Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གི་རྒྱབ་ཆོས།


 
previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གི་རྒྱབ་ཆོས།no next

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གི་རྒྱབ་ཆོས།


CMR054_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གི་རྒྱབ་ཆོས་འདི་ཁྲོམ་ལ་བཤད་མི་རུང་སློབ་མ་ཁྲིད་འཛུགས་རེ་ཡོད་པ་རྣམས་ལ་ཉུང་ཆོས་སུ་བཤད་པར་བྱའོ།།


CMR054_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་འདི། སྡེ་སྣོད་གསུམ་དང་རྒྱུད་སྡེ་དྲུག་གི་དོན་ཐམས་ཅད་འདུས་པ་ཡིན་པས། འདི་གཞན་ལ་འཆད་རུང་ངམ་མི་རུང་ནི། བླ་མའི་མཚན་ཉིད་འདི་རྣམས། རབ་ཐམས་ཅད་ཚང་བ། འབྲིང་ཐམས་ཅད་མ་མཐུན་ཀྱང་ཕལ་ཆེར་ཆ་མཐུན་པ། ཐ་མ་ཕྱེད་ཙམ་ཚང་བ། རྩ་་བའི་སྡོམ་པ་དམ་ཚིག་ལ་སྐྱོན་མེད་ཅིང་། ཐུགས་རྗེ་ཆེན་པོ་ཡི་དམ་དུ་བཟུང་ནས་བསྙེན་སྒྲུབ་ཐེམས་པ། རྟོགས་པ་རབ་རོ་གཅིག །འབྲིང་


CMR054_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་བྲལ། ཐ་མ་རྩེ་གཅིག་ཆེན་པོ་རྟོགས་ནས་སེམས་ཅན་ལ་ཕན་འདོད་ཀྱི་སྙིང་རྗེ་ཆེ་བ། དེ་ལྟ་བུ་ཞིག་དགོས་ཏེ། རང་གི་རྒྱུད་ལ་མཚན་ཉིད་དང་ལྡན་མི་ལྡན་ལེགས་པར་བརྟག་པར་བྱ་སྟེ། སྡོམ་པ་ཉི་ཤུ་པ་ལས། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་དང་། མདོ་སྡེ་རྒྱན་ལས། སེམས་དཔའ་མཆོག་གིས་སྟོན་པ་ནི། །འཇམ་ཞིང་རྒྱགས་བྲལ་མི་སྐྱོ་བར། །གསལ་ཞིང་སྣ་ཚོགས་རིག་པ་དང་། །གོ་ཞིང་ཟང་ཟིང་མེད་ཀུན་འགྲོ། །བྱང་ཆུབ་སེམས་དཔའ་ཐོས་མང་དང་། །བདེ་མཐོང་སྨྲ་མཁས་བརྩེ་


CMR054_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཅན། །སྐྱེ་མེད་སྐྱེས་བུ་དམ་པ་ནི། །ཆེན་པོ་ཡིན་པར་ཤེས་པར་བྱ། །རྒྱུ་ཆེན་ཐེ་ཚོམ་སྤངས་བ་དང་། །བཟུང་འོས་དེ་ཉིད་གཉིས་སྟོན་པ། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །སྟོན་པ་ཕུན་སུམ་ཚོགས་ཤེས་བྱ། །བཤེས་གཉེན་ཞི་ཞིང་དུལ་བ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁན་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བསྟེན། །ཞེས་དང་། བླ་མ་ལྔ་བཅུ་པ་ལས། བློ་ལྡན་སློབ་མས་བླ་མར་ནི། །སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་ཤིང་ཆགས་པ་མ་བསྡམ་དང་། །ཕྱོམ་དང་བཅས་ལ་མི་བྱའོ། །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེ་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ཡི་ཡོངས་སུ་ཤེས། །དཀྱིལ་འཁོར་འབྲི་བའི་ལས་ལ་མཁས། །སྔགས་དང་བཤད་པའི་སྦྱོར་བ་ཤེས། །རབ་ཏུ་དྭངས་ཤིང་དབང་པོ་དུལ། །ཅེས་དང་། ཀླུ་སྒྲུབ་ཀྱི་ཞལ་ནས། མང་དུ་ཐོས་ཤིང་ཤེས་རབ་ཆེ། །ཟང་ཟིང་རྙེད་པ་དོན་མི་གཉེར། །བྱང་ཆུབ་སེམས་ལྡན་སྙིང་རྗེ་ཆེ། །དཀའ་བ་


CMR054_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་ཅིང་སྐྱོ་ངལ་ཆུང་། །མན་ངག་ཆེ་ཞིང་ལམ་ལས་གྲོལ། །རིགས་ལ་མཁས་ཤིང་དྲོད་ཚད་ཤེས། །བཅུ་གཉིས་ལྡན་པ་བསྟེན་པར་བྱ། །ཞེས་གསུངས་སོ། །རྡོ་རྗེ་གུར་ལས། རྡོ་རྗེ་སློབ་དཔོན་མཚན་ཉིད་ལྔ་ལྡན་ཉིད། །དེ་ཡིས་ཉེ་བར་བསྟན་པའི་སྔགས། །སྒྲུབ་པ་པོ་ལ་གྲུབ་པོ་སྐྱེ། །བརྟན་ཞིང་ཟབ་མོའི་ཆོས་ལྡན་དང་། །རིག་པའི་གནས་རྣམས་ཀུན་ལ་མཁས། །སྦྱིན་སྲེག་དཀྱིལ་འཁོར་སྔགས་ཤེས་ཤིང་། །རབ་གནས་གཏོར་མའི་ཕ་རོལ་སོན། །དེ་ཉིད་བཅུ་པོ་རྣམ་པར་རིག །ཉན་ཐོས་སྤྱོད་པ་སྐྱོང་བྱེད་ཅིང་། །སྔགས་ཀྱི་ཐེག་པའི་རིམ་པར་དགུས། །གཟུགས་ལྡན་མཐོང་ན་དགའ་བ་དང་། །དཀྱིལ་འཁོར་བྲི་མཁས་བཟླས་པར་ལྡན། །རྩ་བའི་ལྟུང་བ་རབ་འཇོམས་ཤིང་། །སྔགས་དང་རྒྱུད་ཀྱི་རབ་སྦྱོར་གྱིས། །འཇིག་རྟེན་རྣམས་ལ་བདེ་སྟེར་བ། །དེ་འདྲའི་བླ་མ་དངོས་བྱས་ན། །གང་གིས་ཀྱང་ནི་སྨད་མི་བྱ། །ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། གང་ཡང་ཁྲོ་དང་རྒྱུ་ཅན་དང་། །ངག་ནི་ཤིན་ཏུ་རྩུབ་པ་དང་། །ཡོན་ཏན་དག་གིས་ཆོག་ཤེས་པས། །དེ་ནི་བླ་མར་བསྟེན་མི་བྱ། །ཞེས་


CMR054_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཨ་ཏི་ཤའི་ལམ་སྒྲོན་ལས། སྡོམ་པ་ཆོ་ག་ལ་མཁས་དང་། །བླ་མ་གང་ཞིག་སྡོམ་ལ་གནས། །སྡོམ་པ་འབོགས་བཟོད་སྙིང་རྗེ་ལྡན། །བླ་མ་བཟང་པོར་ཤེས་པར་བྱ། །ཞེས་དང་། གདན་བཞི་ལས། དུལ་ཞིང་ཞི་བའི་ཆ་བྱད་ཅན། །སེམས་ཅན་རྣམས་ལ་མི་འཇིགས་སྦྱིན། །སྔགས་དང་རྒྱུད་ཀྱི་སྦྱོར་ཤེས་ཤིང་། །སྦྱོར་དང་བཟོད་དང་ཐབས་དག་དང་། །ཐམས་ཅད་དུ་ནི་ངག་འཇམ་ཞིང་། །སེམས་ཅན་རྣམས་ལ་བུ་གཅིག་བཞིན། །རྣལ་འབྱོར་བསམ་གཏན་མཆོག་སྦྱོར་ན། །སྙིང་རྗེས་ཕན་པའི་སེམས་ཀྱིས་ནི། །བདེན་པར་སྨྲ་ཞིང་གསོད་མི་བྱེད། །དེ་ཉིད་བཅུ་པོ་ཡོངས་ཤེས་ན། །དེ་ཉིད་སློབ་དཔོན་དུ་བསྟེན་ནོ། །ཞེས་དང་། དེ་ལྟར་མདོ་རྒྱུད་ནས་གསུངས་པའི་བླ་མའི་མཚན་ཉིད་བཟང་ངན་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མིའི་ཚུལ་འཛིན་པ། །རྗེ་མི་བསྐྱོད་རྡོ་རྗེའི་ཞལ་ནས། སྙིང་ལ་མདོ་མེད་ཀྱི་གྲུང་གྲུང་པོ། །སེམས་གཏད་སོ་མེད་པར་བྱ་སྒྲོ་འདྲ། །གཟུགས་སེར་པོར་བསྒྱུར་བའི་གྲུབ་དོན་ལ། །ནོར་ཟང་ཟིང་བསོགས་པའི་ཆོས་བརྒྱད་ཅན། །བུན་བསྐྱེད་རྩིས་བཏང་གི་བདག་གཉེར་བྱེད། །


CMR054_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ནམ་ལས་བརྒྱད་ཀྱི་འགོ་ལོ་འཛིན། །ཁེ་སྤོགས་སྤུས་བསྒྱུར་གྱི་གཞི་མ་འདིངས། །མཁར་ལས་དང་བཞོན་མའི་འཕེལ་རྒྱས་བྱེད། །ཁ་མཆུ་གཤར་སྦྱང་གི་ཁྲིམས་དཔོན་འཛིན། །ཁ་བཙན་གྱི་ཡ་བོ་ཐད་དུ་སློང་། །ནོར་ཡོད་ཀྱིས་རྒྱལ་ཁ་བདག་རིས་བྱེད། །བྲན་གཡོག་གི་ཚོགས་ལ་ཆད་པ་འབེབས། །སྐབས་ལ་ལར་ཟང་ཟིང་བསྒྲུབ་པའི་ཕྱིར། །ལར་ཁྱི་ཕག་ཚོགས་པའི་གྲོང་དབུས་སུ། །སྐལ་མེད་ཀུན་འདུས་ནས་དབང་བསྐུར་སྐད། །ཆོས་ཐོས་བསམ་སྒོམ་པ་མ་ནུས་ཀྱང་། །གོ་བདེ་ཞིང་ལག་ལེན་སྐྱོང་སླ་བ། །ཆོས་ལུང་ཁྲིད་སྦྲགས་མ་བྱེད་དོ་སྐད། །མཚར་ཆེས་སོ་སྙིགས་དུས་ཆོས་པའི་གཟུགས། །མཚར་ཆེས་སོ་སྙིགས་དུས་ཀྱི་བླ་མ་སྤངས། །འཁོར་སློབ་འདོད་ཡོན་གྱིས་སྡུད་པར་བྱེད། །དེ་ཆགས་སྡང་རྩ་བར་སོང་བ་ལས། །དཔོན་སློབ་འཐབ་རྩོད་ཀྱི་རེས་མོས་འཁོར། །དམ་ཉམས་མགུ་འཁང་གིས་གདིང་ལ་འཆའ། །ང་རྒྱལ་གྱི་བདག་འཛིན་གཏིང་ནས་འཁྲུགས། །ཆོས་བརྒྱད་ཀྱི་གང་ཟག་མ་འཆམས་པས། །རྙེད་བཀུར་གྱི་ང་ཁྱོད་ཕྱོགས་རིས་ཅན། །བླ་གཟུགས་ཀྱིས་ཟོག་པོ་མགོ་སྐོར་མཁན། །སྐལ་ལྡན་


CMR054_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐྱེས་བུ་འགའ་སྲིད་ན། །ཚུལ་འདི་འདྲ་བ་ལ་ཞེ་ཟོན་གྱིས། །ཞེས་དང་། གཞན་སྨིན་ནུས་ཀྱི་ཐོས་པ་ག་ལ་ཞིག །ཞག་རེ་འགྲོགས་ན་བྱ་བཏང་ཆོས་པས་ཁྲེལ། །རང་ཉིད་བསྟན་འཛིན་ཆེན་པོ་ཡིན་སྙམ་བྱེད། །ད་བསམས་ཤིང་གྲོགས་པོས་ཅི་ཞིག་བྱ། །ཚུལ་གནས་ཐོས་བསམ་བསྒོམ་པ་གང་ཡང་མེད། །བསོད་ནམས་ཟད་པ་འགའ་ཡིས་བླ་མར་བསྐུར། །སྡིག་པ་སྤྱོད་བཞིན་དད་ཟས་དཔག་མེད་ལེན། །ད་བསམས་ཤིང་བླ་མའི་མིང་འཛིན་ཕུང་། །རྙེད་པ་བསྡུས་ཚད་རང་གི་ལོངས་སྤྱོད་བྱེད། །འཁོར་དུ་བསྡུས་ཀུན་གཅན་གཟན་བས་ཀྱང་སྡུག །ཚེ་འདི་བསྒྲུབ་པའི་ཆོས་བཤད་ཅི་ཡང་བྱེད། །ད་བསམ་ཞིང་བླ་མའི་མིང་འཛིན་ཕུང་། །ནོར་རྫས་ཁབ་ཙམ་ཞིག་གི་དོན་དུ་ནི། །འདི་ཕྱིའི་དགེ་ལེགས་བསྒྲུབ་པ་ཀུན་དོར་ནས། །ཆོས་དང་འཇིག་རྟེན་གཉིས་ཀ་སྒྲུབ་བྱེད་ཅིང་། །བྱ་བྲལ་མིང་ཅན་རང་ལ་བསླུས་ཏེ་འོང་། །དགོན་གནས་གྲྭ་པ་ནོར་རྫས་སྣ་ཚོགས་བསོགས། །བུན་བསྐྱེད་ཁང་བཙན་ཐབས་ཀ་རྒྱ་ཆེར་སྐྱོང་། །ཞི་དྲག་བྱ་བ་འཇིག་རྟེན་པ་དང་བསྟུན། །གཞན་སྐྱབས་བྱེད་པ་རང་ལ་བསླུས་ཏེ་འོང་། །སྡིག་པ་འབའ་ཞིག་ལས་


CMR054_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱེད་བཞིན་པར། །རང་སེམས་ཕྱག་རྒྱ་ཆེ་ལ་ངོ་སྤྲོད་དེ། །རང་སེམས་གསལ་རིག་ལྟ་སྒོམ་བྱེད་པ་ཡི། །དཔོན་སློབ་བྱེད་པ་རྣམས་ལ་ཐུགས་རྗེས་གཟིགས། །ཚུལ་ཁྲིམས་སྣ་གཅིག་བསྲུང་བར་མི་ནུས་བཞིན། །ཐུགས་ལ་རྟོགས་པ་སྐྱེས་པའི་བློ་ངར་ཅན། །ཚེ་འདི་ཁོ་ནའི་འདུན་མ་བསྒྲུབས་བསྒྲུབ་ནས། །བསྟན་པ་འཛིན་པར་རློམ་ལ་ཐུགས་རྗེས་གཟིགས། །ཚེ་འདིར་བསྙེན་གནས་ཞིག་གི་བསླབ་བྱ་ཙམ། །སློབ་མའི་ནུས་པ་བཟོད་པ་མེད་པར་ཡང་། །དབང་ཁྲིད་ཟབ་མོ་ཞུ་སྒོམ་སྐྱོང་རློམ་པར། །མནར་མེད་ལམ་དུ་འཇུག་ལ་ཐུགས་རྗེས་གཟིགས། །རང་གི་ལོངས་སྤྱོད་ཆུང་ངུའི་ཆུང་ངུ་ཡང་། །མཆོད་སྦྱིན་ཇ་ཞལ་ཙམ་ཡང་མི་ཐེངས་པར། །དཀོན་མཆོག་གསུམ་ཅིའི་གྱི་ནོར་ལ་རང་དབང་འདུ། །ཟས་གོས་གནས་མལ་སྤྱོད་པ་ཐུགས་རྗེས་གཟིགས། །སྐད་ཅིག་ཙམ་ཡང་རྒྱུད་ལ་གཉེན་པོ་ནི། །ཐུན་གཅིག་ཙམ་ཡང་སྒོམ་པར་མ་མྱོང་ཡང་། །ཤ་ཆང་ཙམ་རེ་སྤངས་ནས་བཙུན་པར་རློམ། །ཁྲེལ་འདས་བག་མེད་ཅན་ལ་ཐུགས་རྗེས་གཟིགས། །སྨྲ་ན་རང་བསྟོད་གཞན་སྨོད་ཁོ་ན་གླེང་། །བསམ་ན་རང་གིས་བསོད་ནམས་


CMR054_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་ཐབས་བསམ། །བྱེད་ཚད་རང་དོན་མནོག་ཆུང་དོན་གཉེར་པ། །བསམ་ཆུང་དྲེད་པོ་རྣམས་ལ་ཐུགས་རྗེས་གཟིགས། །ཞེས་དང་། འོད་སྲུང་གིས་ཞུས་པའི་མདོ་ལས། ཆོས་བཞི་དང་ལྡན་ན། སྡིག་ཆེན་གྱི་དགེ་སློང་དུ་རིག་པར་བྱ་སྟེ། ཕྱི་དང་ནང་ལ་ཆགས་པ་དང་། །ཡུལ་དང་འཁོར་ལ་ལོངས་སྤྱོད་དང་། ཚིག་གི་ཕྱིར་རྩོད་ཅིང་ཞེ་སྡང་བ་དང་། ཆོས་དང་ཆོས་མ་ཡིན་པའི་བྱེ་བྲག་མི་ཤེས་ཤིང་གཏི་མུག་པ་དང་། མངོན་པའི་ང་རྒྱལ་གྱིས་དྲེགས་ཤིང་མུ་ཅོར་སྨྲ་བའོ། །འོད་སྲུང་དེ་ལྟ་བུའི་དགེ་སློང་སྡིག་ཅན་གྱིས་འདི་བསྟན་པ་སྣུབ་པར་བྱེད་དོ། །ཡ་མཚན་དགུ་བཅུ་རྩ་ལྔ་དང་། ཕས་ཀྱི་རྒོལ་བས་ངའི་བསྟན་པ་བསྣུབ་པར་མི་ནུས་སོ། །དཔེར་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེ་ཤི་བའི་ཤ་ནི་གཅན་གཟན་ནམ། བྱ་རྒོད་ཀྱིས་ཀྱང་ཟ་བར་མི་ནུས་སོ། །སེང་གེའི་རོ་ཉིད་ལས་འབུ་སྲིན་བྱུང་བས་དེ་ཉིད་ཟའོ། །ཞེས་དང་། རྒྱན་སྡུག་པོ་བཀོད་པར། ཡིད་ཆེས་ལུང་དང་མི་ལྡན་པར། །ཆོས་རྣམས་སྟོན་པར་བྱེད་པ་ནི། །རྣམ་པར་རྟོག་པའི་བདག་ཉིད་དེ། །རང་ཉིད་ཆུད་ཟོས་གཞན་ཆུད་གསན། །ཞེས་གསུངས། སངས་རྒྱས་མཛོད་


CMR054_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མདོ་ལས། འཇིག་རྟེན་གྱི་དགྲས་ནི་སྲོག་ཙམ་ཕྲོག་གིས། ལུས་གཅིག་སྟོང་དུ་ཟད་དོ། །མི་གཏི་མུག་ཅན་གྱིས་ཆོས་བཤད་ན་བསྐལ་པ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་དམྱལ་བར་སྐྱེའོ། །ཞེས་གསུངས་སོ། །འཇམ་དཔལ་རྣམ་པར་འཕྲུལ་པའི་མདོ་ལས། ཆོས་སྟོན་ཀྱང་ཆོས་ཉན་པ་རྣམས་སྙིང་རྗེ་ཆེན་པོས་མི་བསྐྱེད་པ་ནི་བདུད་ཀྱི་ལས་སོ། །ཞེས་དང་། མང་དུ་ཐོས་ཀྱང་གཞན་གྱིས་ཤེས་ཀྱི་དོགས་ནས་ཆོས་ལ་སློབ་དཔོན་གྱིས་དཔེ་མཁྱུད་བྱེད་པ་ནི་བདུད་ཀྱི་ལས་སོ། །ཞེས་དང་། དགོངས་འགྲེལ་ལས། འདོད་ཕྱིར་སུ་དག་དམ་ཆོས་སྟོན་བྱེད་པ། །དེ་དག་འདོད་པ་བཏང་བ་ཕྱིར་ལེན་ཏེ། །མྱོས་པ་དེ་དག་ཐང་མེད་རིན་ཆེན་ཆོས། །ཐོས་པར་གྱུར་ཀྱང་སྤྲང་པོར་རྒྱུ་བར་བྱེད། །ཅེས་གསུངས་པའི་བླ་མ་བཟང་པོའི་མཚན་ཉིད་དུས་ཀྱི་དབང་གིས་ཚང་བར་དཀའ་ནའང་། རང་རྒྱུད་ལ་ལེགས་པར་བརྟགས་ནས་ངན་པའི་མཚན་ཉིད་རྣམས་ཤས་ཆེར་མ་ཚང་བ་གལ་ཆེ། འགའ་ཞིག་ཚང་བར་འདུག་ན་རང་གི་རྒྱུད་རང་གིས་ལེགས་པར་བཅོས་ཏེ་མེད་པར་བྱ། སྐྱོན་དེ་དག་གི་རྩ་བ་ཡང་། འཇིག་རྟེན་ཆོས་བརྒྱད་ཀྱི་རྟོག་པ་དང་། །


CMR054_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་གྲགས་དང་བཀུར་སྟི་འདོད་པ་ཁོ་ནའི་སྐྱོན་ཡིན་ཞིང་། དེ་དག་བསམ་པ་བསྒྱུར་ཤེས་ན་བཅོས་སླ་བ་ཡིན་ཏེ། འཇིག་རྟེན་ཆོས་བརྒྱུད་ནི། དད་པའི་སྟོབས་བསྐྱེད་པའི་མདོ་ལས། རྙེད་པ་དང་ནི་མ་རྙེད་དང་། །དེ་བཞིན་གྲགས་དང་མ་གྲགས་དང་། །བསྟོད་སྨད་བདེ་དང་སྡུག་བསྔལ་དང་། །དེ་དག་གིས་ནི་འཇིག་རྟེན་སྐྱོང་། །ཤེས་རབ་ཆེན་པོས་རྟེན་དེ་རྣམས། །འཇིག་རྟེན་ཆོས་རྣམས་རབ་རྟོགས་ཤིང་། །འཇིག་རྟེན་འཇིགས་པར་མཐོང་ནས་ནི། །འདི་དག་ལ་ཡང་མི་གཡོ་གྱུར། །རྙེད་པས་མཐོ་བར་མི་སེམས་ཤིང་། །མ་རྙེད་པས་ཀྱང་དམའ་བ་མེད། །རི་རབ་བཞིན་དུ་མགུ་བསྟན་པ། །རྣམ་པ་ཀུན་ཏུ་གནོད་མི་འགྱུར། །དེ་བཞིན་གྲགས་དང་མ་གྲགས་ཀྱང་། །རྟག་ཏུ་མཚུངས་པར་འགྱུར་བ་ཡིན། །བདེ་དང་སྡུག་བསྔལ་བསྟོད་སྨད་ལ། །མཉམ་པ་ཉིད་དུ་གནས་པར་འགྱུར། །ཞེས་དང་། ལྷག་བསམ་བསྐུལ་བའི་མདོ་ལས། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྙེད་པ་དང་། བཀུར་སྟི་ནི་འདོད་པ་བསྐྱེད་པ་ཡིན་པར་བརྟག་པར་བྱའོ། །དྲན་པ་འཇོམས་པར་བརྟག་པར་བྱའོ། །གཏི་


CMR054_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

མུག་བསྐྱེད་པར་བརྟག་པར་བྱའོ། །སངས་རྒྱས་ཐམས་ཅད་ཀྱི་མ་གནང་བར་བརྟག་པར་བྱའོ། །ཞེས་པ་ནས་རྙེད་པ་དང་བཀུར་སྟིས་ངན་སོང་གསུམ་དུ་ལྟུང་བར་བརྟག་པར་བྱའོ། །བྱམས་པ་བྱང་སེམས་ཀྱིས་རྙེད་བཀུར་གྱི་ཉེས་དམིགས་བརྟག་པ་ནི་འདི་དག་གོ །བརྟགས་ནས་ཀྱང་འདོད་པ་ཆུང་བར་བྱའི་ཡོངས་སུ་གདུང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་འདོད་པ་ཆུང་བ་ལ་སྐྱོན་འདི་ལྟ་བུ་དག་མེད་པའི་ཕྱིར་རོ། །ཞེས་དང་། དེ་ལྟར་འཇིག་རྟེན་ཆོས་བརྒྱད་བཀུར་སྟི་དང་། གྲགས་པ་འདོད་ཕྱིར་ཆོས་བཤད་ན་ངན་སོང་གི་རྒྱུ། བྱམས་སྙིང་རྗེས་ཀུན་ནས་བསླང་ནས་གཞན་ཕན་གྱི་ཆོས་བཤད་པ་ན་ཕན་ཡོན་ཆེ། དེ་ལྟར་ཕན་ཡོན་ཉེས་དམིགས་ཀྱང་བྱེད་ལུགས་འདྲ་སྟེ་བསམ་པའི་ཁྱད་པར་རོ། །བྱང་ཆུབ་སེམས་དཔའ་འགྲོ་དོན་མཛད་པའི་སྒོ་ནི་བསྡུ་བའི་དངོས་པོ་བཞི་ཡིན་ཏེ། བློ་གྲོས་མི་ཟད་པའི་མདོ་ལས། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྡུ་བའི་དངོས་པོ་བཞི་མི་ཟད་པ་སྟེ། བཞི་གང་ཞེ་ན། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པའོ། །སྦྱིན་པ་ནི་


CMR054_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

ཟང་ཟིང་གིས་བསླུས་ཏེ་ཆོས་སྦྱིན་པའོ། །སྙན་པར་སྨྲ་བ་ནི་གོ་སླ་བ་དང་། ཆོས་ཉན་པ་རྣམས་ལ་ཚིག་འཇམ་ཞིང་དེས་པ་དང་སྙན་པར་སྨྲ་བའོ། །དོན་སྤྱོད་པ་ནི་བདག་དང་གཞན་གྱི་དོན་གྱི་བྱ་བ་ཐམས་ཅད་བསམ་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པའོ། །དོན་མཐུན་པ་ནི་ཐེག་པ་གང་ལ་བདག་ཏུ་འཛིན་ཅིང་ཡོན་ཏན་འདུ་ཤེས་པ་རྣམས་ཆོས་དང་ཟང་ཟིང་གི་སྒོ་ནས་ཐེག་པ་ཆེན་པོ་ལ་མཐུན་པར་འགོད་པའོ། །ཞེས་དང་། དེ་ཉིད་ལས། སྦྱིན་པ་ནི་ཆོས་བཞིན་བཙལ་བའི་ལོངས་སྤྱོད་རྣམས་ཆོས་ཀྱི་དོན་དུ་བཏང་བའོ། །སྙན་པར་སྨྲ་བ་ནི་གང་སྦྱིན་པ་དེ་དག་ཆོས་ལ་འཛུད་པའོ། །དོན་སྤྱོད་པ་ནི་བདག་གི་དོན་དང་། གཞན་གྱི་དོན་རྗེས་སུ་བསྒྲུབ་པར་རྫོགས་པའོ། །དོན་མཐུན་པ་ནི་སེམས་ཅན་གྱི་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་དུ་འཇུག་པའོ། །ཞེས་དང་། དོན་དམ་བསྙེན་པ་ལས། སྙིགས་དུས་དབང་གིས་བླ་མའི་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་བཤད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བརྟེན་པར་འགྱུར་བའོ། །ཞེས་གསུངས་པ་ལྟར་རང་གི་


CMR054_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་དང་ཡོན་ཏན་ཐམས་ཅད་ཆ་སྙམ་པས། སྐྱོན་ཤས་ཆུང་ཡོན་ཏན་ཤས་ཆེ་ན་ཆོས་བཤད་རུང་། དེ་ཡང་མི་ལ་བཤད་པའི་ཆོས་དེ་རང་གིས་ཀྱང་ཉམས་སུ་ལེན་དགོས་ཏེ། མྱ་ངན་འདས་མདོ་ལས། ཀོ་ཀ་ལི་ཀ་དང་ལེགས་པའི་སྐར་མས། མདོ་སྡེ་བཅུ་གཉིས་བཤད་ཤེས་ཀྱང་དོན་མ་གོ་བར། གསོན་པོར་དམྱལ་བར་ས་ཡི་བར་མཐོང་བྱེ་ནས་སོང་བར་བཤད་པའོ། །རང་གི་བཀུར་སྟི་ལ་ཞེ་འདོད་གཏིང་ནས་མེད་པར་བྱས་ནས། དབང་དང་ཆོས་ཁྲིད་སོགས་ཀྱི་ཡོན་དུ་འབུལ་བ་ཆེ་ཕྲ་ཅི་བྱུང་ཡང་། ཆོས་ཀྱི་ཆེ་བ་ཡིན་པས་རང་ལ་དཀོར་སྒྲིབ་མི་འབྱུང་ཞིང་། ཁོ་རང་རྣམས་ཀྱི་ཚོགས་རྫོགས་བསོད་ནམས་དཔག་ཏུ་མེད་པ་ཐོབ་སྟེ། བཀོད་པ་ཆེན་པོའི་རྒྱུད་ལས། རྟ་དང་གླང་པོ་ནོར་གྱི་དབྱིག །རྒྱལ་སྲིད་བུ་དང་ཆུང་མ་དང་། །གསེར་དངུལ་ཟངས་ལྕགས་རིན་པོ་ཆེ། །བཟའ་བཅའ་དགའ་སྟོན་ན་བཟའ་དང་། །སྙིང་པོ་སྨན་འབྲུ་མེ་ཏོག་དང་། །ཆོས་དང་ཟང་ཟིང་ལོངས་སྤྱོད་རྣམས། །བླ་མ་མཉེས་ཕྱིར་ཡོན་དུ་འབུལ། །དེ་ནི་དངོས་གྲུབ་མ་ལུས་པ། །ད་ལྟ་ཉིད་དུ་ཐོགས་མེད་འགྲུབ། །ཅེས་དང་། མེ་ལྕེ་ཕྲེང་བའི་རྒྱུད་


CMR054_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

ལས། གལ་ཏེ་རྣལ་འབྱོར་བློ་ལྡན་གྱིས། །རང་ཟས་གོས་ལ་གྱོང་ཁུར་ནས། །བླ་མ་རྡོ་རྗེ་མཆོད་པ་ན། །ཞིང་གི་འཁོར་ཡུག་རྒྱལ་ཁམས་ན། །དགེ་སློང་དཔག་ཏུ་མེད་པ་ཤུལ། །སྟོན་མོ་ལན་སྟོང་བྱས་པ་པས། །ཟས་སམ་ཡང་ན་གོས་ཀྱང་རུང་། །བླ་མ་ལན་གཅིག་མཆོད་པ་ཡི། །བསོད་ནམས་བརྒྱ་ཕྲག་བརྗོད་མི་རྫོགས། །ཞེས་གསུངས་སོ། །དང་པོ་ཆོས་འཆད་པ་པོ་རང་ཉིད་བསྲུང་བ་ནི། དམ་པའི་ཆོས་པདྨ་དཀར་པོའི་ལེའུ་ཉེར་གཅིག་པ་ལས། ཏདྱ་ཐཱ། ཨི་ཏི་མེ། ཨི་ཏི་མེ། ཨི་ཏི་མེ། ཨི་ཏི་མེ། ནི་མེ། ནི་མེ། ནི་མེ། ནི་མེ། ཏུ་ཧེ། ཏུ་ཧེ། ཏུ་ཧེ། ཏུ་ཧེ། སྟ་ཧེ། སྟ་ཧེ། སྟ་ཧེ། སྟ་ཧེ། འདི་སྤྱི་བོར་བཞག་ནས་ཆོས་སྨྲ་བ་ལ་སུ་ཡང་འཁུ་བར་མ་གྱུར་ཅིག །གནོད་སྦྱིན་ནམ། སྲིན་པོའམ། ཡི་དྭགས་སམ། ཤ་ཟའམ། སྲུལ་པོའམ། གཤེད་བྱེད་དམ། རོ་ལངས་སམ། རེངས་པའམ། གནོད་པའམ། །བརྗེད་བྱེད་ཀྱི་གཟུགས་སམ། གནོད་སྦྱིན་གྱིས་བྱས་པའམ། མིས་བྱས་པའམ། མི་མ་ཡིན་གྱིས་བྱས་པའམ། རིམས་ཉིན་གཅིག་པའམ། ཉིན་གཉིས་པའམ། ཉིན་


CMR054_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པའམ། །ཉིན་བཞི་པའམ། རྟག་པའི་རིམས་སམ། ཐ་མ་རྨི་ལམ་ན་བུད་མེད་ཀྱི་གཟུགས་སམ། བུད་མེད་ཀྱི་གཟུགས་ཀྱིས་མཐོ་འཚམས་པར་འགྱུར་བ་དེ་ནི་གནས་མ་མཆིས་སོ། །ཞེས་གསུངས་པས། དེ་ཤོག་དྲིལ་དུ་བྱས་ནས་ཆོས་བཤད་དུས་ཞྭའི་ནང་དུ་བཏགས། རང་ཉིད་འགྲོ་བའི་ཚེ། པདྨ་འདབ་བཞི་དང་ཟླ་བའི་གདན་ལ་རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བ་དེ། འོག་ནས་མཁའ་འགྲོ་སྡེ་བཞིས་བཀྱག །སྟེང་དུ་རྩ་བརྒྱུད་བླ་མ་རྣམས་སྤྲིན་ལྟར་འཁྲིགས་པས་བྱིན་གྱིས་བརླབས། །རྒྱབ་ཏུ་ཡི་དམ་གྱི་ལྷ་ཚོགས་རྣམས་ན་བུན་ལྟར་འཁྲིགས་པས་རྒྱབ་རྟེན་མཛད། གཡས་སུ་སེང་གེ་འགྱིང་། གཡོན་དུ་སྟག་མོ་ངར། མདུན་དུ་སྟོབས་ལྡན་གླང་པོ་ཆེའི་སྣ་ལ་མཚོན་ཆའི་འཁོར་ལོ་བསྐོར་ཞིང་འགྲོ། མིག་མཐོང་ཙམ་གྱིས་སར་དམ་ཅན་ཆོས་སྐྱོང་རྣམས་དམག་ལྟར་གཤར་ནས་སྣ་ཁྲིད་དེ། འགྲོ་བ་སེམས་ཅན་གྱི་དོན་ལ་འབྱོན་པར་བསྒོམས་ནས་འགྲོ། དེ་ནས་ཆོས་འཛུགས་པའི་གནས་ནི། མཐུན་རྐྱེན་འཛོམས་ཤིང་འཚེ་བ་མེད་པ། ས་དཔལ་བཟང་བ་གཅིག་ཏུ་འདུག་སྟེ། གུར་རམ་ཅོག་པུའི་སྒོ་ཡང་ས་


CMR054_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བཟང་པོ་ལ་སྟོན། གལ་ཏེ་ས་དཔལ་བཟང་བ་མ་ཡིན་པའི་ས་དགྲ་འདུག་ན་དེ་ཉིད་ལ་ཐུགས་རྗེ་ཆེན་པོ་བསྐྱེད་བསྟིམས་བྱས་ལ་མཆོད་བསྟོད་ཡིད་ཀྱིས་བྱ་སྟེ། མཁའ་འགྲོ་ཀློང་གསལ་འབར་མའི་གསང་རྒྱུད་ལས། དུས་དང་མཐུན་པའི་སྤྱོད་པ་ལ། །དུས་དང་མཐུན་པའི་གནས་ཚོལ་ཅིག །དེ་ཡི་དུས་ཀྱི་མྱོང་བ་སྐྱེ། །དེ་ཡི་སྐུ་གསུམ་ཉིད་ལ་རེག །སྔར་སངས་རྒྱས་པ་ཐམས་ཅད་ཀྱང་། །གནས་བཟང་བརྟེན་པས་སངས་རྒྱས་སོ། །དེ་བཞིན་གནས་ལ་བརྟག་པར་བྱ། །མཚན་ཉིད་ལྡན་པའི་གནས་གཅིག་དགོས། །གལ་ཏེ་གནས་ངན་ཞིག་ཕྲད་ན། །འཕྲལ་རྐྱེན་ངན་དགུ་འབྱུང་སྲིད་པས། །གནས་བཟང་འདི་ལྟར་བཙལ་བར་གཅེས། །ཕུ་ན་གངས་དཀར་ཆུ་མགོ་ཡོད། །མདའ་ནི་ཕྱག་རྒྱ་བསྣོལ་བ་འདྲ། །བར་དུ་ཐུ་བ་གཏིང་བ་འདྲ། །སྐྱིལ་ཀྲུང་བཅས་པ་ལྟ་བུ་ཡོད། །ཚ་གྲང་སྙོམས་ཤིང་ཆུ་ཤིང་འཛོམས། །སྐྱེས་བུ་ཐ་མལ་པ་ལས་འཕགས། །བཙན་ཞིང་དབེན་ལ་དངས་མཐོ་བ། །འབྲས་བུ་འཚོ་བ་ཤུགས་ཀྱིས་ཡོད། །མི་རྒོད་འཚེ་བ་གཅན་གཟན་མེད། །སྔོན་ཡང་གྲུབ་ཐོབ་བཞུགས་པ་ཡི། །གཞི་བདག་འཇམ་ལ་བློ་ཕན་


CMR054_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

པ། །རང་དབང་ཐོབ་ཅིང་དགུ་འབག་བདེ། །ལྟ་སྤྱོད་མི་གཅིག་མ་འདྲེས་ཤིང་། །མཛེ་ཡུགས་ལ་སོགས་མ་འབགས་པར། །དེ་ལྟར་བུ་ཞིག་བཙལ་ལ་བརྟེན། །ཅེས་གསུངས་སོ། །དེ་ནས་གནས་མལ་ཚར་ནས་རང་ཉིད་གདན་ལ་འདུག་སྟེ། ས་ཕྱོགས་དེ་ཉིད་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པའི་དབུས་སུ། ས་གཞི་གསེར་གྱི་རྡོ་རྗེ་རྒྱ་གྲམ་སྲ་ཞིང་བརྟན་པ་ཡངས་ཤིང་རྒྱ་ཆེ་བའི་ལྟེ་བར། མེ་ཏོག་པདྨའི་སྡོང་པོ་འདབ་མ་སྟོང་དང་ལྡན་པ་ས་ཕྱོགས་དེ་ཁེབས་པའི་སྟེང་དུ། ཟླ་བའི་དཀྱིལ་འཁོར་ཉ་རྒྱས་པའི་སྟེང་དུ་རང་ཉིད་ཐུགས་རྗེ་ཆེན་པོ་གསལ་བར་བསྒོམས་ལ། ཡུལ་ཕྱོགས་དེའི་གཟུགས་ཅན་གྱི་མི་དང་། གཟུགས་མེད་ཀྱི་ལྷ་འདྲེ་ཐམས་ཅད་ལ་གཏོང་ལེན་གྱི་དམིགས་པ་ལན་འགའ་བསྒོམས་པས། ཐམས་ཅད་འདུས་ནས་རང་ལ་ཕྱག་དང་སྐོར་བ་བྱེད་ཅིང་། ས་ཕྱོགས་འདིར་ཆོས་ཀྱི་འཁོར་ལོ་སྐོར་ཅིག །ས་རྡོ་ཆུ་ཤིང་རྣམས་འབུལ་གྱིས། ཅི་བདེ་བར་ལོངས་སྤྱོད་ལ་དགེ་བའི་ཆ་ཤས་ངེད་ལ་ཡང་ཡང་བསྔོས་ཤིག་ཟེར་བར་བསྒོམ། དེ་ཚེ་ཡིག་དྲུག་བཟླའོ། །དེ་ནི་ས་བསླང་ཞིང་ས་གཞི་བྱིན་རླབས་པའོ། །དེ་ནས་སྐད་


CMR054_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་གིས་སེང་གེ་དང་ཟླ་བའི་གདན་ལ་རང་ཉིད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུར་ལམ་གྱིས་བསྒོམ། གསུང་ཚངས་པའི་དབྱངས་ལྟ་བུས་འཇིག་རྟེན་གསུམ་དུ་ཐོས་པར་བསྒྲག་པར་བསྒོམ། ལག་པ་ཐལ་མོ་སྦྱར་སངས་རྒྱས་ཡིད་ལ་བྱེད་བཞིན་པས། གང་ཞིག་གསེར་མཆོག་རང་བཞིན་རི་རབ་ལ་གནས་མན་ར་དང་ལྷར་བཅས་གནོད་སྦྱིན་དང་། །གདེངས་ཀ་ནོར་བུའི་འོད་ཀྱིས་མུན་པ་སེལ་མཛད་ས་འོག་གནས་པའི་ཀླུ་རྣམས་གང་ཡིན་དང་། །གངས་ཅན་རི་ན་དཔལ་གྱིས་རོལ་ཞིང་རབ་ཏུ་དགའ་བའི་རིག་པ་འཛིན་པ་གང་ཡིན་པ། །དེ་དག་ཐམས་ཅད་ཐར་པ་དམ་པའི་སྒོར་གྱུར་ཐུབ་པའི་གསུང་མཉན་ཕྱིར་ནི་འདིར་གཤེགས་ཤིག །ལྷ་དང་ལྷ་མིན་མི་འམ་ཅི་ཡི་དབང་པོ་དང་། །བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱས་པ་རྣམས། །སངས་རྒྱས་གསུང་རབ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ། །དེ་དག་བཤད་ཀྱིས་དམ་པའི་ཆོས་ཉན་ཕྱིར་ནི་འདིར་གཤེགས་ཤིག །གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག །དེང་འདིར་སྟོན་པའི་ཆོས་ཀྱི་ཆར་འབེབས་ཀྱི། །ཉན་པར་འདོད་པ་ཐམས་ཅད་


CMR054_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གཤེགས་ཤིག །ཅེས་དང་། མདོ་སྡེ་ཟ་མ་ཏོག་བཀོད་པ་ལས། ཡི་གེ་དྲུག་པའི་རིག་སྔགས་འདི་ལ་སློབ་པའི་ཚེ། གཞན་ཡང་ལྷའི་སྡེ་སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་དག་འདུས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་བཞི་དག་ཀྱང་ཕྱོགས་བཞི་བསྲུང་བར་འགྱུར་རོ། །ཀླུའི་རྒྱལ་པོ་རྒྱ་མཚོའི་འཆིང་ནམ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་འཇོག་པོ་ལ་སོགས་ཏེ། ཀླུའི་རྒྱལ་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ནི་ཡོངས་སུ་སྲུང་བར་བྱེད་དོ། །གཞན་ཡང་ས་བླའི་གདོན་གནོད་སྦྱིན་བླ་གབ་མེད་པར་ཡོངས་སུ་སྲུང་བར་བྱེད་དོ། །ཞེས་གསུངས་པ་ལྟར་རོ། །ཟ་མ་ཏོག་གི་མདོ་སྡེ་གསུངས་པའི་ཚེ། ཚོགས་པའི་དབང་ཕྱུག་དང་། མཐུ་བོ་ཆེ་དང་། ཉི་ཟླ་དང་། །རླུང་ལྷ་དང་། བརྒྱ་བྱིན་དང་། ཚངས་པ་དང་། དགའ་བོ་ལ་སོགས་པའི་ཀླུའི་རྒྱལ་པོ་བརྒྱ་སྟོང་དུ་མ་དང་། ཆོས་དགའ་བ་ལ་སོགས་པའི་དྲི་ཟའི་རྒྱལ་པོ་བརྒྱ་སྟོང་དུ་མ་དང་། བཞི་བརྒྱ་པ་ལ་སོགས་པའི་མིའམ་ཅིའི་རྒྱལ་པོ་བརྒྱ་སྟོང་དུ་མ་དང་། གཙུག་ཕུད་ཅན་ལ་སོགས་པ་ལྷའི་བུ་མོ་བརྒྱ་ཕྲག་དུ་མ་དང་། ཀླུའི་བུ་མོ་བདེ་བྱེད་མ་ལ་སོགས་


CMR054_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཀླུའི་བུ་མོ་བརྒྱ་ཕྲག་དུ་མ་དང་། ཕྲེང་བ་བཟང་མོ་ལ་སོགས་པ་དྲི་ཟའི་བུ་མོ་བརྒྱ་ཕྲག་དུ་མ་དང་། ཡིད་ལས་བྱུང་བ་ལ་སོགས་མིའམ་ཅིའི་བུ་མོ་བརྒྱ་ཕྲག་དུ་མ་འཚོགས་པ་ཐམས་ཅད་ཀྱང་། བཅོམ་ལྡན་འདས་ལ་ཟ་མ་ཏོག་གི་མདོ་སྡེ་ཡི་གེ་དྲུག་པ་འདི་བཅོམ་ལྡན་འདས་ལས་དངོས་སུ་ཐོབ་པས། མི་ཕྱེད་པའི་དད་པ་ཐོབ་སྟེ་བསྟན་པ་སྲུང་བར་དམ་བཅས་ནས། དེ་ལྟར་ཡི་དམ་ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་མ་གང་དུ་བསྒྲུབ་ཅིང་ཉམས་སུ་ལེན་པའི་གནས་དེར་འཚོགས་ནས་སྲུང་སྐྱོབ་དང་སྡོང་གྲོགས་བྱེད་པ་ཤ་སྟག་ཡིན་ལ། །དེར་མ་ཟད་སྔོན་ཆོས་རྒྱལ་སྲོང་བཙན་དང་། སློབ་དཔོན་པདྨ། རིན་པོ་ཆེ་ཀརྨ་པཀི་སོགས་ཆོས་འདི་ཡི་བཀའ་བརྒྱུད་རིག་འཛིན་ཐམས་ཅད་ཀྱིས་དམ་ལ་བཏགས་པའི་ལྷ་སྲིན་ཡུལ་ལྷ་ཐམས་ཅད་དང་།། ཁྱད་པར་དུ་གནས་དེ་ཉིད་ཀྱི་གཉུག་མར་གནས་པའི་དཀར་ཕྱོགས་རྣམས་དང་། རྫོགས་ཆེན་སྐྱོང་བའི་མ་གཟའ་དམ་གསུམ་བཀའ་སྲུང་ཐམས་ཅད་དང་། ཕྱག་ཆེན་གྱི་ཏིང་ངེ་འཛིན་སྐྱོང་བ་བརྒྱད་ཁྲི་དང་། ཚེ་རིང་མཆེད་ལྔ་འཁོར་བཅས་སོགས། བློ་སྦྱོང་སྲུང་བའི་ལྷ་དཀར་པོ་བརྒྱད་ཅུ་རྣམས་འདུས་ནས་ཆོས་ཉན་ཞིང་སྲུང་


CMR054_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོབ་བྱེད་པར་བསྒོམས་ལ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །ཞེས་སོགས་ཞལ་ནས་གསུངས་པའི་ཚིགས་བཅད་བརྗོད། རྒྱས་པར་འགྲུབ་ན་ཞི་བརྔན་བསང་གསུམ་བྱ། གསེར་སྐྱེམས་ཀྱང་མཆོད། བསྡུ་ན་དེ་རྣམས་ལ་དམིགས་ནས་དཀར་གཏོར་ཞིག་ཕུལ། ཁྲིད་འདི་མཐར་མ་ཕྱིན་གྱི་བར་དུ་བར་ཆད་མ་བཏང་སྲུང་སྐྱོབ་མཛོད་ཅེས་བཀའ་བསྒོ། རྒྱལ་ཆེན་སྡེ་བཞིས་ཕྱོགས་བཞི་ནས་བསྲུང་བར་བསྒོམ། དབང་ཁྲིད་ཟབ་མོ་ལ་བར་དུ་གཅོད་པ་ནི། དཔུང་བཟང་གིས་ཞུས་པའི་རྒྱུད་ལས། །རྒྱ་ཆེར་གསུངས་པ་བསྡུས་ཏེ་བཤད་ན། བགེགས་རྣམས་སྒྲུབ་པ་ལ་མི་དགའ་སྟེ། སྒྲུབ་པ་པོ་ལ་གླག་སྣ་ཚོགས་ཚོལ་ཞིང་མདུན་དུ་རྒྱུ་སྟེ་དེ་ལ་རིགས་བཞི་སྟེ་རྒྱལ་པོ་ཆེན་པོ་བཞིའི་འཁོར་རྣམས་ཡིན་ནོ། །གྲངས་ནི་བྱེ་བ་ཕྲག་བདུན་ཏེ་སྔགས་སྒྲུབ་པ་ལ་གེགས་བྱེད་དོ། །ཝའི་རིགས་བྱེ་བ་བཅོ་བརྒྱད་དེ། གཙོ་བོ་ནི་གླང་ཆེན་གདོང་ཡིན་ལ་དབང་ཕྱུག་གི་འཁོར་ཡིན་ཅིང་ས་སྟེང་ཐམས་ཅད་ལ་གེགས་བྱེད་དོ། །སོ་གཅིག་གི་གཙུག་ཕུད་དཔུང་འཁོར་བྱེ་བ་ཕྲག་བཅུ་སྟེ། ཚངས་པ་དང་། ཁྱབ་འཇུག་དང་། ཉི་ཟླ་དང་། རླུང་ལྷས་


CMR054_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་སྔགས་ལ་གེགས་བྱེད་དོ། །ནེའུ་ལེའི་རིགས་ཁྲི་ཕྲག་བྱེ་བ་ཐེར་འབུམ་སྟོང་ཕྲག་སྟེ། དེའི་དཔོན་ནི་གཙུག་ན་འབྱུང་བ་སྟེ། ཕྱག་ན་རྡོ་རྗེའི་རིག་སྔགས་ལ་གེགས་བྱེད། དགའ་བྱེད་ནི་རྔ་རྩེན་རིགས་ཀྱི་སྔགས་ལ་གེགས་བྱེད། ནོར་སྤྱོད་བུ་གསང་བ་པས་རང་གི་སྔགས་རྒྱུད་ལ་གེགས་བྱེད། དེ་ལྟར་རང་རང་གི་རིགས་ཀྱི་སྔགས་རྒྱུད་ལ་གེགས་བྱེད། གསང་སྔགས་ཀྱི་ལྷར་སྤྲུལ་ནས་གཏོར་མ་ལེན་ནོ། །བགེགས་ཀྱིས་དེ་བྱས་པ་ལྷས་མཐོང་ནས་མི་དགའ་བར་ཁྲོས་ནས་ཕྱིར་ལོག་ནས་འབྱོན་ནོ། །བགེགས་འདི་རྣམས་ནི་ལྷ་དང་ཀླུ་དང་སུམ་ཅུ་རྩ་གསུམ་པའི་ལྷས་ཀྱང་བཟློག་མི་ནུས་ཏེ། མཆོད་པ་ལ་ཆོ་ག་མེད་པ་དང་། བསྙེན་པ་ལ་སྦྱིན་སྲེག་མེད་པ་དང་། བསྙེན་པ་གང་བྱ་སྙམ་པ་སོགས་སེམས་ཡེངས་བ་ལ་བགེགས་དེ་དག་འཇུག་གོ །དེ་བཞིན་དུ་སྦྱིན་སྲེག་སོགས་བྱ་བ་གང་བྱེད་ཀྱང་བགེགས་སོ་སོར་འཇུག་གོ །བགེགས་ཞུགས་ན་འདོད་ཆགས་ཆེན་པོ་སྐྱེའོ། །གཡོ་འགུ་ལ་ཞེས་བྱ་བའི་བགེགས་ནི་ཁྲུས་བྱེད་དུས་འཇུག་སྟེ། བཀྲེས་ཤིང་སྐོམ་ལ་གཉིད་ཆེ་བ་དང་ལུས་ལྕི་ཞིང་ཁྲོ་བར་འགྱུར་རོ། །བགེགས་དྲི་ཟ་བ་དྲི་འབུལ་དུས་


CMR054_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་སྟེ། ཡུལ་དང་རྒྱལ་པོ་གཉེན་དང་ནོར་ལ་སེམས་ཤིང་བུད་མེད་ལ་ཆགས་པར་འགྱུར། ནག་པོ་ལུས་ཆེན་ས་ལས་ལངས་ནས་བདུག་པ་འབུལ་དུས་འཇུག་སྟེ། སེར་སྣ་དང་གཡོ་སྒྱུ་འདོད་ཆགས་ཆེ་ལ་གཏུམ་ཞིང་ཁུ་ཆུ་འཛག་གོ །མར་མེ་འབུལ་དུས་གཙུག་ཕུད་ཅན་འཇུག་སྟེ། སྙིང་ཁ་འཚང་ཞིང་གཟེར་ཐབས་ན་ཞིང་སེམས་རྒྱའོ། །ལངས་དུས་གཙུག་ཕུད་ཅན་འཇུག་སྟེ། རིམས་དང་འཁྲུ་སྐྱུག་དྲག་པོ་འབྱུང་། མེ་ཏོག་འབུལ་དུས་མེ་ཏོག་ཆེར་རྒོད་འཇུག་སྟེ། རིམས་དང་ཆམ་པ་རྒྱུ་ཤིང་ན་བ་དང་གྲོགས་དང་བྲལ་བར་བྱེད་དོ། །དེ་ལྟར་བགེགས་ཞུགས་ན་ལམ་མ་ཡིན་པ་ལ་ལམ་དུ་མཐོང་། འདོད་པ་ཆེན་པོ་མྱོང་ཞིང་སྤྱོད་ངན་སྣ་ཚོགས་བྱེད། གློ་བུར་ཅི་ཡང་སྨྲ་བ་དོན་མེད་དུ་འཁྱམས་པ་དང་། དོན་གྱིས་སྒྲུབ་པ་ལ་ཐེ་ཚོམ་ཡིད་གཉིས་བྱེད། སེམས་ལོག་ལྟ་ཆེ་ཞིང་ངག་འཁྱལ་དོན་མེད་སྨྲའོ། །དེ་ནི་འབྲས་བུ་ཅི་ཡང་མེད་པར་སྙོམས་ལས་སུ་ལུས་སོ། །ཡང་དཔུང་བཟང་གིས་ཞུས་པའི་མདོ་ལས། བགེགས་ཞུགས་པའི་རྟགས་གསུངས་སོ། །སེན་མོས་རྩ་གཅོད་བོང་རྡོས་འཇིགས་པ་དང་། །མཚན་མོ་སོ་ནི་ཀྲིག་ཀྲིག་


CMR054_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

འཆའ་བ་དང་། །བུ་མོ་བདག་འདོད་ཁྱོ་ནི་མི་རྙེད་དང་། །སྐྱེས་པ་བདག་འདོད་ཆུང་མ་གཞན་མི་རྙེད། །དགོས་པའི་དོན་མི་འགྲུབ་ཅིང་མི་དགོས་པའང་འགྲུབ། །གཞན་ཡང་འགྲོ་འདོད་གཉིད་མེད་མི་ཡང་རློམ། །དེ་བཞིན་སྟག་གཟིག་དོམ་དྲེད་ཁྱི་དང་ཕག་།བོང་བུ་རྔ་མོང་བྱི་ལ་ཤ་ཟ་ཝ། །བྱ་རྒོད་འུག་པོ་སྐྱར་མོ་མི་ཐུང་ཧྲག །གཅེར་བུ་ཐལ་རིས་ཅན་དང་མི་ནག་པོ། །ཁྲོན་སྐེམ་ཐང་རུང་སྒྲུང་བ་ཕུང་པོ་དང་། །ལྕགས་དང་རྡོ་ཁུང་མི་གཙང་ཁང་རུལ་དང་། །ཁ་བཞིན་བསྒྱུར་ཞིང་རལ་གྲི་མདུང་ཐོགས་པ། །རྨི་ལམ་འདི་རྣམས་རྨིས་པའི་མི་ཡང་རློམ། །ཞེས་གསུངས་པ་དང་། རིག་པ་མཆོག་གི་རྒྱུད་ལས་ཀྱང་རྒྱ་ཆེར་གསུངས་པ་དོན་བསྡུས་ཏེ་བཤད་ན། ལོག་འདྲེན་པའི་སྤྱི་ཕུད་ས་ལས་གོམ་པ་འདོར་བ་ན་འཛིན་ཏེ། ལེ་ལོ་དང་སྐྱུག་པོ་དང་མགོ་འཁོར་ཞིང་ལོ་སྟོང་དུ་བསགས་པའི་བསོད་ནམས་དང་སྔགས་ཀྱི་ནུས་པ་མེད་པར་བྱེད་དོ། །ལོག་འདྲེན་ཆུ་ལྟར་གཡོ་བ་ཁྲུས་བྱེད་དུས་འཛིན་ཏེ། སེམས་འཁྲུགས་འདོད་པ་དང་ཁ་ཟས་ལྷུར་ལེན་ཅིང་འཇིགས་སེམས་སྐྱེ། རིག་སྔགས་ཀྱི་མངག་གཞུག་བྱ་བ་སྔགས་ལས་ལྡང་བ་ན་ཞུགས་ཏེ་ལུས་ཚ་ཞིང་སྡིག་


CMR054_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྐྱེའོ། །ལོག་འདྲེན་འདི་དག་ནི་རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་ཕྱི་བཞིན་དུ་འབྲང་སྟེ་སྔགས་འདོན་པ་དང་སྒྲུབ་པ་དང་མཆོད་པ་བྱེད་པ་ཐམས་ཅད་ལ་བགེགས་བྱེད། འདུན་པ་བཟློག །ལེ་ལོ་བསྐྱེད་གླན་ཀ་ཚོལ་ལོ། །གཞན་ཡང་ལོག་འདྲེན་འཇིག་རྟེན་ལྷ་ལ་མེ་ཏོག་ཕུལ་དུས་མེ་ཏོག་ལ་འཇུག་གོ་།ཟས་སུ་དྲི་ཟ་བ་ནི་དྲི་ལ་རེག་པ་ན་ཞུགས་ནས་ལྷ་མི་དགའ་བར་བྱེད་དོ། །ལོག་འདྲེན་ནག་པོ་ནི་སྤོས་ཕུལ་བའི་ཚེ་ཞུགས་ནས་དྲན་པ་ཉམས་ཤིང་སྔགས་དེ་སྒྱུར་བར་བྱེད་ཅིང་ལྷ་མི་དགའ་བར་བྱེད་དོ། །གཙུག་ཕུད་གཅིག་པ་ནི་མར་མེ་ལ་འཇུག་པ་སོགས་གསུངས་སོ། །གཞན་ཡང་དངོས་གྲུབ་ཕལ་པ་བསྒྲུབ་ན་ལྷོ་ནས་ཡི་དྭགས་ནག་མོས་ཝ་དང་སྟག་གི་གཟུགས་ཀྱིས་བར་ཆད་བྱེད། དངོས་གྲུབ་ཆེན་པོ་སྒྲུབ་པ་ན་ཡི་དྭགས་ཀུ་མུ་ཏས་ཁྱི་དང་རྔ་མོང་བོང་བུའི་མགོ་ཅན་དང་། སྲིན་པོའི་གཟུགས་ཀྱིས་ཧ་ཧའི་སྒྲ་དང་ཁ་ནས་སྐར་མདའ་འཕེན་ཅིང་བར་ཆད་བྱེད། སྣ་ཆད་མ་ནི་སྐར་མདའ་འཕེན་ཅིང་བཤུག་གླུ་ལེན་ཅིང་འོང་ནས་བར་ཆད་བྱེད་དེ་སྔགས་དང་ཏིང་འཛིན་གང་གིས་ཀྱང་བཟློག་པར་མི་ནུས་པར་གསུངས་པ་དང་། ཐུན་མོང་


CMR054_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

གི་དངོས་གྲུབ་སྒྲུབ་པའི་ཚེ་ན་སྲིན་མོ་རྩད་ཅན་གྱིས་བྱའི་གཟུགས་ཀྱིས་ང་རོ་མི་སྙན་པར་སྒྲོག་ཅིང་བར་ཆད་བྱེད། དངོས་གྲུབ་ཆེན་པོ་བསྒྲུབ་ན་སྲིན་མོ་མི་སྡུག་པས་ཁྱི་དང་གླང་པོ་ཆེ་དང་སེངྒེའི་མགོ་ཅན་གྱི་ཁ་ནས་སྐར་མདའ་འཕེན་ཅིང་འཇིགས་པའི་སྒྲ་དང་བྲག་འཕེན་ཅིང་བར་ཆད་བྱེད། སྲིན་མོ་ལོ་དཀར་གྱིས་ངུ་འབོད་བྱེད་ཅིང་རི་རྣམས་གཡོ། ཡི་དྭགས་རྣམས་གར་བྱེད་ཝ་རྣམས་རྩེ་གླང་པོ་ཆེའི་སྐད་འབྱིན་ཅིང་བར་ཆད་བྱེད་དེ། ལྷའི་གཟུགས་སམ་བུང་བའི་གཟུགས་ཀྱིས་སྒྲ་འབྱིན་ཅིང་ནམ་གུང་གི་ཐུན་ལ་བར་ཆད་བྱེད་དོ། །དངོས་གྲུབ་ཕལ་པ་བསྒྲུབ་ན་ནུབ་བྱང་ནས་གཡོག་མོ་སོ་ལྔ་མོས་མར་མེ་གསོད་ལྷ་བཤོས་འབགས་པར་བྱེད་ཅིང་སྲོད་ལ་བར་ཆད་བྱེད་དེ། དངོས་གྲུབ་ཆེན་པོ་བསྒྲུབ་ན་གནོད་སྦྱིན་འཚུབས་མ་གཅིག་པས་ཝ་དང་སྟག་དང་གླང་གི་གཟུགས་ཀྱིས་ཧ་ཧཾ་ཟེར་ཞིང་གནམ་གྲུམ་པ་དང་། སྐར་མདའ་ལྟུང་ཞིང་འགྱིང་གི་ཐུན་ལ་བར་ཆད་བྱེད། ལྕགས་ཀྱུ་དཀར་མོས་དུས་མ་ཡིན་པར་འབྲུག་སྒྲ་དང་ཆར་འབེབས། གནམ་གྲུམ་པར་བྱེད་ཅིང་མདོག་དཀར་པོར་བསྟན་ནས་དཀྱིལ་འཁོར་བཤིག་གོ །ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ལ། ཀླུ་མོ་


CMR054_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་མོས་ཐོག་ཏུ་འོང་ནས་ཁོག་སྐམ་དང་། ཕ་གུ་འཕེན་ཅིང་སྲོད་ལ་བར་ཆད་བྱེད། ཀླུ་མོ་སོ་གཙིགས་ཀྱིས་ཀུན་ཏུ་རྒྱུ་དང་། གཅེར་བུ་དབང་དང་དུད་འགྲོ་སྣ་ཚོགས་གཟུགས་ཀྱིས་སྐར་མདའ་འཕེན་ཅིང་ངུ་འབོད་དང་བཅས་འགྱིང་ཐུན་ལ་བར་ཆད་བྱེད། མིག་སེར་མས་སྐར་མདའ་ལྟུང་ཞིང་སྒྲ་ཕྱུང་བས་དཀྱིལ་འཁོར་བཤིགས་ཏེ་ནམ་གུང་ལ་བར་ཆད་བྱེད་པར་བཤད་ལ། གསང་སྔགས་སྔ་འགྱུར་གྱི་བདུད་རྩི་སྨན་སྒྲུབ་དང་། སྒྲུབ་པ་ཆེན་པོའི་རིགས་གང་བྱེད་ཀྱང་ཞག་རེ་ལའང་དུས་ཚོད་བཅུ་ལ་ཉུལ་ཞིང་བར་ཆད་བྱེད་པའི་ཉུལ་ལེ་བཅུ་ཡོད་པར་གསུངས་ཏེ། ཨོ་རྒྱན་རིན་པོ་ཆེས། ཉི་ནུབ་ཟེར་དང་དགུང་མོའི་དུས་དག་ལ། །ཞུ་ལེ་ནག་མོ་བྱ་རོག་སྐད་བསྒྱུར་འོང་། །རྟག་ཏུ་ཉམས་མི་དགའ་ཞིང་བག་མི་དྲོ། །ཤེས་པ་བྱིང་འཐིབས་གཉིད་དུ་འགྲོ་བ་འོང་། །སྲོད་ལ་གྲོང་རྐུན་ནག་མོ་འོང་བར་འགྱུར། །བཀྲག་ཉམས་པ་དང་ཆགས་པ་དབང་མེད་སྐྱེ། །ནམ་ཕྱེད་འདོད་ཆགས་དམར་མོ་ར་ནུ་འོང་། །དཀྱིལ་འཁོར་སྟེང་དུ་ཞིང་ལྤགས་ཐུར་ལ་གོན། །སྲུང་མར་བརྫུ་ཞིང་ཆགས་པ་སྤྱོད་ཚུལ་སྟོན། །ནམ་ཕྱེད་ཡོལ་དུས་གནམ་སྨན་


CMR054_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

དུན་རྩེ་འོང་། །ཉམས་ནི་སང་སང་བྱིན་མེད་རིག་པ་ནི། །ཐོ་རངས་དང་པོ་ལག་བསེ་མགོ་དམར་འོང་། །རིག་པ་འཕྲོ་རྒོད་མི་སྡོད་ལང་སྙིང་འདོད། །ཉི་མ་རྩེ་ཤར་གནམ་ཐེལ་ནག་མོ་འོང་། །རིག་པ་ཕྱ་ཕྱོ་རེས་འགའ་བྱིང་དང་རེས་འགའ་རྨུགས། །ཉི་མ་དྲོས་ཁ་ཀླུ་སྲིན་སྔོན་མོ་འོང་། །སྙིང་ནི་ལྕི་ཧྲིལ་ཡང་ན་ན་སོགས་འོང་། །ཉི་མ་ཕྱེད་ན་ཀླུ་ཆེན་འཁྱམས་པ་འོང་། །བྱིང་རྨུགས་གཉིད་ལོག་དཀར་དམར་ཟས་ལ་གདུང་། །ཉི་མ་ཕྱེད་ཡོལ་ས་བདག་མ་ཡམས་འོང་། །ཉམས་ཤེད་དམའ་ཞིང་རིག་པ་ངར་མེད་འཐིབས། །ཉི་མ་ཕྱི་དྲོ་བདུད་དང་ཐེའུ་རང་འོང་། །དགེ་སྡིག་མི་འཛེམ་ཚིག་པ་ཟ་ཞིང་འཁྲུགས། །དེ་ལྟར་དུས་བཅུར་ཉུལ་ལེ་བཅུ་ཡིས་ཉུལ། །མདོར་ན་དམ་སྲི་རྒྱལ་འགོང་ཀླུ་སྲིན་དང་། །བཙུན་པ་ཁྲིམས་ཉམས་སྔགས་པ་དམ་ཉམས་དང་། །བོན་པོ་ལྟ་ལོག་དྲེད་པོ་དཀོར་སྲེད་སོགས། །ཉིན་མཚན་ཀུན་ཏུ་སྒྲུབ་ལ་བར་ཆད་བརྩམ། །བཟང་རྟགས་སྟོན་ཡང་ཉམས་མེད་བྱིན་མི་ཆགས། །དེ་དག་ནག་ཕྱོགས་བདུད་ཀྱིས་རབ་བསྐུལ་ནས། །རྟག་ཏུ་དྲི་ངན་མནམ་ཞིང་སྙིང་མི་དགའ། །ཆོག་ཁྲིག་བྱེད་སྙིང་མི་འདོད་ཐེ་ཚོམ་སྐྱེ། །


CMR054_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

མོས་གུས་དག་སྣང་བཟློག་ཅིང་འགྲོ་སྙིང་འདོད། །རིག་པ་བཀྲ་ཡལ་འཚུབས་ཤིང་ཀླུ་གཞས་དགའ། །ཞེས་སོགས་གསུངས་པས། རིག་སྔགས་སྒྲུབ་པ་ལ་བར་ཆད་བྱེད་པའི་བགེགས་འདི་དག་གིས་གཙོར་བྱས་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་བྱང་ཆུབ་སྒྲུབ་པ་ལ་བར་ཆད་བྱེད་པ་ཐམས་ཅད་ཡིན་ནོ། །དེ་རྣམས་ལ་དམིགས་ནས་བགེགས་གཏོར་གཅིག་བསྔོའོ། །རྒྱལ་མགྱོགས་བསྡུས་པ་གྲུབ་ན་ལེགས། རང་ཉིད་རྟ་མགྲིན་དུ་བསྒོམས་ལ་བཀའ་བསྒོ་མཚམས་གཅོད་བྱ། སྤྲུལ་པའི་ཁྲོ་ཆུང་གིས་བགེགས་རྣམས་རྒྱ་མཚོའི་ཕར་འགྲམ་དུ་བསྐྲད་ནས། སྲུང་འཁོར་བསྒོམ་པ་ནི། རྡོ་རྗེ་ས་གཞི་ནི་བརྟན་པ་མནར་མེད་པར་ཁྱབ་པ། །སྟེང་དང་ལོགས་རྣམས་སུ་རྡོ་རྗེའི་ར་གུར། དེ་རྒྱབ་མེ་ཁ་དོག་ལྔ་ལྡན་གྱི་གུར་དང་། སྟེང་འོག་རྡོ་རྗེ་ས་གཞི་ར་གུར་གྱི་རྒྱབ་ཏུ་གསེར་གྱི་འཁོར་ལོ་ཞྭ་ཐེབས་ཁ་སྦྱོར་ལྟ་བུའི་རྩིབས་བྱེ་བ་གྲངས་མེད་སྤུ་གྲི་ལྟར་གཡས་སུ་འཁོར་བའམ། འཁོར་ལོ་གཉིས་ཁ་སྦྱོར་རྩིབས་སོ་འཐབས་པས་གཡས་གཡོན་དུ་འཁོར་བའི་བར་དུ་གནོད་བྱེད་ཐམས་ཅད་གཏུབ་པའམ། འཁོར་ལོ་རྩིབས་བརྒྱད་པ་ཆུང་ངུ་


CMR054_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་པ་ས་གཞི་དུ་བ་ར་བ་གུར་དུ་གྱུར་པ་ཐམས་ཅད་སོ་སོར་གསོར་ལོ་ལྟར་འཁོར་བའི་བར་མཚམས་སུ་གནོད་བྱེད་ཐམས་ཅད་གཏུབ་པ་སྟེ་གསུམ་པོ་གང་འདོད་ཡིན་ལ། དེ་རྒྱབ་རལ་གྲི་རིན་པོ་ཆེའི་ཡུ་བ་ཅན་གྱི་གུར་ས་གཞི་དྲྭ་བ་ར་བ་སྟེ། འདི་དག་རལ་གྲི་རྣམས་རྒྱ་གྲམ་དུ་འཁོར་བའི་དྲྭ་བའི་བར་རྣམས་དེ་བས་ཆུང་བས་གཏམས་པའོ། །དེ་རྒྱབ་པདྨས་མཚན་པའི་དབྱུག་ཐོའི་ར་གུར་རོ། །དེ་རྒྱབ་སྣ་ཚོགས་རྡོ་རྗེ་ར་རྣོ་དབལ་ཅན་ཁ་གདེང་ཞིང་དྲག་ཏུ་འཁོར་བའི་ས་གཞི་ར་གུར་རོ། །དེ་རྒྱབ་ཕུར་པའི་ས་གཞི་དྲྭ་བ་གུར་ར་བ། དེ་རྒྱབ་མཚོན་ཆ་སྣ་ཚོགས་རྩེ་ཕྱིར་བསྟན་པ་སྟེ། དགྲ་སྟ། སྤུ་གྲི། ཆུ་གྲི། མདའ། མདུང་། སྟ་རེ། ཐོ་བ། ཞགས་པ་ལ་སོགས་བར་མཚམས་མེད་ཅིང་རྩ་བ་གཅིག་ཏུ་གྱུར་པ་དྲག་ཏུ་འཁོར་བའོ། །དེ་རྒྱབ་མེ་ཁ་དོག་ལྔ་ལྡན་འུར་རྒྱང་དུ་དུས་མཐའི་མེ་ལྟར་འབར་བས་སྒོ་ང་ལྟར་སྲུབ་མེད་ཅིང་ལྟ་བར་མི་བཟོད་པ་དུམ་བུ་གཅིག་ཏུ་གྱུར་པའོ། །དེ་ནས་རྟ་མགྲིན་གྱི་ཚོགས་སྔར་སྤྲོས་པའི་ཁྲོ་བོ་དེ་དག་ཚུར་འདུས་ནས་སྲུང་འཁོར་གྱི་བར་མཚམས་རྣམས་སུ་ཞལ་ཕྱིར་གྱུ་བའི་ཁྲོ་ཆུང་དཔག་ཏུ་མེད་པས་ཧཱུྃ་ཕཊ་ཀྱི་


CMR054_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲས་བཟློག་པའི་ལས་མཛད་པ་དང་། འཁོར་ལོའི་རྩིབས་ནང་དུ་ཞལ་ནང་དུ་གཟིགས་པ་རྣམས་རཀྟ་ཞེས་སྲུང་སྔགས་དང་སྲུང་བའི་ལས་མཛད་པར་བསྒོམ་པ་སྟེ། ཁྲོ་བོ་གཉིས་གཅིག་ཏུ་བརྩིས་པའི་སྲུང་འཁོར་དགུ་རིམ། སྲུང་འཁོར་གྱི་ནང་དུ་ཆོས་ར་དེར་འདུས་ཚར་བ་དང་། འདུ་རྒྱུ་ཐམས་ཅད་ཚུད་པར་བསྒོམ། དང་པོ་ཉིན་པར་དགེ་བསྐུལ་གྱི་རྟེན་འབྲེལ་དུ་ལྷ་མོ་བསྐུལ་བྱེད་མའི་རྗེས་གནང་བྱ། དེ་ནས་རྒྱུན་དུ་སྔ་དྲོ་ཁྲོམ་མང་ལ་རྗེས་གནང་རེ་དང་། ཕྱི་དྲོ་ཆོས་ཕྲུག་རྣམས་ལ་ཁྲིད་ཆོས་ཐུན་རེ་བཤད། །ཕྱིར་ནངས་ཆོས་ཐུན་མ་བྱུང་བའི་བར་དུ་དམིགས་པ་རྩེ་གཅིག་ཏུ་བསྒོམ་འཇུག །དང་པོ་ཉིན་པར་ཁྲོམ་ལ་རིམས་ནད་མི་འབྱུང་བའི་རྟེན་འབྲེལ་དུ། ལོ་མ་གྱོན་མའི་རྗེས་གནང་བྱས་ལ། ཨོཾ་པི་ཤ་ཙི་སྭཱ་ཧཱ། ཞེས་པ་ཉིན་གཅིག་བཞིན་ཁྲོམ་ལ་ཕྲེང་བསྐོར་ཡ་ཟུང་འུར་འདོན་འཇུག །དེ་ནས་ཁྲོམ་ནང་དུ་མི་སྡིག་ཅན་དང་གྲིབ་ཅན་དང་། དམ་ཚིག་ཉམས་པ་ཡང་འགའ་རེ་ཡོད་པས། དེའི་གྲིབ་ཀྱིས་གཞན་རྣམས་ལ་མི་གནོད་པའི་ཕྱིར། ཁྲོ་བོ་རྨེ་བརྩེགས་ཀྱི་རྗེས་གནང་བྱ། རང་ཉིད་ལའང་ཁྲོམ་གྲིབ་མི་འོང་བའི་ཕྱིར། ནངས་


CMR054_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་ལོ་གྱོན་མ་དང་། སྨེ་བརྩེགས་ཀྱི་རྒྱུན་བསྙེན་རེ་བྱ། ལས་བུམ་དུ་སྨེ་བརྩེགས་སོགས་བསྐྱེད་ལ་མེ་ལོང་ངོས་ནས་ཁྲོམ་མང་ལ་ཡང་ཁྲུས་བྱས་པས། ཉམས་གྲིབ་སེལ་ཞིང་ཆབ་བླང་པའི་གོ་ཆོད། མེ་ཏོག་ནས་བཀྱེ་མི་དགོས་པར། ཁྲོམ་སྤྱིའི་མཎྜལ་དུ་དམིགས་ནས། མཆོད་གཡོག་པས་ལག་ཏུ་མཎྜལ་ཐོགས་ཏེ་ལངས་ནས། གྲྭ་པ་རྣམས་ཀྱིས་མཎྜལ་འབུལ་བ་ཕྱག་སྲོལ་ཡོད་དོ། །དེ་ནས་སྔོན་འགྲོ་བགེགས་གཏོར་ཕུལ་ནས་བགེགས་སྐྲད་སྔགས་དམིགས་བྱ་བ་རྒྱུན་དུ་གལ་ཆེ་བར་གྲུབ་ཐོབ་སྐྱེར་སྒང་པས་གསུངས། ཁྲོམ་མང་ལ་དབང་དང་ཆོས་བཤད་རུང་བའི་ལུགས་ནི། ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་རྒྱུད་ལས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བར་བྱའོ། །འདིར་སྣོད་དང་ལྡན་པ་དང་མི་ལྡན་པར་ཡོངས་སུ་བརྟག་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་འདི་མཐོང་བ་ཙམ་གྱིས་བྱང་ཆུབ་ཐོབ་པའི་ཕྱིར་རོ། །ཞེས་གསུངས་པ་དང་། །གཞན་ཡང་། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་ཉིད། །གར་མཁན་དང་ནི་རི་མོ་བཟང་བཞིན་གནས། །ཞེས་


CMR054_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་དོན་ཡིན། རང་རྟོགས་པ་མཐོ་བར་ཡོད་ན། སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་སེམས་ཅན་ཐམས་ཅད་ཀྱི་སེམས་རྒྱུད་དང་། རང་གི་སེམས་ཉིད་དང་། དེ་གསུམ་ངོ་བོ་དབྱེར་མེད་པར་རྟོགས་ན། ཁྲོམ་མང་ལ་གསང་སྔགས་ཟབ་མོ་བཤད་ཀྱང་། རང་ལ་གསང་སྒྲོག་གི་ལྟུང་བར་མི་འབྱུང་། ཁྲོམ་ཕན་ཚུན་རྣམས། །དབང་དང་ཆོས་མཉམ་པོར་ཐོབ་ནས་མཆེད་གྲོགས་ཡིན་ཀྱང་དམ་ཚིག་བསྲུང་དཀའ་བས། ཁྲོམ་རེ་རེ་བཞིན་དུ་སོ་སོར་རྡོ་རྗེའི་གུར་ཁང་རེ་རེའི་ནང་དུ་ཚུད་པར་བསྒོམ། དེ་ནི་འདུལ་བ་ནས་ཐག་གྲ་བཤད་པ་དང་མཚུངས། དེ་ནས་རྨི་ལམ་རྩུབ་བམ་ཁྲོམ་ལ་བར་ཆད་བྱུང་དོགས་ན། བགེགས་མཐར་བྱེད། བདུད་རྩི་འཁྱིལ་བ། རྡོ་རྗེ་གྲོ་ལོད་སོགས་ཀྱི་དབང་བྱས་ལ། དབང་འགྲིམ་ཚེ་སྔགས་འུར་འདོན་བཅུག །དེ་བཞིན་དུ་ནད་ཞི་ཕྱིར་སྨན་ལྷའི་དབང་བསྐུར་ལ་སྔགས་འུར་འདོན་བཅུག །ཁྲོམ་རྒྱས་ཡག་རེད་པ་དང་། ཐེག་པ་ཐུན་མོང་གི་སྐྱབས་སྡོམ། བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་ལུང་། སྨྱུང་གནས་ཀྱི་སྡོམ་ལུང་། སྨྱུང་གནས་ཀྱི་ཆོ་ག་བཅུ་གཅིག་ཞལ་གྱི་དབང་། གུ་རུ་ཞི་བ་


CMR054_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འབྱུང་པོ་འདུལ་བྱེད་ཀྱི་དབང་། གནམ་ཆོས་ལྟར་པདྨ་གཙུག་ཏོར་དྲི་མེད་དང་། ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་དང་། ཕན་ཡོན་གང་ཆེ་རྣམས་ཀྱི་རྗེས་གནང་བྱ། གནམ་ཆོས་ལྟར་སའི་སྙིང་པོའི་རྗེས་གནང་གྲུབ་ན་རབ། མ་འགྲུབ་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་ལ་ཕྱག་འཚལ་ལོ། །ཞེས་པ་དེ་འུར་འདོན་ལན་མང་དུ་བྱེད་བཅུག་པས། ལོ་ལེགས་པ་དང་། རྩྭ་ཀ་སྐྱེ་བ་ལ་ཕན། ཆོས་དབུ་འཛུགས་དུས་དང་། རྗེས་ནས་དགའ་སྟོན་གྱི་ཚོགས་ཆེན་འགྲུབ་ན་ལེགས་ཏེ། མ་འགྲུབ་ཀྱང་དཀའ་གནད་མི་བྱེད་པར། ཤ་ཐུད་ཇ་མར་ཆང་སོགས་ཟས་ཀྱི་རིགས། དེ་ཉིན་བྱུང་ཚད་བསྡུས་ལ་ཚོགས་འཁོར་རྒྱུན་དུ་བྱ། དེས་ཚོགས་རྫོགས་པ་དང་། སྐུ་རིམ་དང་ཉམས་རྟོགས་སྐྱེ་བའི་གནད་ཆེ། རང་གིས་ཐོན་ན་བཟང་། མ་ཁོམ་ན་གྲྭ་པ་དྲག་རིམ་རྣམས་ཀྱིས་གཏོར་བསྔོས་དང་། བསྐང་བ་བཀའ་སྲུང་རྣམས་ཀྱི་གསོལ་ཁ་གཟབ་པ་གལ་ཆེ། ཁྲོམ་ལ་ནད་མུག་སོགས་འོང་གྲབ་བྱུང་ན། རྒྱལ་འགྱོགས་དང་ལྷ་མོ་བརྒྱ་རྩ་མཁའ་འགྲོ་གཏོར་ཟློག་རྣམས་གྲྭ་པ་རྣམས་ལ་བྱེད་བཅུག །རང་གིས་ནི་ཉམས་ལེན་གྱི་


CMR054_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ནས་སྔགས་དང་དམིགས་པ་ཁོ་ན་བྱའི། འདོན་པ་ཡང་མང་བར་མི་བྱ། འབུལ་བ་སོགས་གང་བྱུང་ཉམས་ལེན་སོགས་མ་ཡེངས་པར་བསྔོ་བས་རྒྱས་འདེབས། འབྲུ་དང་རིན་པོ་ཆེ་སོགས་སྐམ་སྤྱད་གང་བྱུང་རྣམས་མནྜལ་དུ་དམིགས་ལ་མཎྜལ་ཤོ་ལོ་ཀ་རེས་ཕུལ། གོ་མཚོན་དང་རྐང་བཞི་བ་བྱུང་ཚད་བསྐང་རྫས་སུ་དམིགས་ལ་གཏོར་བསྔོས་ཞོར་ལ་བསྐང་ཐུང་འདོན། འོ་ཞོ་སོགས་འཕྲལ་དུ་ལོངས་སྤྱོད་དགོས་པའི་བྱུང་ཚད་བྲན་ལ། ཐུགས་རྗེ་ཆེན་པོ་དང་། ལོ་མ་ཅན་དང་། ཛི་ལྷའི་སྔགས་ལ་ཁཱ་ཧི་བཏགས་ལ་ཕུལ་བས་དཀོར་སྒྲིབ་ཆུང་། ཚོགས་རྫོགས། །བར་ཆད་ཞི། དངོས་གྲུབ་འབྱུང་། བཟའ་བཏུང་གང་བྱུང་ཡང་ནང་གི་ཚོགས་འཁོར་ལྟར་ལོངས་སྤྱོད། ཚོགས་མ་རྫོགས་པར་ཆོས་བརྒྱགས་ཆད་པའི་ཉམ་ཆུང་འདུག་ན། ཆོས་བརྒྱགས་ཅུང་ཟད་སྦྱིན། གཞན་ཡང་ཟང་ཟིང་རྣམས་ཆོས་ཕྱོགས་སུ་རྩི་ཐེངས་བྱ། གྲོལ་ཁ་མང་བ་ལ་ཚེ་དབང་དང་དགེ་བ་ཁས་ལེན་བྱ། འབྲེལ་པ་ཐོགས་ཚད་ལ་བསྔོ་བ་རྒྱས་པ། བཀྲ་ཤིས་རྒྱས་པར་བརྗོད་ལ་མེ་ཏོག་འཐོར། དེ་ནས་ཁྲོམ་གྲོལ་ནས། གཞི་བདག་རྣམས་ལ་གཏང་རག་གི་


CMR054_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གཏོར་ཞིག་འབུལ། གཟུགས་མེད་ཀྱི་ཆོས་ཉན་པ་རྣམས་ཀྱང་གྲོལ་བར་བསྒོམ། གནས་བདག་ལ་ཡང་བསྔོ་བ་སྨོན་ལམ་བྱ། སྲུང་འཁོར་གྱི་དམིགས་པ་ཡང་བསྡུ་སྟེ། ཉམས་ལེན་སྟོང་ཉིད་ཀྱི་ངང་དུ་ཡུན་རིང་བཞག །དེ་ནས་འགྲོ་བའི་ཚེ་སྔོན་ལྟར་དམིགས་པ་བྱས་ལ་འགྲོའོ། །དེ་ལྟར་ཕྱོགས་ཀུན་ཏུ་འགྲོ་ཞིང་འགྲོ་དོན་བྱ་བ་ནི། ཨོ་རྒྱན་རིན་པོ་ཆེས་གསུངས་པའི་ཚོང་དཔོན་ལྟ་བུའི་འགྲོ་དོན་ཡིན་ལ། མང་བ་ནས་གཅིག་ཏུ་མཚམས་བསྡམས་ནས། རང་གི་ཐུགས་དམ་ཡང་ཡང་བཤོལ་བའི་ངང་ནས། དབང་ལུང་ཁྲིད་སོགས་ཞེ་ཐག་པ་ནས་ཞུ་མཁན་ཞོར་ལས་མ་ཡིན་པར་ཐག་རིང་ནས་རྐང་གཏད་ཀྱིས་བྱུང་ན། དེའི་རེ་འདོད་བསྐང་བར་བྱ་བ་ནི། མཉན་པ་ལྟ་བུའི་འགྲོ་དོན་ཡིན་པར་གསུངས་སོ། །འགྲོ་དོན་བྱུང་ན་ཐུགས་དམ་ཆག་བསམ་པར་མི་བྱ་སྟེ། ཐུགས་དམ་ནི་བྱང་ཆུབ་སྒྲུབ་པ་ལས་ལྷག་པའི་ཐུགས་དམ་བྱ་རྒྱུ་མེད་ཅིང་། སེམས་ཅན་ལ་ཕན་ཐོགས་ནུས་ན་བྱང་ཆུབ་སེམས་དཔའི་ཐུགས་དམ་རྩ་བ་དེ་ཡིན། སངས་རྒྱས་ནས་ཀྱང་འགྲོ་དོན་མ་གཏོགས་གཞན་བྱ་རྒྱུ་མེད་པའི་ཕྱིར། སངས་རྒྱས་རྣམས་ཀྱང་དེ་ལ་མཉེས་སོ། །བཀུར་སྟི་


CMR054_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དད་གུས་ཀྱིས་མི་ཆེན་བླ་ཆེན་རྣམས་ཀྱང་དབུ་རྒྱ་བའི་ཚེ། རང་ཉིད་རང་མཐོང་དང་། ང་རྒྱལ་སྐྱེ་ཞིང་། རྒྱུ་རྩིས་དང་ཆགས་འཛིན། ཕྲག་དོག་དང་འགྲན་སེམས་སྐྱེས་ན། ལྷའི་བུ་བདུད་ཞུགས་པ་ཡིན། གདུལ་བྱ་འགྲོ་དོན་ཆེ་ཚུགས་ངན། རང་དམན་ས་འཛིན་ཅིང་། ང་རྒྱལ་མེད། ཉམས་རྟོགས་ཇེ་འཕེལ་དུ་སོང་ན་དངོས་གྲུབ་ཡིན། འོན་ཀྱང་ཟང་ཟིང་ཨེ་འོང་བསམ་པའི་བསམ་པ་གཏན་ནས་སྤངས་ཏེ། སེར་མོ་བ་ཤེས་རབ་ཅན་རྣམས་ལ་དབང་རྒྱུན་ལུང་རྒྱུན་ཁྲིད་རྒྱུན་མང་དུ་འཕེལ་ན། །སངས་རྒྱས་ཀྱི་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་རྒྱུན་མི་འཆད་པར་འགྱུར་བ་ལུང་གི་བསྟན་པ་ཡིན་པ་ལོ། སེར་མོ་བ་དག་ལ་ཉམས་དང་རྟོགས་པ་སྐྱེས་ནས་ཁྲིད་འཛུགས་ཐུབ་རེ་བྱུང་ན། དེའི་རྒྱུད་འཕེལ་ཐུབ་ན་རྟོགས་པ་དོན་བརྒྱུད་དུ་འགྱུར་ལ། ཁྲིད་གཞན་ལ་འཕེལ་མ་ཐུབ་ཀྱང་རང་གི་ཉམས་ལེན་སྒྲུབ་པ་བྱེད་པ་བྱུང་ན། ཉམས་སུ་ལེན་པ་སྒྲུབ་པའི་བསྟན་པ་ཡིན་ཏེ། ཐུབ་པའི་བསྟན་པ་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་ཡིན། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་


CMR054_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། ཐ་མལ་པ་རྣམས་ལ་ཡང་། དགེ་སྒྲུབ་སྡིག་སྤངས་ཙམ་བྱེད་པ་དང་། བསྙེན་གནས་ངག་བཅད་ཡིག་དྲུག་སོགས་དགེ་བ་ལ་བློ་ཁ་འགྱུར་བ་དང་། ཞི་ལྷག་གི་ཏིང་ངེ་འཛིན་སྐྱོང་ཤེས་པ་མང་དུ་འོང་དོ་བས། དེའི་ཕན་ཡོན་ཁོ་ན་ལ་བསམ་པར་བྱའོ། །དེ་དག་ལ་ཚོགས་བཤད་ཀྱི་སྣོད་ཅེས་བྱ་སྟེ། ཁྲོམ་ཆོས་སུ་རུང་བ་ཡིན། གནད་ཀྱི་ངོ་སྤྲོད་ཟབ་མོ་དང་། གེགས་སེལ་བོགས་འདོན་ཁྱད་པར་ཅན་རྣམས་ནི། རྟོགས་འབུལ་ཞིག་ཞུས་ཀྱི་སྐབས་སུ་གང་ལ་གང་ཕན་ཚིག་རེ་རེ་བཤད་པར་བྱའམ། ཁྲོམ་ཆོས་དང་འབྱམས་བཤད་མི་རུང་ངོ་། །བྱས་ཀྱང་མི་ཕན་གནོད་ཉན་ཆེ་བའི་ཕྱིར་རོ། །དམ་ཉམས་དང་སྡིག་ཅན་ལ་ཡང་། དེའི་མཚང་ལ་རྒྱག་མི་རུང་། དེ་བཤགས་ཐབས་དང་སྦྱོང་ཐབས་ཀྱི་མན་ངག་ཟབ་མོ་རེ་རེ་བསྟན་པར་བྱའོ། །ཞི་བ་དང་བསྲུང་བའི་མན་ངག་རྣམས་ནི་གང་ལ་གང་ཕན་སྟོན་པར་བྱ། རྒྱས་པ་དང་དབང་གི་ལས་ཚོགས་ནི་བསྟན་པ་ལ་ཕན་ངེས་མ་གཏོགས་མི་སྟོན། སྦྱོར་སྒྲོལ་དང་གནོད་བྱའི་སྐོར་རྣམས་ནི་ཤིན་ཏུ་བསྡམས། གལ་ཏེ་མི་བྱེད་དཀའ་མེད་བྱུང་ན། མགྱོགས་ལུང་ཤོག་ངོ་བཀྲུ་ཙམ་ཞིག་བྱའོ། །ཕྱག་


CMR054_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་སོགས་ངག་ཁྲིད་ནི་པིར་གྱི་ཁ་བཞིན་བསྡམས། རྒྱུད་འཛིན་གྱི་སློབ་མ་ལ་གཅིག་བརྒྱུད་དུ་བྱའོ། །དེ་ལྟར་སེམས་བསྐྱེད་དང་ལྡན་པས་སྤེལ་མཁས་པར་བྱས་ན། རང་ཉིད་ཀྱང་བསྟན་འཛིན་གྱི་གྲལ་དུ་ཚུད་ཅིང་། ལུང་དང་རྟོགས་པའི་ཆོས་ཡུན་རིང་གནས་པར་འགྱུར་རོ། །ཁྲིད་ཀྱི་རྒྱབ་ཆོས་ལེའུ་ཐ་མ་སྟེ་རྫོགས་སོ།། འདི་བྲིས་ཉེས་པའི་ཆ་རྣམས་གང་མཆིས་པ། །རྩ་གསུམ་ཆོས་བདག་སྲུང་མའི་ཚོགས་ལ་བཤགས། །འདི་བྲིས་དགེ་བའི་རྩ་བ་གང་མཆིས་དེས། །ཐུགས་རྗེ་ཆེན་པོའི་བསྟན་པ་འཕེལ་རྒྱས་ནས། །འདི་དང་འབྲེལ་བ་ཐོགས་ཚད་འགྲོ་བ་ཀུན། །བདེ་ཆེན་དག་པའི་ཞིང་དུ་སྐྱེ་གྱུར་ཅིག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །མངྒ་ལཾ། བྷ་ཝནྟུ། ཤུ་བྷཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


CMR054_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།


previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གི་རྒྱབ་ཆོས།no next