Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
ཕྱག་རྫོགས་ཟུང་འཇུག་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་རྒྱབ་ཆོས་རྒན་མོ་མཛུབ་ཚུགས།
   
   
  expand section
   
   
   
  expand section
   


 
previousཕྱག་རྫོགས་ཟུང་འཇུག་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་རྒྱབ་ཆོས་རྒན་མོ་མཛུབ་ཚུགས།next

ཕྱག་རྫོགས་ཟུང་འཇུག་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་རྒྱབ་ཆོས་རྒན་མོ་མཛུབ་ཚུགས།


CMR055_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྫོགས་ཟུང་འཇུག་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་རྒྱབ་ཆོས་རྒན་མོ་མཛུབ་ཚུགས་ཞེས་བྱ་བ་བཞུགས་སོ།།


CMR055_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ་འདིའི་རྒྱབ་ཆོས་ནི། སྔོན་དུ་སྐྱབས་འགྲོ་སེམས་བསྐྱེད་བཤད་ནས་དོན་གོ་བར་བྱས་ཏེ། དེ་ནས་སྡོམ་པ་ཞུས་པས་ཚད་ལྡན་སྐྱེ་བ་ཡིན་ལ། ལས་རྒྱུ་འབྲས་འདི་ལག་ཏུ་ལོན་དཀའ་བ་རྗེས་ནས་ནན་ཏན་དུ་བཤད་པ་དང་། གནས་འགྱུ་སྲུང་ཤེས་པ་དེ་ཐེ་ཚོམ་སྐྱེས་ནས་སྐྱུར་དོགས་ཡོད་པས་ངོ་སྤྲོད་ལ་ནན་ཏན་དང་། དེ་ཀ་སྐྱེད་འཕེལ་འབྱུང་བའི་ཕྱིར་བོགས་འདོན་དང་། གོ་བ་སྐྱེ་ཕྱིར་གཞི་ལམ་འབྲས་གསུམ་དང་། ཉམས་ལེན་བདེ་ཕྱིར་བསྡུ་དོན་རྣམས་ཡིན། དང་པོ་སྐྱབས་


CMR055_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་སྡོམ་པ་ནི། སྐྱ་སེར་ཀུན་ལ་རུང་སྟེ། གཡས་ཕྱོགས་སུ་སངས་རྒྱས་ཀྱི་སྐུ་གཟུགས། དེའི་མདུན་དུ་མཆོད་པ་སྣ་བདུན་མཎྜལ་སོགས་བཤམས། རྒྱབ་ཆོས་འདི་ལ་ད་རེས་ཐེག་པ་ཆེན་པོའི་སྐྱབས་སྡོམ་ཡིན། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་དབུས་སུ་འོད་དཔག་མེད་ལོངས་སྤྱོད་རྫོགས་པའི་སྐུའི་ཆ་ལུགས་སུ་བཞུགས་པ། ཕྱོགས་བཅུ་ན་བཞུགས་པའི་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་སྤྲིན་ལྟར་གཏིབས་པ་ལྟར་བཞུགས་པའི་མོས་པ་མཛོད། ཆུ་ཟླ་བཞིན་དུ་གར་དམིགས་དེར་སྣང་བ་ཞེས་གསུངས།


CMR055_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཆེན་པོའི་སྐྱབས་སྡོམ་ཞུ་བསམ་པའི་འདུན་པ་རྩེ་གཅིག་པས་འདི་ཡི་རྗེས་ཟློས་ལན་གསུམ་གྱིས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་དུས་འདི་ནས་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཆགས་པ་དང་བྲལ་བ་རྣམས་ཀྱི་མཆོག །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ། ལེགས་སོ་ཟློས། སློབ་དཔོན་གྱིས་ཐབས་ཡིན་ནོ་བརྗོད། དེས་ཐེག་པ་ཆེན་པོའི་སྐྱབས་སྡོམ་ཐོབ་པ་ཡིན་ནོ། །དེ་ནས་ཐེག་པ་ཆེན་པོའི་སེམས་བསྐྱེད་ཞུ་བ་ལ། སྨོན་འཇུག་སྟབས་གཅིག་ཏུ་ལེན་པའི་ཆོ་ག །འཇམ་དབྱངས་ནས་ཀླུ་སྒྲུབ་ལ་བརྒྱུད་པ། སུ་ལ་ཡང་སྐྱེ་བ་ཡིན་པས། ད་རེས་དེའི་ལུགས་ཡིན། དེ་ལ་སེམས་བསྐྱེད་པའི་རྟེན་ཚོགས་བསགས་དགོས་ཏེ། ད་འདིའི་རྗེས་ཟློས་ལན་གསུམ་མཛོད། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་


CMR055_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །དངོས་གཞི་ནི། བྱང་ཆུབ་ཏུ་སེམས་བསྐྱེད་སྙམ་པའི་རྗེས་ཟློས་ལན་གསུམ་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་དུས་དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་འི་བསླེབ་པ་ལ། །དེ་དག་རིམ་བཞིན་བསླབ་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ། ལེགས་སོ་ཟློས། བདག་དགའ་བ་སྒོམ་པའི་རྗེས་ཟློས་མཛོད། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་།


CMR055_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་དེང་གྱུར། །སྨོན་པའི་བསླབ་བྱ་བསྡུས་པ་ནི། །སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་བསམ་པར་གྱིས་ལ་རྗེས་ཟློས་མཛོད། ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྟོགས་པར་མི་འགྱུར་དེ་ལྟར་བྱ། །གཞན་ལ་དགའ་བ་བསྒོམ་པ་ནི། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱིས། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱི། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ད་སྨོན་ལམ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་ཀྱང་སྤོངས་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་


CMR055_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག་བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །འོ་དེས་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་ཐོབ་པ་ཡིན་པས། ཕན་ཡོན་དུ་མ་ཞིག་ནམ་མཁའ་དང་མཉམ་པར་རབ་ཏུ་འབྱུང་། །ཞེས་གསུངས་སོ། །འདི་ཡི་བསླབ་བྱ་མདོར་བསྡུས་པ། དགེ་བའི་བྱ་བ་ཆེ་ཆུང་གང་བྱེད་ཀྱང་། རང་གི་དོན་ཁོ་ན་མ་ཡིན་པར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་པ་དང་། རྗེས་ནས་ཀྱང་སེམས་ཅན་གྱི་དོན་བྱ་བའི་ཕྱིར། རང་ཉིད་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་བསམ་པ་བྱས་ལ་བསྔོ་བ་སོགས་བྱ།། ༼༡༩༽ ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། ལས་རྒྱུ་འབྲས་གཏམ་རྒྱུད་མདོ་སྡེ་ལས་རྣམ་འབྱེད་ཀྱི་དོན་བསྡུས་ཏེ་བཤད་ན། བཤས་མང་དུ་བྱས་པ་ནི། རང་ཚང་མའི་སྒོ་ནོར་དུ་སྐྱེས་ནས་ལན་མང་དུ་བཤའ་བར་འགྱུར་རོ། །སྟོན་པ་ཤཱཀྱ་ཐུབ་པས། དཀོན་མཆོག་གསུམ་དང་ཕ་།


CMR055_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཁན་སློབ་ལ་བཀུར་སྟི་གལ་ཆེ་བར་གསུངས་ཏེ། ང་ལ་ཅི་ལྟར་བྱས་པ་དང་། ཕ་མ་དང་མཁན་པོ་དང་སློབ་དཔོན་ལ་ཅི་བྱས་པ། དེ་དག་ནི་བྱེ་བྲག་མེད་ཅིང་མཚུངས་ཏེ་ཚེ་འདི་དང་ཕྱི་མ་ལ་རྣམ་པར་སྨིན་པ་མི་མཉམ་པ་མེད་དོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཁྱིམ་བདག་དབུལ་པོ་ཞིག་ཁྱིམ་ལ་སེམས་ཆགས་ཤིང་ཤི་ནས། ཁྱིམ་དེ་ལ་གླང་རྒལ་པ་ཅན་གཅིག་ཡོད་པའི་བུར་སྐྱེས་ཏེ། སྐྱེས་མ་ཐག་བྱ་རོག་གིས་ཟོས། དེ་ལྟར་ལན་བདུན་དེར་སྐྱེས་ཤིང་ཟོས་སོ། །སངས་རྒྱས་འོད་སྲུང་གི་ཚེ་དགེ་སློང་དགྲ་བཅོམ་པ་རྒན་པོ་སྐད་མི་སྙན་པ་ཞིག་དང་། གཞོན་ནུ་སྐད་སྙན་པ་གཉིས་འདོན་པ་དབྱངས་བྱེད་པ་དང་། གཞོན་པས་ཁྱེད་ཀྱིས་དབྱངས་ནི་ཁྱི་ཟུག་པ་དང་འདྲ་དོ་སྨྲས་པས། བཤགས་པོ་བྱས་ཀྱང་སྐྱེ་བ་ལྔ་བརྒྱ་ལ་ཁྱིར་སྐྱེས་ཏེ། མདོ་སྡེ་མཛངས་བླུན་ནས་གསུངས་པའི་དོན་བསྡུས་ཏེ་བཤད་ན། སྔོན་སངས་རྒྱས་འོད་སྲུང་གི་བསྟན་པའི་མཇུག་ཏུ། བྲམ་ཟེ་གཉིས་བསྙེན་གནས་བསྲུང་བ་ལ། གཅིག་གིས་རྒྱལ་པོར་སྐྱེ་བའི་སྨོན་ལམ་བཏབ་པས་རྒྱལ་པོར་སྐྱེས། གཅིག་གིས་ལྷར་སྐྱེ་བའི་སྨོན་ལམ་བཏབ་ཀྱང་དེ་ནུབ་ཆུང་མས་དགོང་མི་


CMR055_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་ཁ་མེད་བྱས་ནས་ཟོས་པས་ཀླུར་སྐྱེས། རྒྱལ་པོ་ཚངས་སྦྱིན་ཁྲོས་ཏེ་བཙོན་དུ་བཟུང་ནས་བསད་པར་ཤོམ་པ་བློན་པོས་རྒྱལ་པོ་ལ་ཞུས་ནས་མ་བསད་དེ་གཡོག་བྱེད་བཅུག །དེ་ལྟར་སྲོག་སྐྱབས་བྱས་པ་བློན་པོ་དེ་གར་སྐྱེས་ཀྱང་ཚེ་ལ་བར་ཆད་ཀྱིས་མི་ཚུགས་པར་དགྲ་བཅོམ་ཐོབ་བོ། །ཡང་སྔོན་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ། མི་དབུལ་པོ་ཞིག་གིས་དགེ་འདུན་ལ་དད་པས་ཕྱགས་དར་བྱས། སྤང་ནས་མེ་ཏོག་བཏུས་ཏེ་གཏོར་ནས་སྨོན་ལམ་བཏབ་པས། བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་གར་སྐྱེས་ཀྱང་གཟུགས་བཟང་ཞིང་མཛེས་པ། བཟའ་བཏུང་ཁྲི་སྟན་ཕུན་སུམ་ཚོགས་པར་གྱུར་ཏེ་དགྲ་བཅོམ་ཐོབ་བོ། །ཡང་སྔོན་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ། མི་དབུལ་པོ་ཞིག་གིས་ཡིད་རང་ཞིང་རྡེའུ་དཀར་རྒྱུ་ལས་བྱས་པའི་ནོར་བུ་སྤར་གང་དགེ་འདུན་ལ་གཏོར་ཞིང་སྨོན་ལམ་བཏབ་པས་བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་ནོར་བུ་དང་ཟས་གོས་དང་ལོངས་སྤྱོད་ལྷུན་གྱིས་གྲུབ་པར་གྱུར་ཏེ་དགྲ་བཅོམ་པ་ཐོབ་བོ། །རྒན་མོ་གཅིག་ཟས་གོས་ནི་མེད། རྒས་དྲགས་ཀྱང་ལས་ཀ་ནི་དགོས། འཆི་རྒྱུ་མེད་པ་སྙམ་ནས་ཆུ་ལེན་ས་ན་ངུ་འབོད་བྱེད་


CMR055_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཡོད་ཛ། དེར་འཕགས་པ་ཀ་ཏ་ཡ་ན་བྱོན་ནས་ཆུ་ལྷུང་བཟེད་གང་ཕུལ་གསུངས་ནས་ཕུལ། དེ་ལ་བསྔོ་བ་ཤོ་ལོ་ཀ་གཅིག་མཛད་པས་ལྷའི་བུ་མོར་སྐྱེས་སོ། །སྔོན་སངས་རྒྱས་འོད་སྲུང་འདས་ནས་མཆོད་རྟེན་བརྩེགས། ཕྱིས་དེ་རྣམས་ཞིག །དགེ་སློང་ཞིག་ཡོད་པས་ཞིག་སོས་སྔར་བཞིན་བྱས་ནས་སྨོན་ལམ་བཏབ་པས། ཕྱིས་ཡུལ་དེར་སའི་རྒྱལ་པོ་ཀ་པི་ན་ཆེན་པོར་སྐྱེས་ཏེ། ཡོ་བྱད་བཏང་བ་ནི་དེ་འཁོར་རྒྱལ་ཕྲན་ཁྲི་བརྒྱད་སྟོང་དུ་སྐྱེས་ནས་ཤིན་ཏུ་སྟོབས་ཆེ། རྒྱལ་པོ་དེ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་བོ། །སྔོན་དགེ་སློང་ལྔ་བརྒྱ་དབེན་པ་བསྟེན་པ་ནི། དགེ་སློང་གཅིག་གིས་བསོད་སྙོམས་བྱས་ཏེ་འཚོ་བ་སྦྱར་བས། བསོད་སྙོམས་པ་དེས་བསྐལ་པ་དྲུག་ཅུ་རྩ་གཅིག་ཏུ་ལྷ་དང་མིའི་ལོངས་སྤྱོད་ཆེན་པོར་གྱུར། ཕྱིས་བཅོམ་ལྡན་འདས་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་ཐོབ་བོ། །མཉན་ཡོད་ན་བུད་མེད་བསྙེན་དགའ་མོ་ཞེས་བྱ་བ་དབུལ་ཞིང་འཕང་པ་ཞིག་སྤྲང་སྤྲང་བས་མར་ཅུང་ཟད་རྙེད་པ་བཅོམ་ལྡན་འདས་ལ་མར་མེ་ཆུང་ངུ་གཅིག་བྱས་ཏེ་ཕུལ་བ་མར་མེ་འཛིན་ནས་ཕྱིར་ནངས་མ་དམའ། སངས་རྒྱས་མར་མེའི་འོད་དུ་ལུང་བསྟན་ནོ། །དགེ་སློང་


CMR055_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

སར་པས་དགེ་སློང་གཅིག་ཡུར་བ་ལ་མཆོང་བ་ལ། མཆོང་རྐྱེན་སྤྲེའུར་དང་འདྲ་དོ་སྨྲས་པ་ལ། བཤགས་པ་བྱས་ཀྱང་སྐྱེ་བ་ལྔ་བརྒྱར་སྤྲེའུ་སྐྱེས་ཏེ། ངག་འཁྱལ་བསྲུང་བ་གལ་ཆེ་གསུངས་སོ། །ཡང་བཅོམ་ལྡན་འདས་ཀྱིས་ཆོས་གསུངས་པའི་ཚེ་ནམ་མཁའ་ལ་ངང་པ་ལྔ་བརྒྱ་འཕུར་བས་ཐོས་ནས་ཡིད་དགའ་སྟེ་འབབ་འདོད་པ་ལ་རྔོན་པས་རྒྱ་བྲེས་ཏེ་ཟིན་ནས་བསད་མ་ཐག་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས། སེང་གེ་ཡི་དམ་བརྟེན་གྱིས་རྔོན་པ་ངུར་སྨྲིག་ཅན་ལ་གུས་པར་བྱས་པས་བསྐལ་པ་ཁྲི་ཕྲག་བཅུའི་བར་དུ་འཁོར་ལོས་སྒྱུར་རྒྱལ་དུ་གྱུར་ནས་མཐར་སངས་རྒྱས་སོ།། ༼༢༠༽ ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། སྔོན་འགྲོ་ལ་ལས་རྒྱུ་འབྲས་ཆེ་ལོང་ཙམ་ཞིག་བཤད་མོད་ཀྱང་གོ་དཀའ་སྟེ། རོ་གཅིག་དུ་མར་ཤར་བའི་རྟོགས་པ་མ་འཁྲུངས་ཀྱི་བར་དུ། རྒྱུ་འབྲས་ཕྲ་ཞིབ་མི་ཕྱེད་པས། སྐྱེ་ཤི་འཁོར་བའི་ལེའུ་ལས། །ཁམས་གསུམ་གང་ན་སྐྱེས་སོ་ཅོག །སྐྱེས་སོ་ཅོག་ཀྱང་ལས་ཀྱི་དབང་། །ལས་སོ་ཅོག་ཀྱང་སྔོན་བྱས་དོན། །ཤིའོ་ཅོག་ཀྱང་ལས་ཀྱི་དབང་། །སྐྱེ་ཤི་ཆོས་ཀྱི་དུས་


CMR055_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བབ་ན། །གནམ་ས་རིམ་པའི་ལྷ་རྣམས་ལྟུང་། །འཕྲུལ་ཆེན་མཐུ་མང་འདུག་དབང་མེད། །ཅེས་གསུངས་སོ། །མདོ་སྡེ་ལས་རྣམ་འབྱེད་ལས། དེ་ལ་ངེས་པར་སྐྱེ་བར་འགྱུར་བའི་ལས་གང་ཞེ་ན། དགེ་བའི་ལས་གང་ཡིན་བྱས་ནས་འདིས་ནི་བདག་འདི་ལྟ་བུ་གཅིག་ཏུ་སྐྱེ་བར་གྱུར་ཅིག །ཅེས་ངེས་པར་བསྔོ་བ་དང་། མཚམས་མེད་པ་ལྔ་བྱས་པ་འདི་ནི་སྐྱེ་བར་འགྱུར་བའོ། །ཡང་དགེ་བའི་རྩ་བ་བསགས་ཀྱང་། ནམ་ཞིག་སྨིན་ནི་སྨིན་གྱི། སྨོན་ལམ་མ་བཏབ་ན་ཅི་ལྟར་སྨིན་ངེས་པ་མེད་དེ། ལས་རྣམ་འབྱེད་ལས། དེ་ལ་སྐྱེ་བར་འགྱུར་བ་མ་ངེས་པའི་ལས་གང་ཞེ་ན། དགེ་བའི་ལས་གང་བྱས་ནས་ཅིར་ཡོངས་སུ་མི་བསྔོ་བའོ། །དགེ་སྡིག་གང་ཡང་ལས་ཚབས་ཆེན་སྤྱད་ན། དགོངས་གཅིག་རྡོ་རྗེའི་གསུངས་ལས། ད་ལྟའི་ལས་འབྲས་ད་ལྟ་སྨིན་པ་ཡང་ཡོད་གསུངས། ལས་གང་ཡང་ཡུལ་འདིར་མི་སྨིན་པར་ཡུལ་གཞན་དུ་སོང་ན་སྨིན་པའང་ཡོད་དེ། སྡིག་པ་བྱས་ནས། དེ་ལ་འགྱོད་བཤགས་ཕྱིན་ཆད་མི་བྱེད་པར་བསྡོམ་ན། ལས་བྱས་ནས་མ་བསགས་པའོ། །དགེ་སྡིག་གང་ཡང་སེམས་ཀྱིས་ཚང་བར་བྱས་ཤིང་། ལུས་


CMR055_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི་མ་བྱས། ངག་གིས་ནི་མི་བྱའོ་སྨྲས་ན། བསགས་ལ་མ་བྱས་པའོ། །སྡིག་པ་མི་འཛེམ་འགྱོད་པ་མེད་པས་མི་བཤགས། །འཕྲོ་མི་གཅོད་ན་ལས་བྱས་ལ་བསགས་པའོ། །དགེ་སྡིག་མ་བྱས་པ་ནི། མབྱས་མ་བསགས་པའོ། །དམྱལ་བར་སྐྱེ་བའི་ལས་བྱས་ལ། མི་བཤགས་མི་འགྱོད་སྡོམ་པར་མི་བྱེད་པ་ནི། དམྱལ་བར་སྐྱེས་ནས་ཚེ་ཚད་མ་རྫོགས་ཀྱི་བར་དུ་མི་ཐར། ཅུང་ཟད་འཛེམ་པ་དང་བཤགས་པ་དང་བསྡོམས་པར་བྱས་ན། ཚེ་ཚད་ཕྱེད་རྫོགས་ནས་ཐར་རོ།། །ཤིན་ཏུ་འགྱོད་ནས་བཤགས་པ་ཆེན་པོ་དང་། ཕྱིན་ཆད་རབ་ཏུ་བསྡོམས་ན། དམྱལ་བར་སྐྱེས་མ་ཐག་ནས་ཐར་རོ། །སྦྱིན་པ་ལ་སེམས་དགའ་ཞིང་སྦྱིན་པ་དང་འབུལ་བ་སོགས་བྱས་ནས། རྗེས་ནས་སེར་སྣ་སྐྱེས་ཏེ་འགྱོད་པ་སྐྱེས་ན། ཕྱུག་པོ་ལོངས་སྤྱོད་ཅན་གྱི་བུར་སྐྱེས་ཏེ་ཚེ་སྟོད་བདེ་སྐྱིད་ལོངས་སྤྱོད་ཆེ་ཞིང་། ཚེ་སྨད་དབུལ་ཕོངས་སྡུག་བསྔལ་ཅན་དུ་འགྱུར། དང་པོ་མི་འདོད་ཅིང་། ཚར་ནས་སེམས་དགའ་ཞིང་འགྱོད་པ་མེད་ན། མི་དབུལ་པོའི་བུར་སྐྱེས་ཏེ། དཀའ་ལས་ཆེན་པོ་ཟོག་བཙལ་བས་རྙེད་དེ། དེ་འཕེལ་ཞིང་རྒྱས་ནས་ཚེ་སྨད་ཕྱུག །


CMR055_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པ་དང་དབུལ་བ་སོགས་དང་པོ་ཡིད་དགའ་ཞིང་དད་པའི་སྒོ་ནས་བྱས། རྗེས་ནས་སེར་སྣའི་འགྱོད་པ་མ་ཤོར་ན། ཕྱུག་པོའི་བུར་སྐྱེ་སྟེ། ལོངས་སྤྱོད་འཕེལ་ཞིང་རྒྱས་ནས་མི་ཚེར་ཕྱུག །འབུལ་བ་དང་ནི་སྦྱིན་པ་གཅིག་ཀྱང་མ་བྱས་ལ། གདན་གཅིག་སོགས་སྡོམ་པ་ཅུང་ཟད་བསྲུང་ན། མི་དབུལ་པོའི་ཁྱིམ་དུ་སྐྱེས་ཏེ། མི་ཚེ་ལ་ལྟོགས་ཤིང་དབུལ་ནས་སྡུག་བསྔལ་བར་འགྱུར་རོ། །ཞིང་དག་པ་ལ་འབུལ་བ་དང་སྦྱིན་པ་ཆེན་པོ་བྱས་ན། ཕྱུག་པོར་གྱུར་ནས་སེར་སྣ་ཆུང་ཞིང་ཆོས་ཕྱོགས་ལ་གཏོང་ནུས་པ་འབྱུང་། འབུལ་བ་དང་སྦྱིན་པ་ཆུང་ངུ་བྱས་པས། ཕྱུག་པོར་གྱུར་ཀྱང་སེར་སྣ་ཆེ་བས། ཆོས་ཕྱོགས་སུ་གཏོང་མི་ནུས་པ་འབྱུང་། ཞིང་མ་དག་པ་ལ་འབུལ་བ་དང་སྦྱིན་པ་མང་དུ་བྱས་པས་ལོངས་སྤྱོད་ཆེན་པོ་མེད་པར་འགྱུར་ཞིང་ཅི་ཡོད་ཆོས་ལ་གཏོང་ནུས་ཏེ་ཟད་ཅིང་དབུལ་པོར་འགྱུར་རོ། །ཚོགས་ཆེན་པོ་བསགས་པའི་སོ་སོའི་སྐྱེ་བོ་ནི། རྒྱལ་པོ་ཆེན་པོར་སྐྱེས་ཏེ། དེའི་ལུས་ནི་བདེ་སྟེ། སེམས་ནི་མི་བདེ། བསོད་ནམས་མ་བསགས་པ་ལ་རྟོགས་པ་མཆོག་ཐོབ་པ། ལུས་མི་བདེ་བ་སེམས་བདེ་བ་ཡིན་ནོ། །སྔོན་ཚོགས་བསགས་ཤིང་ད་ལྟ་


CMR055_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་མཆོག་ཐོབ་པ་ནི། ལུས་སེམས་གཉིས་ཀ་བདེ་བ་དང་ལྡན་ནོ། །སྔོན་ཚོགས་ཀྱང་མ་བསགས་ད་ལྟར་རྟོགས་པ་ཡང་མི་ཐོབ་པ་ནི། ལུས་སེམས་གཉིས་ཀ་མི་བདེ་སྟེ། འགྲོ་བ་རིགས་དྲུག་གང་ཡང་འདྲ་སྟེ། ཤི་ནས་ཡང་དེར་སྐྱེ་དགོས་པ་ནི། ཚེ་ཟད་ཀྱང་ལས་མ་ཟད་པའོ། །དང་པོ་བདེ་སྐྱིད་ལྡན་པ་ལ་ཚེ་སྨད་ནས་སྡུག་བསྔལ་ཅན་དུ་གྱུར་པ་དང་། ཚེ་སྟོད་དབུལ་ཕོངས་སྡུག་བསྔལ་ཅན་ཡིན་པ་ལ། ཚེ་སྨད་བདེ་སྐྱིད་ལོངས་སྤྱོད་ཅན་དུ་གྱུར་པ་ནི། ལས་ཟད་ལ་ཚེ་ཟད་པའོ། །ཤི་ནས་དེར་མི་སྐྱེ་བར་རིགས་དྲུག་གཞན་ཞིག་ཏུ་སྐྱེ་བ་ནི། ཚེ་ཡང་ཟད་ལ་ལས་ཀྱང་ཟད་པའོ། །དགྲ་བཅོམ་པའམ། རང་སངས་རྒྱས་ཐོབ་པ་ནི། ཚེ་མ་ཟད་ལས་མ་ཟད་ཉོན་མོངས་པ་ཟད་པའོ། །ངན་སོང་གི་ལུས་སུ་སྐྱེས་ན་ཡང་། གཟུགས་མཛེས་ཤིང་ཡིད་དུ་འོང་བ་ནི། ཞེ་སྡང་གི་ཀུན་ནས་བསླང་ནས་ཚུལ་ཁྲིམས་བསྲུང་བའོ། །མདོག་ངན་ཞིང་གཟུགས་མི་སྡུག་པ་ནི། ཞེ་སྡང་གིས་ཀུན་ནས་བསླང་ནས་ཚུལ་ཁྲིམས་འཆལ་པའི་ལས་འབྲས་སོ། །དུད་འགྲོ་སོགས་དྲི་མི་ཞིམ་དབང་པོ་མི་གསལ་བ་ནི། གཏི་མུག་གི་སྒོ་ནས་ཚུལ་


CMR055_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་འཆལ་པའི་ལས་འབྲས་སོ། །གཞན་ལ་གནོད་པའི་བསམས་པས། དགེ་བ་བྱས་པ་ནི་དགེ་བའི་ལས་ལ་འབྲས་བུས་སྡུག་བསྔལ་འབྱུང་བའི་ལས་སོ། །བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླང་ནས། རྩ་བ་བཞི་སོགས་མི་དགེ་བ་བྱེད་པ་ནི། སྡིག་པའི་ལས་ལ་འབྲས་བུ་བདེ་བ་འབྱུང་སྟེ། དཔེར་ན་གསང་སྔགས་ཀྱི་སྦྱོར་སྒྲོལ་སོགས་ཀྱང་འདི་ལ་དགོངས་པའོ། །སྡིག་པའི་སེམས་ཀྱིས་སྡིག་པའི་ལས་ལ་འབྲས་བུ་སྡུག་བསྔལ་འབྱུང་བ་ཉིད་དོ། །བསམ་པ་བྱང་ཆུབ་སེམས་ཀྱི་དགེ་བ་བསྒྲུབ་པ་ནི། དགེ་བའི་ལས་ཀྱི་འབྲས་བུས་བདེ་བ་འབྱུང་སྟེ། ཀུན་བསླང་མུ་བཞི། བསམ་པ་དགེ་བས་སྦྱོར་བ་སྡིག་པ་སྤྱད་ན། མཐོ་རིས་སུ་སྐྱེས་ཀྱང་དབུལ་ཕོངས་དང་། དཀའ་ལས་སྐྱིད་སྡུག་དང་། ན་ཚ་སོགས་སྡུག་བསྔལ་མྱོང་། བསམ་པ་སྡིག་པའི་ལས་ཀྱིས་སྦྱོར་བ་དགེ་བ་བྱས་ན། ངན་སོང་དུ་སྐྱེས་ཀྱང་ལོངས་སྤྱོད་དང་ལྡན་པ་སྟེ། ཀླུའི་རྒྱལ་པོ་ལྟ་བུའོ། །སྡིག་པའི་བསམ་པས་སྡིག་པ་བསགས་ན། ངན་སོང་དུ་སྐྱེས་ནས་སྡུག་བསྔལ་ཚབས་ཆེན་མྱོང་སྟེ། བསམ་པ་དགེ་བས་སྦྱོར་བ་དགེ་བ་སྤྱད་ན། མཐོ་རིས་སུ་སྐྱེས་ནས་བདེ་སྐྱིད་ཕུན་སུམ་ཚོགས།


CMR055_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དག་པ་ལ་བསམ་པ་ངན་པས། གནོད་པའི་མི་དགེ་བ་ཆུང་ངུ་བྱས་ཀྱང་། འབྲས་བུ་སྡུག་བསྔལ་རྒྱ་ཆེན་པོ་མྱོང་དགོས། ཞིང་དག་པ་ལ་བསམ་པ་དད་གུས་ཀྱིས་བཀུར་སྟི་སོགས་དགེ་བ་ཅུང་ཟད་བྱས་པས། འབྲས་བུ་བདེ་སྐྱིད་རྒྱ་ཆེན་པོ་འབྱུང་། སྡིག་པའི་ལས་ལ་འགྱོད་པ་དང་བཤགས་པ་དྲག་པོས་དེ་རྩ་བ་ནས་དག་ཐུབ་ན་མ་གཏོགས། དུས་ནམ་ཞིག་བསླུ་བ་མེད་པར་ངེས་པར་རང་གིས་མྱོང་དགོས་ཏེ། འདུལ་བ་ལུང་ལས། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་ཞིང་ཚོགས་དང་དུས། །རྙེད་ནས་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །ཅེས་གསུངས། སྡིག་པ་བྱས་ནས་བཤགས་པ་མ་བྱས་ན། ཞག་རེ་སོང་ཞིང་སྐྱེད་རེ་འགྱུར་བས། སྡིག་པ་ཆུང་ཡང་ཆེན་པོར་འགྱུར། བཤགས་པ་བྱས་ན་རྩ་བ་ནས་མ་དག་ཀྱང་སྐྱེད་དེ་མི་འགྲོ། སྔོན་ལ་གང་སྨིན་ཞེ་ན། སྟོབས་གང་ཆེ་བ་དེ་སྔོན་ལ་སྨིན། དགེ་སྟོབས་སྡིག་སྟོབས་གཉིས་མཉམ་ན། གོམས་པའི་གཤིས་གང་ཆེ་བ་སྔོན་ལ་སྨིན། དེ་ཡང་མཉམ་ན་འཆི་ཁའི་སེམས་ལ་གང་གསལ་བ་དེ་སྔོན་ལ་སྨིན་ཏེ། སྡིག་པ་བྱས་པ་


CMR055_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བདེ་སྐྱིད་ལྡན་པ་ནི། ཚེ་སྔ་མ། དགེ་བ་བྱས་པའི་འབྲས་བུ་ཚེ་འདིར་སྨིན་ནས། བསོད་ནམས་ཐམས་ཅད་ཚེ་འདིར་རྫོགས་ཏེ། ཕྱི་མ་ཐར་མེད་པའི་གནས་སུ་འགྲོ། །དེ་ལ་ཚེ་འདི་ཝ་ཟེར། ཡང་ཆོས་དང་དགེ་བ་བྱས་པས་ཚེ་འདིར་སྡུག་བསྔལ་འབྱུང་བ་ནི། སྐྱེ་བ་སྔ་མ་སྡིག་པ་བྱས་པའི་འབྲས་བུ་ཚེ་འདིར་མྱོང་བ་ཡིན་ལ། ཚེ་འདིར་དགེ་བ་དང་ཆོས་བྱས་པའི་འབྲས་བུ་མ་འོངས་པའི་ཚེ་རབས་རྣམས་སུ་བདེ་སྐྱིད་རྒྱ་ཆེན་པོ་ཐོབ་པར་འགྱུར། ཆོས་བསྒྲུབ་པའི་ཉམས་ལེན་རྩེ་གཅིག་བྱས་པའམ། དགེ་བའི་རྩ་བ་རླབས་པོ་ཆེ་བསྒྲུབས་པས། ཚེ་རབས་སྐྱེ་བ་སྔ་མའི་ལས་ངན་སྡིག་སྒྲིབ་ཅི་ཡོད་བླངས་ནས། ཚེ་རབས་གཞན་དུ་ངན་སོང་གི་སྡུག་བསྔལ་རྒྱ་ཆེན་པོ་མྱོང་རྒྱུ་ཐམས་ཅད། ཚེ་འདིར་ནད་ཀྱིས་མནར་བ་ཙམ་གྱིས་བྱང་བར་གྱུར་ནས། ཚེ་ཕྱི་མ་ཕན་ཆད་བདེ་བ་ནས་བདེ་བའི་མཆོག་ཐོབ། མྱ་ངན་འདས་མདོ་ལས། དམ་པའི་ཆོས་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་སྡིག་པའི་ལས་གྲངས་མེད་པ་བྱས་པ་རྣམས། ཀླད་པ་ན་བ་དང་། རིམས་ཀྱིས་བཏབ་པ་དང་། ནད་དང་ཟུག་རྔུ་དང་། གཞན་གྱིས་སྐུར་པ་བཏབ་པ་ཙམ་གྱིས་


CMR055_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་བར་འགྱུར་ལ་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཀྱང་ཐོབ་པར་འགྱུར་རོ། །ཞེས་གསུངས་སོ། །ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། གསང་སྔགས་ཀྱི་བསྒྲུབ་པ་ཟབ་མོ་རྣམས་བྱས་པས། ནད་དང་སྡུག་བསྔལ་སོགས་མི་ཤིས་པ་མང་པོ་བྱུང་བ་ནི། སྣོད་བཀྲུས་པས་དྲི་མ་ལྡང་བ་ལྟར། སྒྲིབ་པ་དག་པའི་ལས་སློང་ཡིན་ཚུལ་རྒྱ་ཆེར་གསུངས། ཡང་མི་ཚེར་ཆོས་དང་བསྒྲུབ་པ་རྩེ་གཅིག་བྱས། ཉམས་རྟོགས་བཟང་པོ་ཡོད་པའི་ས་གནས་ཀྱི་སེམས་དཔའ་ཆེན་པོ་རྣམས་ཀྱང་། འདས་ཁ་གནད་གཅོད་ཀྱི་སྡུག་བསྔལ་དྲག་པོ་ཡུན་རིང་དུ་སྦྱངས་པ་དང་། བཟོད་གླགས་མེད་པའི་ཟུག་ཟེར་དྲག་པོ་འབྱུང་བ་ནི། ལས་ཀྱི་སྒྲིབ་པའི་ལྷག་མ་ཅི་ཡོད་པ་ཐམས་ཅད་འཆི་ཁ་དེར་སྦྱངས་ནས། འཆི་བ་ཆོས་ཀྱི་སྐུར་སངས་རྒྱས་པའམ། དག་པའི་ཞིང་ཁམས་སུ་གཤེགས་པའི་སྔ་ལྟས་ཡིན། རྗེ་བཙུན་མི་ལ་ལ་གསོལ་བའི་ཟུག་གཟེར་དྲག་པོ་བྱུང་། རྗེ་ཕག་གྲུ་དང་། འབྲོམ་སྟོན་པ་སོགས་ལ་མཛེ་ནད་བྱུང་། དོན་དེ་འདྲ་ལ་དགོངས་ནས། རྗེ་དེ་བཞིན་གཤེགས་པས། ངན་སོང་གསུམ་སོགས་མི་ཟད་འཁོར་བ་ཡི། །མི་ཁོམ་འཇིག་རྟེན་རྣམས་སུ་སྐྱེ་


CMR055_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལས། །གང་དེ་ཚེ་འདི་ཉིད་ལ་རབ་སྨིན་ནས། །ལན་གྲངས་གཞན་དུ་མྱོང་བར་མ་གྱུར་ཅིག །ཅེས་སྨོན་ལམ་འདེབས་པ་མཛད་ནས་འགྲུབ་པ་སྟེ། སྣེའུ་རྫོང་ནག་པས་དབུ་བསིལ་བ་ཡང་མཁྱེན་བཞིན་དུ་དེར་བྱོན་པ་ལྟ་བུའོ། །དེས་ན་ཆོས་པ་རྣམ་དག་ལ་འཆི་ཁའི་མཚམས་སྦྱོར་ངན་པ་བྱུང་ཡང་ངན་པའི་ངེས་པ་མེད་དེ། བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་ཉེས་མེད་དུ་བཀྲོངས་བས། ཀ་ལིང་ཀའི་རྒྱལ་པོས་ང་ཡི་ཡན་ལག་དང་ཉིང་ལག་བཅད་ཀྱང་། ཞེ་སྡང་གི་རྟོག་པ་མ་བྱུང་གསུངས་པ་ལྟ་བུའོ། །ཚེ་སྔ་མའི་ཡང་སྔ་མ་དགེ་བའམ་སྡིག་པ་ཚབས་ཆེན་ཞིག་བྱས་པ། ཚེ་འདི་ལ་ངེས་པར་སྨིན་དགོས་པ་ཅིག་ཡོད་ན། ཚེ་འདིར་ཚེ་རིང་བ་དང་ནད་མེད་པའི་སྔོན་གྱི་ལས་སྨིན་པ་དེ་ལ། མུ་སྟེགས་དང་བོན་གྱི་དྲང་སྲོང་དམོད་པ་གྲུབ་པ་སྟོང་གིས་བྲུབ་ཀྱང་གནོད་མི་ནུས། ལོངས་སྤྱོད་དང་མངའ་ཐང་ཆེ་བའི་ལས་སྨིན་པ་དེ་ལ། ཕྱོགས་བཞི་ནས་དགྲ་ལངས་ཀྱང་དེའི་མངའ་ཐང་འཕྲོག་པར་མི་ནུས། ཚེ་ཐུང་ནད་མང་བའི་ལས་སྨིན་པ་དེ་དྲང་སྲོང་བདེན་ཚིག་གྲུབ་པ་སྟོང་གིས་བསྲུང་བར་བྱས། འཚོ་མཛད་གཞོན་ནུ་སྨན་པ་བོས་ཀྱང་མི་ཕན། །


CMR055_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་དང་མངའ་ཐང་ཉམས་པའི་ལས་སྨིན་པ་དེ་ལ། ཟས་ནོར་ལོངས་སྤྱོད་ཐམས་ཅད་གྲམ་གསེང་དུ་ཆུ་བླུགས་པ་དང་འདྲ། སྙིང་དང་འདྲ་བའི་ཉེ་དུ་དང་། འཁོར་གཡོག་རྣམས་དགྲ་དང་བསྡོང་ནས་འོང་བ་ཡིན། དེ་ནི་དཀོན་མཆོག་གི་ཐུགས་རྗེས་ཡང་མི་སྐྱོབས་པས། གཞན་གྱིས་སྐྱོབ་པ་ལྟ་ཅི་སྨོས་ཏེ། སྔགས་ཀྱི་ཕན་ཡོན་ཀུན་ལ་ཡང་། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་གང་ལ་ཡང་མ་གཏོགས་སོ། །ཞེས་གསུངས། སྡིག་པ་ཚབས་ཆེན་དང་། དགེ་བ་ཚབས་ཆེན་ནི། སྐྱེ་བ་སྔོན་གཞན་གྱི་བར་མཚམས་མི་ཆོད་པར་སྐྱེ་བ་རྒྱབ་རེས་ངེས་པར་སྨིན་པས། མཚམས་མེད་པ་དགེ་སྡིག་འབྲིང་ཙམ་རྣམས་ནི། སྐྱེ་བ་རྒྱབ་མའི་རྒྱབ་མ་ངེས་པར་སྨིན་པ་ནི། སྐྱེ་གནས་མྱོང་འགྱུར་གྱི་ལས་སོ། །དགེ་སྡིག་ཆུང་ངུ་གང་ཡང་རྐྱེན་གྱིས་བསྐུལ་ན་ཚེ་འདིར་སྨིན་ཡང་སྲིད། རྐྱེན་དང་མ་འཕྲད་ན་བསྐལ་པ་བརྒྱ་སྟོང་དུ་ལུས་ཀྱང་སྲིད། ཆུད་མི་ཟ་བར་ནམ་ཞིག་ངེས་པར་སྨིན་དགོས་པ་ནི། ལན་གྲངས་གཞན་དུ་མྱོང་གྱུར་གྱི་ལས་ཏེ། ཚེ་ཐུང་ནད་མང་སོགས་ལས་ངན་གདོན་གྱིས་བསྐུལ་ནས། ཚེ་འདིར་སྨིན་པ་ལས་རིམ་གྲོ་དང་སྨན་


CMR055_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་ཀྱིས་ཟློག །ཚེ་རིང་ནད་མེད་ལོངས་སྤྱོད་ཆེ་བའི་ལས། འཇིག་རྟེན་གྱི་ལྷ་མཆོད་ཅིང་བསྒྲུབས་པས་ཚུར་འཐེན་ནས་ཚེ་འདི་ལ་སྨིན། ཡེ་ཤེས་ཀྱི་ལྷའི་དངོས་གྲུབ་ནི་དེ་ལྟར་མ་ཡིན་ཏེ། ལྷ་དེའི་སྔོན་གྱི་སྨོན་ལམ་དང་ཐུགས་རྗེའི་སྟོབས་ལས་བྱུང་བའོ། །མྱོང་བར་མ་ངེས་པའི་ལས་ནི། དགྲ་བཅོམ་པའི་རྒྱུད་ཀྱི་ལས་ལྟ་བུ་གསུང་སྟེ། དཔེར་ན་ཤཱཀྱ་ཐུབ་པ་སངས་རྒྱས་མ་སྔ་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྔ་བརྒྱར་སྐྱེ་དགོས་པ། དེར་སྐྱེ་ལོང་མ་བྱུང་བར་སངས་རྒྱས་པས། དེའི་བསོད་ནམས་ཉན་ཐོས་རྣམས་ཀྱི་འཚོ་བ་ལ་བསྔོ་བར་མཛད་པས། མུ་ཏིག་བྲེ་གང་གིས་འབྲས་བྲེ་གང་ལས་མི་ཁུག་པའི་དུས་བྱུང་ཡང་། ངའི་ཉན་ཐོས་རྣམས་འཚོ་བས་མི་འཕང་གསུངས་པས། རང་རེ་རབ་ཏུ་བྱུང་བ་རྣམས་སྡོམ་པ་དམ་ཚིག་གཙང་མ་བསྲུང་བ་ན། ཆོས་བརྒྱག་གི་ཐབས་མི་ཆགས་པའི་གནད་ཆེན་པོ་གཅིག་འདི་ཡིན་ནོ། །འདོད་ཁམས་ཀྱི་དགེ་བ་ནི། བསོད་ནམས་ཀྱི་ལས་ཡིན། འདོད་ཁམས་ཀྱི་མི་དགེ་བ་ནི་བསོད་ནམས་མ་ཡིན་པའི་ལས་ཡིན། གཟུགས་ཁམས་དང་གཟུགས་མེད་ཀྱི་དགེ་བ་ནི་མི་གཡོ་བའི་ལས་ཡིན་ནོ། །ཁམས་གོང་མའི་དགེ་


CMR055_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་གཅིག་ཏུ་དཀར་བའི་ལས། འདོད་པའི་མི་དགེ་བ་ནི་གཅིག་ཏུ་མནག་པའི་ལས། འདོད་པའི་དགེ་བ་ནི་འདྲེས་པའི་ལས་སོ། །ཟག་མེད་ཀྱི་དགེ་བ་ནི་རྣམ་སྨིན་ཟད་བྱེད་ཀྱི་ལས་ཡིན་ཏེ། དེད་དཔོན་སྙིང་རྗེ་ཆེན་པོས་མི་ལྔ་བརྒྱའི་སྲོག་ཤུགས་པའི་ཕྱིར། བདུད་མི་ནག་མདུང་ཐུང་ཅན་བསད་པ་དང་། ལྷ་ལུང་དཔལ་གྱི་རྡོ་རྗེས་བསྟན་པའི་དོན་དུ་རྒྱལ་པོ་གླང་དར་བསད་པ་ལྟ་བུ་ནི། བསམ་པ་དཀར་ལ་སྦྱོར་བ་ནག་པའི་ལས་སོ། །སྲོག་གཅོད་པའི་ཕྱིར་སྦྱིན་པ་བཏང་བ་ལྟ་བུ་ནི། བསམ་པ་ནག་ལ་སྦྱོར་བ་དཀར་བའི་ལས་སོ། །བསམ་པ་དག་པས་སྦྱིན་པ་བཏང་བ་ལྟ་བུ་ནི། བསམ་པ་དཀར་ལ་སྦྱོར་བ་དཀར་བའི་ལས་སོ། །ཤ་ཟ་བའི་ཕྱིར་སྲོག་གཅོད་པ་ལྟ་བུ་ནི། བསམ་པ་ནག་ལ་སྦྱོར་བ་ནག་པའི་ལས་སོ། །ཡང་འདོད་པའི་ཁམས་ནས་བསམ་གཏན་གསུམ་པའི་བར་གྱི་དགེ་བའི་ལས་ནི། བདེ་བ་མྱོང་གྱུར་གྱི་ལས་སོ། །འདོད་པའི་ཁམས་ཀྱི་མི་དགེ་བ་ནི་སྡུག་བསྔལ་མྱོང་འགྱུར་གྱི་ལས་སོ། །བསམ་གཏན་གསུམ་པ་ཡན་ཆོད་དགེ་བ་ནི། བཏང་སྙོམས་མྱོང་འགྱུར་གྱི་ལས་སོ། །ཡང་ཟག་བཅས་ཟག་མེད་ཀྱི་


CMR055_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་བཅུ་ནི་དགེ་བའི་ལས། མི་དགེ་བ་བཅུ་ནི་མི་དགེ་བའི་ལས། ཐར་པ་དང་མྱ་ངན་ལས་འདས་པ་ནི། ལུང་མ་བསྟན་གྱི་ལས། ཡང་ཁམས་གོང་གི་ཉོན་མོངས་པ་ཅན་གྱི་ལས་ནི། སྒྲིབ་པ་ཅན་གྱི་ལུང་མ་བསྟན་གྱི་ལས་སོ། །བཟོ་བྱེད་པ་ལྟ་བུ་ནི། མ་བསྒྲིབས་ལུང་མ་བསྟན་གྱི་ལས། སྣོད་ཀྱི་འཇིག་རྟེན་གྲུབ་བྱེད་ཀྱི་ལས་ནི། སེམས་ཅན་སྤྱི་མཐུན་ཐུན་མོང་གི་ལས་སོ། །བཅུད་ཀྱི་སེམས་ཅན་གྲུབ་བྱེད་ཀྱི་ལས་ནི། ཐུན་མོང་མ་ཡིན་པའི་ལས་སོ། །མདོར་བསྡུས་ན། བདག་གི་དོན་དུ་དཀོན་མཆོག་དང་སེམས་ཅན་ལ་གནོད་པ་བྱེད་པའི་ནང་དུ་མི་དགེ་བ་ཐམས་ཅད་འདུས། དཀོན་མཆོག་དང་སེམས་ཅན་ལ་བདག་གི་ཕན་པ་དང་བདེ་བ་བསྒྲུབ་པའི་ནང་དུ་དགེ་བ་ཐམས་ཅད་འདུས་ཏེ། ། ༈ དེ་ཡང་མི་དགེ་བ་ལས་སྡུག་བསྔལ་ཐམས་ཅད་འབྱུང་བས་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་ཆུང་ངུ་ནས་སྤངས་དགོས་སྙམ་དུ་བསམ་པ་དང་། བདེ་བ་མཐའ་དག་དགེ་བ་ལས་འབྱུང་བ་ཆུང་ངུ་ནས་རྒྱ་ཆེན་པོ་བསགས་དགོས་སྙམ་དུ་བསམ་ནས་ཉིན་མཚན་ཐམས་ཅད་དུ་སྡིག་པ་བཤགས་ཤིང་སྤང་བ་དང་དགེ་བ་ནན་ཏན་དུ་བསྒྲུབ་པར་བྱའོ།། ༢༡༽ ཐུགས་


CMR055_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། རང་གི་སེམས་ཉིད་ཆོས་སྐུར་དཔེ་དང་དོན་སྦྱར་ཏེ་ངོ་སྤྲད་པ་ནི། ཨོ་རྒྱན་གྱི་ཡུལ་དབུས་སུ་རྒྱལ་པོ་ནམ་མཁའི་སྙིང་པོ་ཞེས་བྱ་བ། སྲས་རྒྱལ་བུ་འོད་ཟེར་བྱ་བ་བློན་པོ་རིག་པ་ཅན། ཉི་མའི་འོད་ཟེར་བྱ་བ། རྒྱལ་བུ་འོད་ཟེར་ལྟད་མོ་གཟིགས་སུ་བྱོན་པ་ལས། འཁྱམས་ཏེ། རང་ཡུལ་བརྗེད། གྲོང་ཁྱེར་ཐམས་ཅད་ཀྱི་སྒོར། སྤང་ཟས་ཟོས། སྤང་གོས་ངན་པ་གྱོན། སྤང་སྒོ་སྒོ་ཁང་ཀུན་ཏུ་ཉལ། ལོ་ཟླ་མང་པོ་ལོན། རྒྱལ་སྲིད་ཀྱང་རྒྱལ་བུ་གཏོར་བས་ཞིག་ཏུ་ཉེ། བློན་པོ་རིག་པ་ཅན་ཉི་མའི་འོད་ཟེར་ཅན་གྱི་སྒོ་རྩར་འཁོར་བ་ལ། འོ་སྔོན་ངེད་ཀྱི་རྒྱལ་བུ་གཏོར་བ་འདི་བྱུང་། ཕོ་བྲང་དུ་འདོངས་ཟེར་ཏེ་ཁྲིད་པ་ལས། ང་ནི་རྒྱལ་བུ་མ་ཡིན་ནོ། །དྲན་པ་རྙེད་ནས་སྤྲང་པོ་ཁོ་ན་ཡིན་ཏེ། ཕོ་བྲང་དུ་ཁྲིད་ཀྱང་རྒྱལ་པོ་མི་གཏུབ། མི་འགྲོ་ཟེར་བ་ལ། གལ་ཏེ་ཁྱོད་རྒྱལ་བུ་མ་ཡིན་ན། ཁྱེད་ཀྱི་ཡུལ་གང་ཡིན། ཕོ་བྲང་གང་ཡིན། གྲོང་གང་ཡིན། ཁྱིམ་གང་ཡིན། རིགས་གང་ཡིན། ཕ་མ་གང་ཡིན། འཁོར་གང་ཡིན། བྱེད་སྤྱོད་གང་ཡིན་དྲིས་


CMR055_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

པས། སྤྲང་པོས་སྨྲ་རྒྱུ་མ་རྙེད། འོ་ན་ང་ཡི་ཡིན་ལུགས་ཞིབ་ཏུ་སྨྲོས་ལ་སྤྱོད་ཅིག །བློན་པོས་དེ་ཐམས་ཅད་བརྗོད་དེ། རྒྱལ་སྲིད་གཏད། ཡབ་འདྲ་བར་གྱུར་ཏེ། བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར་སྐད། རྒྱལ་བུས་རང་རྒྱལ་བུ་ཡིན་པར་མ་ཤེས་ནས་སྤྲང་པོར་གྱུར་པ་ལྟར། རང་གི་སེམས་ཉིད་ཆོས་སྐུ་ཡིན་པར་ངོ་མ་ཤེས་ནས་འཁོར་བར་འཁྱམ་པ། བློན་པོས་རྒྱལ་བུ་ངོ་ཤེས་ནས་རྒྱལ་སར་བཏོན་པ་ལྟར། བླ་མས་སེམས་ཉིད་ཆོས་སྐུར་ངོ་སྤྲད་པས། འཁོར་བའི་སྡུག་བསྔལ་ལས་ཐར་ནས་སངས་རྒྱས་ཀྱི་ཡོན་ཏན་ཐོབ་པའོ། །སྔོན་རྒྱ་གར་གྱི་ཡུལ་ན། དེད་དཔོན་གཅིག་ཡོད་པས། དེའི་དགོས་འདོད་ཐམས་ཅད་ནོར་བུ་ལས་འབྱུང་བ་ལས། དེད་དཔོན་དེ་ཤི་བར་གྱུར་ཏེ། དེའི་མ་སྨད་ཀུན་གྱིས་ལོངས་སྤྱོད་དེ་ཟད་པས་སྤྱང་དུ་ཕྱིན་པས། དེད་དཔོན་དེའི་གྲོགས་པོ་བུ་དང་ཕྲད། དེ་ན་རེ། ཁྱོད་ལ་འཕང་བ་འོང་མི་སྲིད། ཁྱིམ་ན་དངོས་པོའི་རིགས་ཅི་འདུག་དྲིས་པས། དངོས་པོ་གཞན་ཅི་ཡང་མེད། རས་ཀྱི་དུག་པོ་གཅིག་གི་གསེབ་ན་བཏུམ་པོ་འཇམ་པོ་གཅིག་འདུག་ཟེར། ཁྱིམ་དུ་ཕྱིན་པས་ནོར་བུ་དེ་སྔས་འོག་ན་ས་དང་བསྲེས་འདུག་བླ་མས་སེམས་ཉིད་སྤྲང་པོར་གྱུར་པ་ལྟར། རང་གི་སེམས་རྒྱལ་སྲིད་གཏད།


CMR055_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

པས། དེས་དྲི་བཟང་གིས་ཁྲུས་བྱས་ཤིང་། རྒྱལ་མཚན་གྱི་རྩེ་ལ་ཕྱར་ནས་མཆོད་ཅིང་བསྟོད་གསོལ་བ་བཏབ་པས། དགོས་འདོད་ཕུན་སུམ་ཚོགས་པ་བྱུང་སྐད། དཔེ་དེ་བཞིན་དུ། སེམས་ཉིད་ལྷན་ཅིག་སྐྱེས་པའི་ཆོས་སྐུ་རང་སར་ཡེ་ནས་གནས་ཀྱང་། ནོར་བུ་སྔས་འོག་ཏུ་ལུས་པ་དང་འདྲའོ། །གྲོགས་པོ་དེས་ནོར་བུ་ངོས་བཟུང་ནས་མཆོད་པ་བྱས་པ་བཞིན་དུ། འདིར་བླ་མ་དམ་པས་ངོ་སྤྲད་པས། རང་གི་སེམས་ཉིད་ཆོས་སྐུར་རྟོགས་ནས། རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འབྱུང་ངོ་། །སྔོན་རྒྱ་ཚོ་གར་གྱི་ཡུལ་དུ་རྒྱལ་པོ་ཆེན་པོ་གཅིག་ཡོད་པ་གྲོངས་ནས། རྒྱལ་བུ་ད་འུར་ལུས་པ་བློན་པོས་བརྐུས་ནས་རྨང་གི་ཁྲོད་དུ་བསྒྱུར་ནས། གོས་དང་ཁ་ཟས་དང་གནས་མལ་གྱིས་ཤིན་ཏུ་བཀྲེས་པར་གྱུར་ཏེ། ནམ་ཞིག་གི་ཚེ་ན་བྲམ་ཟེ་མཚན་མཁན་གཅིག་གིས་མཚན་བཏགས་ལས། རྒྱལ་སར་བསྐོས་པས། རྨོངས་ཐམས་ཅད་བདེ་སྐྱིད་བྱུང་བར་གྱུར་ཏོ། །དེ་བཞིན་དུ་རང་གི་སེམས་ཉིད་འདི་ཡེ་གདོད་མ་ནས་ཆོས་སྐུ་ལྷུན་གྱིས་གྲུབ་པར་གནས་ཀྱང་། ངོ་མ་ཤེས་པར་འཁོར་བར་འཁྱམས་པ་ལས། བླ་མ་དམ་པས་ངོ་སྤྲད་པས། འཁོར་


CMR055_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བར་འཁྱམས་པའི་སྡུག་བསྔལ་ལས་གྲོལ་ལོ། །ཡུལ་གཅིག་ན་རྒན་རྒོག་གཉིས་ཡོད་པ་ལས། ལུང་པ་དེ་ཡི་མདའ་རུ་ལྟད་མོ་ཆེན་པོ་གཅིག་ཡོད་པ་ལ། རྒད་པོ་ལྟད་མོ་ལ་བཏང་བས། ཐ་གུ་སྔོ་དམར་གཅིག་ཁོའི་རྐང་པ་ལ་བཏགས་ནས་བཏང་བ་ལ། ཁོ་ལྟད་མོ་ལ་ཡེངས་པ་རང་ལ་རྐང་པའི་ཐ་གུ་ཆད་ནས། གཞན་ཐམས་ཅད་ལ་ཀྱེའོ་བདག་སུ་ལགས། བྱས་པས་ཁྱོད་འཆལ་པ་གཅིག་འདུག །ཁྱོད་ཁྱོད་རང་ཡིན་མོད་ཟེར་ཡང་། ད་ངོ་མ་ཤེས་པ་འདི་ཁྱོད་ལེན་པ་ཡིན་ཟེར་ནས། རྒན་མོ་བརྡུངས་ཁྱེད་ཀྱི་ངོ་བོ་ལྷས་སྟོན་པར་འགྱུར་གྱིས། ལྷ་ལ་ཕྱག་འཚོལ་ཅིག་བྱས་ནས། ལྷ་ལ་ཕྱག་མང་པོ་འཚལ་དུ་བཅུག་པས། ཁོ་ཐང་ཆད་ནས་གཉིད་དུ་སོང་སྟེ། ཁོའི་རྐང་པ་ལ་ཐ་གུ་སྔོ་དམར་གཅིག་བཏགས་ནས་བཞག་པས། ཁོ་གཉིད་སད་པ་དང་། ད་ང་རང་འདུག་ཟེར་ནས་ཁོ་རང་ངོ་ཤེས་པར་གྱུར་སྐད། འཁྲུལ་དོན་མེད་པའི་དོན་ལ་འཁྲུལ་པ་ཡིན། རང་གི་སེམས་ཉིད་གདོད་མ་ནས་ཆོས་ཀྱི་སྐུར་བཞུགས་བཞིན་དུ། ངོ་མ་ཤེས་པས་འཁོར་བར་འཁྱམས། རྒད་པོའི་རྐང་པ་ལ་ཐ་གུ་བཏགས་པས། ཁོས་ཁོ་རང་ངོ་ཤེས་པ་བཞིན་དུ།


CMR055_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་ཟབ་མོ་ངོ་སྤྲད་པས་ཆོས་སྐུའི་རང་ཞལ་མཐོང་བའོ། །རྩྭའི་ཁྲོད་ན་ཐག་པ་ཁྲ་བོ་གཅིག་ཁྱུག་གེར་ཡོད་པ་ལ། སྦྲུལ་དུ་འདུག་གོ་སྙམ་པའི་རྟོགས་པ་བྱུང་བ་ལ། མི་གཞན་ཞིག་གིས། འདི་སྦྲུལ་མ་ཡིན་ཐག་པ་ཡིན། ཞེས་ལག་ཏུ་བླངས་ནས་བསྟན་པས། དུག་སྦྲུལ་གྱི་འཇིགས་པ་ལས་གྲོལ། དཔེ་དེ་བཞིན་དུ། སེམས་ཉིད་ཆོས་ཀྱི་སྐུར་རང་ངོ་མ་ཤེས། སེམས་ཀྱི་ངོ་བོ་བསྟན་པའི་དུས་སུ། ཆོས་སྐུའི་རང་ཞལ་བསྟན་པས་འཁོར་བར་འཁྱམས་པར་མི་འགྱུར་རོ། །ཡང་སྔོན་རྒྱ་གར་གྱི་ཡུལ་ན། ཆོས་སྤྱོད་པའི་རྒྱལ་པོ་གཅིག་ལ། བུ་ཆོས་ལ་མི་དགའ་བ་གཅིག་བྱུང་། རྒྱལ་པོས་སྒྱུ་མ་མཁན་བོས་ནས། ཁྱོད་ཀྱི་སྒྱུ་མ་སྟོན་ལ་ངའི་བུ་འདི་ཆོས་ལ་དགའ་བའི་ཐབས་ཤིག་གྱིས་ཟེར། བུ་རྟ་ལ་མཉེས་པས། སྒྱུ་མ་མཁན་གྱིས་རྟ་བཟང་པོ་སྒ་སྲབ་ཀྱིས་བརྒྱན་པ་ཞིག་ཁྱེར་ནས་འོང་ནས་ཨི་ཉོ་ཟེར། རྒྱུག་ཚད་ཅིག་བྱེད་ཟེར་ནས། རྟ་དེ་ལ་ཆིབས་པས། ལ་དགུའི་ལུང་དགུའི་ཕ་རོལ་ཐོ་ཁྱེར། རྒྱ་མཚོའི་འགྲམ་བྱང་སྟོང་ཞིག་ཏུ་རྟ་ལས་བྲུལ་ནས་རྟ་ཡང་རྒྱ་མཚོའི་ནང་དུ་སོང་། རང་ཡུལ་དུ་སླེབས་པའི་ཐབས་ནི་


CMR055_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

མེད། མི་གཅིག་ཀྱང་མི་གདའ་སྐྲག་ཅིང་སྡུག་ཙམ་ན། ག་ཤེད་ནས་རྒན་མོ་གཅིག་བྱུང་། འདི་མཐའ་ཡི་རྒྱ་མཚོའི་འགྲམ་ཡིན། སྡེ་དང་མི་གཅིག་ཀྱང་མེད། ང་ལ་བུ་མོ་གཅིག་ཡོད་པ་དང་མཉམ་དུ་ཨེ་འདུག་ཟེར་ནས་མཉམ་དུ་བསྡད། ཡུན་རིང་དུ་སོང་ཞིང་བུ་བུ་མོ་གཉིས་ཀྱང་བྱུང་། རྒན་མོ་ཤི་བས་རོ་རི་ལ་བསྐྱལ་དུ་སོང་ཙ་ན། བུད་མེད་དེ་ཡང་མ་ཡི་སེམས་ནད་ཀྱིས་ཆུ་ལ་ལྕེབས་སོང་། དེ་ཨེ་ལོན་ལྟར་སོང་ཚེ། བུ་མོ་ཆུང་ངུ་ཡང་ལྕེབས་ནས་ཆུས་ཁྱེར་བྱུང་། བུ་ཆུང་ངུ་ཡང་བསྙལ་ནས་ཡོད་པ་ལ་སྤྱང་ཀིས་ཁྱེར་སོང་། སྡུག་བསྔལ་དྲགས་ནས་ངུ་ཞིང་བྲང་བརྡུངས་སྐུ་འབར་བས། རྒས་ནས་སྐྲ་ཡང་དཀར་པོར་གྱུར་འདུག །དེ་ཙམ་ན་སྒྱུ་མ་མཁན་གྱི་སྒྱུ་མ་བཤིགས་པས། རྒྱལ་བུ་ཡུས་ཀྱིས་མནང་ནས་བློན་པོ་རྣམས་འདུས་དང་སྐྱིད་སྡུག་གི་བླ་བོ་བཤད་རྒྱུ་ཡོད་ཟེར། ཁྱེད་ལ་སྐྱིད་སྡུག་དེ་ཙམ་མ་བྱུང་། གདན་ཁྲི་ལས་མ་གཡོས། མདུན་དུ་གསོལ་བ་དྲངས་བར་ཡོད་པའང་འདི་གང་ལགས། ཞེས་སྨྲས་ཀྱང་མི་ཉན། ལོ་རྒྱུས་རྣམས་ཞིབ་ཏུ་བཤད་ནས། ཅིས་ཀྱང་དགོས་པ་མི་འདུག་ཟེར་ནས། རྒྱལ་སྲིད་སྤངས་ཏེ་ཆོས་སྒོར་ཞུགས་སྐད་


CMR055_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དཔེ་དེ་བཞིན་དུ། སེམས་ཉིད་བདེར་གཤེགས་སྙིང་པོ་ཡང་། རང་ངོ་རང་གིས་མ་ཤེས་ཏེ། འཁོར་བར་འཁྱམས་ཤིང་སྡུག་བསྔལ་ཡུན་རིང་དུ་མྱོང་། འཁོར་བར་འཁྱམས་པའི་ཚེ་ན་ཡང་། རྒྱུ་བདེ་གཤེགས་སྙིང་པོ་དེ་ངན་དུ་མ་སོང་སྟེ། དཔེར་ན། གསེར་ལྷད་མེད་ལ། ཁྱིའི་སྣོད་དང་མི་གཙང་བ་ཕྱགས་པའི་དབྱག་པ་བྱས་པས་བཙོག་པར་གྱུར་ལ། རྣ་རྒྱན་དང་གདུག་གུ་འགུ་ཡ་སོགས་བྱས་ན་མཛེས་པའི་རྒྱན་དུ་འགྱུར་ལ། དེ་བཤིགས་ནས་སངས་རྒྱས་ཀྱི་སྐུ་གཟུགས་བཞེངས་ནས་རབ་གནས་བྱས་ན་ཀུན་གྱིས་ཕྱག་དང་མཆོད་པའི་གནས་སུ་འགྱུར་ཏེ། བཟང་ངན་གསུམ་དུ་བྱུང་ཡང་། ངོ་བོ་གསེར་ལ་འགྱུར་བ་མེད་པ་ལྟར། འཁོར་བར་འཁྱམས་པ་དང་། ས་ལམ་ཐོབ་པ་དང་། མཐར་ཐུག་སངས་རྒྱས་དུས་ཀྱང་། སེམས་ཀྱི་ངོ་བོ་དེ་ལ་འགྱུར་བ་མེད་དོ། །དཔེར་ན། རྡོ་ཕལ་པ་བསྲེགས་ཀྱང་དངུལ་མི་འབྱུང་བ་ལྟར། རྒྱུ་སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཀྱི་སྙིང་པོ་དེ་མེད་ན། ཆོས་བྱས་ཀྱང་འབྲས་བུ་སངས་རྒྱས་མི་འགྲུབ་སྟེ། དངུལ་རྡོ་ཡི་ནང་ན་དངུལ་ཡོད་པ་དེ་བཞུས་ན། དང་པོ་དངུལ་ཁྲེབ་དང་དེ་


CMR055_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དངུལ་ལིང་མ་དང་མཐར་རྒྱ་དངུལ་དུ་འགྱུར་བ་ལྟར། སེམས་ཅན་གྱི་རྒྱུད་ལ་རྒྱུ་བདེ་གཤེགས་སྙིང་པོ་ཡོད་པས། དེ་ཤེས་པར་བྱས་ནས་ཉམས་སུ་བླངས་ན། དང་པོ་ཉམས་རྟོགས་སྐྱེ། རིམ་པར་ས་ལམ་བགྲོད། མཐར་སངས་རྒྱ་བ་ཡིན་ཏེ། སེམས་ཉིད་དེ་ངོ་འཕྲོད་ན། གང་ཤར་གྱི་ངོ་བོ་སྐྱོང་བ་དེ་རང་གིས་ཆོག་གོ །བུ་རམ་གྱི་གཟུགས་ཐ་དད་ཐམས་ཅད་མངར་བ་རོ་གཅིག་པ་དང་འདྲའོ།། ༼༢༢༽ ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། ཁྲིད་འདི་ཐོབ་པའི་ལ་དོན། །སེམས་ངོ་ཤེས་པ་གལ་ཆེ། འདི་སྒྲིབ་པ་སྦྱངས་བའི་མཆོག་ཡིན་ཏེ། ཆོས་ཀྱི་རྒྱལ་པོའི་མདོ་ལས། སེམས་གཅིག་དང་གཉིས་མེད་པར་ཤེས་ན། དཔེར་ན་མེ་ལོང་གི་སྟེང་དུ་ལོ་སྟོང་གི་རྡུལ་ཆགས་པ། གོས་ཀྱིས་ཕྱིས་པས་རྡུལ་མེད་པ་དང་འདྲའོ། །མཚུངས་སོ། །བསྐལ་པ་གྲངས་མེད་པར་བསགས་པའི་སྡིག་པ་སྐད་ཅིག་གིས་འདག་གོ །དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཉིད་འོད་གསལ་བ་དེ། ཉོན་མོངས་དྲི་མས་སྦག་ནས་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་


CMR055_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱང་མ་ཤེས་པ་ལ། དགེ་བའི་བཤེས་གཉེན་བསྟེན་ནས། དེ་རྟོགས་པར་བྱས་ན་རང་ཡང་འཁོར་བ་ལས་ཐར་ལ། གཞན་གྲོལ་བར་བྱེད་དོ། །ཞེས་ཡི་གསུངས་སོ། །བསམ་པ་རྣམ་པར་དག་པའི་མདོ་ལས། སེམས་ངོ་ཤེས་པའི་རྣལ་འབྱོར་པས། །ཇི་ལྟར་བྱས་ཀྱང་བསྒོམ་པའི་ངང་། །གཉུག་མའི་དོན་ལ་གནས་པ་ཡིན། །ཏིང་ངེ་འཛིན་ནི་ཉམས་སུ་བཤད། །ཅེས་གསུངས་སོ། །ཚངས་པས་ཞུས་པའི་མདོ་ལས། དྲན་པ་རྣམ་རྟོག་ཡིན་པས་ཚོར་བ་ཡིན་ཞེས་བསམ་མི་བྱ། །བསམ་མེད་ཡེ་ཤེས་ཡིན་གྱི་མ་སྤངས་གསལ་བར་ཤོག །དེ་ལས་གཞན་དུ་བོགས་མི་ཐོན། ཞེས་གསུངས། ངད་པ་གིར་ཡིན་གྱི་ཞུས་པའི་མདོ་ལས། མ་ཡེངས་ན་ཆོས་ཉིད་ཀྱི་དགོངས་པ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་སོ། །བྱམས་སེམས་ཞུས་པའི་མདོ་ལས། སྣང་བ་གཅེར་གྱིས་མཐོང་བ་དེ་ལ་མི་རྟོག་ཞོག །དེ་ཙམ་ཉིད་ནས་བསྒོམ་པའི་མཆོག །ཅེས་གསུངས། བདེ་བ་བློ་གྲོས་ཀྱིས་ཞུས་པའི་མདོ་ལས། གང་ཡང་མི་བསམ་པ་ནི་བསྒོམ་པ་ཆེན་པོར་བཤད། ཅེས་གསུངས། བྲམ་ཟེས་ཞུས་པའི་མདོ་ལས། ཆོས་རྣམས་


CMR055_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་ཞེས་བྱ་བ་ནི། བྱིང་རྒོད་དང་བྲལ་བའི་རིག་པ་གཉུག་མ་ལ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རིག་པ་སྐྱེ་འགགས་མེད་པ་གཉུག་མ་ཡིན་པའི་ཕྱིར། ཞེས་གསུངས། དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས། རང་གི་ཡེ་ཤེས་ནི་གང་ལ་ཡང་མི་རྟོགས་པ་ལ། ཤེས་པ་གསལ་བ་དེ་ཆོས་སྐུར་ངོས་འཛིན་པ་ཡིན་ནོ། །ཞེས་གསུངས། དྲིན་ལེན་བསབ་པའི་ནང་ནས། ཡུལ་སེམས་ཀྱི་ཕར་ལ་མི་དཔྱོད། ཡིད་ཀྱིས་ཚུར་ལ་མི་བསམ་པ་ནི་བསམ་གཏན་གྱི་མཆོག་ཡིན་ནོ། །ཞེས་གསུངས། རྒྱལ་པོ་བཀའ་སྩལ་གྱིས་ཞུས་པའི་མདོ་ལས། བལྟ་བ་ཞེས་བྱ་བ་ནི་རང་གི་སེམས་ལ་མི་དཔྱོད་པ་ཡིན་ཏེ། དོན་དེ་ཉམས་སུ་མྱོང་བའི་མཆོག་ཡིན་ནོ། །ཞེས་གསུངས། རྒྱལ་པོ་བདེ་བས་ཞུས་པའི་མདོ་ལས། སེམས་ཀྱིས་སེམས་ལ་བལྟ་བ་ཤེས་པ་ནི་རྣལ་འབྱོར་པ་ཡི་མཆོག་ཡིན་ནོ། །ཞེས་གསུངས། རྒྱལ་པོ་བདེ་བ་ཞུ་བྱིན་གྱིས་ཞུས་པའི་མདོ་ལས། རང་གི་སེམས་ནི་མི་སྡུད་ནས་རང་ལུགས་སུ་བཞག་པ་ནི་བསྒོམ་པའི་མཆོག་ཡིན་ནོ། །ཞེས་གསུངས། ཚངས་པས་ཞུས་པའི་མདོ་ལས། སེམས་ལ་


CMR055_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་མཉམ་པར་བཞག་པ་སྟེ། སེམས་ཀྱིས་སེམས་མི་དམིགས་སོ། །ཞེས་གསུངས། ཡེ་ཤེས་ཌཱཀི་མའི་ཞལ་ནས། ཏེ་ལོ་པ་སེམས་ཀྱི་སེམས་ལ་བལྟས་ཙ་ན། ལྟ་བར་བྱེད་པའི་མཁན་པོ་ཡང་རང་གི་སེམས། བལྟ་རྒྱུ་ཡང་རང་གི་སེམས། དེ་ལྟར་སེམས་ལ་བལྟས་ཙ་ན། ནམ་མཁའ་མཐོང་བ་མེད་པ་ལྟར། བལྟ་མཁན་བལྟ་རྒྱུ་གཉིས་ཀ་དག་ནས། ས་ལེ་སེང་ངེ་བ་དེ་རྟོགས་པའི་དུས་ན། ་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཡང་དེ་ཡིན། ལམ་དུ་ཞུགས་པའི་སངས་རྒྱས་ཡང་དེ་ཡིན། རྟོགས་པ་མངོན་གྱུར་གྱི་སངས་རྒྱས་ཡང་དེ་ཡིན། ཏེ་ལོ་པ་ཤེས་པར་གྱིས། ཞེས་གསུངས། ཐུགས་རྗེ་ཆེན་པོ་དོན་ཏྲིག་འགྲོ་བ་ཀུན་སྒྲོལ་རྒྱུད་ལས། རང་གི་སེམས་དེ་དང་པོ་གང་ནས་བྱུང་། ད་ལྟ་གར་གནས། ཐ་མ་གར་འགྲོ་བལྟས་ཀྱང་ཐམས་ཅད་སྟོང་པ་ཉིད་དེ་གང་ཡང་མ་གྲུབ། དེ་གའི་ངང་ལས་སེམས་མ་བཅོས་པར་ཀློད་པར་བྱའོ། །ཞེས་གསུངས་སོ། །ཐུགས་རྗེ་ཆེན་པོའི་འོད་མཆོག་གི་ཁྲིད་གཞུང་ལས། རྣམ་རྟོག་རང་གི་སེམས་སུ་ཤེས། སེམས་ལས་ཤར། སེམས་སུ་གྲོལ། སེམས་ཀྱིས་བྱས་པ་ཤེས་ནས་སེམས་


CMR055_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རིག་ཅིང་ཅི་ལྟར་ཤར་ཡང་དགག་སྒྲུབ་མེད་པར་རང་གི་སེམས་སུ་ངོ་ཤེས་པ་ནི། མ་རིག་པའི་སྤྲུལ་སྐུ་ཤར་བ་ཡིན་ཏེ། ཅུང་ཟད་བདེ་སང་བ་སྟོང་ཕྱམ་པ་འོངས། དངོས་མེད་རང་གསལ་རིག་པའི་ངོ་བོ་གཅེར་བུར་རྟེན་མེད་དུ་ཇི་ལྟར་བྱས་ཀྱང་གསལ་འགྲིབ་མེད་པར་ལྷག་གེ་བ་འདི་ཆོས་སྐུ་ཡིན། ཞེས་གསུངས། ཨོ་རྒྱན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱིས་གསུངས་པ། དེ་ཡང་སེམས་ཞེས་བྱ་བ་དྲན་ཞིང་རིག་པ་ཉམས་སུ་མྱོང་བ་གཅིག་ཡོད་དེ་སེམས་དེ་ཕྱི་རུ་མ་བལྟ་ནང་དུ་ལྟོས། སེམས་ཀྱིས་སེམས་ཚོལ་སེམས་ཀྱི་སེམས་ཉིད་གཏན་ལ་ཕོབ། སེམས་དེ་ལ་ཕྱི་ནང་དང་བལྟ་མཁན་དང་ལྟ་བྱེད་མེད་པས། ཡེ་ཤེས་རང་ལུགས་སུ་རང་ལ་གནས་པ་དེ། ངོ་ཤེས་པ་དེ་ལྟ་བ་ཡིན་པ་ལ་རྦད་ཀྱིས་ཆོད་ཅིག་གསུངས། ཇོ་མོ་ལ་གདམས་པ། སེམས་ལ་ངོ་བོ་མེད་པ་ཡིན་པས། རྣལ་མ་མ་བཅོས་པ་ལྷུན་གྱིས་གྲུབ་པའི་ངང་དུ་བསྒོམ་དུ་མེད་པའི་ངང་དུ་མ་ཡེངས་པར་ཞོག་ཅིག །དེའི་ངང་ལ་གནས་པས་སེམས་ཉིད་རང་བཞིན་གྱིས་གྲོལ་བར་འགྱུར་རོ། །སངས་རྒྱས་པ་ཡིན་ནོ། །ཞེས་གསུངས། བེ་རོ་ཙཱ་ན་ལ་གདམས་པ་དང་། ཆོས་ཐམས་ཅད་སེམས་


CMR055_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་། སེམས་ངོས་བཟུང་མེད་པ་མཐའ་དང་དབུས་མེད་པ་འདུ་འབྲལ་མེད་པ། མ་བཅོས་པར་མཉམ་པ་ཆེན་པོའི་ངང་དུ་མ་ཡེངས་པར་ཞོག་ཅིག །དེ་ལྟར་བསྒོམས་པས་རྣམ་རྟོག་ཡེ་ཤེས་སུ་འཆར། སངས་རྒྱས་དེ་ཉིད་ཡིན་ནོ། །ཞེས་གསུངས། དཔལ་གྱི་དབང་ཕྱུག་ཉོན་ཅིག །སེམས་ཡེ་ནས་དངོས་པོ་མེད་པ་བསྒོམ་དུ་མེད་པ། བློ་ལ་མ་གྲུབ་ཅིང་མ་བཅོས་པ། རང་བྱུང་རང་གསལ་དུ་ཞོག་ཅིག །དེའི་ངང་ལ་གནས་ན་འཁོར་བ་མ་སྤངས་པར་སངས་རྒྱས་པ་ཡིན་ནོ། །ཞེས་གསུངས། རྨི་རིན་ཆེན་མཆོག་ལ་གདམས་པ། སེམས་ངོ་བོ་ཅི་ཡང་མ་ཡིན་པ། བཞག་ཅིང་བསྒོམ་དུ་མེད་པ། མ་བཅོས་རང་བྱུང་སོ་མ་རང་། ཡེ་ནས་ལྷུན་གྱིས་གྲུབ་པའི་ངང་དུ་ཞོག་ལ་ལྷན་ནེ་སྒོམས་ཤིག །དེའི་ངང་ལས་ཡིད་གཡོ་འགུལ་དང་བྲལ་བར་འགྱུར་ཏེ། དེ་ལས་འབྲས་བུ་གཞན་མེད་དོ། །ཞེས་གསུངས། རྒྱལ་སྲས་ཐོགས་མེད་པའི་ཞལ་ནས། །སེམས་རྟོགས་མེད་ཀྱི་ངང་ལ་གསལ་སེང་ངེ་བ་དེའི་ངོ་བོ་ལ་བལྟས་ན་ཅིར་ཡང་མ་གྲུབ་པ་སྟོང་སང་ངེར་གནས་པ་དེ་ལ། རིག་པ་གསལ་སྟོང་འཛིན་མེད་ཟེར་བ་ཡིན། དེ་དང་པོ་


CMR055_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐམས་ཅད་ལ་ཡོད་མོད་ཀྱི། གཟུགས་འཛིན་གྱི་རྣམ་པར་རྟོག་པས་བསྒྲིབ་ནས་ངོ་མ་ཤེས་པ་ཡིན། ཁྱེད་རང་ཉམས་ལེན་སྟོབས་ཀྱིས་ངོ་བོ་མཐོང་བ་ཡིན་པས། སེམས་ཀྱི་ངོ་བོ་སྟོང་པར་འདུག་པ་དེ་ལ་ལེགས་པར་སྒྲོ་འདོགས་ཆོད་པ་ལྟོས་མཛོད། ཡོན་ཏན་གྱི་འཆར་ཚུལ་གོང་ནས་གོང་དུ་འབྱུང་ཞིང་། མཆོག་གི་དངོས་གྲུབ་ཀྱི་རྒྱུར་འགྱུར་བའི་ལམ་ཡིན་པས། དགའ་བ་བསྒོམ་ཞིང་ཉམས་སུ་ལོངས་མཛོད། ཅེས་གསུངས། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་ལས། དྲན་རྟོག་རང་གྲོལ་ཐུགས་སུ་ཁྱེར། ཞེས་པས་འདས་མ་འོངས་ད་ལྟར་གྱི་རྟོག་པ་གང་དྲན་ཡང་། དྲན་ཡུལ་དྲན་མཁན་རང་ཤར་དྲན་བདོ་ལ་སྟོང་སྟེ། རང་བཞིན་མེད་པར་གྲོལ་བ་ནི་བདེ་གཤེགས་ཐུགས་ཏེ་ཆོས་རྣམས་དྲན་སྟོང་ཐུགས་ཀྱི་ལམ་ཁྱེར་རོ།། ༼༢༣༽ ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། རང་གི་སེམས་ཉིད་དང་རིག་པ་འདི་ཕྱག་རྒྱ་ཆེན་པོར་ངོ་སྤྲད་པ་དེ་ངེས་ཤེས་བསྐྱེད་པར་བྱ་སྟེ། དཔལ་འཇིགས་བྱེད་ཀྱི་རྒྱུད་ལས། ཆོས་རྣམས་ཀུན་གྱི་རྩ་བ་ནི། །རང་གི་སེམས་ཉིད་མ་གཏོགས་ན། །ཐོས་བསམ་བསྒོམ་པར་རབ་


CMR055_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་ཀྱང་། །འབྲས་བུ་ཐོབ་པར་མི་འགྱུར་ཏེ། །དམུས་ལོང་མིག་བུ་མེད་པ་འདྲ། །དེ་ཕྱིར་རང་སེམས་རྟོགས་པར་གྱིས། །ཞེས་གསུངས་སོ། །ཐིག་ལེ་གཉིས་པའི་རྒྱུད་ལས། སེམས་ཉིད་རྟོགས་པའི་དོན་མེད་ན། །དཀྱིལ་འཁོར་མ་ལུས་བྲིས་ཀྱང་སངས་མི་རྒྱ། །ཞེས་གསུངས། རྡོ་རྗེ་སེམས་དཔའ་མངོན་པར་བྱང་ཆུབ་པའི་རྒྱུད་ལས། འཁོར་བ་མྱ་ངན་འདས་པའི་ཆོས། །རྩ་བ་རང་གི་སེམས་ཡིན་ཏེ། །སེམས་ལས་དྲན་རྟོག་ཅིར་སྣང་ཡང་། །དངོས་པོ་ཙམ་དུ་མ་གྲུབ་པས། །དཔེར་ན་ནམ་མཁའི་སེར་བུ་བཞིན། །ཁ་དོག་དང་ནི་དབྱིབས་སུ་མེད། །སངས་རྒྱས་ཡེ་ཤེས་སྤྱན་གྱིས་ཀྱང་། །རྡུལ་ཙམ་དུ་ཡང་མི་གཟིགས་སོ། །ཞེས་གསུངས། རང་བྱུང་རིག་པ་ངོ་སྤྱོད་གྱི་རྒྱུད་ལས། བལྟ་བ་རང་གི་སེམས་ལ་ལྟ། །དེ་ཕྱིར་ཡུལ་མེད་ཆོས་སྐུར་གསལ། །དེ་ཉིད་མ་བྲལ་རྒྱུན་གནས་ན། །དོན་ལ་འགྱུར་བ་རྡུལ་ཙམ་མེད། །ཅེས་གསུངས། རང་བྱུང་བདེ་བའི་རྒྱུད་ལས། རང་རིག་ངེས་པའི་ལྟ་བ་ལ། །ཡེངས་བ་མེད་པར་ཡིད་ཀྱིས་བལྟ། །དེ་ཡང་ཡུལ་ཅན་མ་ཡིན་ཏེ། །རང་ལ་རང་བལྟས་ཡིད་ཀྱིས་


CMR055_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། །ཞེས་གསུངས། ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྣམ་པར་རྟོག་པའི་མཚན་མ་ཅི་བྱུང་ཡང་། །མ་བཀག་རང་བྱུང་རང་ཞི་ཆེན་པོ་སྟེ། །མ་བཅོས་མ་བྱས་རང་བཞིན་ངང་གིས་གསལ། །བཏང་སྙོམས་ཆེན་པོར་མ་བཅོས་ངང་བཞག་ན། །ཐ་སྙད་ཙམ་དུ་བསྒོམ་ཞེས་དེ་ལ་བྱ། །ཞེས་གསུངས། རང་བྱུང་བདེ་བའི་རྒྱུད་ལས། །རང་སེམས་ཆོས་སྐུར་ངོ་སྤྲད་པས། །དམིགས་འཛིན་མེད་པར་ངང་གིས་གསལ། །གཉུག་མར་གནས་པ་འཕེལ་འགྲིབ་མེད། །ལུས་སེམས་གཉིས་ལ་སྤྱོད་དང་བྲལ། །རང་རིག་བྱ་ར་དངོས་མེད་བྲལ། །དྲན་པ་མི་འཆུག་འགྲོ་འོང་མེད། །དྲན་པ་རིག་པ་ཅི་བྱུང་ཡང་། །དེ་ཉིད་དུས་ན་དངོས་པོ་མེད། །ཅེས་གསུངས། བསམ་གཏན་མཆོག་གི་རྒྱུད་ལས། ཤེས་པ་རང་ལུགས་སོ་མ་ལ། །གཞན་དུ་མི་གཡོ་སེམས་ལ་བལྟ། །བལྟས་པས་དངོས་མེད་ཤེས་པ་གསལ། །དེ་ཉིད་རྒྱུན་དུ་མ་ཡེངས་ཏེ། །དེ་ལས་བསྒོམ་དུ་བཙལ་དུ་མེད། །ཅེས་གསུངས། ནམ་མཁའ་དང་མཉམ་པའི་རྒྱུད་ལས། འཁྲུལ་དང་མ་འཁྲུལ་ངོ་བོ་གཅིག །འགྲོ་ལ་སེམས་རྒྱུད་གཉིས་མི་འཆང་། །འོད་གསལ་རིག་པ་


CMR055_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རང་ཡིན། །མ་བཅོས་རིག་པ་ཅོག་གེར་ཞོག །ཅེས་གསུངས། རྡོ་རྗེ་མཁའ་འགྲོ་གསང་བའི་རྒྱུད་ལས། རང་སེམས་རང་གིས་རྟོགས་པས་ན། །སེམས་ཅན་གདོད་ནས་སངས་རྒྱས་སོ། །ཞེས་གསུངས་སོ། །འབང་རྡོ་ཧ་བརྒྱ་དྲུག་ཅུ་པ་ལས། ཀྱེ་ཧོ་རྨོངས་པ་སེམས་ཀྱི་སེམས་ནི་རྟོགས་ནས་ནི། །ལྟ་བ་ངན་པ་ཐམས་ཅད་ལ་ནི་རང་གྲོལ་འགྱུར། །མཆོག་ཏུ་བདེ་བ་ཆེན་པོའི་དབང་གིས་ནི། །དེ་ལ་གནས་ན་དངོས་གྲུབ་དམ་པའོ། །ཞེས་གསུངས་སོ། །དཔལ་རི་ཁྲོད་པ་ས་ར་ཧའི་དྷོ་ཧ་ལས། །ཀྱེ་ཧོ་མ་ཡེངས་སེམས་ཀྱིས་རང་གིས་རང་ལ་ལྟོས། །རང་གི་སེམས་ཉིད་རང་གིས་རྟོགས་གྱུར་ན། །ཡེངས་བའི་སེམས་ཀྱང་ཕྱག་རྒྱ་ཆེན་པོར་འཆར། །མཚན་མ་རང་གྲོལ་བདེ་བ་ཆེན་པོའི་ངང་། །ཞེས་གསུངས་སོ། །བིར་ཝ་པའི་དྷོ་ཧ་ལས། སེམས་ཀྱི་ཆོས་ཉིད་ཀློང་ལ་འདི་ཡིན་མེད་པས་ན། །དེ་ལ་སྒོམ་དང་བསྒོམ་པར་བྱ་བ་གཉིས་སུ་མེད། །ཡོད་མེད་ཅི་ཡང་མི་རྟོག་ངང་ལ་མ་ཡེངས་བཞག །ཅེས་གསུངས། མེ་ཏྲི་པའི་དྷོ་ཧ་ལས། ཐུགས་ཕྲད་སེམས་སུ་ཤེས་ན་ཡི་དམ་ལྷ། །ཤེས་པ་མ་བཀུག་རྟོག་པ་རིམ་གྱིས་


CMR055_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས། །སེམས་ལ་རྣམ་རྟོག་བྱུང་ན་རྣལ་འབྱོར་པས། །རས་བལ་བཞིན་དུ་མ་བཅོས་ཀློད་ལ་ཞོག །བྱ་བ་སྤངས་ལ་རང་སེམས་རང་གིས་ལྟོས། །ཞེས་གསུངས། ཕྱག་རྒྱ་ཆེན་པོ་གང་གཱ་མ་ལས། སེམས་ནི་ནམ་མཁའི་དཀྱིལ་ལྟར་བསམ་པའི་ཡུལ་ལས་འདས། །དེ་ཡི་ངང་ལ་བཏང་བཞག་མེད་པར་ཀློད་ལ་ཞོག །སེམས་ལ་གཏད་སོ་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། །སེམས་ནི་ནམ་མཁའི་དཀྱིལ་ལྟར་བསམ་པའི་ཡུལ་ལས་འདས། །དེ་ཡི་ངང་ལ་བཏང་བཞག་མེད་པར་ཀློད་ལ་ཞོག །སེམས་ལ་གཏད་སོ་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལ་གོམས་ཤིང་འདྲིས་ན་བླ་མེད་བྱང་ཆུབ་ཐོབ། །ཅེས་གསུངས། པཎ་ཆེན་ཤཱཀྱ་ཤྲཱིའི་རིན་ཆེན་འབྲུ་དགུ་ལས། ཅིར་སྣང་རང་གསལ་བཞག་ན་བྱ་བྲལ་ལྷུན་གྲུབ་ཡིན། །གང་ཤར་ངོ་བོ་བཟུང་ནས་རིག་པ་རང་སར་གྲོལ། །འགྱུ་བའི་རྩད་རྗེས་བཅད་ན་དྲན་རྟོག་དབྱིངས་སུ་ཡལ། །འདི་གསུམ་རང་སེམས་གནས་ལུགས་ཡིན་པས་དངོས་གཞིར་བསྒོམ། །ཞེས་གསུངས། མཁའ་འགྲོ་ཀློང་གསལ་འབར་མའི་རྒྱུད་ལས། རིག་པ་རིག་པ་ཅེས་པ་ནི། །རིག་ཅིང་གསལ་བས་རིག་པ་ཡིན། །རྣམ་རྟོག་སྔ་མ་རང་


CMR055_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སར་གྲོལ། །ཕྱི་མའི་རྗེས་འཛིན་མ་ཤོར་བ། །བར་དེར་གཉེན་པོས་བཅོས་སླད་བྲལ། །དྲི་བྲལ་སེང་དང་བྱེད་པ་འདི། །རིག་པ་ཡིན་པར་ངོས་ཟུངས་ཤིག །ངོ་བོ་སྟོང་པ་རང་བཞིན་གསལ། །ཐུགས་རྗེ་ཀུན་ལ་སྣང་ནུས་པ། །དེ་ནི་རིག་པའི་གནས་ལུགས་ཡིན། །ཞེས་གསུངས། སྐྱེ་མེད་ཞང་རིན་པོ་ཆེའི་ཞལ་ནས། ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ། །འདི་བྱའི་ཏིག་པོ་མི་འདོག་གིས། །སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི། །གོ་རིམ་ཇི་བཞིན་གྲངས་མེད་ངེས། །དུས་ཚོད་ཚེས་གྲངས་བརྩི་མི་དགོས། །ནམ་དྲན་དུས་སུ་ཀློད་ལ་ཞོག །དང་པོ་བར་དང་ཐ་མ་མེད། །རང་སེམས་སྐྱེ་མེད་རྒྱུན་མི་ཆད། །ཅེས་གསུངས། གསེར་གླིང་པས་གསུངས་པའི་མཐའ་འཁོབ་འདུལ་བའི་ཆོས་བཞི་ལས། རྒྱངས་ཀྱིས་སྒྱུར་ལ་ལྷོད་ཀྱིས་ཀློད། །ཤིག་གིས་ཤིག་ལ་འབོལ་ལེ་ཞོག །ཅེས་གསུངས། དཔལ་ལྡན་ས་སྐྱ་པ་གྲགས་པ་རྒྱལ་མཚན་གྱི་ཞལ་ནས། སེམས་མེད་སེམས་ཀྱི་སེམས་ལ་ལྟོས། །མཐོང་རྒྱུ་བྱུང་ན་སེམས་ཉིད་མིན། །མཐོང་མེད་མཐོང་བས་སེམས་ཉིད་མཐོང་། །མཐོང་མེད་སེམས་ལ་མ་ཡེངས་ཞོག །ཅེས་གསུངས། །


CMR055_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་སྒམ་པོ་པས། སྣང་རིག་ངོ་བོ་སྟོང་གསལ་འདི། །ཆོས་སྐུ་ཡིན་པར་ད་གཟོད་ཤེས། ཞེས་དང་། སྣང་གྲག་སེམས་སུ་ཤེས་པ་ཡི། །དགའ་བ་སྤྲོ་བ་རྒྱུན་ཆད་མེད། །བདེ་བ་ཆེན་པོའི་གནད་ཅིག་རྙེད། །ཅེས་གསུངས། ཀརྨ་པཀིས། རང་སེམས་ཕྱག་རྒྱ་ཆེན་པོ་འདི། །སྐུ་གསུམ་མ་བསྒྲུབས་ལྷུན་གྲུབ་ཏུ། །གཞི་ལ་རྙེད་པས་བཙལ་མི་དགོས། །ཞེས་གསུངས། རང་བྱུང་རྡོ་རྗེས། ལར་ལྟ་བ་ལྟ་བ་ཟེར་ཙམ་ན། །ལྟ་བ་རང་གི་སེམས་ལ་ལྟོས། །བལྟས་པས་མཐོང་རྒྱུ་མ་བྱུང་ན། །མཐོང་བའི་རྒྱལ་པོ་དེ་ཀ་རང་། །ཞེས་གསུངས། རོལ་པའི་རྡོ་རྗེས། དང་པོ་ཐ་མལ་ཤེས་པ་འདི། །ཆོས་སྐུ་ཡིན་པར་ཤེས་པར་མཛོད། །མི་དྲན་དགུ་དྲན་རྟོག་པ་འདི། །ཡེ་ཤེས་ཡིན་པར་ཤེས་པར་མཛོད། །ཅེས་གསུངས། མཁའ་སྤྱོད་དབང་པོས། རང་སེམས་རང་ངོ་ཤེས་ན་སངས་རྒྱས་རང་། །ཐ་སྙད་ཐོས་བསམ་མང་པོས་ཅི་ཞིག་བྱ། །གཞུང་ལུགས་རྟོག་པའི་དྲི་མ་ཡལ་དུ་ཆུག །གཅེར་མཐོང་རང་གྲོལ་འདི་ནི་བྱང་ཆུབ་ལམ། །ཞེས་གསུངས་སོ།། ༼༢༤༽ ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་


CMR055_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ། རྫོགས་པ་ཆེན་པོའི་ཁྲེགས་ཆོད། ཐོད་རྒལ་གཉིས་ལས། ཟུང་འཇུག་དགོས་པའི་རྒྱུ་མཚན། མཁའ་འགྲོ་ཀློང་གསལ་འབར་བ་ཉི་མའི་གསང་རྒྱུད་ལས། ཁྲེགས་མ་ཆོད་ན་ཐོད་མི་རྒལ། །ཐོད་མ་རྒལ་བར་ཁྲེགས་མི་ཆོད། །ཅེས་གསུངས། མུ་ཏིག་ཕྲེང་བ་ལས། ལུས་ཀྱི་ལས་ནི་རྣམ་གསུམ་ལས། །སེང་གེའི་ཚུལ་དང་གླང་ཆེན་ཚུལ། །དྲང་སྲོང་ཙོག་པུར་གནས་པ་དང་། །ཞེས་གསུངས་པས། ཁྲིད་ཞུ་བ་མང་ན་ནི། སྤྲུལ་སྐུའི་འདུག་སྟངས་ཀྱིས་ཆོག་སྟེ། ཐུགས་རྗེ་ཆེན་པོ་འོད་མཆོག་གི་དཀར་ཁྲིད་ཉིན་མོའི་རྣལ་འབྱོར་ལས། སྐབས་སུ་སྤྲུལ་སྐུའི་འདུག་སྟངས་དྲང་སྲོང་ཙོག་པུ་བྱ། ཞེས་གསུངས་པས། སྤྲུལ་སྐུའི་འདུག་སྟངས་དྲང་སྲོང་ཙོག་པུ་ནི། ། ལུས་ཙོག་པུ་བྱས་ལ་རྐང་པའི་ལོང་བུ་གཉིས་གཤིབ་རྐང་མཐིལ་གཉིས་ས་ལ་ཕབ་ཅུང་ཆ་བསྲང་། པུས་མོ་གཉིས་བྲང་ལ་སྦྱར། ལག་པའི་མཁྲིགས་གཉིས་བསྣོལ་ལ་པུས་མོ་ལ་འཁྱུད། སྒལ་ཚིགས་དྲང་པོར་བསྲངས་སོ། །འདི་ལྟར་ལུས་གནད་རྣམ་གསུམ་གཟིར་བས། ལུས་ལ་རིག་པའི་ཡེ་ཤེས་ཡོད་པ་དེ། གནད་གཟིར་བས་མངོན་སུམ་དུ་མཐོང་


CMR055_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་གསུམ་བཞི་ལ་མི་སྨྲ་བར་ཇེ་ཉུང་ཇེ་ཉུང་བཅད་པར་བྱའོ། །གཞན་ཚིག་གིས་མ་འདྲེས་པར་ངག་ཁྲིགས་གིས་བཅད་པར་བྱའོ། །ཅི་ཡང་མི་བརྗོད་པར་ལྐུགས་པ་ལྟར་བརྟན་པར་བྱའོ། །རིག་པ་གཞན་དུ་མ་ཡེངས་པར་བྱའོ། །གཏད་པའི་འབེན་དང་བྲལ་བར་བྱའོ། ༈ །དེ་ཡང་ནམ་མཁའ་སྟོང་པ་ལས་ཆགས་པའི་ཡུལ་མིན་པའི་ཕྱིར། ཡུལ་གྱིས་གནད་དབྱིངས་ལ་གཏད་པས་ཡེ་ཤེས་རྒྱུག་པར་གནས་པའི་ཕྱིར་རོ། །རླུང་རང་བབས་སུ་ཤིན་ཏུ་དལ་བར་བྱའོ། །དང་པོ་ཐུན་ཆུང་ལ་གྲངས་མང་བར་བྱའོ། །དེ་ནས་ཐུན་ཇེ་རིང་ཇེ་རིང་ལ་ཡུན་བསྲིང་། ཟླ་བ་ཕྱེད་དང་གཉིས་ཀྱི་འབྱངས་བར་འགྱུར་རོ། །དེ་ལྟར་ཉམས་སུ་བླངས་བས་འཆར་ཚུལ་ནི། མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཡིག་རིན་ཆེན་དཔུང་པ་ལས། ཆོས་ཉིད་མངོན་སུམ་གྱི་སྣང་བ་ཆ་ཕྲ་ལ་དང་པོ་གསལ་ལ་འཚེར་བ། རང་བཞིན་བཀྲག་པ། ཉམ་ང་བ། མངོན་སུམ་དུ་འཆར་ཏེ། དག་པ་དབྱིངས་ཀྱི་སྒྲོན་མ། གྱེན་འགྲེང་དང་རྩིབ་ཤར་པ། མདའ་དང་མདུང་རྩེ་ལྟ་བུ། ཉ་མིག་ལྟ་བུ་དང་། མིག་ཚག་ལྟ་བུ་དང་། གྲ་མིག་ལྟ་བུ་དང་། རིན་པོ་ཆེ་འབར་བ་ལྟ་བུ་དང་།


CMR055_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་ལྟ་བུ་དང་། ཐིག་ལེ་དང་ཐིག་ཕྲན་གྱིས་འཁྲིགས་པ། འཇའ་ཚོན་ཁ་དོག་ལྔ་ལྡན་མངོན་སུམ་དུ་འཆར་རོ། །དེ་རྣམས་ཀྱི་ནང་དང་བར་ཐམས་ཅད་དུ། རིག་པའི་ངོ་བོ་རྡོ་རྗེ་ལུ་གུ་རྒྱུད་དུ་གསལ་ལོ། །དེ་ངོས་ཟིན་པར་བྱས་ལ། འགུལ་འཕྲིག་མེད་པར་ཉམས་སུ་བླང་བར་བྱའོ། །ཞེས་གསུངས། ད་ལྟ་འཇའ་འོད་ཐིག་ལེ་བལྟས་པས། བར་དོར་འཇའ་འོད་ཟེར་གསུམ་ཤར་བའི་ཚེ། ཡེ་ཤེས་ལྔ་ངོ་འཕྲོད་ནས་གྲོལ་ཏེ། ཐུགས་རྗེ་ཆེན་པོ་འོད་མཆོག་གི་གསང་ལམ་ངོ་སྤྲོད་རྒྱུད་ལས། རིགས་ཀྱི་བུ་རང་དབུགས་ཆད་པ་དང་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་མེ་ལོང་ལ་ཉི་མ་ཤར་བ་ལྟ་བུ་དུས་གཅིག་ལ་འཆར་རོ། །དེའི་དུས་སུ་འོད་ཁ་དོག་མཐིང་ཀ་མཐོང་བའི་ཚེ་ན། གསང་བའི་བདག་པོ་དག་སྣང་ཤར་བའི་ཚེ། ཡེ་ཤེས་ལྔ་ངོ་ཤེས་ཤིང་དྲན་པས་སངས་རྒྱས་ཐོབ་བོ། །ཞེས་གསུངས་པའི་ཕྱིར། འཇའ་འོད་ཐིག་ལེ་ཐིག་ཕྲན་འདི་རྒྱུན་དུ་བལྟས་པས་འཁོར་བར་ཕྱིར་མི་ལྡོག་པར་གསུངས་སོ། །ཉམས་གོང་འཕེལ་གྱི་སྣང་བ་འཆར་ཏེ། ཐིག་ལེ་ནང་དུ་སྐུ་རྐྱང་པ་དང་། ཕྱེད་སྐུ་དང་། ལྷ་ཡབ་ཡུམ་གྱི་རྣམ་པ་


CMR055_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ལུ་གུ་རྒྱུད་གར་གཏད་དུ་སྡོད་པ་རྣམས་འབྱུང་ངོ་། །ཐེར་མ་དང་རྔ་ཡབ་ལ་སོགས་མིག་བཀག་ནས། བལྟས་པས་ཤིན་ཏུ་ཡང་གསལ་བར་འགྱུར་རོ། །ཞེས་རིག་འཛིན་ཀུ་མ་རཱ་ཛས་གསུངས་སོ། །ཐལ་འགྱུར་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་དབྱིབས་འཆར་ནས། །གྱེན་འགྲེངས་དང་ནི་རྩིབ་ཤར་དང་། །ཐིག་ལེ་སྣ་ཚོགས་སྐུ་གཉིས་དང་། །རིག་པ་སྣང་བའི་ཡུལ་ལ་གསལ། །ཅེས་དང་། འདས་རྗེས་ལས། ཉམས་སྣང་གོང་དུ་འཕེལ་བ་ནི། །བར་དོ་ཡེ་ཤེས་མངོན་དུ་བྱས། །ཞེས་གསུངས་སོ། །མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཡིག་རིན་ཆེན་དཔུང་པ་ལས། དེ་ནས་ཉམས་སུ་བླངས་པས། རིག་པ་ཚད་ལ་ཕེབས་པའི་སྣང་བ་འཆར་རོ། ། ཐིག་ལེ་རེ་རེའི་ནང་དུ་རིགས་ལྔ་ཡབ་ཡུམ་གྱི་ཚོམ་བུ་རྫོགས་པ་དང་། སྟོང་གསུམ་ཐམས་ཅད་ཀྱང་ལུ་གུ་རྒྱུད་ཁྲ་ཤིག་ཤིག་པ་དང་། རང་སྣང་རིག་པའི་འཆར་ཚུལ་ལ་དབང་ཐོབ་པའོ། །ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ནི། །ལོངས་སྐུ་མཚན་དཔེར་གསལ་བ་ནི། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་དུ་


CMR055_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་། །དེ་ནས་ལྔ་ལྔ་ཟུང་དུ་བཅས། །རབ་ཏུ་གསལ་བའི་ཐིག་ལེ་འབྲེལ། །ཡབ་ཡུམ་སྐུ་ཡི་སྣང་བ་ཅན། །འཁྲུལ་སྣང་ཟད་ནས་ཞིང་ཁམས་སོ། །ཞེས་དང་། འདས་རྗེས་ལས། རིག་པ་ཚད་ཕེབས་སྣང་བ་ཡི། །ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། །ཞེས་གསུངས་སོ། །རྫོགས་ཆེན་རིན་ཆེན་སྤུང་པ་ལས། དེ་ནས་ཆོས་ཉིད་ཟད་པའི་སྣང་བ་འཆར་ཏེ། ཉམས་ཀྱི་འཕེལ་དེ་རྣམས་ཐམས་ཅད་ཟད་ནས། སྐུ་གསུམ་གྱི་འཛིན་པ་རང་སར་སྟོང་སྟེ། རིག་པ་གཞི་ཐོག་ཏུ་ལྷང་ངེར་ཕེབས་ནས། །བསྒོམ་བྱ་སྒོམ་བྱེད་ཀྱི་འཛིན་པ་རང་སར་གྲོལ་ཏེ། མ་རིག་པའི་འཁྲུལ་པ་རྩ་བ་ནས་དག་ནས། ཀ་དག་ཀུན་ཏུ་བཟང་པོའི་དགོངས་པ་ལ་སླེབས་པའོ། །ཐལ་འགྱུར་ལས། ། ཆོས་ཉིད་ཟད་པའི་སྣང་བ་ནི། །ཉམས་ཀྱི་སྣང་བ་སྟོང་པ་ནི། །ལུས་ཟད་དབང་པོའི་ཡུལ་ཡང་ཟད། །རྟོག་ཚོགས་འཁྲུལ་པ་རང་གྲོལ་ནས། །བརྗོད་གཞིའི་ཚིག་དང་བྲལ་བའོ། །ཞེས་དང་། དེ་ལྟར་ལུས་རྒྱུན་ཆད་ནས། ཟག་བཅས་ཀྱི་ཕུང་པོ་མི་སྣང་བར། འདི་ལ་མངོན་པར་སངས་རྒྱས་སོ། །ཞེས་གསུངས། འདས་རྗེས་ལས། ཆོས་


CMR055_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཟད་པའི་སྣང་བ་ཡིས། །རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ། །འདི་ལྟར་གཞི་ལམ་མཐར་ཕྱིན་ནས། །མྱང་འདས་གཞན་ནས་བཙལ་དུ་མེད། །ཅེས་གསུངས་པས། །རབ་ཟག་བཅས་ཀྱི་ཕུང་པོ་འོད་གསལ་དུ་གྲོལ། འབྲིང་ཆོས་ཉིད་བར་དོར་སངས་རྒྱས། ཐ་མ་སྤྲུལ་སྐུའི་ཞིང་ཁམས་ལྔར་བརྫུས་ཏེ་སྐྱེས་ནས་བར་དོ་མེད་པར་སངས་རྒྱས་སོ། །ཞེས་གསུངས་སོ།། ༼༢༥༽ ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། འདི་བསྒོམས་པས་ཉམས་ལེན་མཐར་མ་ཕྱིན་བར་འཆི་བའི་དུས་བྱུང་ན། འཕོ་བ་ལམ་གྱི་སྐྱེལ་མ་འདི་བསྒོམ། དེ་ཡང་ཀུན་བཟང་དགོངས་པ་ཀུན་འདུས་རྒྱུད་ལས། འཆི་རྟགས་མ་བྱུང་བཏབ་གྱུར་ན། །ལྷ་བསད་ཉེས་པ་ཤིན་ཏུ་ཆེ། །སྐྱེ་བ་ལྔ་བརྒྱར་མི་ལུས་བསྒྲིབས། །ཞེས་གསུངས་པས། རིམ་གྲོ་ཅི་འགྲུབ་ལ་འབད། དེས་ཀྱང་མ་ཕན་འཆི་ངེས་པར་གྱུར་ནས། ཐུགས་དམ་མི་ཟིན་དོགས་པའམ། ཟིན་ཀྱང་རོ་བདག་མེད་ཡིན་ན། འཕོ་བ་བསྒོམ་པར་བྱ་སྟེ། ཆགས་ཞེན་མེད་པ་གལ་ཆེ་བས། མདུན་གྱི་ནམ་མཁར་བླ་མ་ཡི་དམ་ཐམས་ཅད་སྐྱབས་འགྲོ་དུས་ལྟར་གསལ་བཏབ་


CMR055_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ལ། རང་གི་ལུས་ལོངས་སྤྱོད་སྦྲ་གུར་ཁང་པ་ཞིང་ནོར་རྫས་ཉེ་དུ་སོགས། ཆགས་ཞེན་སྐྱེ་བའི་ཡུལ་ཐམས་ཅད་མཎྜལ་གཅིག་ཏུ་བསྡུས་ཏེ། ལན་གསུམ་འབུལ་བར་དམིགས་ཏེ། ས་གཞི་སྤོས་བྱུགས་མ་ཚར་གསུམ་འདོན། ཀརྨ་པཀྵིའི་ཞལ་ནས། ཁྲོམ་ཆོས་ནམ་བྱེད་དོ་ཅོག་གདམས་ངག་འདི་སྤྲོད་པར་བྱའོ། །གཞན་གྱི་ཤི་ཆོས་བྱེད་ན་ཡང་འདི་ཀུན་གྱིས་སྐད་ཆེན་པོར་བསྒྲགས་ནས་འཕོ་བ་བཏབ་ན་སྐད་ཅིག་ཉིད་ལ་སངས་རྒྱས་པར་འགྱུར་རོ། །འཕོ་བ་འདི་མི་རྣམས་ཀུན་ལ་བསྟན་ན་ཕྲིན་ལས་ཤིན་ཏུ་ཆེ་བར་གསུངས་པ་ཡིན་ནོ།། ༈ །རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། སྐུ་ལུས་ཀྱི་ནང་སྟོང་སང་ངེ་བར་བསྒོམ། འོག་སྒོ་དང་གསང་གནས་དང་ཁ་དང་། ལྟེ་བ་དང་སྣ་བུག་གཉིས་རྣ་བ་གཉིས། སྨིན་མཚམས་ཚངས་སྨེ་རྣམས་ཧྲཱིཿཡིག་དམར་པོ་རེ་རེས་བཀག་པར་བསྒོམ། རང་གི་ལུས་ཀྱི་དབུས་སུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། ཡར་སྣེ་ཚངས་བུགས་སུ་རིག་དུང་གི་ཁ་ལྟར་ཧད་པོར་ཡོད་པ། མར་སྣེ་ལྟེ་འོག་སུམ་མདོར་ཕཊ་ཀྱིས་བཀག་ནས་ཕུག་རྡུགས་སུ་ཡོད་པར་རང་གི་སྙིང་གར་པདྨ་དང་


CMR055_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་གདན་ལ། རང་གི་རླུང་སེམས་རྣམ་པར་ཤེས་པའི་ངོ་བོ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ་ཚོན་གང་བ་སྐུ་ཆུང་ལ་ཡན་ལག་དོད་པ། བཀྲག་མདངས་གཟི་བརྗིད་དང་ལྡན་པ་ཞིག་བསྒོམ། རང་གི་སྤྱི་བོར་མཐོ་གང་ཙམ་དུ་པདྨ་དམར་པོ་འདབ་མ་སྟོང་ལྡན་དང་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ། རྩ་བ་དང་བརྒྱུད་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ་སངས་རྒྱས་འོད་དཔག་ཏུ་མེད་པ་སྐུ་མདོག་པདྨ་རཱ་ག་ལྟར་དམར་བ། ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་བདུད་རྩིས་བཀང་བའི་ལྷུང་བཟེད་བསྣམས་པ། དབུ་གཙུག་ཏོར་ཞབས་འཁོར་ལོ་སོགས་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་ཆོས་གོས་རྣམ་གསུམ་གསོལ་ཞིང་། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་བསྒོམ། བདེ་བ་ཅན་ནས་འོད་དཔག་མེད་དང་། ཕྱོགས་བཅུའི་ཞིང་ཁམས་ནས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རང་གིས་རེ་ཞིང་ལྟོས་པ་ཐམས་ཅད་ཡིད་ཀྱིས་སྤྱན་དྲངས་ལ་བསྟིམ། དེ་སྐྱབས་གནས་ཀུན་འདུས་སུ་བློ་ཐག་བཅད་ནས། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་ལན་མང་དུ་བརྗོད། །


CMR055_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཨོཾ་བརྗོད་པ་ཙམ་གྱིས་རང་སེམས་ཐུགས་རྗེ་ཆེན་པོ་དེ་སྤྱི་བོར་རྒྱངས་ཀྱིས་བྱོན་ནས། སྤྱི་གཙུག་ཏུ་སྐུ་མདོག་དཀར་ལྷག་ལྷག་བྱུང་བར་བསྒོམ་མ་ཎི་པདྨེ་ཧཱུྃ། བརྗོད་པས། རང་སེམས་ཐུགས་རྗེ་ཆེན་པོ་དེ་མར་བྱོན་སྙིང་གར་བཞུགས་པར་བསྒོམ། སྔར་ནས་དེ་འདྲ་ལན་འགའ་སྦྱངས་ན་ལེགས། རང་ཉིད་ནམ་འཆི་ལ་ཁད་རེད་པ་དང་། དེར་ཡོད་པ་རྣམས་ལ་ཡིག་དྲུག་སྐད་ཆེན་པོས་དབྱངས་ཐབས་སུ་འདོན་བཅུག་ལ། ཨོ་དྲག་ཏུ་བརྗོད་པ་ཙམ་གྱིས་རང་གི་རྣམ་ཤེས་ཐུགས་རྗེ་ཆེན་པོ་དབུ་མའི་ལམ་ནས་སྤྱི་བོར་རྒྱངས་ཀྱིས་འཕངས་ཏེ་འོད་དཔག་མེད་ཀྱི་ཐུགས་ཀར་བསྟིམ། ཡང་སྙིང་གར་ཐུགས་རྗེ་ཆེན་པོ་བསྒོམ་ཝིག་བྱེད་ལ་སྤར། ཡང་སྤུར་ཝིག་སྤར་ཝིག་བྱ། དབུགས་མ་སོང་གི་བར་དུ་དེ་ལྟར་བསྒོམ་མོ། །འཕོ་བ་ཐེབ་པའི་རྟགས་སུ། དྲོད་སྤྱི་བོར་འདུས་པ་དང་། རླངས་པ་དང་། སྤྱི་བོར་འབུར་བ་འབྱུང་། དེ་དུས་སམ་ཞག་གསུམ་ལྔ་བདུན་སོགས་ཀྱི་སོར། ནམ་མཁའ་ལ་འཇའ་ཚོན་འཁྲིགས་པ་དང་། རྟེན་རིང་བསྲེལ་གང་རུང་འབྱོན་ནོ། །ཡང་ཚེ་འདིར་རྫོགས་ཆེན་ལ་གོམས་འདྲིས་ཆེ། ཐོད་རྒལ་གྱི་ལྷ་སྐུ་རྟག་


CMR055_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མཐོང་བ་གཅིག་ཡིན་ན། ཐུགས་དམ་འདུག་རྒྱུ་མེད་དེ། ཀློང་གསལ་སྙིང་ཐིག་གི་ངོ་སྤྲོད་ལས། སྐྱེས་བུ་ནད་ཀྱིས་བཏབ་སྟེ། འཆི་བའི་རྟགས་རྣམས་རྫོགས་ཤིང་། །ཁྱད་པར་དུ་འབྱུང་བ་འདུས་ཏེ། དབུགས་ཕྱིར་རིང་ལ་ནང་དུ་སྡུད་དཀའ་བ། སྣང་བ་དཀར་དམར་དུ་འཆར་ཞིང་། ཤེས་པ་ཟིང་ལང་བའི་དུས་དེར། རྡོ་རྗེ་སེམས་དཔའི་གསང་ལམ་ཞེས་བྱ་བ། རང་གི་མདུན་གྱི་ནམ་མཁའ་ལ་རང་གི་ཙཀྵའི་ནང་ནས། འོད་ཀྱི་ཐག་པ་དཀར་པོ་བ་དག་འཐེན་པ་ལྟ་བུའམ་མདུང་ཤིང་བསླང་བ་ལྟ་བུའམ། སྐས་ཁ་ལྟ་བུ་ན་རེ་བ་གཅིག་ནམ་མཁའ་ལ་ཟུག་པར་འཆར་རོ། །འོན་ཏེ་ཁ་དོག་ལྔ་ལྡན་དུ་འབྱུང་ཡང་སྲིད་དོ། །དེའི་དུས་སུ་རང་རིག་དབང་པོ་ལ་གཏད། དབང་པོ་འོད་ཀྱི་ཐག་པ་ལ་པས། རིག་པ་འོད་ལ་ཐིམ་ནས་དུས་དེ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པར་ཐེ་ཚོམ་མེད་དོ། །ཞེས་ཨོ་རྒྱན་ཆེན་པོས་གསུངས། སྒོམ་མེད་རྟོགས་པའི་གང་ཟག་ནི། ཐུགས་དམ་ལ་འདུག་རྒྱུ་མེད་དེ། ཚེ་འདིར་སངས་རྒྱས་ཚར་བའི་ཕྱིར། །རོ་གཅིག་རྟོགས་པའི་གང་ཟག་དེ་ཞག་གསུམ་ལྔ་བདུན་ཙམ་ལས་མི་བཞུགས་ཏེ་འཆི་བ་ཆོས་


CMR055_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་སངས་རྒྱས། སྤྲོས་བྲལ་རྟོགས་པའི་གང་ཟག་དེ་ཡུན་རིང་ཐུང་ཅི་ཙམ་བཞུགས་མི་བཞུགས་རང་དབང་ཆེ་སྟེ། རྩེ་གཅིག་ཆེན་པོ་ནི་ཡུན་རིང་ཞིང་བརྟན་པོ་འོང་སྟེ། རྩེ་གཅིག་འབྲིང་ནི་གནད་གཅོད་འཇམ་ཞིང་བསྐུལ་མ་ཡོད་ན་ཟིན། འཆི་ཁ་ཞག་འདི་ཙམ་འདུག་སྙམ་པའི་དམ་བཅའ་གང་བྱས་སྟེང་དུ་འགྲོ་སྟེ། འཆི་སེམས་སྟོབས་དང་ལྡན་པའི་ཕྱིར་རོ། །རྩེ་གཅིག་ཆུང་ངུ་ནི་མི་ཟིན། ནུས་ན་ལུས་གནད་གཏུམ་མོ་ལྟར་དང་། མ་ནུས་ན་སེང་གེ་ཉལ་སྟབས་བྱས་ལ། སྐྱབས་འགྲོ་ཁྱད་པར་ཅན་བྱ། །བདག་འཆི་བའི་དེ་ཁོ་ན་ཉིད་འོད་གསལ་དོན་དམ་པའི་བདེན་པ་རྟོགས་པ་བྱས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྲིད་པ་བར་དོར་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་གོ་འཕང་མངོན་དུ་བྱའོ་སྙམ་དུ་སེམས་ཡང་ཡང་བསྐྱེད་འཕེན་པ་དྲག་པོ་བྱ། དེ་ནས་འཆི་བའི་ཚེ་མིག༴ རྣ་བར༴ སྣ༴ ལྕེ༴ ལུས༴ ས༴ ཆུ༴ མེ༴ རླུང་རྣམས་ཐིམ། ནང་རྟགས་དུ་བ་ལྟ་བུ། ཟླ་བ་ཤར་བ་ལྟ་བུ། ནང་རྟགས་སྲིན་བུ་མེ་ཁྱེར་ལྟ་བུ། ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ། ནང་རྟགས་མར་མེ་ལྟ་བུ། ཕྱི་རྟགས་མུན་པ་ལྟ་བུ། ཕྱི་རྟགས་


CMR055_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱ་རེངས་ཤར་བ་ལྟ་བུ། ནང་རྟགས་ཤེས་པ་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ། འོད་གསལ་མཐའ་དབུས་མེད་པ་ཞིག་འཆར་རོ། །འོད་གསལ་ཆོས་སྐུ་མངོན་དུ་གྱུར། ཞེས་གསུངས་སོ། །ཐལ་འགྱུར་ལས། འདིར་ནི་ཆོས་ཉིད་བར་དོར་བཤད། །འཆི་བ་ལས་ནི་ཐར་བའི་ཚེ། །རྣམ་ཤེས་ནམ་མཁའ་དག་ལ་ཐིམ། །ནམ་མཁའ་འོད་གསལ་དག་ལ་ཐིམ་པའི་དུས། །ཕྲ་རགས་སྣང་བ་ཀུན་འགགས་ཏེ། །ཞེས་གསུངས་པས། སྐེ་རྩིས་ཆད་འཕྲོ་མཐེབ་མཛུབ་ཀྱིས་ཅུང་ཟད་མནན་པས། ཐུགས་དམ་ཟིན་པའི་གནད་ཆེའོ། །ཡང་ཐུགས་དམ་མི་ཟིན་དོགས་པའམ། འགྲོགས་དོགས་ན། ཐུགས་དམ་དང་ཆོས་སྐུའི་འཕོ་བ་ཟུང་འཇུག་ནི། དང་པོར་རང་ལུས་སྤྱན་རས་གཟིགས་སོགས་ཡི་དམ་གྱི་སྐུར་བསྒོམ། སྒོ་བརྒྱད་ཧིཡིག་གིས་བཀག །དབུ་མ་གསལ་གདབ། །སྤྱི་བོར་སངས་རྒྱས་འོད་དཔག་མེད་བསྒོམ་ལ། སྙིང་ཁར་རྣམ་ཤེས་ཐིག་ལེ་དཀར་པོ་ཧཱིས་མཚན་པ། སྤྱི་བོར་འོད་དཔག་མེད་ཀྱི་ཐུགས་ཀར་ལན་མང་སྤར། དེ་ནས་ཅི་ཡང་མི་བསྒོམ་པར་རིག་པ་སྙིང་ཁར་གཏད་ནས་ཉམས་ལེན་སེམས་ངོ་སྐྱོང་། དཀར་ལམ་དམར་ལམ་ཅི་ཤར་


CMR055_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གང་ཤར་གྱི་ངོ་བོ་ལ་བལྟས། ཕྱི་དབུགས་ཆད་ཙམ་ནས་གདུང་གཡོགས་པས་གདུང་བཅས་གཟབ། མཐེབ་མཛུབ་ཀྱིས་སྐེ་རྩིས་ཅུང་ཟད་མནན། ཐུགས་ཡི་དམ་གསལ་འདེབས་ཤེས་ན་གང་ཤེས་བྱ། མ་ཤེས་ན་མིང་ནས་བོས་ལ། ཐུགས་དམ་མ་ཡེངས་ཞེས་ལན་གསུམ་བརྗོད། དེས་འོད་གསལ་དང་པོ་ལ་ངོ་འཕྲོད་དེ་གྲོལ་ལོ་གསུངས། ལུས་ཀྱི་གཟུགས་བཟང་ངན་ནི་གདུང་བཅས་པའི་བྱེད་ལས་ཡིན། ལུས་སེང་གེའི་ཉལ་སྟབས་ཡིན་ཀྱང་རུང་སྟེ། ཕུང་པོ་བཀྲག་མདངས་བཟང་བ་དང་། མིག་ཟིམ་བུ་ཁ་འཛུམ་པ་འདྲ། སེམས་ངོ་ཉམས་ལེན་ཡོད་པ་དེ་ཡི་དྲུང་དུ་བསྡད་ན། ཉམས་རྟོགས་བཟང་པོ་འཆར་བ་ནི་ཐུགས་དམ་ཡིན། ཞི་གནས་བདེ་གསལ་མི་རྟོག་པའི་ཉམས་ལ་ཆགས་པའི་རིགས། བཀྲག་མདངས་བཟང་བ་སོགས་ལེགས་པར་འོང་། བསྐྱེད་རིམ་བརྟན་པོས་ཐུགས་ཀའི་ས་བོན་ལ་རིག་པ་གནས་པར་ལྷག་པར་ཐུགས་དམ་བརྟན། དེ་དག་ལ་ལྷག་མཐོང་གི་ངོ་སྤྲོད་ཡང་ཡང་གདབ་ན། གོལ་སར་མི་འཆོར་ལམ་དུ་འགྲོའོ། །ཉམས་ལེན་མེད་ཅིང་ཁྲིད་ཀྱང་ཞུ་མ་མྱོང་ན། ཐུགས་དམ་ལ་བསྡད་པ་འདྲ་བ་འབྱུང་བ་


CMR055_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ནི། དྲི་ཟ་དང་བགེགས་དང་གཤེད་ཀྱིས་བདག་ཏུ་བཟུང་བ་ཡིན་ཞེས་ཆོས་དྲུག་ཆེན་མོ་ལས་བཤད། འོད་གསལ་ཐུགས་དམ་དེ་ངོས་མ་ཟིན། བེམ་རིག་བྲལ་མ་ཐག །ཡང་འོད་གསལ་གཉིས་པ་འཆར་ཏེ། དེ་ཚེ་ཡང་ཐུགས་དམ་མ་ཡེངས་ཞེས་བརྗོད་ན། བེམ་རིག་བྲལ་ཚར་ཡང་། ཉམས་ལེན་ངོས་ཟིན་ནས་མི་འཁྲུལ་བར་ཡང་སྲིད་གསུངས། བ་བཞོ་ཡུན་དང་ཞག་གཅིག་དང་། །ཕལ་ཆེར་ཞག་གསུམ་ཉི་མའི་དྲོས་བཞིར་གནས། བཀའ་གདམས་གླེགས་བམ་ནས་ལ་ལ་ཞག་བདུན་གནས་པ་ཡང་ཡོད་གསུངས་པས། དེ་ཚུན་ལ་འཕོ་བ་འདེབས་རུང་། དེ་ནས་ཐུགས་དམ་མ་ཟིན་ན་ཇི་ལྟར་འཆར་ཚུལ་ནི། ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་ལས་ཀྱང་། སྒོ་གསུམ་གྱི་ཉམས་ལེན་ཐམས་ཅད་དེ་ལ་དུས་བརྒྱ་འགྱུར་གྱིས་གསོལ་བས་ལུས་ལྷའི་ང་རྒྱལ་གྱིས་སྣང་སྲིད་ཐམས་ཅད་འོད་དང་འོད་ཟེར་འདྲེས་པ་ལྟ་བུ་ལྷའི་རྣལ་འབྱོར་དང་། ངག་སྔགས་ཀྱི་རྣལ་འབྱོར་གྱིས་སྒྲ་ཐམས་ཅད་གྲག་སྟོང་ཡི་གེ་དྲུག་པའི་སྒྲ་དབྱངས་བྲག་ཆ་ལྟ་བུ་དང་། སེམས་ཆོས་ཉིད་ཀྱི་རྣལ་འབྱོར་གསལ་སྟོང་དབྱེར་མེད་ཉི་མ་དང་ཉི་མའི་འོད་འབྲལ་མི་ཤེས་པ་ལྟ་བུ་དང་། སྒྲ་དང་འོད་


CMR055_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཟེར་དང་གཟུགས་སྣ་ཚོགས་ཅི་ཤར་ཡང་འཇིགས་པ་མེད་པར་རང་ལ་རང་ཤར་དུ་གྲོལ་བས་འདི་ནི་གདམས་པ་མན་ངག་ཟབ་མོ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ། །དེ་ལས་མ་གྲོལ་ན་ཞི་བ་དང་ཁྲོ་བོ་དང་། ཞི་མ་ཁྲོ་ལ་སོགས་པ་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་ཐམས་ཅད་རིམ་གྱིས་འཆར་རོ། །ཞག་བདུན་དང་བཅུ་བཞི། ཉི་ཤུའི་བར་དུ་སྤྲུལ་པའི་སྣང་བ་འཆར་བ། གཟུགས་ལ་འབྲོས། འོད་ལ་སྐྲག །ཐིག་ལེ་ལ་བསྔངས། སྒྲ་ལ་འཇིགས། ཟེར་ཐག་ལ་ལྟར་མི་བཟོད་པའི་དུས་གཅིག་འོང་། །དེའི་དུས་ཇོ་བོ་ཐུགས་རྗེ་ཆེན་པོ་སྒོམས་ཤིག །སྙིང་པོ་ཡི་གེ་དྲུག་པ་སྒྲོངས་ཤིག །འོད་ཐམས་ཅད་རང་འོད། སྒྲ་ཐམས་ཅད་རང་སྒྲ། གཟུགས་ཐམས་ཅད་རང་གཟུགས་སྣང་སྟོང་། ཟེར་ཐམས་ཅད་རང་ཟེར་རང་ཤར་དུ་སྒོམས་ཤིག །ཅེས་དང་། ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་ལས། རབ་དག་པ་མཁའ་སྤྱོད་ཀྱི་གནས་སུ་འགྲོ་བ་ནི། འཕེན་པ་འདི་ལྟ་བུར་བཏང་སྟེ། ཀྱེ་མ་བདག་བསྐལ་པ་གྲངས་མེད་ཚད་མེད་ཐོག་མ་མེད་པའི་དུས་རིང་པོ་དེ་ཙམ་ཞིག་ནས་ད་རུང་ཡང་འཁོར་བའི་འདམ་འདིར་ལུས་པ་ནི་སྐྱོ་བ་ལ། སྔོན་ནས་


CMR055_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྙེད་ཅིག་སངས་རྒྱས་པའི་རིང་ལ་བདག་མ་གྲོལ་བ་འདི་ཨ་ཙ་མ། ད་ནི་འཁོར་བ་ལ་སྐྱུགས་རེ་ལོག །ཞེ་རེ་འཇིགས། གཞུག་རེ་བུད། ད་ནི་བོས་པའི་གྲབ་བྱས་རེ་རན་ནས་འདུག །བདག་རང་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞབས་དྲུང་དུ་མེ་ཏོག་པདྨའི་ཁ་ནས་བརྫུས་ཏེ་སྐྱེ་བ་བྱ་དགོས་སྙམ་པའི་ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ་འདུན་པ་དྲག་ཏུ་གཏད་དོ། །རྩེ་གཅིག་ཏུ་མ་ཡེངས་པར་བྱས། པདྨའི་སྙིང་པོ་ལ་བརྫུས་ཏེ་སྐྱེའོ། །ཞེས་དང་། མཁའ་འགྲོ་ཀུན་གྱི་སྙིང་ཐིག་ཀློང་གསལ་རྒྱུད་ལས། ཀྱི་ལས་དག་པ་དང་། ངོ་སྤྲོད་ཐོབ་པ་རྣམས་དང་། དུས་དེ་ཉིད་ལ་སྣང་བ་འགྱུར་ནས། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་ཡར་འགྱུར་ཏེ། དེར་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀར་ཐིམ། ཡུམ་གྱི་པདྨ་ལས་ཐོན་ནས། པདྨ་རིགས་ཀྱི་གཙོ་འཁོར་འགྱུར་ཏེ། སངས་རྒྱས་ནས་འཁོར་བ་དོང་སྤྲུགས་པའོ། །ཞེས་དང་། ཕག་གྲུའི་ཐབས་ལམ་ཚིགས་བཅད་མ་ལས། དེ་ཡང་འཕེན་པ་འདི་བཞིན་བཏང་། །བདེ་བ་ཅན་གྱི་ཞིང་ཁམས་སམ། །པདྨོ་ཅན་གྱི་ཞིང་ཁམས་སུ། །བརྫུས་སྐྱེས་ལ་ཁ་འགྱུར་ནས། ནུབ་སངས་རྒྱས་ནས་འཁོར་བ་བས། །བརྫུས་སྐྱེས་


CMR055_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་བསམ་པ་ཡི། །འདུན་པ་དྲག་པོ་བཏང་བར་བྱ། །ཞེས་གསུངས་པ་ལྟར་ཞིང་ཁམས་དེར་འགྲོ་བར་གྱིས་ཤིག། ༼༢༦༽ ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་སྒྲུབ་པའི་ཐབས། གཞི་ལམ་འབྲས་གསུམ་དུ་བསྡུས་ཏེ་བཤད་ན། མདོ་སྡེ་མྱ་ངན་འདས་ཆེན་ལས་ཀྱང་། དཔེར་ན་འོ་མ་ལ་མར་གྱིས་ཁྱབ་པར་གནས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོས་ཀྱང་སེམས་ཅན་ཡོངས་ལ་ཁྱབ་པར་གནས་སོ། །ཞེས་དང་། མདོ་སྡེ་རྒྱན་ལས་ཀྱང་། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་པ་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། ། ཞེས་གསུངས། རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་དང་། ཀྱེ་རྡོ་རྗེ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབ། །ཅེས་གསུངས་སོ། །གློ་བུར་དྲི་མ་དེ་བསལ་ནས། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་ཐབས། ཕྱག་རྫོགས་


CMR055_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་འདི་ཉིད་ཉམས་སུ་བླངས་བས་ལམ་བགྲོད་དེ། གླིང་རས་ཀྱི་ཞལ་ནས། བཞི་གསུམ་བཅུ་གཉིས་ཚོགས་ཀྱི་ལམ། །རྟོགས་པ་གཅིག་གིས་བགྲོད་པ་ཡིན། །ཞེས་གསུངས། ཁྲིད་ཡིག་ཆེན་མོ་ལས། རྩེ་གཅིག་ཚོགས་སྦྱོར་སྤྲོས་བྲལ་མཐོང་བའི་ལམ། །རོ་གཅིག་སྒོམ་མེད་འབྲིང་མན་བསྒོམ་ལམ་སྟེ། །སྒོམ་མེད་ཆེན་པོ་རྫོགས་པའི་སངས་རྒྱས་སོ། །ཞེས་གསུངས་སོ། །དེ་ལ་ས་ལམ་དེ་ཡང་ཐོབ་མཁན་ཡང་མང་ན། དངོས་སུ་རྟགས་དང་ཡོན་ཏན་མེད་པ་ཅི་ཞེ་ན། བྱམས་པ་ལུང་བསྟན་པའི་མདོ་ལས། །དགེ་སློང་མ་ཕམ་འདི་བསྐལ་བཟང་སངས་རྒྱས་ལྔ་པར་ལུང་བསྟན་ན། འདི་ལ་རྟགས་དང་ཡོན་ཏན་ཅི་ཡང་མི་འདུག་པས། འདི་རྒྱལ་བ་བྱམས་པར་འགྱུར་སྲིད་དམ་ཞེས་དགེ་སློང་རྣམས་ཐེ་ཚོམ་དུ་གྱུར་པས། བཅོམ་ལྡན་འདས་ཀྱིས་བྱམས་པ་ལུང་བསྟན་གྱི་མདོ་གསུངས་པ་དེས། རྟགས་དང་ཡོན་ཏན་ཡོད་མེད་ཀྱིས་རྟོགས་པ་མཐོ་དམན་གྱི་ཚོད་མི་ཟིན་པ་དེ་གསལ། རྗེ་ཕག་མོ་གྲུ་པའི་ཞལ་ནས། འདི་ལ་ཐེ་ཚོམ་མི་དགོས་ཏེ། །ཉི་མ་ཤར་བ་ཙམ་གྱིས་ནི། །ས་གཞི་དྲོ་བར་མི་ནུས་ཀྱང་། །རིམ་གྱིས་འོད་ཟེར་རྒྱས་ནས་


CMR055_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ། །མདོ་སྔགས་ཀྱི་འབྲས་བུ་སངས་རྒྱས་དོན་དུ་གཉེར་བ་ཡིན་པས། གནས་སྐབས་ཀྱི་རྟགས་དང་ཡོན་ཏན་ཡོད་མེད་ལ་མ་ལྟོས། མཁའ་ལ་རྒྱུ་བའི་ཡི་ལ་དྭགས་དང་འབྱུང་པོ། བྱ་དང་གཅན་གཟན་འགའ་ཞིག་ལའང་ཡོད་པར། ཞི་གནས་ཁ་རྐྱང་ལ་བརྟེན་པའི་མངོན་ཤེས་གྲུབ་རྟགས་ནི། མུ་སྟེགས་པ་དང་བོན་པོ་ལ་ཡང་ཡོད་པས། གླིང་རྗེ་རས་པས། གྲུབ་ཆེན་བརྒྱད་ལ་མངའ་བརྙེས་ཀྱང་། །ངོ་མཚར་ཆེ་ཙམ་མ་རྟོགས་པ། །བྱང་ཆུབ་ཐོབ་ལ་ཕན་རྒྱུ་ཆུང་། །ཞེས་གསུངས་སོ། །འདི་སྐབས་མདོ་སྔགས་འབྲས་བུའི་ཁྱད་པར་ནི། དགེ་བའི་བཤེས་གཉེན་འགའ་ཞིག་གི་བཞེད་པ་ལ། མདོ་ལུགས་ཁོ་ནས་སངས་རྒྱས་མི་ཐོབ་པར། ས་བརྒྱད་ཡན་ནས་སྔགས་ལ་འཇུག་དགོས་ཟེར། ལ་ལས་ས་བཅུའི་མཇུག་ཏུ། ཕྱོགས་བཅུའི་སངས་རྒྱས་ཀྱི་འོད་ཟེར་ཆེན་པོས་དབང་བསྐུར་བ་དེས་ཆོག་སྔགས་ལ་འཇུག་མི་དགོས་པ་མདོ་ལུགས་ཀྱིས་སངས་རྒྱས་ཡོད་ཟེར། མི་བསྐྱོད་རྡོ་རྗེས། རང་ལུགས་མདོ་ལུགས་ཀྱིས་སངས་རྒྱས་བསྒྲུབ་པས། སྔགས་ལུགས་ཀྱིས་སངས་རྒྱས་ཞོར་འབྱུང་དུ་མི་ཐོབ་ལ། སྔགས་ལུགས་ཀྱིས་སངས་


CMR055_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བསྒྲུབ་པས་མདོ་ལུགས་ཀྱིས་སངས་རྒྱས་ཞོར་འབྱུང་དུ་འགྲུབ་པར་བཞེད་དོ། །དེ་བཞིན་དུ་ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། དེ་ཡང་རྫོགས་ཆེན་གྱི་ཆོས་ཉིད་ཟད་པ་དང་། མདོ་ལུགས་ཀྱི་ལམ་ལྔ་ལས། མཐར་ཕྱིན་པའི་ལམ་དང་། ཡོན་ཏན་མཉམ་མོ་སྙམ་ན། གཏན་ནས་མི་མཉམ་སྟེ། མདོ་ལུགས་ཁོ་རང་གིས་ས་བཅུ་ལམ་ལྔའི། ཡོན་ཏན་བརྒྱ་ཕྲག་དྲུག་ཅུའི་རྩལ་རྫོགས་ནས་མཐར་ཕྱིན་པ་ཡིན་ཀྱང་། ད་རུང་སྔགས་ཀྱི་ཡོན་ཏན་དང་རྩལ་མ་མཐོང་ཞིང་མ་རྫོགས་པའི་ཕྱིར་རོ། །ཆོས་ཉིད་ཟད་ས་དང་། མཐར་ཕྱིན་པའི་ལམ་གཉིས། ཁྱད་པར་ཤིན་ཏུ་གལ་ཆེའོ། །དེ་ཡང་ཕྱག་རྫོགས་ཟུང་འཇུག་ཐུགས་རྗེ་ཆེན་པོའི་དམར་ཁྲིད་འདི་ནི། ཐེག་པ་དགུའི་ཉམས་ལེན་ཐམས་ཅད་ཚང་བ་ཡིན་པས། ས་ལམ་དང་འབྲས་བུ་ཡང་། གྲུབ་ཆེན་ཀརྨ་པཀྵིའི་ཞལ་ནས། ཐེག་དགུའི་སྒྲ་དོན་རྟོགས་པ་དང་། །ནཱ་རོའི་བརྒྱུད་པས་བྱིན་བརླབ་ཅིང་། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡང་། །དག་སྣང་ས་ར་ཧ་དང་མཇལ། །སངས་རྒྱས་རྣམས་ཀྱི་བསྟན་པ་ནི། །རྒྱ་མཚོ་མཐའ་ཡས་གཏིང་དཔག་དཀའ། །དབང་པོ་རབ་འབྲིང་ཐ་མ་རྣམས། །འགའ་


CMR055_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བསྒྲོད་ནས་མངོན་སངས་རྒྱས། །གཅིག་ཆར་བ་ཡི་གང་ཟག་རྣམས། །རྟོགས་ཐོབ་དུས་མཚུངས་ཀུན་ཏུ་བཟང་། །ས་ལམ་བསྒྲོད་དང་མི་བསྒྲོད་པའི། །འཁོར་འདས་ཀུན་ལ་ཁྱབ་པར་ཡང་། །ས་ལམ་རིམ་པ་ཉི་ཤུ་གཅིག །ཡང་དག་དོན་གྱི་འོག་མིན་དུ། །ཐམས་ཅད་རྫོགས་པ་སྤྱི་གཅིག་ས། །གནས་ལུགས་ཀུན་བཟང་ཆོས་ཀྱི་དབྱིངས། །རྫོགས་ཆེན་ཨ་ཏི་ཡོ་ག་ནི། །ཐེག་པ་ཀུན་ལས་འདས་པ་སྟེ། །ས་ལམ་རིམ་པ་བཅུ་དྲུག་ཀྱང་། །ཡང་དག་དོན་གྱི་འོག་མིན་དུ། །གདོད་ནས་ཐམས་ཅད་རང་བཞིན་རྫོགས། །འབྲས་བུ་ལམ་རྟགས་བྱེ་བྲག་རྣམས། །རྩོལ་མེད་ལྷུན་གྱིས་གྲུབ་པ་ཡི། །རང་རིག་འོག་མིན་གནས་སུ་རྫོགས། །ཞེས་གསུངས།། ༼༢༧༽ ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། འདི་ཉིད་བསྒོམས་པས་ས་ལམ་ཇི་ལྟར་བགྲོད་པའི་ཚུལ། ཁྲིད་ཆེན་རྩ་ཚིག་ལས། རྩེ་གཅིག་ཞི་ལྷག་དབྱེར་མེད་དོན་ལ་གནས། །ཞེས་གསུངས། དྭགས་པོ་རིན་པོ་ཆེས། རྩེ་གཅིག་གི་རྣལ་འབྱོར་ནི། གསལ་ལ་མ་འགགས་པ། སྐད་ཅིག་མའི་ཤེས་པ་དེ་ཡིན་གསུངས། །


CMR055_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་སྒྲུབ་ཀྱི་རིམ་ལྔ་ནས་གསུངས་པའི་སེམས་དབེན་དང་། ལྭ་ཝ་པོས་གསུངས་པའི་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་དང་། ཤ་ཝ་རི་པས་ཏིང་འཛིན་ཉམས་སུ་མྱོང་བའི་རྣལ་འབྱོར་དང་། མེ་ཏྲི་པས་སྒྲོ་འདོགས་ཆོད་པའི་དུས་དང་། ལང་ཀར་གཤེགས་པའི་མདོ་ལས། བདག་མེད་ཀྱི་རྣལ་འབྱོར་དང་། བྱིས་པ་ཉེར་སྤྱོད་བསམ་གཏན་ཆོས་དྲུག་གི་ཟིན་པ་དང་། བུམ་དབང་གི་དོན་དེ་རྣམས་དོན་གཅིག་པར་བཞེད། ཕག་མོ་གྲུ་པས། རྩེ་གཅིག་འབྲིང་པོའི་ཏིང་ངེ་འཛིན་ལ་དབང་ཐོབ་གསུངས། རྩེ་གཅིག་འབྲིང་གསལ་སྟོང་འདྲ་ཟློབ་དྲན་པས་ཟིན་ན། རྒྱུན་དུ་མ་ཟིན་ནའང་རེས་ཡོངས་བ་དེར་སྦྱོར་ལམ་དྲོད་རྩེ་ཟེར་ཏེ། མྱོང་བ་བརྟན་དུ་སོང་ནས་གསལ་སྟོང་དེ་དྲན་པས་ཟིན་ན་རྒྱུན་དུ་ལོང་ངོ་། །རེས་མ་ཟིན་ཡང་ཡོང་ངོ་། །ཕག་གྲུའི་ཞལ་ནས། རྩེ་གཅིག་ཆེན་པོ་ཉམས་ཀྱི་འཁོར་ཡུག་ཏུ་སོང་བའོ། །ཞེས་དང་། གྲུབ་ཐོབ་བརྒྱུད་པའི་ཞལ་ལུང་ལས། ཉམས་ཀྱི་སྒོམ་མེད་ཡིན་ཀྱང་། རྟོགས་པའི་རྣལ་འབྱོར་བཞིའི་རྩེ་གཅིག་གི་རྣལ་འབྱོར་ཡིན། ཞེས་གསུངས་པ་དང་། བདག་གི་སློབ་དཔོན་མཁས་པ་ཆེན་པོ་རྒྱལ་རོང་པའི་ཞལ་ནས། སྦྱོར་ལམ་


CMR055_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མཆོག་གི་སྐབས་སུ། སྟོང་ཉིད་མངོན་དུ་རྫོགས་སྙམ་བྱུང་ཡང་། ད་རུང་སྟོང་ཉིད་རྫོགས་པ་ནི་མིན་གསུངས། དེ་རྣམས་དོན་གཅིག་པར་སྣང་། རྩེ་གཅིག་དང་སྤྲོས་བྲལ་གྱི་ཁྱད་པར་ནི། རྣམ་རྟོག་ཆོས་སྐུར་ཤར་མ་ཤར་ཡིན་ནོ། །ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་མདོ་ལས། གཉིས་པ་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །སྤྲོས་དང་བྲལ་བའི་མཉམ་བཞག་ཆེན་པོ་ལས། །བསམ་གྱིས་མི་ཁྱབ་ཏིང་འཛིན་རྩལ་དུ་ཤར། །དྲོད་ཐོབ་ནས་ནི་སྐྱེ་བ་རང་དབང་འགྱུར། །ཞེས་གསུང་སོ། །རྗེ་དྭགས་པོ་རིན་པོ་ཆེས། སྤྲོས་བྲལ་གྱི་རྣལ་འབྱོར་ནི། རིག་པའི་ངོ་བོ་སྐྱེ་མེད་དུ་མཐོང་ནས། ཡར་སངས་རྒྱས་ལ་མི་རེ། མར་འཁོར་བ་ལ་མི་དོགས། བར་དུ་སྣང་བ་ལ་མི་འཛིན། །གཞན་གྱིས་བསྒྱུར་དུ་མི་མཏུབ་པའོ། །ཞེས་དང་། རིམ་ལྔ་ལས། འོད་གསལ་དང་། ལྭ་བ་པས། བསམ་གྱིས་མི་ཁྱབ་དང་། ཤ་ཝ་རི་པས་རྣལ་འབྱོར་དང་། མཻ་ཏྲི་པས་དབང་ཐོབ་པའི་དུས་དང་། ལང་ཀར་གཤེགས་པའི་མདོ་ལས། གཟུགས་མེད་ཀྱི་རྣལ་འབྱོར་དང་། དོན་རབ་འབྱེད་པའི་བསམ་གཏན་དང་། གསང་དབང་གི་དོན་


CMR055_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གཅིག་པར་བཞེད། སྤྲོས་བྲལ་ངོ་བོ་མཐོང་བ་ཡིན་ཏེ། སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །ཀུན་ཤེས་མཐོང་བ་མེད་པ་སེམས་དཔའ་ཡང་མི་མཐོང་། །གང་ལ་རྣམ་པར་ཤེས་དང་ཡིད་སེམས་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་འདྲེན་པས་རབ་ཏུ་བཤད། །མཐོང་བ་དཔེ་གཞན་གྱིས་ནི་རྙེད་པར་ནུས་མ་ཡིན། །ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་ཏུ་བརྗོད། །ནམ་མཁའ་ཅི་ལྟར་མཐོང་བ་དེའི་དོན་དེ་བསམ་པར་གྱིས། །དེ་ལྟར་ཆོས་མཐོང་བ་དེ་བཞིན་གཤེགས་པས་བསྟན། །ཞེས་པའི་དོན་ནོ། །ཡང་དགོན་པས། དེ་ལྟར་གསལ་སྟོང་གི་ངོ་བོ་མཐོང་ཡང་། སྟོང་འཛིན་ངེས་ཤེས་ཀྱི་འཛིན་པའི་འཁྲིས་ཤིག་མ་བྲལ་བར་འདུག་ན། ཉམས་རྟོགས་ཀྱི་ཤན་མ་ཕྱེད་པས། སྤྲོས་བྲལ་ཆུང་ངུ་ཡིན།། ཞེས་དང་། རྗེ་ཕག་གྲུས་འབྲིང་པོས་རྩ་བྲལ་རྟོགས། ཞེས་དང་། དོ་ཧ་ལས། རྩ་བ་བྲལ་བ་དེ་ཉིད་སུས་ཤེས་པ། བླ་མའི་བཀའ་དྲིན་ཐོབ་པ་དེ་ཡི་མཆོག །ཅེས་གསུངས། རྗེ་ཕག་མོ་གྲུ་པས། སྤྲོས་བྲལ་ཆེན་པོས་ཕྱི་ནང་གི་ཆོས་ལ་སྒྲོ་འདོགས་ཆོད་པའོ། །ཞེས་


CMR055_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། རྒྱལ་དབང་ཆོས་རྗེས། སྤྲོས་བྲལ་གྱི་རྩེ་གཅིག་ནི། གང་ཤར་གྱི་ངོ་བོ་ལ་ཡང་དག་གིས་དྲན་པས་མ་ཡེངས་པར། རྩེ་གཅིག་ཏུ་ལྟ་བ་དེ་ཡིན། སྤྲོས་བྲལ་གྱི་སྤྲོས་བྲལ་ནི། བལྟས་པའི་ཚེ་ན་སྤྲོས་པའི་མཐའ་གང་ལ་ཡང་མ་གྲུབ་པ་དེ་ཡིན། སྤྲོས་བྲལ་གྱི་རོ་གཅིག་ནི། ཐམས་ཅད་སྟོང་ཉིད་ཀྱི་ངང་དུ་རོ་གཅིག་པ་དེ་ཡིན། སྤྲོས་བྲལ་གྱི་སྒོམ་མེད་ནི་དེ་ལས་བརྟན་པ་ཐོབ་ནས་ཉིན་མཚན་ཁོར་ཡུག་ཏུ་སོང་བ་དེ་ཡིན། ཞེས་གསུངས་པས། ཉམས་ཀྱི་སྤྲོས་བྲལ་ཆེ་འབྲིང་སོགས་ནི་སྐྱེ་མཁན་ཡང་མང་བས། རང་ཕོར་ངོས་ལེན་གྱི་ཚུལ་དུ་སོ་སོའི་ཉམས་རྟོགས་ངོ་ཤེས་པར་གྱིས་ལ། སོ་སོའི་སྐབས་སུ་གསུངས་པའི་ཉམས་ལེན་ལ་འབུངས་ཞུ། ༼༢༨༽་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། གཞི་ཁྲེགས་ཆོད་ཕྱག་རྒྱ་ཆེན་པོ་ཉམས་སུ་བླངས་པས། ས་ལམ་བགྲོད་ཚུལ། འདི་ཡན་ཆད་ཉམས་ཐོག་ནས་བཤད་པར་དཀའ་ཞིང་། ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་རྒྱུད་ལས། གསུམ་པ་དཔའ་བར་འགྲོ་བའི་ཏིང་འཛིན་གྱིས། །དུ་མ་རོ་གཅིག་ས་བཅུའི་རྟོགས་པ་འཆར། །དུས་


CMR055_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྒྱལ་བའི་སྲས་པོས་འགྲོ་དོན་མཛད། །རྩེ་ཐོབ་ནས་ནི་འཕེལ་བ་རྒྱུན་མི་འཆད། །ཅེས་དང་། ནཱ་རོ་པཎ་ཆེན་གྱི་ཞལ་ནས། གསུམ་པ་རོ་གཅིག་རྣལ་འབྱོར་འཆར། །ཞེས་གསུངས་ཏེ། དྭགས་པོ་རིན་པོ་ཆེས། རོ་གཅིག་གི་རྣལ་འབྱོར་ནི་སྣང་སྟོང་དབྱེར་མེད་དུ་རྟོགས་པའོ། །ཞེས་དང་། རིམ་ལྔ་ལས་སློབ་པའི་ཟུང་འཇུག་དང་། ལྭ་བ་པས་ཟུང་དུ་འཇུག་པ་དང་། མེ་ཏྲི་པས་གདེང་ཐོབ་པའི་དུས་དང་། ལང་ཀར་གཤེགས་པའི་མདོ་ལས། འཛིན་མེད་ཀྱི་རྣལ་འབྱོར་དང་། དེ་བཞིན་ཉིད་དམིགས་བསམ་གཏན་དང་། དབང་གསུམ་པའི་དོན་དང་། དེ་རྣམས་དོན་གཅིག་པའོ། །ཕག་མོ་གྲུ་པས། རོ་གཅིག་དུས་འཁོར་འདས་གཅིག་ཏུ་འདྲེས་གསུངས། ཡང་དགོན་པའི་ཞལ་ནས་། །རོ་གཅིག་འབྲིང་པོས་གཟུང་འཛིན་རྩ་བ་རྦད་ཀྱིས་ཆོད་པ་ནི། རྟོགས་པ་དེ་བརྟན་དུ་སོང་བས་རྟོགས་མཁན་དེ་དུ་མ་རོ་གཅིག་ཏུ་འདྲེས་ཏེ། ཡུལ་འཛིན་རྩ་བ་ནས་དག་པས་བེམ་པོ་ཕྱི་རུ་མ་ལུས། རིག་པ་ནང་དུ་མ་ལུས། སྣང་སེམས་གཅིག་ཏུ་ཀྲོང་ངེ་བ་དེ། རོ་གཅིག་འབྲིང་པོ་ཡིད་ལ་མི་བྱེད་པ་མཚན་ཉིད་པ་དེ་མངོན་དུ་གྱུར་པའོ་གསུངས། རྗེ་ཕག་མོ་


CMR055_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་པས། རོ་གཅིག་ཆེན་པོ་ཆོས་རྣམས་མཉམ་པ་ཉིད་ཀྱི་ངང་དུ་ཞི་བའོ་གསུངས། རྒོད་ཚང་པས། རོ་གཅིག་པ་ནི་བརྒྱད་པ་ཡིན། །ཞེས་གསུངས། །རྒྱལ་དབང་ཆོས་རྗེས། རོ་གཅིག་གི་རྩེ་གཅིག་ནི། སྣང་གྲག་གི་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ངང་དུ་སྒྲོ་འདོགས་ཆོད་པ་དེ་ཡིན། རོ་གཅིག་གི་སྤྲོས་བྲལ་ནི། ཐ་དད་དམ་གཉིས་སུ་འཛིན་པའི་སྤྲོས་བྲལ་ཐམས་ཅད་མཉམ་པ་ཉིད་དེའི་ངང་དུ་འབྲལ་བ་མེད་པ་དེ་ཡིན། རོ་གཅིག་གི་རོ་གཅིག་ནི། མཉམ་པ་ཉིད་དེས་ཆོས་ཐམས་ཅད་ལ་ལོངས་སྤྱོད་པའམ། འཇུག་པའམ། ཐམས་ཅད་ལ་ཁྱབ་པར་རོལ་པ་ཡིན། རོ་གཅིག་གི་སྒོམ་མེད་ནི། དེ་ལ་བརྟན་པ་ཐོབ་ནས་ཉིན་མཚན་ཁོར་ཡུག་ཏུ་སོང་བ་དེ་ཡིན། རྗེ་ནཱ་རོ་པས། བཞི་པ་སྒོམ་མེད་རྣལ་འབྱོར་འཚར་གསུངས་པའི་དོན། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་དང་། ཆུ་ཀླུང་ཆེན་པོའི་རྒྱུད་གཉིས་ཀ་ནས། བཞི་པ་རྡོ་རྗེ་ལྟ་བུའི་ཏིང་སྒྱུ་འཛིན་གྱིས། །བསྒོམ་དུ་མེད་པའི་ཉམས་ལེན་བརྩོན་པ་ལ། །རྣམ་མཁྱེན་སངས་རྒྱས་ཞིང་ཁམས་དཔག་མེད་མཐོང་། །མ་བཙལ་ལྷུན་གྲུབ་ཆོས་མཆོག་ཆེན་པོ་ཡིན། །ཞེས་


CMR055_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། རྗེ་དྭགས་པོ་རིན་པོ་ཆེས། སྒོམ་མེད་ཀྱི་རྣལ་འབྱོར་ནི། ཅི་སྣང་ལྷན་སྐྱེས་ངོ་བོ་གཅིག་ཏུ་ཤར་བས། དྲན་རྟོག་ཐམས་ཅད་བསྒོམ་དུ་སོང་བ་ཡིན་གསུངས། རིམ་ལྔ་ལས་མི་སློབ་པའི་ཟུང་འཇུག །ལ་བ་པས་རྣམ་པར་དག་པ། ཤ་བ་རི་པས་རྣལ་འབྱོར་ཆེན་པོ། མེ་ཏྲི་པས་དེ་ཉིད་དུ་གྲོལ་བའི་དུས། ལང་ཀར་གཤེགས་པའི་མདོ་ལས། སྤྲོས་མེད་ཀྱི་རྣལ་འབྱོར་དང་། དེ་བཞིན་གཤེགས་པའི་བསམ་གཏན། དབང་བཞི་པའི་དོན་རྣམས་གཅིག་པར་བཞེད། རྗེ་ཕག་མོ་གྲུ་པས། སྒོམ་མེད་ཆུང་ངུའི་བསྒོམ་བྱ་སྒོམ་བྱེད་དང་བྲལ་གསུངས། རྗེ་ཕག་མོ་གྲུ་པས། སྒོམ་མེད་འབྲིང་པོས་ལྷུན་གྲུབ་ཀྱི་རང་ས་ཟིན་གསུངས། རྗེ་རྒོད་ཚང་པས། ཉིན་མོའི་དུས་སུ་ཡང་རྗེས་སྣང་སྒྱུ་མ་ཙམ་མངོན་ཡུན་སེ་གོལ་གཏོགས་པ་ཙམ་འདུག་ཀྱང་དྲན་པས་བཟུང་རྒྱུའི་ཐ་སྙད་མེད་པར་དེ་ཉིད་ངོ་བོ་རང་དགས་སུ་འགྲོ་གསུངས། རྗེ་ཕག་གྲུའི་ཞལ་ནས། སྒོམ་མེད་ཆེན་པོ་འོད་གསལ་གཉིས་འདྲེས་པའོ་གསུངས། རྒྱལ་དབང་ཆོས་རྗེས། སྒོམ་མེད་ཀྱི་རྩེ་གཅིག་ནི། བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་ངང་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་དེ་


CMR055_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། སྒོམ་མེད་ཀྱི་སྤྲོས་བྲལ་ནི། བློ་ལས་འདས་པ་སྟེ། བློ་ཡི་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ཡིན། སྒོམ་མེད་ཀྱི་རོ་གཅིག་ནི། སྲིད་པ་དང་ཞི་བ་ཐམས་ཅད་སྒོམ་མེད་དེའི་དབྱིངས་སུ་རོ་གཅིག་པ་དེ་ལས་དབྱེར་རྒྱུ་རྡུལ་ཙམ་མེད་པ་དེ་ཡིན། སྒོམ་མེད་ཀྱི་སྒོམ་མེད་ནི། དེ་ལ་བརྟན་པ་ཐོབ་པ་དེ་ཡིན་ཏེ། རོ་གཅིག་མན་ཆད་ཀྱི་བརྟན་པ་ཐོབ་པ་ནི། གནས་སྐབས་ཀྱི་མཉམ་རྗེས་མེད་པ་ཡིན་ལ། སྒོམ་མེད་ཀྱི་བརྟན་པ་ཐོབ་པའི་ཚེ། མཐར་ཐུག་གི་མཉམ་རྗེས་མེད་པའོ། །དཔེར་ན་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་དང་། རྫོགས་རིམ་ལ་བརྟན་པ་ཐོབ་པ་ལྟ་བུའོ།། ༼༢༩༽ ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། ཕྱག་རྫོགས་ཟུང་འཇུག་གི་ཁྲིད་དོན་བསྡུ་དགོས་ཏེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། གཏམ་ལ་དགའ་བ་བསྡུ་དོན་ཡིན་ཞེས་གསུངས། དེ་ལ་བྱང་ཆུབ་སེམས་ང་ཡི་དམ་ལྷ། །བླ་མ་ཕྱག་རྒྱ་ཆེན་པོར་བསྒོམ། །བསྔོ་བའི་ཆོས་ཉིད་ཉམས་སུ་བླངས། །ཞེས་གསུངས་པས། དོན་ལྔ་པོ་དེའི་ནང་དུ་གསར་མའི་ལུགས་ཀྱི་མདོ་སྔགས་ཀྱི་ཉམས་ལེན་གྱི་རིགས་ཅི་


CMR055_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་ཚང་བ་མེད་པ་ཡིན། ཁྲིད་འདི་ཡི་ལུགས་ཀྱིས་དེའི་སྟེང་དུ་རྫོགས་པ་ཆེན་པོ་ཐོད་རྒལ་བསྣན་པས། ཐེག་པ་དགུའི་ཉམས་ལེན་རྫོགས་པ་ཡིན། དེ་ཡང་གདན་ཐོག་གཅིག་གམ་ཐུན་གཅིག་ཉམས་སུ་ལེན་དགོས་ཏེ། དེ་ལྟར་ཡི་དམ་ཕྱག་ཆེན་བླ་མ་སེམས་བསྐྱེད། འོད་གསལ་བསྔོ་བ་དང་དྲུག་པོ་འདི། རྒྱུན་དུ་ཉམས་སུ་ལེན་དགོས། མཚམས་ལ་འདུག་ཀྱང་ཉམས་ལེན་འདི་ཡིན། རྒྱུན་ཁྱེར་དུ་ཐུན་བཞིའམ་གསུམ་མམ་སྔ་དྲོ་དགོང་མོ་ཐུན་གཉིས་སམ། ཐ་ན་ཉིན་རེར་ཐུན་རེ་བས་ཉམས་སུ་ལེན་ལོང་མེད་ན། ཡང་སྒོམ་རྒྱུ་འདི་ཡིན་ནོ། །དེའི་བསྒོམ་ལུགས་ཅི་ལྟ་བུ་ཞེ་ན། བདེ་བའི་སྟན་ལ་རྣམ་སྣང་ཆོས་བདུན་རབ། དེ་མི་ནུས་ན་མེ་ཐབས་དྲུག་ཆིངས་བྱས་ཀྱང་རུང་སྟེ། ཀྱེ་མ་ཐམས་ཅད་མི་རྟག་པའི་ཆོས་ཉིད་ཡིན་ཏེ། དེ་རིང་དགེ་སྦྱོར་ཡིད་ཚིམས་པ་ཞིག་བྱ་དགོས། སང་ཕྱི་ནས་ཅི་ཆ་བསམ་པ་བྱས་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བསྐྱེད་རྫོགས་ཟབ་མོ་ཉམས་སུ་བླངས་བསམ་པའི་ཀུན་སློང་བཟང་པོས། རང་གི་ལུས་འདི་ཐུགས་རྗེ་ཆེན་པོའི་སྐུར་ཝལ་གྱིས་བསྒོམ་སྟེ། །


CMR055_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྐུའི་ནང་སྟོང་སང་ངེ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཉ་རྒྱས་པའི་དབུས་སུ་ཧཱི༔ཡིག་དཀར་པོ་འགྲེང་སྟེ་གནས་པ། དེའི་མཐར་ཡི་གེ་དྲུག་པ་དཀར་པོ་གཡས་ཕྱོགས་སུ་འཁོར་བ། དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཇའ་ཟེར་ལྟ་བུར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཁ་བ་བུ་ཡུག་འཚུབ་པ་ལྟར་ཀྱི་ལི་ལི་བྱོན་ནས། རྩ་བ་དང་བརྒྱུད་པའི་བླ་མ་ཐམས་ཅད་རིགས་བདག་འོད་དཔག་མེད་ལ་ཐིམ་པས་བླ་མ་ཀུན་འདུས། ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་རང་ཉིད་ཡི་དམ་ཐུགས་རྗེ་ཆེན་པོ་ལ་ཐིམ་པས་ཡི་དམ་ཀུན་འདུས། དེ་རྣམས་ཀྱི་རྩ་སྔགས་དང་སྙིང་པོ་དང་ཉེ་སྙིང་ཐམས་ཅད་སྙིང་ཁའི་ཡིག་འབྲུ་དྲུག་ལ་ཐིམ་པས། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་ཀུན་འདུས་སུ་བསྒོམ། དེ་ཡང་ལན་གཅིག་མིན་པར་ནན་ཏན་དུ་བསྒོམས་པས། བླ་མ་གཅིག་དང་ལྷ་གཅིག་དང་སྔགས་གཅིག་གིས་ཐམས་ཅད་འགྲུབ་པའི་མན་ངག་ཡིན། དེ་ནས་ཡིག་འབྲུ་འཁོར་བཞིན་པ་ལས་འོད་ཟེར་འཕྲོས་པས། ཕྱི་སྣོད་ཀྱི་འཇིག་རྟེན་


CMR055_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བདེ་བ་ཅན་གྱི་ཞིང་ཁམས་སུ་གྱུར། ནང་བཅུད་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར། སྐྱེ་འགྲོ་མིག་གིས་མཐོང་ཚད་ཐུགས་རྗེ་ཆེན་པོའི་སྐུར་ལམ་ལམ་བསྒོམ། གལ་ཏེ་གསལ་པོར་མ་ཟིན་ན་ཡང་། ཐུགས་རྗེ་ཆེན་པོ་ཡིན་སྙམ་པའི་མོས་པ་བྱ། དེ་སྣང་བ་སྐུའི་ཁྱེར་སོ་ཡིན་ཏེ། དེ་གསལ་ན་མཚམས་མ་ཐོན་ཀྱང་བཟོད། ཡི་གེ་དྲུག་པ་བུང་བའི་སྐད་ཙམ་སི་ལི་ལི་བཟླས། རང་གི་རམ་བུ་བཀྱག་པའི་ཚུལ་དུ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱིས་ཡི་གེ་དྲུག་པ་འུ་རུ་རུ་བཟླས་པར་བསྒོམ། སྒྲ་སྐད་ཐམས་ཅད་ཡི་གེ་དྲུག་པའི་སྒྲར་བསྒོམ། དེ་གྲག་པ་གསུང་གི་ཁྱེར་སོ་ཡིན། དེ་གསལ་ན་སྐད་ཅིག་ལ་དུང་ཕྱུར་མང་པོ་འགྲོ་བས། སྔགས་བརྒྱ་རྩས་འཕགས་པ་འགྲུབ་པའི་གདམ་ངག །ངག་བཅད་མ་གྲུབ་ཀྱང་བཟོད། ཕྲེང་བ་ལ་སློབ་སོང་ཚད་ཀྱང་ཆད་ལྷག་ཁ་བཀང་དེས་འོང་བར་གསུངས། །དེ་ཡང་ཉམས་ལེན་བཟང་ན་དམིགས་པ་དེ་དག་སེམས་ངོ་མ་ཡེངས་པའི་ངང་ནས་བསྒོམ་ན་བསྐྱེད་རྫོགས་ཟུང་འཇུག་མཆོག་ཡིན། རྣམ་རྟོག་བསྒོམ་དུ་ཤར་ནས་དེ་འོང་བ་ཡིན་ཏེ། འགྱུ་བ་དེ་ཉིད་བསྒོམ་དུ་ཤར་བའི་ཚེ་


CMR055_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་དུ་འཇུག་པ་ཡིན། ལས་དང་པོ་པས་དེས་ཟུང་འཇུག་མ་ཐུབ་ན། དང་པོ་བསྐྱེད་རིམ་གྱི་དམིགས་པ་དེ་དག་རྩེ་གཅིག་ཏུ་བསྒོམས་པས། དམིགས་པ་དེ་ལ་སེམས་གནས་པ་ཞི་གནས་ཡིན་པས། དེ་སྒོམ་མཁན་གྱི་སེམས་ལ་སེམས་ཀྱིས་ཧྲིག་གེར་བལྟས་པས། ཅིར་ཡང་མ་གྲུབ་པའི་སྟོང་པ་ཉིད་དུ་ལྷག་གེར་མཐོང་བ་དེ་ལྷག་མཐོང་ཡིན། དེའི་ངང་ལ་ཅི་གནས་སུ་མཉམ་པར་བཞག །ཡང་རྣམ་རྟོག་འཕྲོ་བ་དེའི་ངོ་བོ་ལ་བལྟས་ནས་རང་གྲོལ་དུ་བཞག་གོ །དེ་ལ་གོམས་ནས་རྣམ་རྟོག་གི་ངོ་བོར་གཅེར་རེ་ལྟ་མི་དགོས། གནས་པའི་ངང་ནས་འགྱུ་བ་ཅུང་ཟད་བྱུང་ཡང་གནས་པ་ལ་མི་གནོད། གནས་པའི་ངང་དུ་ཐིམ་པ་འབྱུང་། དེ་ལ་གོམས་པས་རྣམ་རྟོག་བསྒོམ་དུ་འཆར། ད་དུང་སེམས་ལ་ལྟ་རྒྱུ་གཅིག་ཡོད་པས་ངོ་བོ་མ་མཐོང་བ་ཡིན། དེ་ནས་ལྟ་མི་དང་ལྟ་རྒྱུ་གཉིས་གཅིག་ཏུ་འདྲེས། གསལ་སེང་ངེ་བདེ་མེ་རེ་བ་སྟོང་ཕྱམ་མེ་བ་སོགས་ལ་ངེས་ཤེས་དང་འཆང་རྒྱུ་ཡོད་པ་དེ་ཞིག །འདི་ཡིན་ཅི་ཡང་མེད་འདི་བསྒོམ་ཅི་ཡང་མེད་པ། སྔོན་དུས་དང་མི་འདྲ་བས་རང་ཡང་ཐེ་ཚོམ་སྐྱེ་བ། མ་ཡེངས་ཙམ་དུ་ཁ་རོག་བསྡད་པ་ལས་བྱ་རྒྱུ་ཅི་


CMR055_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མེད་པ། དེ་བྱུང་ན་ཐ་མལ་གྱི་ཤེས་པ་ངོ་བོ་མཐོང་བ་ཡིན། དེའི་དྲན་རྫི་དང་བྲལ་ན་ཐ་མལ་དུ་འཁྲུལ་འགྲོ་བས་མ་ཡེངས་པའི་དྲན་རྫི་དང་མ་བྲལ་བ་ཙམ་བྱ། ཏཻ་ལོ་པའི་ཞལ་ནས། སེམས་ལ་གཏད་སོ་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལ་གོམས་ཤིང་འདྲིས་ན་བླ་མེད་བྱང་ཆུབ་ཐོབ། ཅེས་གསུངས་པ་ད་ཡིན་ནོ། །དེའི་གགས་དང་གོལ་ས་གཅོད་པ་དང་བོགས་འདོན་པའི་མཆོག་བླ་མའི་རྣལ་འབྱོར་ཡིན་པས། རང་ཐུགས་རྗེ་ཆེན་པོའི་སྤྱི་གཙུག་གི་རིགས་བདག་འོད་དཔག་མེད་དེ། དྲན་རྫོགས་སུ་གསལ་གདབ་སྟེ། རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་སྤྱན་དྲངས་དེ་ལ་བསྟིམ། རང་གིས་གསོལ་འདེབས་གང་ཤེས་སམ། ཡིག་དྲུག་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པའམ། མོས་གུས་ཀྱི་གདུང་ཤུགས་དྲག་པོས་བ་སྤུ་ལྡང་ཞིང་མཆི་མ་འཁྲུགས་པར་བྱའོ། །གསོལ་འདེབས་ཀྱང་ལན་ཁ་ཡར་རྒྱང་འབོད་ཀྱི་ཚུལ་དུ་བྱ། དེ་ལྟར་གསོལ་བ་བཏབ་པས་བྱིན་རླབས་ཀྱི་སྟོབས་ལས་ཉམས་གང་ཤར་དེ་བསྐྱངས་པས། གེགས་དང་གོལ་ས་གཅིག་ཀྱང་མེད་གསུངས། དེ་ནས་སེམས་བསྐྱེད་བྱམས་སྙིང་རྗེ་ལ་བརྟེན་ནས་བོགས་འདོན་པ་ནི། འགྲོ་བ་རིགས་དྲུག་


CMR055_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གི་སེམས་ཅན་ཐམས་ཅད་ལན་དུ་མར་ཕ་མ་བྱས་པའི་མ་དྲིན་ཆེན་ཡིན་ན་རིགས་དྲུག་གི་སྡུག་བསྔལ་འདི་ལས་ཐར་དུས་མེད་པ་ལ་སྙིང་རྗེ་དྲག་པོ་བསྐྱེད་ནས། སྣ་བུག་ནས་རླུང་ཞིག་ཕར་བུས་པ་དང་མཉམ་དུ། རང་གི་བསོད་ནམས་དང་དགེ་རྩ་ཅི་ཡོད་པ། སེམས་ཅན་ཐམས་ཅད་ལ་སིབས་སེ་ཐིམ་པས། སེམས་ཅན་ཐམས་ཅད་བདེ་སྐྱིད་ཚད་མེད་པ་ཐོབ། བདེ་བའི་རྒྱུ་བསོད་ནམས་དཔག་ཏུ་མེད་པ་དང་ལྡན་པར་བསྒོམས་ལ། ངག་གམ་ཡིད་ཀྱིས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་བརྗོད། རླུང་ཚུར་རྔུབ་པ་དང་མཉམ་དུ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་སྡིག་སྒྲིབ་ཅི་ཡོད་པ་ཐམས་ཅད་སིབས་སེ་བསྡུས་ནས་རང་ལ་བསྟིམས་པས། རང་ཉིད་སྤྱན་རས་གཟིགས་ཀྱི་སྐུ་དེ་མེ་ལ་ཤིང་བསྣན་པ་ལྟར་གཟི་བརྗིད་ཆེར་འབར། སེམས་ཅན་ཐམས་ཅད་རིགས་དྲུག་སོ་སོའི་སྡུག་བསྔལ་དང་བྲལ། སྡུག་བསྔལ་གྱི་རྒྱུ་སྡིག་སྒྲིབ་ཐམས་ཅད་དང་བྲལ་བར་བསྒོམས་ལ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །ཅེས་ངག་གམ་ཡིད་ཀྱིས་བརྗོད། དེ་ཡང་སེམས་


CMR055_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ངོའི་ཉམས་ལེན་མ་ཡེངས་པའི་ངང་ནས་བསྒོམ་ཐུབ་ན། བྱམས་ཆེན་གཉུག་མའི་ཏིང་ངེ་འཛིན་དང་། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་པས། རང་གི་ཚོགས་རྫོགས་པ་དང་། སྒྲིབ་པ་སྦྱང་བ་དང་། སྲུང་འཁོར་ལ་ཡང་འདི་ལས་ཟབ་པ་མེད་གསུངས། འོད་གསལ་ཐོད་རྒལ་འདི་ནི་མ་བསྒོམས་པར་སངས་རྒྱས་པའི་གདམ་ངག །བལྟས་པས་གྲོལ་བའི་གདམ་ངག་ཟབ་མོ་ཡིན། འོད་ཁ་དོག་ལྔ་མཐོང་བ་འདི་ཡང་འཇའ་མཐོང་བ་དང་མི་འདྲ། ཡེ་ཤེས་ལྔ་མངོན་སུམ་དུ་མཐོང་བ་ཡིན། རྒྱལ་བ་རིགས་ལྔ་དངོས་སུ་མཇལ་བ་དང་ཁྱད་མེད་གསུངས། དང་པོ་ལྟ་དུས་དང་མི་འདྲ་བར་བཀྲག་མདངས་ངོ་མཚར་ཅན་གཅིག་མཐོང་རྒྱུ་ཡོད། དེ་མཐོང་ན་རབ་བར་དོར་ཞི་ཁྲོའི་ལྷ་ཚོགས་འཆར་བའི་ཚེ་བར་དོར་ངེས་པར་གྲོལ་བར་གསུངས་པས། འདི་ལས་ལམ་ཐག་ཉེ་བ་མེད། རྒྱུན་དུ་བལྟས་ན་རྒྱལ་བ་རིགས་ལྔ་སོགས་ཞི་ཁྲོའི་ལྷ་མང་པོ་མཐོང་འོང་། དེ་མཐོང་ན་བར་དོ་བསྒྲོད་མི་དགོས་པར་གསུངས་པས། ཁྱེད་རྣམས་ཀྱིས་རྒྱུན་དུ་ལྟ་བ་གལ་ཆེའོ། །དེ་དགོང་ཉལ་ཁ་དེ་རིང་བྱས་པའི་དགེ་སྦྱོར་གང་འགྲུབ་བསྔོ་བ་སྨོན་ལམ་རྒྱས་འདེབས་དགོས་


CMR055_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། བསྔོ་མི་དང་བསྔོ་རྒྱུ་དང་བསྔོ་ས་གསུམ་པོ་དངོས་པོར་འཛིན་པས་བསྔོས་ན་བསྔོ་བ་དུག་ཅན་ཡིན་པས་བྱང་ཆུབ་ཀྱི་ལམ་དུ་མི་འགྲོ། སེམས་ངོ་མ་ཡེངས་པའི་ངང་ནས་བསྔོ་བ་བྱེད་པ་ནི་འཁོར་གསུམ་ཡོངས་དག་གི་བསྔོ་བ་ཡིན་པས་བྱང་ཆུབ་ལམ་དུ་འགྲོ། དེ་ལ་ཆོས་དང་དགེ་སྦྱོར་གང་བྱེད་ཀྱང་མཇུག་ཏུ་སེམས་མ་ཡེངས་པར་བསྔོ་བ་སྨོན་ལམ་གང་བྱས་པ་དེ་ཕྱི་མ་འགྲུབ་ངེས་པ་ཡིན་པས། བསྔོ་བ་སྨོན་ལམ་ཡང་གོ་མ་ལོག་པ་གལ་ཆེ་ཆེ། བདེ་བ་ཅན་དུ་སྐྱེ་བར་ཤོག་ཟེར་བ་དེས་འཐུས། ཤི་ནས་ཞག་བདུན་གཉིས་ཡོལ་ཙམ་ནས་རང་ཤི་བ་ཡང་ཐག་ཆོད། གར་འགྲོ་རང་དབང་ཆེ་བའི་དུས་ཤིག་འོང་། དེ་དུས་སངས་རྒྱས་འོད་དཔག་མེད་ཡིད་ལ་མ་བརྗེད་པར་གྱིས་ལ་བདེ་བ་ཅན་དུ་སོང་ཞིག །བསམ་པ་ཙམ་གྱིས་ཕྱིན་པར་ཐེ་ཚོམ་མེད་དོ། །ད་རེས་ཆོས་ཞུས་པའི་དོན་དེ་མ་བརྗེད་རེམ་རེམ། དེ་སུས་ཀྱང་ཉམས་སུ་ལོན་ངེས་པའི་ཆོས་གཏམ་དམའུ་ཡིན། །བཀའ་མདོ་རྒྱུད་གསར་རྙིང་གཏེར་གསུམ་གྱི་ཆོས་ཀྱི་སྙིང་པོ་ཡིན། སློབ་དཔོན་པདྨའི་བཀྲ་ཤིས་ཤོག །ཐུགས་རྗེ་ཆེན་པོའི་བཀྲ་ཤིས་ཤོག །དཔའ་བོ་རྒྱ་མཚོའི་བཀྲ་ཤིས་


CMR055_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །དཔའ་མོ་རྒྱ་མཚོའི་བཀྲ་ཤིས་ཤོག །དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག་།ཆོས་ཐུན་སུམ་ཅུ་པ་འགྲུབ་བོ། །འདི་ནི་སྤྱན་རས་གཟིགས་ཀྱི་ཐུགས་རྗེས་མཐུས། སྙིགས་མའི་དུས་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པ། ༧ རཱ་ག་ཨ་སྱས་ལེགས་པར་བསྒྲིགས་པ་ལ། དགེ་སློང་བརྩོན་འགྲུས་ཞེས་བྱས་ཡི་གེར་བཀོད།། ༼༣༠༽ ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོའི་རྒྱབ་ཆོས། བདེ་བ་ལ་བརྟེན་ནས་བོགས་འདོན་པ་ནི། རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱི་དར་དཀར་གྱི་གུར་ཕུབ་པ་ལྟ་བུ། །ནང་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟ་བུ། དེའི་དབུས་སུ་རྩ་དབུ་མ་མཐིང་ཁ་མདའ་སྨྱུག་འབྲིང་པོ་ཙམ་པ། ཡར་སྣེ་སྤྱི་གཙུག་དང་མར་སྣེ་གསང་གནས་སུ་ཟུག་པ། གསང་བའི་སྦུབས་དང་ཅུང་ཟད་མ་འབྲེལ་བར། གཡས་སུ་རོ་མ་དམར་པོ་གཡོན་དུ་རྐྱང་མ་དཀར་པོ་གཉིས་མདའ་སྨྱུག་ཕྲ་ཤོས་ཙམ། ཡར་སྣེ་ཀླད་རྒྱའི་སྟེང་ནས་ཐུར་དུ་སྣ་བུག་གཉིས་སུ་ཟུག་པ། མར་སྣེ་ལྟེ་འོག་སོར་བཞི་ནས་ཡི་གེ་ཆའི་འཕོང་ལྟར་དབུ་མ་དང་གཅིག་ཏུ་གྱུར་པ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རྩ་འདབ་སུམ་ཅུ་སོ་གཉིས། ཁ་དོག་དཀར་པོ་གྲོ་


CMR055_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སོག་འབྲིང་པོ་ཙམ་གདུགས་ཕུབ་པ་ལྟ་བུ། དབུས་སུ་ཧཱུྃ་ཡིག་དཀར་པོ་མགོ་ཐུར་བསྟན་ཡིག་དྲུག་དཀར་པོས་བསྐོར་བ། མགྲིན་པའི་རྩ་འདབ་དྲུག་ཅུ་དམར་པོ་རྩ་སྣེ་ཅུང་ཟད་གྱེན་དུ་ཕྱོགས་པའི་དབུས་སུ། ཨཱཿདམར་པོ་ལ་ཡིག་དྲུག་དམར་པོས་བསྐོར་བ། སྙིང་ཁ་ཆོས་ཀྱི་འཁོར་ལོའི་རྩ་འདབ་བརྒྱད་ཀ་ཁ་དོག་སྔོན་པོ་གུར་ཕུབ་པ་ལྟ་བུའི་དབུས་སུ་ཧཱུྃ་མཐིང་ནག་ལ་ཡིག་དྲུག་མཐིང་གས་བསྐོར་བ། ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་དྲུག་ཅུ་རྩ་བཞི་ཁ་དོག་སྣ་ཚོགས་རྩ་སྣེ་ཅུང་ཟད་གྱེན་དུ་ཕྱོགས་པ། ལྟེ་བར་ཨོཾ་སྣ་ཚོགས་མདོག་ཅན་ལ་ཡིག་འབྲུ་ཁ་དོག་སྣ་ཚོགས་པས་བསྐོར་བ། རྩ་གསུམ་འདུས་མདོར་ཡི་གེ་ཨཱཡིག་དམར་པོ་ལྕགས་སྲེག་མདོག་ལྟར་རེག་བྱ་ཤིན་ཏུ་ཚ་བ་གཅིག་བསྒོམ། རླུང་སྣ་བུག་གཡས་ནས་རྒྱུ་དུས་ཕོ་རླུང་ཉོན་མོངས་པ་ཡིན་པས་མི་བཟུང་། བཟུང་ན་རླུང་སྐྱོན་འོངས། གཡོན་ནས་རྒྱུ་དུས་མོ་རླུང་ཡེ་ཤེས་ཀྱི་རླུང་ཡིན་པས་བཟུང་། སྣ་བུག་གཉིས་ཀ་ནས་རྒྱུ་དུས་ཆོས་སྐུའི་རླུང་ཡིན་པས་ངོ་བོ་སྐྱོང་། རླུང་རོ་ཞི་དྲག་སྙོམས་གསུམ་དུ་གཡས་གཡོན་དུ་མཉམ་དུ་ལན་དགུ་བུས། དེ་ནས་དལ་བུས་རྡུབས་ཏེ། ལྟོ་བ་བཀང་བས་རོ་


CMR055_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱང་གཉིས་ནས་ལྟེ་འོག་གི་ཡིག་ལ་ཕོག་པས། མེ་ལ་སྦྱད་པ་བརྒྱབ་པ་ལྟར་མེ་འབར་ཏེ། རྩ་གནས་ཐམས་ཅད་རིམ་གྱིས་གང་། མཐར་ལུས་ཐམས་ཅད་གང་ཞིང་བ་སྤུའི་བུ་ཟུག་ནས་མེ་ལྕེ་ཕྱིར་འཕྲོས། ལུས་ཀྱི་ཕྱིར་མེ་དཔུང་ཆེན་པོ་འབར། སྡིག་སྒྲིབ་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡེ་ཤེས་ཀྱི་མེས་བསྲེགས། དག་པ་ཡེ་ཤེས་ཀྱི་ལུས་སུ་གྱུར། སྤྱི་བོར་ཧཾ་ཡིག་ལས་བྱང་སེམས་དཀར་པོའི་རྒྱུན་བབས། སྤྱི་བོ་མགྲིན་པའི་རྩ་གནས་གང་། དགའ་བའི་ཡེ་ཤེས་སྐྱེས། སྙིང་གའི་རྩ་གནས་གང་བས་མཆོག་དགའི་ཡེ་ཤེས་སྐྱེས། ལྟེ་བའི་རྩ་གནས་གང་བས་དགའ་བྲལ་གྱི་ཡེ་ཤེས་སྐྱེས། དགའ་བ་ཞེས་པ་ནི་ལུས་ལ་བདེ་བ་སྐྱེས་པ་དེ་ཡིན། ཡེ་ཤེས་ཞེས་པ་ནི་བདེ་བའི་ངོ་བོ་ལ་བལྟས་པས་སྟོང་པར་མཐོང་བ་དེ་ཡིན། དེ་ནས་བྱང་སེམས་གསང་བའི་རྩར་བར་བབས་པས། དེའི་ངོ་བོ་ལ་མ་བལྟས་ན་ཉོན་མོངས་པ་ཆགས་པ་རང་ཁ་མ་ཡིན། ངོ་བོ་ལ་བལྟས་པས་བདེ་བ་དང་སྟོང་པ་དབྱེར་མེད་དུ་འདྲེས་པ་དེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན། དེ་ནས་གསང་བའི་བུ་ག་ཧཱུྃ་གཅིག་གིས་བགགས་པས་ཐིག་ལེ་བཟུང་། ལྕེ་ཡ་རྐན་ལ་སྦྱར། མིག་


CMR055_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

གྱེན་ལ་ལྡོག །རིག་པ་སྤྱི་བོའི་ཧཾ་ཡིག་ལ་གཏད། ཧྲིང་ཧྲིང་དྲག་ཏུ་བརྗོད། ཐིག་ལེ་ཆུའི་རླབས་ལོག་པ་ལྟར་སྐྱ་ཆི་ལི་ལི་གསང་གནས་ནས་ལྟེ་བར་ཡར་ལོག་མས་བསྟན་གྱི་དགའ་བ་དང་པོ་དང་། སྙིང་གར་ལོག་པས་གཉིས་པ། མགྲིན་པར་ལོག་པས་གསུམ་པ། སྤྱི་བོར་ལོག་པས་བཞི་པ། དེ་ནས་ཐིག་ལེ་ཐམས་ཅད་སྤྱི་བོའི་ཧཾ་ཡིག་ལ་ཐིམ་པར་བསྒོམས་ལ། སེམས་ཀ་དག་གི་ངང་ལ་དལ་གཅིག་བཞག །དེ་ནས་སྤྱི་བོའི་ཧཾ་ལ་རིག་པ་གཏད་ནས་ལུས་རྟའི་སྤྲུགས་སིལ་འདྲ་བ་ཞིག་བྱས་པས། སྤྱི་བོའི་ཧཾ་ལས་བདུད་རྩི་བྱང་སེམས་དཀར་ལ་དམར་བའི་མདངས་ཆགས་པ་ལྟར་བབ་པས། ལུས་ལྡེམས་སེ་གང་བར་བསྒོམས་ལ། ཉམས་ལེན་སེམས་ངོ་སྐྱོང་བས་བདེ་སྟོང་འདྲེས་པའི་ཉམས་བཟང་པོ་འཆར་ཏེ། ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་ལས། དམ་ཆོས་གཞན་ལས་ཁྱད་པར་འཕགས། ཡང་རླུང་བཟུང་བའི་སྐབས་སུ་རྣམ་སྣང་ཆོས་བདུན་མེ་དང་ཐིག་ལེ་བསྒོམ་ལ་མེ་ཐབས་དྲུག་ཆིང་བྱ། གཞན་འཁྲུལ་འཁོར་ཤེས་ཀྱང་ལེགས་ལ་མ་ཤེས་ཀྱང་མི་དགོས་ཏེ། སྲོང་བཙན་སྒམ་པོས་ཀྱང་མ་གསུངས་སོ། །ཐུན་དངོས་གཞི་


CMR055_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དག་པའི་སྒྱུ་ལུས་སྦྱང་བ་ནི། སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོར་བསྒོམ། སྒྲ་གྲག་ཐམས་ཅད་ཡི་གེ་དྲུག་པའི་སྒྲ་དི་རི་རི་གྲག་པར་བསྒོམ། ལྷ་འདི་དག་ནི་གང་ནས་མ་བྱུང་གར་ཡང་མི་འགྲོ། གང་དུ་ཡང་མི་གནས་རང་གི་སེམས་སྣང་ཙམ་དུ་རྨི་ལམ་སྒྱུ་མ་ཡིན་ནོ་སྙམ་དུ་བསྒོམས་ལ་སྤྲོས་བྲལ་དུ་བཞག་གོ །གོམས་ནས་འགྱུ་བས་བསྒོམས་ལ་མི་གནོད་པའི་དུས་ན། ཉམས་ལེན་སེམས་ངོ་སྐྱོང་བའི་གཤིས་མ་ཤོར་བའི་ངང་ནས། རང་ལུས་ལྷའི་སྐུ་གསལ་སྟོང་འཇའ་ཚོན་ལྟ་བུར་བསྒོམ་སྟེ། དེའི་བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་གྱི་གཙོ་བོ་ཡིན་ཏེ། སྒྱུ་ལུས་ལམ་གྱི་གཞུང་ཤིང་ཞེས་གྲགས། དེ་ལྟར་བསྐྱེད་རྫོགས་ཟུང་འཇུག་འདི། གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་དངོས་ཡིན་ཏེ། །བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པ་ཡི་ནི་རིམ་པ་གཉིས། །རིམ་གཉིས་མཉམ་པར་གང་བཞག་པ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་སོ། །མི་རྟོག་པ་ལ་བརྟེན་ནས་བོགས་འདོན་པ་ནི། ཉལ་དུས་སེང་གེ་ཉལ་སྟབས་བྱས་ལ། བླ་མ་སྤྱི་བོར་བསྒོམས་ལ། ཏིང་ངེ་འཛིན་གྱི་དབང་བསྐུར་ཞུ། རྨི་ལམ་ཟིན་པར་གསོལ་བ་


CMR055_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ། དེ་ནས་རང་གི་མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཐིག་ལེ་དམར་པོ་འོད་ཟེར་དང་བཅས་པ་ལ། སེམས་བཟུང་ནས་གཉིད་ལོག་པས་ཟིན་ནོ། །རྨི་ལམ་རྨི་ལམ་དུ་ངོ་ཤེས་པ་ནི་ཟིན་པ་ཡིན་ཏེ། ཉིན་པར་གྱི་ཉམས་ལེན་སྐྱོངས། རང་ཐུགས་རྗེ་ཆེན་པོ་ཕྱི་གསལ་ནང་གསལ་དུ་བསྒོམ་པའི་ཐུགས་ཀར་ཟླ་བའི་སྟེང་ཀར་པོ་ཚེག་དྲག་དང་བཅས་པ་ལས། འོད་ཟེར་ཉི་མ་འབུམ་ལས་ལྷག་པར་འཕྲོས་པས། ལུས་ཀྱི་ཕྱི་ནང་དང་གླིང་བཞི་སྟོང་གསུམ་ཐམས་ཅད་ཕྱི་གསལ་ནང་གསལ་དུ་གྱུར་པ་ལ་དམིགས་པ་བཟུང་ནས་གཉིད་ལོག་པས་འོད་གསལ་ཟིན་པར་འགྱུར་རོ། །དོན་ལ་གཉིད་ལ་སོང་རྨི་ལམ་མ་རྨིས་པའི་བར་དེར་ཉམས་ལེན་སེམས་ངོ་ཟིན་པ་ནི་གཉིད་ཀྱི་འོད་གསལ་ཡིན། རྨི་ལམ་རྨི་ལམ་དུ་ངོ་ཤེས་པས་ཉམས་ལེན་སེམས་ངོ་ཟིན་པ་རྨི་ལམ་གྱི་འོད་གསལ་ཡིན། ཐུགས་རྗེ་ཆེན་པོ་མི་ཏྲའི་དམར་ཁྲིད་ཀྱི་སྒྱུ་ལུས་དང་རྨི་ལམ་འོད་གསལ་སོགས་ཀྱི་སྔོན་འགྲོ་ཡང་ཡིན་ལ། ཚོགས་བསགས་པ་དང་ཉམས་ཆག་བསྐང་བ་དང་། ནད་དང་གདོན་གྱི་གེགས་སེལ། བདག་འཛིན་རྩ་བ་གཅོད་པའི་ཐབས། ཀུ་སཱ་


CMR055_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ལུའི་ཚོགས་གསོག་ཡིན་ཏེ་རང་གི་སྤྱི་གཙུག་ནམ་མཁར་ཡེ་ཤེས་ཀྱི་མཁའ་འགྲོ་མ་དཀར་མོ་གཡས་གྲི་གུག །གཡོན་ཐོད་ཁྲག་འཛིན་པ་གར་སྟབས་ཀྱིས་བཞུགས་པ་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ་ཞིག་སྒོམས་ལ། རང་གི་རྣམ་པར་ཤེས་པའི་ངོ་བོ་ཨ་དཀར་པོ་ཞིག་ཏུ་གྱུར་ནས་གསང་གནས་སུ་གནས་པ་དེ་སྤྱི་བོ་ཚངས་བུག་ནས་སྐར་མདའ་འཕང་བ་ལྟར་ཐོན་ནས་ལྷ་མོའི་ཐུགས་ཀར་ཐིམ་པར་བསྒོམ། དེ་ནས་རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མར་གྱུར་པ་དེས་མདུན་དུ་ཐོད་པའི་སྒྱེད་པུ་གསུམ་སྤྲུལ་པའི་སྟེང་དུ། རང་གི་མགོ་བོ་སྨིན་མཚམས་ནས་བཅད་པའི་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ་སྟོང་གསུམ་གྱི་ཚད་ཙམ་དུ་གསལ་བའི་ནང་དུ་རང་གི་ཤ་ཁྲག །དུམ་བུར་གཏུབས་ནས་བླུགས་པའི་འོག་ནས་མེ་སྦར་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་ཤ་ཁྲག་ཐམས་ཅད་བདུད་རྩིར་མེར་གྱིས་ཞུ་ནས་ཡང་། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས། རང་གི་ཐུགས་ཀར་བསམ་དེ་ལས་འོད་ཟེར་ཞགས་པ་དང་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་རྩ་བརྒྱུད་ཀྱི་བླ་མ། རྒྱུད་སྡེ་བཞིའི་ལྷ་ཚོགས་སངས་རྒྱས་ཆོས་དགེ་འདུན་མཁའ་


CMR055_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་དང་། འགྲོ་བ་རིགས་དྲུག་གི་གནས་ཐམས་ཅད་ལ་ཕོག་པས་ཐུགས་རྗེ་ཆེན་པོར་གྱུར་པའི་ཐུགས་ཀ་ནས་འོད་ཟེར་གྱིས་བཀུག་སྟེ། རང་གི་མདུན་དུ་བཞུགས་པའི་ཞལ་དུ་བདུད་རྩི་དཀར་སིབ་སིབ་དྲངས་བས་སྐུ་ལུས་ཐམས་ཅད་ཟག་མེད་ཀྱི་བདེ་བས་གང་བར་བསམས་ནས། རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། སངས་རྒྱས་དཀོན་མཆོག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཆོས་དཀོན་མཆོག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དགེ་འདུན་དཀོན་མཆོག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། བྱང་སེམས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞི་བདག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། འགྲོ་བ་རིགས་དྲུག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་བརྗོད་པས་ཐམས་ཅད་ཚིམས་པར་བསམ་ཞིང་དེ་དག་ཐམས་ཅད་སྤྱན་རས་གཟིགས་ཀྱི་སྐུ་དང་སྒྲོལ་མར་གྱུར་ནས་ཡི་གེ་དྲུག་པའི་སྒྲ་དི་རི་རི་འདོན་པར་བསྒོམ་པ་འདི་དག་ཐམས་ཅད་ཀྱང་སྒྱུ་མ་ཡིན། རྨི་ལམ་ཡིན་སྙམ་དུ་བསྒོམ་ཞིང་དེ་ཉིད་རང་གི་བློས་


CMR055_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་མ་གཏོགས་པ་ལོགས་སུ་གྲུབ་པ་མེད། བདེན་མེད་ཀྱི་ངང་ལ་ཉམས་སུ་བླང་བར་བྱའོ། །ཡང་གོང་ལྟར་བེམ་རིག་ཕྲལ་ཏེ་རང་མཁའ་འགྲོ་མར་གསལ་བས། ཕྱག་གཡས་གྲི་གུག་ཚད་ཙམ་བྱས་པས། པགས་པ་དབང་ཆེན་གསེར་གྱི་ས་གཞི། བེམ་པོ་གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱ། ཤ་ཁྲག་དོན་སྙིང་ནང་རོལ་ཐམས་ཅད། ཚེའི་བུམ་པ་འཆི་མེད་བདུད་རྩིའི་བཀང་བ་དང་། དངུལ་ཆུ་གྲུབ་པའི་རྫས་དང་། འཆི་མེད་གྲུབ་པའི་ཚེ་རིལ་དང་ཚེ་ཆུ། ཚེའི་རིགས་ལ་གྲུབ་པའི་ཚེ་ཟས་གསེར་ལྷད་མེད། སྒྲ་མི་སྙན་གྱི་ཚེ་ཆུ། ཚེའི་རིག་འཛིན་དྲང་སྲོང་ལྷ་མོ་དཔག་ཏུ་མེད་པ། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཚེ་དཔག་མེད་ཀྱི་སྐུར་གྱུར་པ་སྤྱན་དྲངས་ནམ་མཁའ་གང་བར་བཞུགས་པ་ལ་འབུལ། བདུད་རྩི་རྣམས་ཀྱང་གསོལ་བར་བསྒོམས་པས། ཚེའི་བར་ཆད་བཟློག་པར་རང་གི་ཕུང་པོ་དེ་རྒྱལ་སྲིད་སྣ་བདུན། བཀྲ་ཤིས་པའི་རྟགས་བརྒྱད། ནོར་བུ་ཆ་བདུན། རིན་པོ་ཆེ་སྣ་ཚོགས། འབྲུ་སྣ་ཚོགས། ཟས་སྣ་ཚོགས། གོས་སྣ་ཚོགས། རྟ་དྲེལ་ནོར་ཕྱུགས་སོགས། ལྷ་མིའི་ལོངས་སྤྱོད་དཔག་ཏུ་མེད་པར་སྤྲུལ་ནས་རང་གི་


CMR055_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་འོད་ཟེར་གྱིས་རྩ་བརྒྱུད་བླ་མ་ཡི་དམ་སངས་རྒྱས་བྱང་སེམས། ཛམ་བྷ་ལ་རིགས་ལྔ། རྣམ་སྲས་སེར་ལྗང་དམར་གསུམ། ནོར་རྒྱུན་མ་མཆེད་ལྔའི་སྐུར་གྱུར་པ་སྤྱན་དྲངས་ཏེ་ནམ་མཁའ་གང་བར་བཞུགས་པ་ལ་ཕུལ་བས། ལོངས་སྤྱོད་ཐམས་ཅད་བཞེས་པར་བསྒོམས་ལ། ཆོས་བསྒྲུབ་པའི་མཐུན་རྐྱེན་དཀོན་པའི་གེགས་སེལ། ནོར་སྒྲུབ་ཀྱི་མཆོག་ཏུ་འགྱུར་ཏེ། ཡང་གོང་ལྟར་བེམ་རིག་ཕྲལ་ལ། རང་གི་ཕུང་པོ་དེ་མཁས་པ་པཎྜི་ཏའི་ཚོགས་དང་། མཆོད་པའི་ལྷ་མོ་དབྱངས་ཅན་མ་དཀར་སེར་དམར་ལྗང་བྱེ་བ་དུང་ཕྱུར་དཔག་ཏུ་མེད་པས་ལག་ན་མཆོད་རྫས་ཐོགས་པ་དང་། སྡེ་སྣོད་གསུམ་རྒྱུད་སྡེ་བཞི་བཀའ་བསྟན་བཅོས་ཀྱི་གླེགས་བམ་དཔག་ཏུ་མེད་པ་མཛེས་ཤིང་ཡིད་དུ་འོང་བ་སྤྱིར་སྙུག་མཚལ་སྣག །ཤོག་བུ་ཤེས་རབ་ཀྱི་རལ་གྲི་མེ་འབར་བ། ཤེས་རབ་གྲུབ་པའི་རྫས་ཀྱི་རིགས་དཀར་གསུམ་མངར་གསུམ་དཔག་ཏུ་མེད་པར་དམིགས་ལ། །རང་གི་ཐུགས་ཀའི་འོད་ཟེར་གྱིས་བླ་མ་སངས་རྒྱས་བྱང་སེམས་ཐམས་ཅད་འཇམ་དབྱངས་རིགས་ལྔའི་སྐུར་གྱུར་པ་སྤྱན་དྲངས་ནམ་མཁའ་གང་བར་བཞུགས་པ་ལ་དེ་དག་ཕུལ་བས་མཉེས་


CMR055_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་མཆོད་པའི་ལྷ་མོ་རྣམས་ཀྱིས་ཚངས་པའི་དབྱངས་ཀྱི། སྙན་ངག་གིས་བསྟོད་པ་དཔག་ཏུ་མེད་པས་བསྟོད་པར་བསྒོམས་པས། ཤེས་རབ་དང་གོ་བ་ཆུང་བའི་གེགས་སེལ་ཏེ། སྐྱེ་བ་འདི་དང་ཚེ་རབས་ཀུན་ཏུ་འཆད་རྩོད་རྩོམ་གསུམ་ལ་མཁས་པར་འགྱུར། དེ་བཞིན་དུ་རང་ལུས་ཨ་རུ་ར་རྣམ་པར་རྒྱལ་བ་དང་། ནད་སེལ་སྨན་གྱི་བདུད་རྩིའི་བཀང་བའི་ལྷུང་བཟེད་དང་། སྨན་གྱི་ཚོགས་དཔག་ཏུ་མེད་པར་སྤྲུལ་ཏེ། དཀོན་མཆོག་རྣམས་སངས་རྒྱས་སྨན་བླའི་སྐུར་གྱུར་པ་ནམ་མཁར་སྤྱན་དྲངས་ལ་ཕུལ་བས། ནད་མང་བའི་གེགས་སེལ་བ་སོགས་གོང་གི་རིགས་འགྲེས་སོ། །གོང་ལྟར་བེམ་རིག་ཕྲལ་བའི་བེམ་པོ་ལ། རང་ལ་གནོད་པའི་གདོན་བགེགས་ཐམས་ཅད་བསྟིམས། དེ་གོང་ལྟར་བྷནྡྷའི་ནང་དུ་བདུད་རྩིར་བསྒྱུར་བ། མགྲོན་རྣམས་ཡི་དམ་ཁྲོ་བོ་དང་ཁྲོས་མ་ནག་མོ་སོགས་ཁྲོ་མོའི་ཚོགས་ཀྱི་ཞལ་དུ་ཕུལ་ནས་ལྷག་མ་མ་ལུས་པར་བསྒོམས་པས། །གདོན་གྱིས་གནོད་པའི་བགེགས་ཐམས་ཅད་སེལ་བའི་མཆོག་སྟེ། གཅོད་ལུགས་བསྟབ་པ་ཀུན་གྱི་དོན་འདུས་སོ། །དེ་ཐམས་ཅད་ལ་མགྲོན་གཤེགས་པ་སོགས་མི་དགོས། དམིགས་མེད་ཉམས་ལེན་


CMR055_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ངང་དུ་བཞག་གོ །བོགས་འདོན་གྱི་གཙོ་བོ་གསུམ་དང་། གེགས་སེལ་ཕྲན་བུ་ཚར་རོ། །འདི་ཁྲོམ་ལ་བཤད་མི་རུང་སློབ་མ་ཁྲིད་འཛུགས་རེ་ཡོད་པ་རྣམས་ལ་ཉུང་ཆོས་སུ་བཤད་པར་བྱའོ།། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། འདི་གཞན་ལ་འཆད་རུང་ངམ་མི་རུང་ནི། །རྩ་བའི་སྡོམ་པ་དམ་ཚིག་ལ་སྐྱོན་མེད་ཅིང་། ཐུགས་རྗེ་ཆེན་པོ་ཡི་དམ་དུ་བཟུང་ནས་བསྙེན་སྒྲུབ་ཐེམ་པ། རྟོགས་པ་རབ་རོ་གཅིག །འབྲིང་སྤྲོས་བྲལ། ཐ་མ་རྩེ་གཅིག་ཆེན་པོ་རྟོགས་ནས། སེམས་ཅན་ལ་ཕན་འདོད་ཀྱི་སྙིང་རྗེ་ཆེ་བ། དེ་ལྟ་བུ་ཞིག་དགོས་ཏེ། རྒྱན་སྟུག་པོ་བཀོད་པ་ལས། ཡིད་ཆེས་ལུང་དང་མི་ལྡན་པར། །ཆོས་རྣམས་སྟོན་པར་བྱེད་པ་ནི། །རྣལ་འབྱོར་རྟོགས་པའི་བདག་ཉིད་དེ། །རང་ཉིད་ཆུད་ཟོས་གཞན་ཆུད་གསན། །ཞེས་གསུངས། སངས་རྒྱས་མཛོད་ཀྱི་མདོ་ལས། འཇིག་རྟེན་གྱི་དགྲས་ནི་སྲོག་ཙམ་འཕྲོག་གིས་ལུས་གཅིག་སྟོང་དུ་ཟད་དེ། མི་གཏི་མུག་ཅན་གྱིས་ཆོས་བཤད་ན། བསྐལ་པ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་དམྱལ་བར་སྐྱེའོ། །ཞེས་གསུངས་སོ། །


CMR055_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་རྣམ་པར་འཕྲུལ་པའི་མདོ་ལས། ཆོས་སྟོན་ཀྱང་ཆོས་ཉན་པ་རྣམས་ལ་སྙིང་རྗེ་ཆེན་པོ་མི་བསྐྱེད་པ་ནི་བདུད་ཀྱི་ལས་སོ། །ཞེས་དང་། མང་དུ་ཐོས་ཀྱང་གཞན་གྱིས་ཤེས་ཀྱི་དོགས་ནས་ཆོས་ལ་སློབ་དཔོན་གྱི་དཔེ་འཁྱུད་བྱེད་པ་ཡང་བདུད་ཀྱི་ལས་སོ། །ཞེས་དང་། དགོངས་འགྲེལ་ལས། བླ་མ་བཟང་པོའི་མཚན་ཉིད་དུས་ཀྱི་དབང་གིས་ཚང་བར་དཀའ་ཡང་། རང་རྒྱུད་ལ་ལེགས་པར་བརྟགས་ནས། ངན་པའི་མཚན་ཉིད་རྣམས་ཤས་ཆེ་བ་མ་ཚང་བ་གལ་ཆེ། འགའ་ཞིག་ཚང་བར་འདུག་ན། རང་གི་རྒྱུད་རང་གིས་ལེགས་པར་བཅོས་ཏེ་མེད་པར་བྱས། སྐྱོན་དེ་དག་གི་རྩ་བ་ཡང་། འཇིག་རྟེན་ཆོས་བརྒྱད་ཀྱི་རྟོགས་པ་དང་། སྙན་གྲགས་དང་བཀུར་སྟི་འདོད་པ་ཁོ་ནའི་སྐྱོན་ཡིན་ཞིང་། དེ་དག་བསམ་བསྒྱུར་ཤེས་ན་བཅོས་སླ་བ་ཡིན་ཏེ། འཇིག་རྟེན་ཆོས་བརྒྱུད་བཀུར་སྟི་དང་གྲགས་པ་འདོད་ཕྱིར་ཆོས་བཤད་ན་ངན་སོང་གི་རྒྱུ། བྱམས་སྙིང་རྗེས་ཀུན་ནས་བསླང་ནས་གཞན་ཕན་ཆོས་བཤད་ན་ཕན་ཡོན་ཆེ། དེ་ལྟར་ཕན་ཡོན་ཉེས་དམིགས་ཀྱང་བྱེད་ལུགས་འདྲ་སྟེ་བསམ་པའི་ཁྱད་པར་རོ། དེ་ཡང་མི་ལ་བཤད་པའི་ཆོས་དེ་རང་གིས་ཉམས་སུ་ལེན་


CMR055_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཏེ། མྱ་ངན་འདས་མདོ་ལས། ཀོ་ཀ་ལི་ཀ་དང་། ལེགས་པའི་ཀརྨས། མདོ་སྡེ་བཅུ་གཉིས་བཤད་ཤེས་ཀྱང་དོན་མ་གོ་བས། གསོན་པོར་དམྱལ་བར་ས་ཡི་བར་མཐོང་བྱེ་ནས་སོང་བར་བཤད་དོ། །རང་གིས་བཀུར་སྟི་ལ་ཞེ་འདོད་གཏིང་ནས་མེད་པར་བྱས་ལ། དབང་ཆོས་ཁྲིད་སོགས་ཀྱི་ཡོན་དུ་འབུལ་བ་ཆེ་ཕྲ་ཅི་བྱུང་ཡང་། ཆོས་ཀྱི་ཆེ་བ་ཡིན་པས་རང་ལ་དཀོར་སྒྲིབ་མི་འབྱུང་ཞིང་། ཁོང་རང་རྣམས་ཀྱི་ཚོགས་རྫོགས་བསོད་ནམས་དཔག་ཏུ་མེད་པ་ཐོབ། རིག་སྔགས་བསྒྲུབ་པ་ལ་བར་ཆད་བྱེད་པའི་བགེགས་འདི་དག་གི་གཙོར་བྱས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས། བྱང་ཆུབ་བསྒྲུབ་པ་ལ་བར་ཆད་བྱེད་པ་ཐམས་ཅད་ཡིན་ནོ། །དེ་རྣམས་ལ་དམིགས་ལ་བགེགས་གཏོར་བསྔོས། རྒྱལ་མགྱོགས་བསྡུས་པ་གྲུབ་ན་ཡང་ལེགས། རང་ཉིད་རྟ་མགྲིན་བསྒོམས་ལ། བཀའ་བསྒོས་མཚམས་གཅོད་བྱས། སྤྲུལ་པའི་ཁྲོ་ཆུང་གིས་བགེགས་རྣམས་རྒྱ་མཚོའི་ཕར་འགྲམ་དུ་བསྐད་ནས། སྲུང་འཁོར་བསྒོམ་པ་ནི། རྡོ་རྗེའི་ས་གཞི་བརྟན་པ་མནར་མེད་པ་ཁྱབ་པ་ལ། སྟེང་དང་འོག་རྣམས་སུ་རྡོ་རྗེའི་ར་གུར། །


CMR055_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྒྱབ་མེ་རི་ཁ་དོག་ལྔ་ལྡན་གྱི་གུར་དང་། སྟེང་འོག་རྡོ་རྗེའི་ས་གཞི་ར་གུར་གྱི་རྒྱབ་ཏུ་གསེར་གྱི་འཁོར་ལོ་ཞྭ་ཐེབ་ཁ་སྦྱོར་བ་ལྟ་བུ་རྩིབས་བྱེ་བ་གྲངས་མེད་སྤུ་གྲི་ལྟར་རྣོ་བ་གཡས་སུ་འཁོར་བའམ། འཁོར་ལོ་གཉིས་ཁ་སྦྱོར་རྩིབས་སོ་འཐབ་གཡས་གཡོན་དུ་འཁོར་བའི་བར་མཚམས་སུ་གནོད་བྱེད་གཏུབས་པའམ། འཁོར་ལོ་རྩིབས་བརྒྱད་པ་ཆུང་ངུ་གྲངས་མེད་པའི་ས་གཞི་དྲྭ་བ་རྭ་བ་གུར་དུ་གྱུར་པ་ཐམས་ཅད་སོ་སོར་གསོལ་ལོ་ལྟར་འཁོར་བའི་བར་མཚམས་སུ་གནོད་བྱེད་གཏུབ་པ་སྟེ། གསུམ་པོ་གང་འདོད་ཡིན་ལ། དེ་རྒྱབ་རལ་གྲིའི་ཡུ་བ་ཅན་གྱི་ས་གཞི་དྲྭ་བ་ར་བ་སྟེ། འདི་དག་རལ་གྲི་རྣམས་རྒྱ་གྲམ་འཁོར་བ་འདྲ་བའི་བར་རྣམས་སུ་དེ་བས་ཆུང་བ་གཏམས་པའོ། །དེ་རྒྱབ་པདྨས་མཚན་པའི་དབྱུག་ཏོའི་ར་གུར་རོ། །དེ་རྒྱབ་སྣ་ཚོགས་རྡོ་རྗེ་རྣོ་དབལ་ཅན་ཁ་གདངས་ཤིང་དྲག་ཏུ་འཁོར་བའི་ས་གཞི་ར་གུར་རོ། །དེ་སྒྲུབ་ཕུར་པའི་ས་གཞི་ར་གུར་དྲྭ་བ་ར་བ། དེ་རྒྱབ་མཚོན་ཆ་སྣ་ཚོགས་རྩེ་ཕྱིར་བསྟན་པ་སྟེ། དགྲ་སྟ་སྤུ་གྲི་ཆུ་གྲི་མདའ་མདུང་སྟ་རེ་ཐོ་བ་ཞགས་པ་ལ་སོགས་པ་བར་མཚམས་མེད་ཅིང་རྩ་བ་གཅིག་ཏུ་གྱུར་པ་དྲག་ཏུ་འཁོར་བའོ། །དེ་རྒྱབ་མེ་ཁ་དོག་ལྔ་


CMR055_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འུར་རྒྱང་དུས་མཐའི་མེ་ལྟར་འབར་ནས་སྒོ་ང་ལྟར་སྲུབ་མེད་ཅིང་ལྟ་བར་མི་བཟོད་པ་དུམ་བུ་གཅིག་ཏུ་གྱུར་པའོ། །དེ་ནས་རྟ་མགྲིན་གྱི་ཚོགས་སྔར་སྤྲོས་པའི་ཁྲོ་བོ་དེ་དག་ཚུར་འདུས་པས་སྲུང་འཁོར་གྱི་བར་མཚམས་རྣམས་སུ་ཞལ་ཕྱིར་གྲུ་བའི་ཁྲོ་ཆུང་དཔག་མེད་ཧཱུྃ་ཕཊ་ཀྱི་སྒྲས་ཟློག་པའི་ལས་མཛད་པ། འཁོར་ལོའི་རྩིབས་ནང་དུ་གཟིགས་པ་རྣམས་རཀྟ་ཞེས་སྲུང་སྔགས་དང་བསྲུང་བའི་ལས་མཛད་པར་བསྒོམ་པ་སྟེ་ཁྲོ་བོ་གཉིས་གཅིག་ཏུ་བརྩིས་པ་སྲུང་འཁོར་དགུ་རིམ། སྲུང་འཁོར་གྱི་ནང་དུ་ཆོས་ར་དེར་བྱས་ཚར་བ་དང་འདུ་རྒྱུ་ཐམས་ཅད་ཚུད་པར་བསྒོམ། ཁྲོམ་ལ་རིམས་ནད་མི་འབྱུང་བའི་རྟེན་འབྲེལ་དུ་ལོ་མ་གྱོན་མའི་རྗེས་གནང་བྱས་ལ། ཨོཾ་པི་ཤ་ཙི་སྭཱ་ཧཱ། ཞེས་པ་ཉིན་གཅིག་བཞིན་ཁྲོམ་ལ་ཕྲེང་སྐོར་ཡ་ཟུང་འུར་འདོན་བཅུག །དེ་ནས་ཁྲོམ་ནང་ལ་སྡིག་ཅན་གྲིབ་ཅན་དམ་ཚིག་ཉམས་པ་ཡང་འགའ་རེ་ཡོད་པས། དེའི་གྲིབ་ཀྱིས་གཞན་ལ་མི་གནོད་པའི་ཕྱིར། །ཁྲོ་བོ་རྨེ་བརྩེགས་ཀྱི་རྗེས་གནང་བྱེད། རང་ཉིད་ལའང་ཁྲོམ་གྲིབ་མི་འོང་ཕྱིར། ནངས་སྔ་ལོ་མ་གྱོན་མ་དང་། སྨེ་བརྩེགས་རྒྱུན་བསྙེན་རེ་བྱ། རང་རྟོག་པ་མཐོ་བར་ཡོད་ན་


CMR055_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་སེམས་ཅན་ཐམས་ཅད་ཀྱི་སེམས་རྒྱུད་དང་རང་གི་སེམས་ཉིད་དང་། དེ་གསུམ་ངོ་བོ་དབྱེར་མེད་རྟོག་ན་ཁྲོམ་མང་ལ་གསང་སྔགས་ཟབ་མོ་བཤད་ཀྱང་རང་ལ་གསང་སྒྲོག་མི་འབྱུང་། ཁྲོམ་ཕན་ཚུན་རྣམས་དབང་ཆོས་མཉམ་པར་ཐོབ་ནས་མཆེད་གྲོགས་ཡིན་ཀྱང་དམ་ཚིག་བསྲུང་དཀའ་བས་ཁྲོམ་རེ་རེ་བཞིན་དུ་སོ་སོར་རྡོ་རྗེའི་གུར་ཁང་རེ་རེའི་ནང་དུ་ཚུད་པར་བསྒོམ། དེ་ནི་འདུལ་བ་ནས་ཐག་གྲ་བཤད་པ་དང་མཚུངས། དེ་ཉིད་བྱུང་ཚད་དོ་ནུབ་བསྡུས་ལ་ཚོགས་འཁོར་རྒྱུན་དུ་བྱ། དེས་ཚོགས་རྫོགས་པ་དང་སྐུ་རིམ་ཉམས་རྟོགས་སྐྱེ་བའི་གནད་ཆེ་འབུལ་བ་སོགས་གང་བྱུང་ཉམས་ལེན་མ་ཡེངས་པར་བསྔོ་བས་རྒྱས་བཏབ། འབྲུ་དང་རིན་པོ་ཆེ་སོགས་སྐམ་དཔྱད་གང་བྱུང་རྣམས་མཎྜལ་དུ་དམིགས་ལ་མཎྜལ་ཤོ་ལོ་ཀ་རེས་ཕུལ། གོ་མཚོན་དང་རྐང་བཞི་བྱུང་ཚད་བསྐང་རྫས་དམིགས་ལ་གཏོར་བསྔོས་ཞོར་ལ་བསྐང་ཐུང་འདོན། འོ་ཞོ་སོགས་འཕྲལ་དུ་ལོངས་སྤྱོད་དགོས་པའི་ཟས་བྱུང་ཚད་བྲན་ལ། ཐུགས་རྗེ་ཆེན་པོ་དང་ལོ་མ་ཅན་དང་ཛཾ་བྷ་ལའི་སྔགས་ལ་ཁཱ་ཧི་བཏགས་ནས་ཕུལ་བས་དཀོར་སྒྲིབ་ཆུང་། བར་ཆད་ཞི་ཚོགས་


CMR055_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་དངོས་གྲུབ་འབྱུང་། བཟའ་བཏུང་གང་བྱུང་ཚད་ནང་གི་ཚོགས་འཁོར་ལྟར་ལོངས་སྤྱོད་གཞན་ཟང་ཟིང་ཆོས་ཕྱོགས་ལ་ཅི་ཐེང་བྱ། འབྲེལ་པ་ཐོགས་ཚད་ལ་བསྔོ་བ་རྒྱས་པ། བཀྲ་ཤིས་བར་བརྗོད་ལ་མེ་ཏོག་འཐོར། དེ་ནས་ཁྲོམ་གྲོལ་ནས་གཞི་བདག་རྣམས་ལ་གཏང་རག་གིས་དཀར་གཏོར་ཞིག་འབུལ། གཟུགས་མེད་པའི་ཆོས་ཉན་པ་རྣམས་གྲོལ་བར་བསྒོམ། གནས་བདག་ལ་ཡང་བསྔོ་བ་སྨོན་ལམ་བྱ། སྲུང་འཁོར་གྱི་དམིགས་པ་ཡང་བསྡུས་ཏེ། ཉམས་ལེན་སྟོང་ཉིད་ངང་ལ་ཡུན་རིང་བཞག །འགྲོ་དོན་བྱུང་ན་ཐུགས་དམ་ཆག་བསམ་པར་མི་བྱ། ཐུགས་དམ་ནི་བྱང་ཆུབ་བསྒྲུབ་པ་ལས་ལྷག་པའི་ཐུགས་དམ་བྱ་རྒྱུ་མེད་ཅིང་སེམས་ཅན་ལ་ཕན་ཐོགས་ནུས་ན་བྱང་ཆུབ་ཀྱི་རྩ་བ་དེ་ཡིན། སངས་རྒྱས་ནས་འགྲོ་དོན་མ་གཏོགས་བྱ་རྒྱུ་གཞན་མེད་པའི་ཕྱིར་སངས་རྒྱས་རྣམས་ཀྱང་དེ་ལ་མཉེས་སོ། །བཀུར་སྟི་དང་དད་གུས་ཀྱིས་མི་ཆེན་དང་བླ་ཆེན་རྣམས་དབུ་རྒུ་བའི་ཚེ། རང་ཉིད་རང་མཐོ་ང་རྒྱལ་སྐྱེ་ཞིང་རྒྱུ་རྩིས་དང་ཆགས་འཛིན་ཕྲག་དོག་དང་འགྲན་སེམས་སྐྱེས་ན་ལྷའི་བདུད་ཞུགས་པ་ཡིན། གདུལ་བྱ་འགྲོ་དོན་ཆེ་ཚུལ་ངན། རང་


CMR055_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

དམན་ས་འཛིན་ཅིང་ང་རྒྱལ་མེད་པ་ཉམས་རྟོགས་ཇེ་འཕེལ་དུ་སོང་ན་དངོས་གྲུབ་ཡིན། འོན་ཀྱང་ཟང་ཟིང་མི་འོང་བསམ་པའི་འདོད་པ་གཏན་ནས་སྤངས་ཏེ། སེར་མོ་ཤེས་རབ་ཅན་རྣམས་ལ་དབང་རྒྱུན་དང་ལུང་རྒྱུན་མང་དུ་འཕེལ་ན། སངས་རྒྱས་བསྟན་པ་ཇི་སྲིད་གནས་ཀྱི་བར་གནས་པར་འགྱུར་བས་ལུང་གི་བསྟན་པ་ཡིན་ལ། སེར་མོ་བ་རྣམས་ལ་ཉམས་དང་རྟོགས་པ་སྐྱེས་ནས་ཁྲིད་འཛུགས་ཐུབ་པ་བྱུང་ན། དེའི་རྒྱུན་འཕེལ་ཐུབ་ན་རྟོགས་པ་དོན་བརྒྱུད་དུ་འགྱུར་ལ། ཁྲིད་གཞན་ལ་འཕེལ་མ་ཐུབ་ཀྱང་རང་ཉམས་ལེན་བསྒྲུབ་པར་བྱེད་པ་བྱུང་ན་ཉམས་སུ་ལེན་པ་སྒྲུབ་པའི་བསྟན་པ་ཡིན་ཏེ། ཐུབ་པའི་བསྟན་པ་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་ཡིན། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་གསུངས། ཐ་མལ་བ་རྣམས་ལ་ཡང་དགེ་སྒྲུབ་སྡིག་སྤང་བྱེད་པ་དང་། བསྙེན་གནས་ངག་བཅད་ཡིག་དྲུག་འདོན་པ་སོགས་དགེ་བ་ལ་བློ་ཁ་འགྱུར་བ་དང་། ཞི་ལྷག་གི་ཏིང་ངེ་འཛིན་སྐྱོང་ཤེས་པ་མང་དུ་འོང་བས། དེའི་ཕན་ཡོན་ཁོ་ན་ལ་བསམ་པར་བྱའོ། །དེ་དག་ལ་ཚོགས་བཤད་ཀྱི་སྡེ་སྣོད་ཅེས་བྱ་སྟེ། ཁྲོམ་ཆོས་


CMR055_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རུང་བ་ཡིན། གནད་ཀྱི་ངོ་སྤྲོད་ཟབ་མོ་དང་། གེགས་སེལ་བོགས་འདོན་ཁྱད་པར་ཅན་ནི་རྟོག་འབུལ་གཅིག་ཞུས་པའི་སྐབས་སུ་གང་ལ་གང་ཕན་ཚིག་རེ་རེ་བཤད་པར་བྱའོ། །ཁྲོམ་ཆོས་དང་འབྱམས་བཤད་མི་རུང་ངོ་། །དེས་ཀྱང་མི་ཕན་གནོད་ཆེ་བའི་ཕྱིར་རོ། །དེ་ལྟར་སེམས་བསྐྱེད་དང་ལྡན་པས་སྤེལ་མཁས་པར་བྱས་ན་རང་ཉིད་ཀྱང་བསྟན་འཛིན་གྱི་གྲལ་ཚུད་ཅིང་། ལུང་དང་རྟོགས་པའི་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་རོ། །ཁྲིད་ཀྱི་རྒྱབ་ཆོས་གྱི་ལེའུ་ཐ་མ་རྫོགས་སོ། །འདི་བྲིས་ཉེས་པའི་ཆ་རྣམས་གང་མཆིས་པ། །རྩ་གསུམ་ཆོས་བདག་སྲུང་མའི་ཚོགས་ལ་བཤགས། །འདི་བྲིས་དགེ་བའི་རྩ་བ་གང་མཆིས་དེས། །ཐུགས་རྗེ་ཆེན་པོའི་བསྟན་པ་མཐའ་རྒྱས་ནས། །འདི་ལ་འབྲེལ་བ་ཐོགས་ཚད་འགྲོ་བ་ཀུན། །བདེ་ཆེན་དག་པའི་ཞིང་དུ་སྐྱེ་གྱུར་ཅིག །སརྦ་མངྒ་ལཾ། ཞལ་དྲོ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཕྱག་རྫོགས་ཟུང་འཇུག་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་རྒྱབ་ཆོས་རྒན་མོ་མཛུབ་ཚུགས།next