཤེས་རིག་རང་གྲོལ་དང་། ཆོས་ཉིད་བར་དོའི་ངོ་སྤྲོད། མཐོང་བ་རང་གྲོལ་ལས། ངོ་སྤྲོད་སུམ་ཅུ་སོ་གཉིས་ཡོད་པའི་ནང་ནས། ལྔ་པ་ཉི་ཟེར་འོད་ཟེར་ངོ་སྤྲོད་ཀྱིས། སྐུ་གསུམ་དག་པའི་ཞིང་ཁམས་ངོ་སྤྲོད་བྱ། ཞེས་གསུངས་པ་དེ་བཤད་རྒྱུད་ཡིན། འདི་ནི་འགྲོ་དོན་གྱི་ཆོས་ཡིན་པས་ཁྲོམ་ཆོས་སུ་རུང་བར་བཤད། དེ་བཤད་པ་ལ་ཐོག་མར་རྫོགས་ཆེན་དང་འབྲེལ་པའི་དབང་ཞིག་ཐོབ་དགོས། དེ་མ་ཐོབ་ན་ཉན་ཡང་མི་རུང་སྟེ་གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་ག་ལ་འགྱུར། དཔེར་ན་མཉན་པ་ལག་སྐྱ་མེད་པ་ཡིས། །ཕ་རོལ་བསྒྲོད་པ་ག་ལ་འགྱུར། །དབང་རྣམས་རབ་ཏུ་ཐོབ་བྱས་ནས། །གསང་སྔགས་མ་ལུས་ཐམས་ཅད་འགྲུབ། །ཅེས་དང་། དབང་མ་ཐོབ་པར་རྒྱུད་བཤད་དང་། ལྗིད་མ་


CMR054_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་པར་ཁལ་འགེལ་བ་འདི་དག་ཕུང་བའི་རྒྱུ་ཡིན་ནོ། །ཞེས་གསུངས་ཏེ། རྫོགས་ཆེན་དང་འབྲེལ་བའི་དབང་ཞིག་སྔོན་དུ་བསྐུར་ཡོད་པ་དེས་འཐུས། །དུས་ཚོད་ཀྱང་ཀློང་གསལ་ལས། དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། །ཟེར་ཉིའི་དུས་ནི་མཆོག་ཏུ་བཤད་པ་ཡིན། །ཅེས་གསུངས་པས། སྟོན་དང་དཔྱིད་ནམ་མཁའ་དྭངས་དུས་རབ། མ་འཛོམས་ན་ཡང་ཉི་མ་རྩེ་ཤར་དང་། ནུབ་ཁ་སྤྲིན་མེད་དུ་ངོ་སྤྲད་དགོས་པར་བཤད། འདིར་དངོས་གཞི་སྔོན་འགྲོ་བསྟན་པར་བྱ་སྟེ། ཐལ་འགྱུར་ལས། སྔོན་དུ་འགྲོ་བ་རྩལ་ཉིད་སྦྱངས། །ལུས་དང་ངག་དང་ཡིད་གསུམ་པོ། །འཁོར་འདས་རུ་ཤན་འབྱེད་པར་བཤད། །འཁོར་འདས་རུ་ཤན་མ་ཕྱེས་ན། །འཁོར་འདས་ལུས་ངག་ཡིད་གསུམ་གྱི། །འབྲེལ་པ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་ཕྱེ་བར་བྱ། །ཞེས་གསུངས་སོ། །འདས་རྗེས་ལས། ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད། །དཀོན་མཆོག་གསུམ་གྱི་སྤྱོད་པ་སྤྱད། །ངག་གི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྒྲ་སྐད་སྣ་ཚོགས་བརྗོད། །ཞི་ཁྲོའི་སྒྲ་དང་


CMR054_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་སྒྲ། །རྣམ་པ་སྣ་ཚོགས་དག་ལ་སྤྱད། །ཡིད་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྡུག་བསྔལ་བློ་ལ་བླང་། །རྗེས་ཀྱི་ཤེས་པ་རྩད་ཀྱང་བཅད། །ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་གསུམ་དུ་ཤར། །ཡི་གེ་རྩལ་སྦྱངས་རུ་ཤན་དབྱེ། །ཞེས་གསུངས་པའི་དོན། དེ་ལྟར་ལུས་ངག་ཡིད་གསུམ་གྱི་དམིགས་པ་འདི་ལྟར་སྒོམས་ཤིག །ཁྱེད་རང་རྣམས་ཀྱི་རྐང་མཐིལ་གཡས་སུ་ཡི་གེ་དུཝནག་པོ་གཅིག་ལ་བདག་དང་སེམས་ཅན་ཐམས་ཅད་ཚ་དམྱལ་དུ་སྐྱེ་བའི་སྡིག་སྒྲིབ་ཐམས་ཅད་ཐིམ་པས། མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་ཚ་དམྱལ་བརྒྱད་དུ་གྱུར། དེའི་ནང་དུ་རང་ཚུད་ནས་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་པར་བསྒོམས་ལ། རཾ་ན་ར་ཀ་ལན་བདུན་ནམ་གསུམ་ཙམ་བརྗོད་ཅིག །ད་དེ་སྒོམ་མཁན་གྱི་སེམས་ལ་ལྟོས། ཅིའི་ངོ་བོ་ཡང་མ་གྲུབ། ད་རྐང་མཐིལ་གཡོན་དུ་ཡི་གེ་དུནག་པོ་གཅིག་ལ། གྲང་དམྱལ་དུ་སྐྱེ་བའི་སྡིག་སྒྲིབ་ཐམས་ཅད་ཐིམ་པས་གྲང་དམྱལ་དུ་གྱུར། དེའི་ནང་དུ་རང་ཚུད་ནས་ཤིན་ཏུ་འཁྱག་ཅིང་ལུས་གས་པར་


CMR054_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ལ། ཁཾ་ན་ར་ཀ་ལན་བདུན་བརྗོད་ཅིག །དེ་སྒོམ་མཁན་སེམས་ཀྱི་ངོ་བོ་ལ་ལྟོས། གསང་གནས་སུ་ཡི་གེ་པྲདམར་པོ་ལ་ཡི་དྭགས་སུ་སྐྱེ་བའི་སྡིག་སྒྲིབ་ཐམས་ཅད་ཐིམ་པས་ཡི་དྭགས་ཀྱི་གླིང་དུ་གྱུར། དེའི་ནང་དུ་རང་ཚུད་པས་བཀྲེས་སྐོམ་གྱི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་པར་བསྒོམས་ལ། སརྦ་པྲ་ཏ་ཀ་ལན་བདུན་བརྗོད། ད་སེམས་ལ་ལྟོས། ལྟེ་བར་ཡི་གེ་ཏྲིདམར་པོ་གཅིག་ལ་དུད་འགྲོར་སྐྱེ་བའི་སྡིག་སྒྲིབ་ཐམས་ཅད་ཐིམ་པས་དུད་འགྲོའི་གླིང་དུ་གྱུར། གླེན་ཞིང་ལྐུགས་པར་བསྒོམས་ལ། སརྦ་ཏིརྻ་ཀ་ལན་བདུན་བརྗོད། ད་སེམས་ལ་ལྟོས། སྙིང་གར་ཡི་གེ་ནིལྗང་ཁུ་གཅིག་ལ་མིར་སྐྱེ་བའི་རྒྱུ་ཐམས་ཅད་ཐིམ་པས་གླིང་བཞི་མི་ཡི་འཇིག་རྟེན་དུ་གྱུར། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཐམས་ཅད་བསྒོམས་ལ། སརྦ་མ་ནུ་ཁེ་ལན་བདུན་བརྗོད། དེ་ནས་སེམས་ལ་ལྟོས། མགྲིན་པར་ཡི་གེ་སུསེར་པོ་གཅིག་ལ་ལྷ་མིན་དུ་སྐྱེ་བའི་སྡིག་སྒྲིབ་ཐམས་ཅད་ཐིམ་པས་ལྷ་མིན་འཐབ་རྩོད་ཀྱི་གནས་སུ་གྱུར། རང་དེའི་ནང་དུ་ཚུད་ནས་འཐབ་རྩོད་སྡུག་བསྔལ་སྐྲག་སྔངས་ཡོད་པར་བསྒོམས་ལ། སརྦ་ཨ་སུ་ར་ལན་བདུན་


CMR054_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། དེ་སྒོམ་མཁན་སེམས་ལ་ལྟོས། སྤྱི་བོར་ཡི་གེ་ཨདཀར་པོ་གཅིག་ལ་ལྷར་སྐྱེ་བའི་རྒྱུ་ཐམས་ཅད་ཐིམ་པས། འདོད་ལྷ་རིགས་དྲུག་སོགས་ལྷའི་གནས་སུ་གྱུར། རང་དེའི་ནང་དུ་སྐྱེས་ནས་ཕམ་ལྟུང་གི་སྡུག་བསྔལ་མྱོང་བར་བསྒོམས་ལ། སརྦ་དེ་ཝ་ལན་བདུན་བརྗོད། དེ་ལྟར་སྒོམ་མཁན་སེམས་ལ་ལྟོས། དེ་ལྟར་རིགས་དྲུག་གི་སྡུག་བསྔལ་དེ་རྣམས་ཀྱང་སེམས་ཡིན། སེམས་སྟོང་པ་ཉིད་ཡིན། སྟོང་པ་ཉིད་ལ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བ་མ་གྲུབ་བོ། །དེ་ལྟར་བསྒོམས་པས་རིགས་དྲུག་གི་སྐྱེ་སྒོ་ཆོད་པའི་གདམས་ངག་ཡིན། ད་སྐྱེ་སྒོ་ཆོད་པའི་སྔགས་འདི་འུར་འདོན་གཅིག་མཛོད། ༢ཨཤསམསཿ ད་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ་གསུམ་བསྒོམ། དེ་ལ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐིམ་པས་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་ལྡན་དུ་འབར། ལུས་ཀྱི་རྩ་གནས་དྲུག་གིས་རིགས་དྲུག་གི་གྲོང་ཁྱེར་ས་བོན་ཡིག་འབྲུ་དང་བཅས་པ་བསྲེགས་ནས་རིགས་དྲུག་གི་གནས་སྟོང་པར་བསྒོམས་ལ། ཨོཾ་ཨཱཿཧཱུྃ་ལ་འུར་འདོན་ཅིག་མཛོད། དེ་ནས་ཁྱེད་རང་


CMR054_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དགེ་འདུན་དཀོན་མཆོག་གི་ངོ་བོ་དགེ་སློང་མ་ཕམ་པ་ཡིན་པར་བསྒོམས་ལ། ན་མོ་སངྒྷ་ཡ་ལན་གསུམ་བརྗོད། ད་ཁྱེད་རང་རྣམས་ཆོས་དཀོན་མཆོག་གི་ངོ་བོ་ཡུམ་ཆེན་མོ་ཡིན་པར་བསྒོམས་ལ། ན་མོ་དྷརྨཱ་ཡ་ལན་གསུམ་བརྗོད། ད་ཁྱེད་རང་རྣམས་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུར་བསྒོམས་ལ། ན་མོ་བུདྡྷ་ཡ་ལན་གསུམ་བརྗོད། ད་ཁྱེད་རང་རྣམས་ཞི་བ་ཐུགས་རྗེ་ཆེན་པོའི་སྐུར་བསྒོམས་ལ། ཡིག་དྲུག་ལན་གསུམ་བརྗོད། ཁྲོ་བོ་རྟ་མགྲིན་གྱི་སྐུར་བསྒོམས་ལ་ཨོ་རྒྱ་གྲོ་ཝ་ཧཱུྃ་ཕཊ། ལན་གསུམ་བརྗོད། ལུས་འདི་ཡང་འབྱུང་བ་ལྔ་ལས་གྲུབ། ཕྱིའི་འབྱུང་བ་ལྔ་ཡང་ནང་རིག་པ་སེམས་ཉིད་ཀྱི་རྩལ་ཡིན་པར་འདུག་བསམ་པ་གྱིས་ལ་རྗེས་ཟློས་ལན་གསུམ་མཛོད། ཨེ་ཡཾ་རཾ་བཾ་ལཾ། ཐལ་འགྱུར་ལས། རྡོ་རྗེ་སྐྱིལ་ཀྲུང་དང་བཅས་པས། །དེ་ལྟར་ལུས་སྦྱངས་སེམས་ལ་ཕན། །ངག་ནི་ཧཱུྃ་ཞེས་གནས་པ་ལ། །རྒྱས་བཏབ་པ་དང་རྩལ་ཉིད་སྦྱངས། །མཉེན་བཙལ་ལམ་དུ་གཞུག་པ་ཡིས། །དེ་ལྟར་ངག་སྦྱངས་སེམས་ལ་ཕན། །གསུངས་སོ། །ད་ཁྱེད་རང་རྣམས་སྐྱིལ་ཀྲུང་དང་ལུས་དྲང་པོར་བསྲང་ལ་སྤྱི་བོར་ཐལ་མོ་སྦྱོར། ལུས་


CMR054_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ལྟེ་བར་ཡི་གེ་ཧཱུྃ་སྔོན་པོས་མཚན་པ། དེ་ལས་ཧཱུྃ་སྔོན་པོའི་ཐག་པ་ཁ་ནས་འཕྲོས། འཇིག་རྟེན་ཐམས་ཅད་ཧཱུྃ་སྔོན་པོས་གང་། ཚུར་འདུས་ནམ་མཁར་ཧཱུྃ་སྔོན་པོ་ཁྲུ་གང་ཙམ་ཞིག་བསྒོམ། ལུས་ཀྱི་ནང་ཐམས་ཅད་ཀྱང་ཧཱུཾ་སྔོན་པོ་མང་པོས་གང་བར་བསྒོམས་ལ། ཧཱུྃ་རིང་ལན་གསུམ་ལ་དབྱངས་དང་། ཧཱུྃ་ཐུང་ལ་འུར་འདོན་ཅིག་མཛོད། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། དེ་ལྟར་ཁམས་གསུམ་འཁོར་བའི་རུ་ཤན་ཕྱེས་པས། འཁོར་བར་མི་འཁྱམས་པའི་གདམས་ངག་ཡིན་ཏེ། རྒྱུད་ལས། རིགས་དྲུག་རུ་ཤན་ཕྱེས་ནས་ནི། །འཁོར་བའི་གནས་སུ་མི་ལྡོག་ཅིང་། །སེམས་ཅན་དོན་བྱེད་ནུས་པ་ནི། །ནོར་བུའི་ཚུལ་དུ་འབྱུང་བར་འགྱུར། །ཞེས་དང་། སྒྲོན་མ་འབར་བ་ལས། །འཁོར་འདས་རུ་ཤན་ཕྱེས་ནས་ནི། །ལུས་ངག་ཡིད་གསུམ་རྣལ་དུ་དབབ། །ཅེས་གསུངས་པས། དེ་ལ་ལུས་ནི་ལུས་གནད་ཅི་བདེར་བཅའ། ངག་ཅི་ཡང་མི་སྨྲ། སེམས་བསམ་བརྗོད་དང་བྲལ་བའི་ངང་ལ་མ་ཡེངས་པར་བཞག །འདས་རྗེས་ལས། དེ་ནས་ལུས་ངག་ཡིད་གསུམ་པོ། །རྣལ་དུ་དབབ་ལ་མཁས་པར་བྱ། །ཞེས་གསུངས་ཤིང་།


CMR054_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་དུ་དབབ་པའི་ཡོན་ཏན་ནི། ཀློང་གསལ་ལས། འདི་ལྟར་རྣལ་དུ་སུས་དབབ་པ། །རླུང་འཁྲུགས་ནད་རྐྱེན་ཞི་བ་དང་། །འཛིན་པ་རང་གྲོལ་ཉིད་དུ་འགྱུར། །ལུས་ངག་ཡིད་གསུམ་རང་གྲོལ་དུ་བཞག་པར་བྱའོ། །དེ་ནས་སོར་འཇུག་པར་བྱ་སྟེ། ཀློང་གསལ་ལས། རྣལ་དུ་དབབ་ནས་སོར་དུ་འཇུག །ཀ་དག་དེ་ནི་རྟོགས་པའོ། །ཞེས་གསུངས་སོ། །དེ་ནས་དངོས་གཞི་སྒྲོན་མ་དྲུག་གི་ངོ་སྤྲོད་གོ་བདེ་བར་བཤད་ན། སྒྲོན་མའི་ངོ་བོ་ནི། རང་གི་རིག་པའི་ངོ་བོ། སྒྲོན་མའི་རང་བཞིན་ནི་སྟོང་པ་ཉིད། སྒྲོན་མའི་མཚན་ཉིད་ནི། གསལ་སྟོང་གཉིས་སུ་མེད་པ་སྟེ། དེ་དག་ནི་སྔོན་ངོ་སྤྲོད་ཀྱི་སྐབས་སུ་སོང་བས་འདིར་བཤད་མི་དགོས། ངེས་ཚིག་ནི་སྤྱིར་གཞི་བདེ་གཤེགས་སྙིང་པོ་ལ་གནས་པ་གཞིའི་སྒྲོན་མ་ཞེས་བྱ། དེ་དག་ནི་རྫོགས་པ་ཆེན་པོའི་གཞི་ཁྲེགས་ཆོད་ཅེས་བྱ་བ་སྟེ། ཕྱག་རྒྱ་ཆེན་པོ་དང་དོན་གཅིག །རྫོགས་ཆེན་སེམས་སྡེའི་སྐོར་ཡིན། གཞི་དེ་རྟོགས་པར་བྱས་ནས་ལམ་ཐོད་རྒལ་གྱིས་བསྒྲོད་པ་ནི། རྫོགས་ཆེན་ཀློང་སྡེ་དང་མན་ངག་གི་སྡེ་ཞེས་བྱ་བ་སྟེ། ཕྱག་ཆེན་ལས་ཀྱང་ཐེག་པ་མཐོ་བར་བཤད་


CMR054_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། ཙིཏྟ་ཤའི་སྒྲོན་མ་ཞེས་བྱ་བ་ནི། གནས་ལུགས་ཀྱི་དོན་དེ་སྤྱིར་ལུས་ལ་གནས་ཤིང་། ཁྱད་པར་དུ་ཡང་སྙིང་གི་ནང་ན་གནས་ཏེ། ངོ་སྤྲོད་སྤྱད་པའི་རྒྱུད་ལས། དོན་རང་གི་ལུས་ཀྱི་དཀྱིལ་ན། སྙིང་ནང་ཡེ་ཤེས་ཆེན་པོར་གནས། །ཞེས་པ་དང་། ཐིག་ལེ་འདུས་པའི་རྒྱུད་ལས། སེམས་ཅན་དྲན་བྱེད་ཙིཏྟའི་དཀྱིལ། །ཆོས་གསུམ་སེམས་ཀྱི་ངོ་བོར་གནས། །ཞེས་པ་དང་། རིག་པ་སྙིང་གི་དཀྱིལ་དུ་གནས་པ་ལ། ཙིཏྟ་ཤའི་སྒྲོན་མ་ཞེས་བྱའོ། །དཀར་འཇམ་རྩའི་སྒྲོན་མ་ཞེས་བྱ་བ་ནི། སྙིང་དང་མིག་གཉིས་འབྲེལ་བའི་རྩ། སྐྱོན་ཡོན་དབང་པོ་དྲུངས་འབྱེད་ཀྱི་རྩ་ཞེས་བྱའོ། །ཞེས་པ་དང་། ནང་ན་ཁྲག་དང་ཆུ་སེར་མེད་པའི་སྟོང་གསལ་གཅིག་ཡོད་པ་སྟེ། རིག་པ་འགྱུར་བ་མེད་པ་ཡིན་ཏེ། དེ་ལ་ནི་དཀར་འཇམ་རྩའི་སྒྲོན་མ་ཞེས་བྱ་སྟེ། ཐིག་ལེ་འདུས་པའི་རྒྱུད་ལས། རྩའི་རྒྱལ་པོ་ཤེལ་གྱི་སྦུ་གུ་ཅན། །ཉི་མ་ཟླ་བའི་ནང་ན་ཟུག་པར་གནས། །ཞེས་དང་། སྒྲོན་མ་འབར་བའི་རྒྱུད་ལས། ཀླད་པ་དུང་ཁང་དཀར་པོ་ནས། །གཡས་སུ་འཁྱིལ་པ་གསུམ་ཡོད་པས། །རྩ་ནི་བ་མན་རྭ་འདྲའི་དབྱིབས། །འབྱུང་བའི་དྭངས་མ་


CMR054_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འདུས་ནས། །དབང་པོའི་ཡུལ་ལས་འཆར་བྱེད་པའི། །རྩ་ཡི་ནང་ན་འདི་ཉིད་གཅེས། །དེས་ན་རྣམ་ཤེས་འགྱུ་བའི་ལམ་ལ་དཀར་འཇམ་རྩའི་སྒྲོན་མ་ཞེས་བྱའོ། །རྐྱང་ཞགས་ཆུའི་སྒྲོན་མ་ཞེས་བྱ་བ་ནི། མིག་ཆུའི་དཀྱིལ་འཁོར་ནས་མཐོང་བ་མ་འགགས་པར་གསལ་བ་སྟེ། སྒྲ་ཐལ་འགྱུར་གྱི་རྒྱུད་ལས། ཡེ་ཤེས་འཆར་བའི་སྒོ་ཉིད་ནས། །ལུས་བཅུད་དྭངས་མ་ཀུན་འདུས་པའི། །ཙཀླུ་ཞེས་པའི་སྒོ་ལ་ཐོན། །ཅེས་དང་། སངས་རྒྱས་རང་ཆས་ཀྱི་རྒྱུད་ལས། ཡེ་ཤེས་ཀྱི་སྐུ་བསྟན་ཡེ་ཤེས་ཟང་ཐལ་གྱི། བརྟེན་པ་དེ་རང་གིས་མིག་ལ་བརྟེན་ནོ། །གནས་པ་རང་གི་མིག་འབྲུའི་དཀྱིལ་ན་གནས་སོ། །གསལ་བ་མཐོང་བ་མ་འགགས་པར་གསལ་ལོ། །རང་གི་མིག་འབྲུའི་དཀྱིལ་ནས་མ་འགགས་པ་ཟང་ཐལ་བ་འདི། སངས་རྒྱས་ཡེ་ཤེས་ཟང་ཐལ་གྱི་སྐུ་ཡིན་ནོ། །ཞེས་དང་། མིག་གི་མཐོང་བ་མ་འགགས་པར་གསལ་བ་འདི་ལ་རྐྱང་ཞགས་ཆུའི་སྒྲོན་མ་ཞེས་བྱའོ། །ཞེས་དང་། ཐུགས་རྗེ་ཆེན་པོའི་ཡེ་ཤེས་འོད་མཆོག་གི་གསང་ལམ་ངོ་སྤྲོད་ལས། གསང་བའི་བདག་པོ་ཉོན་ཅིག །བདེ་བར་གཤེགས་པ་ཡེ་ཤེས་ལུས་


CMR054_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། རྟེན་པ་རང་ལུས་བྱང་ཁོག་སྟོད་འདི་ན་རྟེན་ཡོད་དོ། །གནས་པ་སྙིང་གི་ནང་ན་གནས་སོ། །ལམ་ནི་སྙིང་ནས་མིག་ཏུ་རྩ་དར་དཀར་གྱི་སྐུད་པ་ཙམ་གཉན་པ་ཁྲག་དང་ཆུ་སེར་མེད་པ་གཅིག་གིས་སྦྲེལ་ནས་ཡོད་དོ། །དེ་ནི་ཡེ་ཤེས་ཀྱི་ལམ་ཡིན་ནོ། །ཞེས་དང་། ཐུགས་རྗེ་ཆེན་པོ་དོན་ཏིག་གི་རྒྱུད་ལས། དེ་ལྟར་འོད་གསལ་ཉམས་ཀྱི་རྟེན། །རྐྱང་ཞགས་ཆུའི་སྒྲོན་མ་ཞེས། །ཞེས་དང་། ངོ་སྤྲོད་མཐོང་བ་རང་གྲོལ་ཨོ་རྒྱན་གྱི་གསུངས་པ་ལས། སྔ་དྲོའམ་དགོང་མོ་ནམ་མཁའ་དང་ཉི་ཟེར་གསལ་བའི་དུས་སུ། སློབ་བུ་ཐམས་ཅད་ཕྱེད་བསྙེས་སུ་ཉི་མ་ལ་མིག་ཟིམ་བུའི་བལྟས་པས། འདིར་ལྟ་བཅུག་ཀྱང་རུང་། རིགས་ཀྱི་བུ་རྣམས་དེས་ཉི་མའི་སྙིང་པོ་འདི་དག་ཅིང་། དྲི་མ་མེད་པར་གསལ་བཞིན་དུ། ཆོས་སྐུ་དག་པ་གཉིས་ལྡན་ཀ་ནས་དག་ཅིང་། དྲི་མ་མེད་པར་ཤེས་པར་གྱིས་ཤིག །ཉི་མའི་མདངས་འཇའ་ཁ་དོག་ལྔ་དང་ལྡན་པ་སུས་ཀྱང་མ་བྱས་པར་རང་གསལ་བ་བཞིན་དུ་ཆོས་སྐུ་ཀ་ནས་དག་པའི་མདངས་ལས། ལོངས་སྐུ་ལྷུན་གྲུབ་ངེས་པ་ལྔ་ལྡན་པ། འཇའ་འོད་ཐིག་ལེ་ལྔ་ལྡན་སྐུ་མ་བྲིས་པའི་དཀྱིལ་འཁོར། རང་བཞིན་གྱིས་འོད་


CMR054_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་ཤེས་པར་གྱིས་ཤིག །དེ་ཡང་འཇའ་འོད་ཁ་དོག་ལྔ་དང་ལྡན་པ་ནི། སངས་རྒྱས་ཐམས་ཅད་རིགས་ལྔའི་རང་བཞིན་དུ་ཤེས་པར་གྱིས་ཤིག །དེ་ཡང་སྐད་ཅིག་མ་སྒྲིབ་པར་འགགས་མེད་ཟང་ཐལ་དུ་ནམ་མཁར་གནས་པ་ནི། སངས་རྒྱས་ཡེ་ཤེས་ལུས་ཅན་གྱི་སྐུ་སྣང་ལ་རང་བཞིན་མེད་པ། སྐུ་ལ་མདུན་རྒྱབ་མེད་པ། །དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་སྐུར་ཤེས་པར་གྱིས་ཤིག །དེ་དག་ཀྱང་རྨ་བྱའི་མདོངས་ལྟ་བུའམ། ཕུབ་ཀྱི་སྤ་འཁོར་ལྟ་བུའམ། འཇའ་འོད་མུ་ཁྱུད་ལྔ་ལྡན་ནང་ན་བཞུགས་པ་ནི། རྣམ་དག་ཆོས་དབྱིངས་སྒྲོན་མ་དག་པ་རང་གསལ་གྱི་ཞིང་ཁམས་སུ་བཞུགས་པར་ཤེས་པར་གྱིས་ཤིག །དེ་དག་གི་ཟེར་དང་མདངས་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོ་ཞིང་གསལ་བ་འདི་ནི་ལོངས་སྐུ་ངེས་པ་ལྔ་ལྡན་གྱི་རྩལ་ལས། སྤྲུལ་སྐུ་མ་ངེས་ལྔ་ལྡན་གང་ལ་གང་འདུལ་རྒྱུན་མི་འཆད་པར་ཤེས་པ་གྱིས་ཤིག །འོད་ཟེར་དེ་དག་གི་ནང་ནས་ཐིག་ལེ་ཐིག་ཕྲན་བསམ་གྱིས་མི་ཁྱབ་པ། ཉ་མིག་ལྟ་བུ་དང་མུ་ཏིག་གི་དྲྭ་བ་ལྟ་བུའི་བར་དུ། དྲ་བ་དང་དྲ་ཕྱེད་ལུ་གུ་རྒྱུད་དུ་འབྲེལ་ཞིང་འགུལ་བ་དང་། འཕྲིག་པར་སྣང་བ་


CMR054_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་སྤྲུལ་པའི་སྐུ་སྟེ། བྱེ་བ་བརྒྱ་ཕྲག་བསམ་གྱིས་མི་ཁྱབ་པས། འགྲོ་དོན་རྒྱུན་མི་འཆད་པར་ཤེས་པར་གྱིས་ཤིག །དེ་དག་ཀྱང་སྣང་ཚུལ་ཐ་དད་ཀྱང་ཉི་མ་དང་འཇའ་འོད་ཐིག་ལེ་སྟོང་ཉིད་རང་བཞིན་གྱིས་ངང་ལ་དབྱེར་མེད་པ་ལྟར། དོན་སྐུ་གསུམ་སྣང་ཚུལ་གྱི་ཐ་དད་ཀྱང་། ངོ་བོ་ཆོས་ཉིད་ངང་ལས་དབྱེར་མེད་ཤེས་པར་གྱིས་ཤིག །ཅེས་དང་། །ཉི་ཟེར་རྩིབས་ཤར་ངོ་སྤྱོད་ནི། ནམ་མཁའི་དྭངས་ཤིང་ཉི་ཟེར་གསལ་བའི་དུས་སུ། སློབ་མ་རྣམས་ཉི་མ་ལ་མིག་ཟིམ་བུས་བལྟས་པས། ཉི་མའི་ཟེར་མཚོན་ཆ་གཤིབ་པ་འདྲ་བ་དང་། མདུང་རྩེ་གཤིབ་པ་འདྲ་བ་དང་། བ་དག་གཟེང་བ་འདྲ་བ་འོང་སྟེ། དེ་ནི་ཆོས་ཉིད་ཀྱི་བར་དོར་འོད་ཟེར་མཚོན་ཆའི་ཆར་བབ་པ་འདྲ་བས། རང་གི་ཐོག་ཏུ་ཟུག་ནས་འོང་བའི་སྣང་བ་འཆར་ནས་འོང་སྟེ། དེ་ནི་མཚོན་ཆ་མ་ཡིན་ཏེ། ཡེ་ཤེས་གསལ་བའི་ཟེར་ཡིན། དེ་ལ་མ་སྐྲག་པར་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག །འོད་ཁ་དོག་ལྔ་ལྡན་སྣང་བ་འདི། ངོ་མ་ཤེས་ན་ཉོན་མོངས་པ་དུག་ལྔ་ཡིན། འོད་ལྔ་ངོ་ཤེས་པ་རྒྱལ་བ་རིགས་ལྔ་སྟེ། འོད་ཟེར་མཐིང་ཀ་རྡོ་རྗེ་སེམས་དཔའ་ཡིན། འོད་ཟེར་དཀར་པོ་རྣམ་པར་


CMR054_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མཛད་ཡིན། འོད་ཟེར་སེར་པོ་རིན་ཆེན་འབྱུང་ལྡན་ཡིན། འོད་ཟེར་དམར་པོ་སྣང་བ་མཐའ་ཡས་ཡིན། འོད་ཟེར་ལྗང་ཁུ་དོན་ཡོད་གྲུབ་པ་ཡིན། ངོ་མ་ཤེས་ན་ཕུང་པོ་ལྔ་ཡིན་ཏེ། དེ་ཡང་འོད་ཟེར་མཐིང་ཀ་རྣམ་ཤེས་ཕུང་པོ་ཡིན། འོད་ཟེར་དཀར་པོ་གཟུགས་ཀྱི་ཕུང་པོ་ཡིན། འོད་ཟེར་སེར་པོ་ཚོར་བའི་ཕུང་པོ་ཡིན། འོད་ཟླ་ཟེར་དམར་པོ་འདུ་ཤེས་ཕུང་པོ་ཡིན། འོད་ཟེར་ལྗང་ཁུ་འདུ་བྱེད་ཕུང་པོ་ཡིན། འོད་ལྔའི་དོན་རྟོགས་ན་ཡུམ་ལྔ་ཡིན་ཏེ། འོད་ཟེར་མཐིང་ཁ་ནམ་མཁའི་དབྱིངས་ཕྱུག་མ། །འོད་ཟེར་དཀར་པོ་སངས་རྒྱས་སྤྱན་མ་ཡིན། འོད་ཟེར་སེར་པོ་ཡུམ་མཆོག་མ་མཱ་ཀི། འོད་ཟེར་དམར་པོ་ཡུམ་མཆོག་གོས་དཀར་མོ། འོད་ཟེར་ལྗང་ཁུ་དམ་ཚིག་སྒྲོལ་མའོ། །ངོ་མ་ཤེས་ན་འབྱུང་བ་ལྔ་ཡིན་ཏེ། དེ་ཡང་འོད་ཟེར་མཐིང་ཀ་ནམ་མཁའི་ཁམས། འོད་ཟེར་དཀར་པོ་འབྱུང་བ་ཆུའི་ཁམས། འོད་ཟེར་སེར་པོ་འབྱུང་བ་སའི་ཁམས། འོད་ཟེར་དམར་པོ་འབྱུང་བ་མེའི་ཁམས། འོད་ཟེར་ལྗང་ཁུ་འབྱུང་བ་རླུང་གི་ཁམས་ཡིན་ནོ། འོད་ལྔ་ཤེས་ན་རིགས་ལྔ་ཡང་ཡིན་ཏེ། དེ་ཡང་འོད་ཟེར་མཐིང་ཁ་རྡོ་རྗེའི་རིགས། །


CMR054_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་དཀར་པོ་བདེ་གཤེགས་རིགས། འོད་ཟེར་སེར་པོ་རིན་ཆེན་རིགས། འོད་ཟེར་དམར་པོ་པདྨའི་རིགས། འོད་ཟེར་ལྗང་ཁུ་ལས་ཀྱི་རིགས་ཡིན་ནོ། །ངོ་མ་ཤེས་ན་འབྱུང་བའི་རླུང་ལྔ་སྟེ། འོད་ཟེར་མཐིང་ཀ་ནམ་མཁའ་གོ་འབྱེད་རླུང་།། འོད་ཟེར་དཀར་པོ་ཆུ་རླུང་གཤེར་འབྱེད་རླུང་། འོད་ཟེར་སེར་པོ་ས་རླུང་ལྗིད་འཐིབ་རླུང་། །འོད་ཟེར་དམར་པོ་སྲེག་བྱེད་མེའི་རླུང་། འོད་ཟེར་ལྗང་ཁུ་སྐྱེད་བྱེད་རླུང་གི་རླུང་། འོད་ལྔའི་དོན་ཤེས་ན་ཞིང་ཁམས་ལྔ་ཡིན་ཏེ། འོད་ཟེར་མཐིང་ཁ་འཐུག་པོ་བཀོད་པའི་ཞིང་། འོད་ཟེར་དཀར་པོ་མངོན་པར་དགའ་བའི་ཞིང་། འོད་ཟེར་སེར་པོ་དཔལ་དང་ལྡན་པའི་ཞིང་། འོད་ཟེར་དམར་པོ་བདེ་བ་ཅན་གྱི་ཞིང་། འོད་ཟེར་ལྗང་ཁུ་ལས་རབ་རྫོགས་པའི་ཞིང་། ངོ་མ་ཤེས་ན་འོད་ལྔ་ཕྱོགས་ལྔ་སྟེ། མཐིང་ཀ་དབུས་དཀར་པོ་ཤར་སེར་པོ་ལྷོ་དམར་པོ་ནུབ་ལྗང་གུ་བྱུང་། འོད་ལྔ་དོན་ཤེས་ན་ཁྲག་འཐུང་རིགས་ལྔའི་སྐུ། འོད་མཐིང་ཀ་བཛྲ་ཧེ་རུ་ཀ །དཀར་པོ་བུདྡྷ་ཧེ་རུ་ཀ །སེར་པོ་རཏྣ་ཧེ་རུ་ཀ །དམར་པོ་པདྨ་ཧེ་རུ་ཀ །ལྗང་ཁུ་ཀརྨ་ཧེ་རུ་ཀ །ངོ་མ་ཤེས་ན་ཉོན་མོངས་བདུད་ལྔ་སྟེ། ཁ་དོག་


CMR054_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་ལྷ་བུའི་བདུད། མཐིང་ཀ་འཆི་བདག་བདུད། སེར་པོ་ཕུང་པོའི་བདུད། དམར་པོ་ཉོན་མོངས་པའི་བདུད། ལྗང་ཁུ་མ་རིག་འཁྲུལ་པའི་བདུད། །འོད་ལྔ་ཤེས་ན་མཁའ་འགྲོ་སྡེ་ལྔ་སྟེ། འོད་ཟེར་མཐིང་ཀ་རྡོ་རྗེ་མཁའ་འགྲོ་ཡིན། འོད་ཟེར་དཀར་པོ་སངས་རྒྱས་མཁའ་འགྲོ་ཡིན། འོད་ཟེར་སེར་པོ་རིན་ཆེན་མཁའ་འགྲོ་ཡིན། འོད་ཟེར་དམར་པོ་པདྨ་མཁའ་འགྲོ་ཡིན། འོདཟེར་ལྗང་ཁུ་ལས་ཀྱི་མཁའ་འགྲོ་ཡིན། ངོ་ཤེས་པར་གྱིས་ཤིག །མ་འཁྲུལ་ཞིག །མ་སྐྲག་ཅིག །ངོ་ཤེས་པར་གྱིས་ཤིག་རྒྱ་མཚོ་ཨར་གཏད་ངོ་སྤྲོད་ནི། མིག་གཉིས་མཛུབ་མོས་མནན་པས་འོད་སྐོར་བུ་འོང་སྟེ། ད་ལྟ་སྙིང་གི་དཀྱིལ་ན་ཞི་བའི་སྐུ། འཇའ་འོད་ཀྱི་ར་བ་ན་ཡོད་པའི་རྟགས་ཡིན་པས་ཤེས་པར་གྱིས་ཤིག །རྒྱ་མཚོ་རྦ་ཀློང་ངོ་སྤྲོད་ནི། རྣ་བ་གཉིས་མཛུབ་མོས་མནན་པས་སྟེང་ནས་འུར་ཏིང་སྒྲ་འབྱུང་སྟེ། ཆོས་ཉིད་བར་དོར་ཆོས་ཉིད་ཀྱི་སྒྲ་འབྲུག་སྟོང་ལྡིར་བ་ཙམ་འོང་བའི་རྟགས་ཡིན་ནོ། །ཆོས་ཉིད་ཟེར་གྱི་ངོ་སྤྲོད་ནི། མིག་གཉིས་ཀ་ཡུན་རིང་དུ་མཛུབ་མོས་བཙིར་བས། ཟེར་དང་ཐིག་ལེ་ལུ་གུ་རྒྱུད་དུ་རྒྱ་ཆེ་བ། འགུལ་


CMR054_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲུག་ཡོམ་ཤིག་འཕྲོ་བ་སྟེ། ཆོས་ཉིད་བར་དོར་ཟེར་གྱི་སྣང་བ་འཆར་བས་དེའི་རྟགས་ཡིན་པར་ཤེས་པར་གྱིས་ཤིག །འོ་ན་འཇའ་འོད་འདི་བལྟས་པས་ཅི་ལ་ཕན་ཞེ་ན། བར་དོ་དུས་ཀྱི་སྒྲོན་མ་ཞེས་བྱ་བ། ཆོས་ཉིད་བར་དོར་འཇའ་འོད་ཐིག་ལེ་ཐིག་ཕྲན་འདི་ལྟ་བུས་གང་ནས་འཆར། དེའི་ནང་ནས་ཞི་བ་དང་ཁྲོ་བོའི་སྐུ་དཔག་ཏུ་མེད་པ་འཆར་བའི་ཚེ། །ད་ལྟ་ངོ་སྤྱད་པའི་དོན་དྲན་ནས་འཇིགས་སྐྲག་དང་བྲལ་ཏེ། དག་པའི་ཞིང་ཁམས་སུ་སྐྱེ་བར་གསུངས་སོ། །ངོ་སྤྲོད་མཐོང་བ་རང་གྲོལ་གྱི་གཞུང་ལས། སྐབས་འདིར་ཡེ་ཤེས་འོད་ལམ་གྱི་སྨོན་ལམ་རྣམ་པར་དག་པ་གདབ་པར་བྱའོ། །ཞེས་གསུངས་པས་རྗེས་ཟློས་མཛོད། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ བརྩེ་བ་ཆེན་པོས་ལམ་སྣ་དྲང་དུ་གསོལ༔ བདག་ནི་འཁྲུལ་པའི་འཁོར་བར་འཁྱམས་པའི་ཚེ༔ ཐོས་བསམ་སྒོམ་གསུམ་མ་ཡེངས་འོད་ལམ་ལ༔ བཀའ་བརྒྱུད་བླ་མ་རྣམས་ཀྱིས་ལམ་སྣ་དྲོངས། ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཞེ་སྡང་དྲག་པོས་


CMR054_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བར་འཁྱམས་པའི་ཚེ༔ མེ་ལོང་ཡེ་ཤེས་གསལ་བའི་འོད་ལམ་ལ་བཅོམ་ལྡན་རྡོ་རྗེ་སེམས་དཔས་ལམ་སྣ་དྲོངས༔ ཡུམ་མཆོག་སངས་རྒྱས་སྤྱན་མས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ང་རྒྱལ་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ མཉམ་ཉིད་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལམ་སྣ་དྲོངས༔ ཡུམ་མཆོག་མ་མཱ་ཀི་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ འདོད་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ སོར་རྟོག་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་སྣང་བ་མཐའ་ཡས་ལམ་སྣ་དྲོངས༔ ཡུམ་མཆོག་གོས་དཀར་མོ་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཕྲག་དོག་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ བྱ་གྲུབ་ཡེ་ཤེས་གསལ་བའི་འོད་ལམ༔ བཅོམ་ལྡན་དོན་ཡོད་གྲུབ་པས་ལམ་སྣ་དྲོངས༔ ཡུམ་མཆོག་དམ་ཚིག་སྒྲོལ་


CMR054_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

མས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ གཏི་མུག་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ ཆོས་དབྱིངས་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རྣམ་པར་སྣང་མཛད་ལམ་སྣ་དྲོངས་ཡུམ་མཆོག་དབྱིངས་ཕྱུག་མ་ཡིས་རྒྱབ་ནས་སྐྱོར་བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ སྔངས་སྐག་འཇིགས་སྣང་སྤང་བའི་འོད་ལམ་ལ༔ བཅོམ་ལྡན་ཞི་ཁྲོའི་ཚོགས་ཀྱིས་ལམ་སྣ་དྲོངས༔ དབྱིངས་ཕྱུག་ཁྲོ་མོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ་ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ འཁྲུལ་སྣང་དྲག་པོས་འཁོར་བར་འཁྱམ་པའི་ཚེ༔ ལྷན་སྐྱེས་ཡེ་ཤེས་གསལ་བའི་འོད་ལམ་ལ༔ དཔའ་བོ་རིག་འཛིན་རྣམས་ཀྱིས་ལམ་སྣ་དྲོངས༔ ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ དུག་ལྔ་


CMR054_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ ཡེ་ཤེས་བཞི་སྦྱོར་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རྒྱལ་བ་རིགས་ལྔས་ལམ་སྣ་དྲོངས༔ ཡུམ་མཆོག་རིགས་ལྔ་མཁའ་འགྲོས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ནམ་མཁའི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་མཐིང་ཀའི་ཞིང་ཁམས་མཐོང་བར་ཤོག༔ ཆུ་ཡི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་དཀར་པོའི་ཞིང་ཁམས་མཐོང་བར་ཤོག༔ ས་ཡི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་སེར་པོའི་ཞིང་ཁམས་མཐོང་བར་ཤོག༔ མེ་ཡི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་དམར་པོའི་ཞིང་ཁམས་མཐོང་བར་ཤོག༔ རླུང་གི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་ལྗང་གུའི་ཞིང་ཁམས་མཐོང་བར་ཤོག༔ འཇའ་ཚོན་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་སྣ་ཚོགས་ཞིང་ཁམས་མཐོང་བར་ཤོག༔ དགྲ་འོད་ཟེར་གསུམ་དགྲ་རུ་མི་ལྡང་ཞིང་༔ ཞི་ཁྲོ་རབ་འབྱམས་ཞིང་ཁམས་མཐོང་བར་ཤོག༔ འོ། ད་ནངས་ནུབ་ནམ་མཁའ་དྭངས་


CMR054_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དུས་རྒྱུན་དུ་ལྟོས་དང་། ངོ་མཚར་ཅན་གྱི་མཐོང་རྒྱུ་མང་པོ་ཡོད། འོད་ཁ་དོག་ལྔ་མཐོང་བ་ཡང་འཇའ་མཐོང་བ་དང་མི་འདྲ། ཡེ་ཤེས་ལྔ་དངོས་སུ་མཐོང་བ་ཡིན་པས། དོན་ལ་རྒྱལ་བ་རིགས་ལྔ་མཇལ་བ་དང་ཁྱད་པར་མེད། ལས་དག་པ་ལ་རྒྱལ་བ་རིགས་ལྔ་དང་། ཐུགས་རྗེ་ཆེན་པོ་དང་ཨོ་རྒྱན་ལ་སོགས་པ་ཞི་བའི་ལྷ་མང་པོ་དང་། རྟ་མགྲིན་ལ་སོགས་པ་ལྷ་ཁྲོ་བོ་མང་པོ་ཡང་དངོས་སུ་མཇལ་རྒྱུ་ཡོད་དེ། དེ་དག་མཇལ་ན་ཡང་བླ་མ་དང་མཆེད་གྲོགས་མ་གཏོགས་པ་ལ་བཤད་མི་རུང་གསང་དགོས། མ་གསང་ན་བཀའ་སྲུང་མ་གཟའ་དམ་གསུམ་གཉན་དྲག་པས། རང་ན་བ་སོགས་འོང་བས་གསང་བར་མཛོད། རྫོགས་ཆེན་གྱི་ངོ་སྤྲོད་ཚར་རོ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་བདུན་པ་རྫོགས་ཆེན་གྱི་ཁྲིད།next