Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
  collapse section
   
   
ཤོག་ལྷེབ་ ༣༠༡ ནས་་ ༤༠༠ བར།
   
   
   
   
  collapse section
   
   
   
   


 
previousཤོག་ལྷེབ་ ༣༠༡ ནས་་ ༤༠༠ བར།next

ཤོག་ལྷེབ་ ༣༠༡ ནས་་ ༤༠༠ བར།


CMR055_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་སེམས་དེ་ནི་ལས་དང་ཉོན་མོངས་པས་ཟད་པར་བྱ་བའམ་ཉོན་མོངས་པར་མི་ནུས་སོ༔ ཞེས་གསུངས་པས༔ དེ་ལྟར་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་སློང་བཟང་པོ་དང་མ་བྲལ་ན་དགེ་བའི་བྱ་བ་ཅི་བྱས་ཚད་བྱང་ཆུབ་ཀྱི་ལམ་དུ་འགྲོ་བས་ཆོས་ལམ་དུ་སོང་བ་ཡིན༔ དེ་མེད་ན་སྟོང་ཉིད་ཀྱི་ལྟ་བ་བཟང་ཡང་ཐེག་དམན་དུ་གོལ༔ བསྐྱེད་རིམ་གསལ་ཞིང་སྔགས་ཀྱི་ནུས་པ་ཐོན་ཡང་སྲིན་པོ་དང་རཱུ་ཏྲར་གོལ༔ འདི་ཐེག་ཆེན་གྱི་རྩ་བ་དང་ཆོས་ཀྱི་གེགས་སེལ་ཡང་ཡིན༔ རྩ་བ་དེ་མ་འཕྱུགས་ན་དྲག་སྔགས་ལ་སོགས་པ་ཕྲིན་ལས་གང་སྒྲུབ་ཀྱང་སངས་རྒྱས་ཐོབ་པའི་ལམ་དུ་འགྲོ་བ་ཡིན༔ དེ་ལྟ་བུའི་སེམས་བསྐྱེད་དང་ལྡན་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཅི་ནུས་སུ་འབྲེལ་པ་འཇོག་པར་བྱ་སྟེ༔ དྲི་མ་མེད་པར་གྲགས་པ་བསྟན་པའི་མདོ་ལས༔ དབུལ་པོ་རྣམས་ནི་སྦྱིན་པས་སྡུད་དོ༔ འཆལ་བ་རྣམས་ནི་ཚུལ་ཁྲིམས་ཀྱིས་སྡུད་དོ༔ ཁོང་ཁྲོ་བ་ཅན་རྣམས་ནི་བཟོད་པས་སྡུད་དོ༔ ལེ་ལོ་ཅན་རྣམས་ནི་བརྩོན་འགྲུས་ཀྱིས་སྡུད་དོ༔ སེམས་རྣམ་པར་གཡེང་བ་རྣམས་ནི་བསམ་གཏན་གྱིས་སྡུད་དོ༔ ཤེས་རབ་འཆལ་བ་རྣམས་ནི་ཤེས་རབ་ཀྱིས་སྡུད་དོ༔ ཞེས་


CMR055_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ༔ དེས་ན་ཆོས་ཀྱི་སྦྱིན་པ་ནི་སྦྱིན་པའི་མཆོག་དང་༔ ཡི་དྭགས་ལ་ཆུ་གཏོར་དང་༔ དབུལ་ཕོངས་ལ་ཟས་སྦྱིན་པ་སོགས་དང་༔ ཁྱིམ་པ་ཡིན་ན་བསྙེན་གནས་རབ་བྱུང་ལ་སྡོམ་པ༔ སྔགས་པ་ལ་དམ་ཚིག་སོགས་ཚུལ་ཁྲིམས་དང་༔ ཆོས་བྱེད་པ་ལ་དཀའ་ཚེགས་བཟོད་པ་དང་༔ གནོད་པ་ལ་བསྲན་པའི་བཟོད་པ་དང་༔ ལུས་ངག་ཡིད་གསུམ་ཐོས་བསམ་སྒོམ་གསུམ་ལ་བརྩོན་པ་དང་༔ བསྐྱེད་རིམ་སོགས་བསྒོམ་བྱ་གང་ཡིན་རྩེ་གཅིག་ཏུ་ནན་ཏན་བྱ་བ་དང་༔ ཐུན་མོང་གི་ཤེས་རབ་སློབ་གཉེར་དང་མདོ་རྒྱུད་ལྟ་བ་དང་༔ དོན་དམ་པའི་ཤེས་རབ་བཀའ་རྫོགས་པ་ཆེན་པོ་བསྒོམ་པ་ལ་སོགས་ལ་བརྩོན་པར་བྱེད་དགོས་སོ༔ དེ་ལྟར་བསམ་པ་རྣམ་པར་དག་པས་དགེ་བ་ཅུང་ཟད་བྱས་ཤིང་སྨོན་ལམ་བཏབ་ན་ཡང་ཕན་ཡོན་རྒྱ་ཆེན་པོ་འབྱུང་སྟེ༔ མདོ་སྡེ་མཛངས་བླུན་ནས་རྒྱ་ཆེར་གསུངས་པའི་དོན་བསྡུས་ཏེ་བཤད་ན༔ སྔོན་སངས་རྒྱས་འོད་སྲུང་གི་བསྟན་མཇུག་ཏུ་བྲམ་ཟེ་གཉིས་ཀྱིས་བསྙེན་གནས་གཅིག་བསྲུང་བའི་འབྲས་བུས་གཅིག་མིའི་རྒྱལ་པོར་སྨོན་ལམ་བཏབ་བཞིན་སྐྱེས༔ གཅིག་དེས་ལྷར་སྐྱེ་བར་སྨོན་ལམ་བཏབ་ཀྱང་༔ དེ་ནུབ་དགོང་ཟོས་


CMR055_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀླུའི་རྒྱལ་པོ་ཞིག་ཏུ་སྐྱེས་ནས་ཐུབ་པ་མཇལ་ཏེ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་དང་༔ སྔོན་རྒྱལ་པོ་ཚངས་སྦྱིན་གྱིས་མི་གཅིག་བཟུང་ནས་གསོད་པར་ཤོམ་པ་བློན་པོས་སྲོག་སྐྱབས་བྱས་ཏེ་རབ་ཏུ་བྱུང་བཅུག་པས༔ བློན་པོ་དེ་སྐྱེ་བ་ཐམས་ཅད་དུ་ལྷ་དང་མིའི་ལུས་ཕུན་སུམ་ཚོགས་པ་ཐོབ་པ་ཕྱིས་བློན་པོའི་བུར་སྐྱེས་པ་ན་གཡང་ས་དང་ཆུ་དང་དུག་དང་མདའ་ལ་སོགས་པ་གང་གིས་ཀྱང་མ་ཚུགས་ཏེ༔ ཐུབ་པ་མཇལ་ནས་དགྲ་བཅོམ་ཐོབ་བོ༔ སྔོན་མི་དབུལ་པོ་ཞིག་གིས་ཤིང་བཙོངས་པས་གསེར་གྱི་དོང་ཙེ་གཉིས་ཁུག་པ༔ སངས་རྒྱས་གསེར་ཐུབ་དགེ་འདུན་དང་བཅས་པ་ལ་ཕུལ་བས༔ བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་མིར་སྐྱེས་ཤིང་༔ གར་སྐྱེས་ཀྱང་གསེར་གྱི་དོང་ཙེ་ཡོད་པར་འགྱུར། ཕྱུག་ཅིང་ལོངས་སྤྱོད་ཆེན་པོ་དང་ལྡན་ཏེ༔ ཕྱིས་རྒྱལ་པོའི་ཁབ་ཏུ་སྐྱེས་མ་ཐག་ལག་ཏུ་གསེར་གྱི་དོང་ཙེ་ཡོད་པ་དེ་བླང་ཙམ་ནས་གསེར་གྱིས་མཛོད་གང་ཡང་ལག་གི་དོང་ཙེ་མ་ཟད༔ ཐུབ་པའི་དྲུང་དུ་རབ་ཏུ་བྱུང་བས་དགྲ་བཅོམ་པ་ཐོབ་པས་དགེ་སློང་གསེར་གྱི་དབྱིག་ཅེས་བྱའོ༔ སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ༔ མི་དབུལ་པོ་ཞིག་གིས་དགེ་


CMR055_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་བཞུགས་སར་ཕྱུགས་མ་བརྒྱབ་མེ་ཏོག་བཏུས་ནས་གཏོར་བས༔ བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་གར་སྐྱེས་ཀྱང་གཟུགས་མཛེས་པ་དང་བཟའ་བཏུང་དང་ཁྲི་གདན་ཕུན་སུམ་ཚོགས་པར་གྱུར༔ ཕྱིས་མཉན་ཡོད་ན་ཁྱིམ་བདག་ཆེ་ཞིང་མཐོ་བའི་བུར་སྐྱེས་མ་ཐག་མེ་ཏོག་གི་ཆར་བབ༔ ཐུབ་པ་སྤྱན་དྲངས་ནས་རིན་པོ་ཆེའི་ཁྲི་གདན་དང་ཞལ་ཟས་ཐམས་ཅད་བསམ་པ་ཙམ་ནས་བྱུང་༔ རབ་ཏུ་བྱུང་བས་དགྲ་བཅོམ་པ་ཐོབ་བོ༔ བསམ་པ་དག་ན་དགེ་བ་ཆུང་ངུ་རེ་ལའང་དེ་ལྟར་འབྱུང་བ་ཡིན༔ ཡང་སྔོན་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ༔ མི་དབུལ་པོ་ཞིག་གིས་རྡེའུ་དཀར་རྒྱུ་ལས་བྱས་པའི་ནོར་བུ་སྤར་གང་དགེ་འདུན་ལ་གཏོར་ནས་སྨོན་ལམ་བཏབ་པས༔ བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་ནོར་བུ་དང་ཟས་གོས་ལོངས་སྤྱོད་ལྷུན་གྱིས་གྲུབ་པར་གྱུར་ཏེ༔ མཉན་ཡོད་དུ་ཁྱིམ་བདག་གི་བུར་སྐྱེས་མ་ཐག༔ ནམ་མཁའ་ནས་རིན་པོ་ཆེ་སྣ་བདུན་ཆར་བཞིན་བབས་ནས་ཁྱིམ་གང་༔ རབ་ཏུ་བྱུང་བས་དགྲ་བཅོམ་པ་ཐོབ་བོ༔་ཡང་སངས་རྒྱས་བསོད་སྐྱབས་བཞུགས་པའི་ཚེ༔ དགེ་སློང་གཅིག་དགེ་བསྐུལ་བྱོན་པ་ན༔ བུད་མེད་ཁྱོ་ཤུགས་གཉིས་ལ་རས་ཡུག་གཅིག་


CMR055_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གོས་སོགས་ཅི་ཡང་མེད་པ་དེ་ཕུལ་བས༔ རྒྱལ་པོ་དང་བཙུན་མོས་ཁོང་གཉིས་ལ་གོས་རྒྱན་ཕུད་དེ་གནང་ངོ་༔ བསྐལ་པ་དགུ་བཅུ་རྩ་གཅིར་ཀྱང་རས་གོས་དང་བཅས་ཏེ་སྐྱེས་ཤིང་ལོངས་སྤྱོད་དང་ལྡན་ནོ༔ མཉན་ཡོད་དུ་ཁྱིམ་བདག་གི་བུ་མོ་ལྟ་བས་ཆོག་མི་ཤེས་པ་སོགས་དང་བཅས་པར་སྐྱེས་ཏེ༔ སྟོན་པ་ལ་དགེ་སློང་མར་ཞུས་ནས་དགྲ་བཅོམ་པ་ཐོབ་བོ༔ ཡང་རྒན་མོ་དབུལ་ཕོངས་འཆི་མ་ནུས་ཤིང་ངུ་བ་ཞིག་གིས༔ འཕགས་པ་ཀ་ཏ་ཡ་ན་ལ་ཆུ་ལྟུང་བཟེད་གང་ཕུལ་ནས༔ ཆོས་དང་བསྔོ་བ་ཤོ་ལོ་ཀ་རེ་གནང་བས༔ དེ་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་ནས་འཁོར་ལྔ་བརྒྱ་དང་བཅས་ཀ་ཏ་ཡ་ན་ལས་ཆོས་ཞུས་པས་འབྲས་བུ་ཐོབ་བོ༔ དེས་ན་བསམ་པ་རྣམ་པར་དག་པ༔ བསོད་ནམས་བསགས་པ་ལ་འབད་ཅིང་ཁྱད་པར་དུ༔ མཎྜལ་དང་བྱང་ཆུབ་སེམས་བསྐྱེད་ལ་འབུངས་མཛོད༔ དེས་ཆོས་འབྲུ་གཉིས་པའོ༔ ལས་ནས་ཆོས་འབྲུ་གསུམ་པ་ནི༔ གཞུང་ལས༔ ཁྱོད་ཀྱི་བདེ་སྐྱིད་དགེ་བ་རྣམས༔ སེམས་ཅན་རྣམས་ལ་ཐིམ་པར་བསྒོམས་སེམས་ཅན་སྡུག་བསྔལ་སྡིག་སྒྲིབ་རྣམས༔ ཁྱེད་


CMR055_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལུས་ལ་སིབ་སིབ་ཐིམ༔ བསམ་ཞིང་ཡིག་བཅུ་བརྗོད་པར་བྱའོ་ཞེས་གསུངས་པའི་དོན་ཚིག་དང་པོ་གཉིས་ཀྱིས་བྱམས་པ༔ ཕྱི་མ་གཉིས་ཀྱིས་སྙིང་རྗེ༔ རྗེས་མས་བྱམས་སྙིང་རྗེའི་སྙིང་པོ་བསྟན་པ་སྟེ༔ དེ་དག་གི་དོན་རྒྱས་པར་བཤད་པ་ནི༔ དཀོན་མཆོག་བརྩེགས་པའི་མདོ་ལས་མཆོད་པ་ཇི་སྙེད་ཚད་མེད་པ༔ ཞིང་གི་བྱེ་བ་ཁྲག་ཁྲིག་ཏུ་སྐྱེས་བུ་མཆོག་ལ་མཆོད་པས་ཀྱང་༔ བྱམས་པའི་སེམས་ལ་ཆར་མི་ཕོད༔ ཅེས་དང་༔ ལྷ་མི་བྱམས་པར་འགྱུར་བ་དང་༔ དེ་རྣམས་ཀུན་གྱིས་སྲུང་བ་དང་༔ ཡིད་བདེ་བ་དང་བདེ་མང་དང་༔ དུག་དང་མཚོན་གྱི་གནོད་པ་མེད༔ འབད་པ་མེད་པར་ཐོབ་པ་དང་༔ ཚངས་པའི་འཇིག་རྟེན་སྐྱེ་གྱུར་ཏེ༔ གལ་ཏེ་གྲོལ་བར་མ་གྱུར་ཀྱང་༔ བྱམས་ཆོས་ཡོན་ཏན་བརྒྱད་ཐོབ་བོ༔ ཞེས་དང་༔ ཐར་པ་ཆེན་པོའི་མདོ་ལས༔ གང་ཞིག་འཇིག་རྟེན་རྣམ་དག་ཏུ༔ བསྐལ་པ་གཅིག་གི་བར་དག་ཏུ༔ ཚུལ་ཁྲིམས་རྣམ་དག་བསྲུང་བ་བས༔ སྐྱེས་བུ་གཅིག་གིས་སྐད་ཅིག་ཏུ༔ བྱམས་པའི་སྤྱད་པ་སྤྱོད་པའི་མཆོག༔ གང་ཞིག་འཇིག་རྟེན་ཁམས་འདི་རུ༔ ལུས་ངག་ཡིད་ཀྱི་སྡིག་སྤྱོད་པ༔ ངན་སོང་གསུམ་


CMR055_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལྟུང་ངེས་ཀྱང་༔ བྱམས་པའི་སེམས་དེས་འཕྲལ་དུ་འབྱོངས༔ ཞེས་དང་༔ མདོ་རྒྱ་ཆེར་རོལ་པ་ལས༔ བྱང་སེམས་ལྡན་ལ་དུག་དང་མཚོན་མི་ཚུགས། རོ་ལངས་དང་ནི་འཇིགས་པ་གཞན་མི་འབྱུང་༔ བྱང་སེམས་ལྡན་ལ་གཞན་གྱིས་གནོད་མི་འགྱུར༔ དཔུང་བཅས་བདུད་རྣམས་རྒྱལ་མཚན་སྡེར་བཅས་པ༔ ནག་པོའི་རྩ་ལག་བྱམས་པའི་སྟོབས་ཀྱིས་འཇོམས༔ བླ་མེད་བྱང་ཆུབ་ཞི་བར་འཚང་ཡང་རྒྱ༔ ཞེས་དང་༔ རིན་ཆེན་ཕྲེང་བར༔ རྗེའུ་ཚོད་སུམ་བརྒྱའི་ཁ་ཟས་དག༔ ཉིན་རེ་དུས་གསུམ་བྱིན་པས་ཀྱང་༔ བྱམས་པ་ཡུད་ཙམ་ཐང་གཅིག་གིས༔ བསོད་ནམས་དག་ལ་ཆར་མི་ཕོད༔ ཅེས་དང་༔ འཇམ་དཔལ་ཞིང་གི་བཀོད་པ་ལས༔ བྱང་ཤར་གྱིས་མཚམས་ན་སངས་རྒྱས་དབང་ཕྱུག་ཆེན་པོའི་རྒྱལ་པོའི་འཇིག་རྟེན་གྱི་ཁམས་སྟོང་གིས་བརྒྱན་པ་ཞེས་བྱ་བ་དེ་ན༔ དགེ་སློང་འགོག་པ་ལ་ཞུགས་པའི་བདེ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་བདེ་བ་དང་ལྡན་ནོ༔ དེར་ལོ་བྱེ་བ་བརྒྱ་སྟོང་དུ་ཚངས་པར་སྤྱད་པ་སྤྱོད་པ་བས་ནི༔ ཞིང་འདིར་ཐ་ན་སེ་གོལ་ཏོག་པའི་ཡུན་ཙམ་དུ་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་


CMR055_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ན༔ སྔ་མ་ལས་བསོད་ནམས་ཆེས་མང་དུ་བསྐྱེད་ན༔ ཉིན་མཚན་དུ་གནས་པ་ལྟ་ཅི་སྨོས༔ ཞེས་གསུངས་པས༔ བྱམས་པ་བསྒོམ་པའི་ཕན་ཡོན་མཐའ་ཡས་ཤིང་བྱམས་པ་ལ་བརྟེན་ནས་སྙིང་རྗེ་སྐྱེ༔ སྙིང་རྗེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་སྐྱེ༔ བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་འཚང་རྒྱ་བ་ཡིན་ནོ༔ གཉིས་པ་སྙིང་རྗེའི་ཕན་ཡོན་ནི༔ རྣམ་སྣང་མངོན་པར་བྱང་ཆུབ་པའི་རྒྱུད་ལས༔ གསང་བའི་བདག་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་རྩ་བ་ནི་སྙིང་རྗེ་ཆེན་པོའོ༔ རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ༔ ཞེས་དང་༔ སྡུད་པ་ལས༔ མི་ཡི་འཇིག་རྟེན་འབྱུང་པོའི་གདོན་དང་ནད་མང་བ༔ ཕན་དང་སྙིང་བརྩེར་ལྡན་པའི་བྱིན་གྱིས་མེ་ཡི་ཕུང་པོ་ནི༔ ཞེས་དང་༔ སྙིང་རྗེ་པད་དཀར་ལས༔ བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན༔ དེའི་ལག་ཏུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིས་པར་འགྱུར་ཏེ༔ ཆོས་གཅིག་པོ་དེ་གང་ཞེ་ན༔ འདི་ལྟ་སྟེ་སྙིང་རྗེ་ཆེན་པོའོ༔ དེ་ལྟ་བུ་ཐེག་ཆེན་གྱི་རྩ་བ་གསང་སྔགས་ཀྱི་གཞི་བྱམས་སྙིང་རྗེ་བསྒོམ་པའི་ཚུལ་ནི༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ སྙིང་རྗེ་བྱམས་པའི་གཙོ་བོ་ནི་ལུས་བསྐྱེད་པའི་


CMR055_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ལ༔ དེའི་དྲིན་ནི་འཁོར་བའི་ཚད་མེད་མུ་མེད་པས་འདི་ལ་བྱམས་སྙིང་རྗེ་ཚད་མེད་པ་བསྒོམ་སྟེ༔ ཐོག་མར་ང་ཡི་མ་སྡུག་མ་འདི༔ བདག་ལུས་ལ་ས་ལྟོ་ཟོས་ཀྱང་ཁོག་པར་མི་ཤོང་༔ མ་ཟོས་ཀྱང་སྦོས་ནས་རྒྱང་ངེ་བྱས༔ ཁས་ཧུས་འདེབས་མཆུ་སྐམ་སྲིད༔ སྣ་དྲག་ཆོམ་མེ་བྱས་གདོང་པ་བཀྲག་མེད་སྐྱ་ཧད་དི༔ ལུས་དང་རིག་པ་གཉིས་ཀ་ཤེད་ཆགས༔ རྐང་ལག་ཕྲ་ཉད་ཉད་བྱས་པས་འོ་རེ་བརྒྱལ༔ ངའི་མ་འདི་སྙིང་རེ་རྗེ་བསམ་པ་སྙིང་ནས་བསྒོམ༔ དེ་ནས་ཡང་ཆེར་རེད་པ་དང་༔ ལས་བྱས་དུས་ངལ་དུབ༔ སྐོམ་རྐན་ཅུང་ཟད་རེ་བྱུང་དུས་ཀྱང་དབུགས་བརྣངས་པ་ཙམ་འོང་༔ རྐང་ལག་རུས་ཚིགས་ན༔ ཡར་མི་འོང་མར་སྐྱུགས་ཐབས་སུ་སྡོད༔ དགྱེ་དགུ་མི་ཤེས་ད་རུང་ལུས་ཀྱི་སྤྱོད་ལམ་དྲག་ལས་ཐམས་ཅད་ང་ལ་གནོད་ཀྱིས་དོགས་ནས་ཟོན་ཆེན་པོ་བྱེད༔ འགུལ་བ་མ་ཚོར་ན་ངའི་དེ་ཅི་ཉེས་ཤིའམ་སྙམ་སྡུག་བསྔལ་བྱེད་པ་སྙིང་རེ་རང་རྗེ་དྲིན་རེ་རང་ཆེ་ན་བསམ༔ དེ་ནས་སྐྱེ་ནད་ཀྱིས་ཟིན་རྐང་ལག་རུས་ཚིགས་ཐམས་ཅད་བྲལ་ནས་ཞིག༔ རོ་སྨད་ཆད་འགྲོ་བ་ཙམ་བྱས་ཁོ་ཏང་ཏང་༔ སྐ་རེའི་རྩེ་ནས་རྡུལ་རེ་


CMR055_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཐིགས༔ མི་ཚུག་པར་འགྲེ་ལོག་ལོག༔ ཨ་ཚ་ཨ་ནའི་སྐད་ཙིར་ཙིར་སྔས་ལ་སེན་མོ་ཐམ་ཐམ་རུས་པ་ཚིག་མིག་ཐམས་ཅད་ཞིག་པའི་ངང་ལ་སྐྱེ་བ་སྙིང་རེ་རྗེ་ན༔ དེ་ནས་ཉལ་སྟན་ཁར་བྲུལ་དུས་རང་ནད་ཟུག་དེ་འདྲ་བའི་ཁུད་ནས་ཀྱང་སྙིང་གིས་མ་ཚུགས་པར༔ ཙན་གྱིས་བླང་ནས་བྲང་ལ་གཅར༔ ད་རུང་གཉིད་བདེ་མོར་ཉལ་མི་ནུས་ངའི་དེ་སུབ་བམ་ཅི་ཉེས་སམ་སྙམ༔ ཙིར་བ་རེ་ངུས་ན་ཡང་ནའམ་ཚའམ་འདྲེ་བྱུང་ངམ་ཅི་ཉེས་སམ་འཆིའམ་སྙམ༔ སྙིང་ལ་ལྷང་ལྷང་གཅིན་རྟག་ཚོ་ལག་གིས་ཕྱགས༔ སྣབ་ཁས་འཇིབས༔ ཁ་ལ་གླན་བྲང་ལ་གཅར་ནས་བརྩེ་བ་དེ་ཙམ་གྱི་སྐྱོང་བའི་མ་སྡུག་མ་འདི་སྙིང་རེ་རང་རྗེ་ན༔ དྲིན་རེ་ཆེ་ན་བསམ་དུ་བསྒོམ༔ ད་དུང་དུ་ལྟོ་ཁས་སྙོད་ཞིམ་དགུ་ང་ལ་བྱིན་ནས་མ་སྡུག་སྲན་ཚད་སྲན༔ འཇམ་དགུ་ང་ལ་བསྐོན་ལས་བྱེད་འཕྲོ་ལའང་ང་ཡི་དེ་ལྟོགས་སམ་སྐོམ་མམ་འཁྱགས་སམ་ལྷུང་ངམ་ཆུར་ཚུད་དམ་ཅི་ཉེས་སྙམ་ནས་ལུས་ངལ་དུབ་རུང་རྒྱུག་ནས་ཁ་ལ་ཁ་སྤུན༔ ལྟོ་སྐོམ་བྱིན་ལབ་དང་གོ་རྒྱུ་མེད་ཀྱང་གཏམ་མང་པོ་ལབ་བརྩེ་བ་དེ་ལྟ་བུས་བསྐྱངས་པ་སྙིང་རེ་རྗེ་བསྒོམ༔ ད་དུང་དུ་ཅུང་ཟད་མ་བདེ་ན༔ སྙིང་འདར་ཐུག་གེ་ཁ་


CMR055_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ཀད་དེ༔ རིམ་གྲོ་སྨན་བཅོས་བྱེད༔ ན་སོགས་བྱུང་ན་ཅི་དྲག་ལ་ཐུག༔ འདི་སོས་ན་ཅི་སྟེར་ཅི་བྱེད་སྤྲང་དགོས་བྱུང་ན་བྱུང་སྙམ༔ པྲད་ཕྲད་ཅི་ཕན་ཅི་དྲག་དེ་ལྟ་བུས་བསྐྱངས་པ་སྙིང་རེ་རྗེ་ན༔ བདག་གི་དྲིན་གྱིས་གཞལ་ཐབས་གང་གི་བདེ་བ་ལ་སྐྱར་སྙམ་དུ་སྙིང་ནས་བསྒོམ༔ ཡང་བདག་གི་ཕ་མ་དྲིན་ཅན་འདིས་བདག་གི་དོན་དུ་ངའི་བུ་བུ་མོ་འདི་ཀུན་ནོར་གོས་གཞིས་གྲགས་པ་གཅིག་མ་བྱུང་དོགས༔ ལྟོགས་འཁྱག་ལ་མ་བརྩིས༔ ངལ་དུབ་ལ་མ་བརྩིས༔ གཏམ་དང་ངོ་ཚ་ལ་མ་བརྩིས༔ དོན་ལ་སྲོག་ལ་མ་བརྩིས་པར་ངའི་དོན་གཅིག་པུར་འབུངས་བ་སྙིང་རེ་རྗེ་དྲིན་རེ་ཆེ༔ དེར་མ་ཟད་བདག་གི་ཕྱིར་སྐྱིད་སྡུག་དཀའ་སྤྱད་ཅི་ཙམ་བྱས༔ ཁྱད་པར་དུ་ངའི་ལུས་ལ་འབུ་ལུག་འདྲ་བ་དེ་ད་དྲན་ཤེས་སྟོབས་དང་ལྡན་པར་གསོས་པས༔ ཡུལ་ཆོས་ལྡན་དུ་སྐྱེས་ད་ལྟ་རྒྱུ་འབྲས་ངོ་ཤེས་བླ་མ་སངས་རྒྱས་དང་འཕྲད༔ ད་ཆོས་བྱར་ཡོད་པ་འདི་ལྟ་བུའི་དྲིན་གྱིས་བསྐྱངས་པའི་ཕ་མ་དྲིན་རེ་ཆེ༔ སྙིང་རེ་རྗེ་སྙམ་དུ་ཡང་ཡང་བསྒོམ༔ ཞེས་གསུངས་པ་ལྟར་བསྒོམ་མོ༔ དེ་ཡང་སེམས་ཅན་ཐམས་ཅད་མ་མ་བྱས་པ་གཅིག་ཀྱང་མེད༔ དེ་ཡང་ལན་


CMR055_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མ་ཡིན་ཏེ་གྲངས་མེད༔ མ་བྱས་རིང་གི་ད་ལྟའི་མ་དང་འདྲ་བར་དྲིན་ཆེ་སྟེ༔ འཁོར་བ་ཐོག་མ་མེད་པའི་མདོ་ལས༔ རེ་རེའི་བདག་ཉིད་རུས་པའི་ཕུང་པོ་ནི༔ ལྷུན་པོ་མཉམ་པ་རྙེད་ཅིག་འདས་གྱུར་ཀྱང་༔ མ་ཡི་ཐོག་མཐའ་རྒྱ་ཤུག་ཚི་གུ་ཙམ༔ རིལ་བུ་བྱས་ཀྱང་ས་ཡིས་ལོང་མི་འགྱུར༔ ཞེས་དང་༔ གང་གིས་བདག་གི་མ་བྱས་ཤིང་༔ མ་ཡི་ནུ་ཞོ་འཐུང་བ་ཙམ༔ རྒྱ་མཚོ་བཞི་ཡི་ཆུ་ལའང་མེད༔ གང་གིས་བདག་གི་ཕ་བྱས་ཤིང་༔ རྟ་དང་གླང་པོ་བྱིན་པ་ཡང་༔ ཚངས་པའི་འཇིག་རྟེན་ལས་ཀྱང་ཐལ༔ ཞེས་དང་༔ སྤྱོད་འཇུག་ལས༔ གང་གིས་ལྟོར་མ་ཉལ་བའི་སེམས་ཅན་གཅིག་མེད་ཅིང་༔ གང་གི་ནོར་རྫས་བྱིན་དང་བསྲུང་ལ་སོགས༔ བདག་གི་དོན་དུ་དཀའ་བ་མ་སྤྱད་སེམས་ཅན་ནི༔ གཅིག་ཀྱང་མེད་ཕྱིར་ཀུན་ལ་སྙམ་པར་བྱ༔ ཞེས་གསུངས་པའི་ཕྱིར་སེམས་ཅན་ཐམས་ཅད་ཕ་མ་ཤ་སྟག་ཡིན་པས་དེ་ཐམས་ཅད་ལ་བྱམས་སྙིང་རྗེ་བསྒོམ་དགོས་ཏེ༔ བསྒོམ་ལུགས་ནི་ཨོ་རྒྱན་རིན་པོ་ཆེས་གསུངས་པ༔ དབེན་པར་མཉམ་བཞག་ཐལ་འགེལ་ཕྱག་རྒྱ་་་མྱ་ངན་ཕྱག་རྒྱ་ཡིན་ནོ༔ རྐང་གཡས་བསླང་བའི་སྟེང་གྲུ་མོ་བཙུགས་པས་འདན་པ་སྐྱོར།


CMR055_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་གཡོན་བསྙལ༔ བྱས་ལ༔ ངན་སོང་གསུམ་གྱི་སྡུག་བསྔལ་ལ་བྱམས་དང་སྙིང་རྗེ་བསྒོམས་ཏེ༔ ཀྱེ་མ་ཚ་བའི་དམྱལ་བ་ལ༔ ལྕགས་ཁང་སུམ་རིམ་གྱི་ནང་དུ་ཕྱོགས་བཞི་ནས་མེ་ཆེན་པོ་འབུད་ཅིང་ལོ་གྲངས་མེད་པར་བསྲེགས་ཤིང་ལུས་ནག་རུལ་རུལ་དམར་ཁོག་ཁོག་སོང་རུང་ལས་ཀྱིས་འཆི་རྒྱུ་མེད་པར༔ ཕ་འབོད་མ་འབོད་བཟའ་རོགས་བུ་ཚ་ཉེ་རིང་ལ་འབོད༔ ཨ་ཙ་མ་རིང་རིང་བྱེད་ཀྱང་ཕན་པ་མེད༔ བྱ་ཐབས་མེད་པར་སྙིང་རེ་རང་རྗེ་ན༔ ངས་ཐབས་གང་གིས་ཕན་ན་སྙིང་རེ་རང་རྗེ་ན༔ ཡེང་གྲང་བའི་དམྱལ་བ་ནི་གངས་སྟོང་རི་བྲག་འཁྱག་ཁྲོད་ཆུ་གླིང་རྣམས་ན་ལུས་འཁྱགས་ཚལ་པར་གས༔ ནང་ཁྲོལ་ཕྱིར་ཐོན་འཁྱགས་རུམ་རུམ་ཚེར་ཚེར༔ དོན་སྙིང་རྣམས་ཚལ་པར་ཤིག་ཤིག༔ ཁ་འཐམ་སོ་འགྲིགས་ཁྲུ་རེ་ཙམ་འཕར་ཞིང་འདར༔ མིག་སྐྱ་ལོག་ལོག་པ་ལ་སྐབས་སུ་ཨ་ཤུ་ཨ་ཙ་མ་ཙིར་ཙིར་ལ༔ ལོ་དང་ཁུང་མེད་བསྐལ་བར་སྡོད་དགོས་པ་སྙིང་རེ་རང་རྗེ་ན༔ ཐབས་གང་གིས་ཕན་པར་ནུས་ན་བསམ་བདག་གི་ཤུལ་ཞིག་ཞུགས་ནུས་པའི་སྙིང་རྗེ་དྲག་པོ་ཁ་ཙམ་མིན་པར་བསྒོམ་མོ༔ དེ་ལ་སོགས་པ་ཤལ་མ་རིའི་སྡོང་པོ་དང་


CMR055_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་ཚན་རབ་མེད་རལ་གྲིའི་ནགས་ཚལ༔ ཡང་ཤི་ཡང་སོས་ལ་སོགས་ཆོས་སྤྱི་ལྟར་སྤོས་ཏེ་བྱེད་ན་བླ་མས་ཤེས་པར་བྱའོ༔ དེ་ནས་ཡང་ནི་ཡི་དྭགས་ཀྱི་སྡུག་བསྔལ་ལ་སྙིང་རྗེ་བསྒོམས་ཏེ༔ ཡི་དྭགས་ནི་ལུས་ཀྱི་བབ་ཁང་པ་ཆེན་པོ་ཙམ་མགོ་རྫ་ཟོམ་ཙམ༔ གྲེ་བ་ཁབ་ཙམ་ཟས་བསྐལ་པར་མི་རྙེད་ཅིང་སྡུག་བསྔལ༔ བཀྲེས་སྐོམ་པས་ཕྱོགས་ཀུན་ཏུ་རྒྱུག༔ བརྒྱ་ལམ་རྙེད་ཀྱང་རྐེ་ལ་མི་འགྲོ༔ ཅུང་ཟད་ཙམ་སོང་ཡང་ཁོག་པ་ནས་ཁྲོ་ཆུར་སོང་བས་མེ་འབར་ནས་དེ་བས་ཀྱང་སྡུག་བསྔལ་ཆེ་བ་སྙིང་རེ་རང་རྗེ་བསམ་དུ་མ་ཡེངས་པར་བསྒོམས༔ ཡང་ཟས་དང་ཆུའི་དྲི་དང་སྐད་ཚོར་ནས་ལུང་པ་མང་པོར་ཉིན་མཚན་ལོ་ཟླར་བཙལ་ཡང་མི་རྙེད་པར་ཤིན་ཏུ་ཡང་ལུས་དུབ་སྡུག་བསྔལ་ཆོ་ངེས་འདེབས་ཤིང་ཤར་འཆིར་མི་བཏུབ་པ་སྙིང་རེ་རང་རྗེ་ན་ཅི་རང་ཕན་ན་བསམ་མི་ཚུགས་པ་བསྒོམ་སྟེ༔ ཡང་རིགས་གཅིག་ནི་བསྒྲེས་སྐོམ་ཉམ་ཐག་ཕྱོགས་མཐའ་དག་ཏུ་སོང་བས་རྒྱང་རིང་པོ་ནས་ཟས་མཐོང་བས༔ ལྟོགས་སྐོམ་ངལ་དུབ་དུབ་རྩར་ཕྱིན་པ་དང་མེ་དཔུང་དང་མཚོན་ཆ་ཐོགས་པས་བསྲུངས་ནས་མི་ཐོབ་དེ་ཡི་མུག་ཟུང་དང་བྲལ་བརྒྱལ་ནས་འགྲོ༔ ཡང་ཆུ་མཐོང་


CMR055_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འགྲོ་རྒྱུ་མེད་བཞིན་བསྙགས་བསྙགས་པས་སླེབས་པ་དང་རྣག་ཁྲག་རེད་པ་དང་༔ ཡང་ས་འོག་ཏུ་ཐིམ་སྐད་ཐོས་པ་ཉན་ཞིང་ལག་པས་བྲེད་པས་མཇུག་མགོ་རུས་པ་ལ་ཐུག་པར་བྲད་ཀྱང་ཇེ་དམར་སོང་ཁོག་པ་ནི་སྐོམ་ཁ་ནས་ནི་མེ་འབར་ཤིན་ཏུ་སྡུག་བསྔལ་བ་ལ་འཆིར་མི་བཏུབ་པ་ལོ་དང་བསྐལ་པར་སྡོད་པ་སྙིང་རེ་རང་རྗེ་ན་བསམ་དུ་སྙིང་ནས་བསྒོམ༔ དེ་ནས་ཡང་དུད་འགྲོ་ལ་སྙིང་རྗེ་བསྒོམ་པ་ནི༔ ཡང་དུད་འགྲོའི་རིགས་འདི་དག་མ་རིག་པ་གཏི་མུག་གིས་སྨྲས་པའི་གཏམ་མི་གོ༔ དཀོན་མཆོག་གསུམ་གྱི་སྒྲ་མི་གྲགས༔ རྨོས་རྨོ་སྤུ་བྲེག་རྒས་འཁོག་ཀྱང་མི་ཐེག་པའི་ཁལ་འགེལ༔ འཕོངས་ཤ་བརྩོགས་རུས་པ་བརྩོགས་སུ་བརྡུང་༔ རྐེད་པ་ཉག་ཉག་འཕང་ཅོག་ཅོག་འུ་ཐུག་ནས་འགྱེལ༔ ཉལ་རུང་རང་དབང་མེད་པར་བརྡུང་བ་སྙིང་རེ་རང་རྗེ་ན་སྙམ་དུ་སྙིང་ནས་བསྒོམ༔ ཡང་རིགས་གཅིག་ནི་ནད་ཅུང་ཟད་དེ་ཙམ་མེད་པར་ཧྲིལ་གྱིས་བསྒྲིལ༔ སྟེང་དུ་ཞོན་སྙིང་ལ་གྲི་རྒྱག་སུག་བཞི་ཡོབ་ཡོབ༔ ཁ་ཏང་ཏང་མིག་སྐྱ་ལོག་ལོག་བྱེད་སྔངས་ན་ཚ་ནི་ཆེ་བྱ་ཐབས་ནི་མེད༔ སྒེ་ཁུག་ཁུག་འཆི་དགོས་པ་ཨ་ཙ་མ་ན་སྙིང་རེ་རང་རྗེ་ན་སྙམ་དུ་མི་བཟོད་པ་


CMR055_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ༔ ཡང་རི་དྭགས་རྣམས་ནི་མི་ཁྱི་མང་པོས་རི་མེད་ཀླུང་མེད་དུ་དེད་ཤ་ཆད་སྤུ་ཆད་བྲེད་སྔངས༔ སྙིང་གས་པར་བྲོས་ཀྱང་གསོད༔ ཡང་འགའ་ཞིག་ནི་གཞོན་ནས་མ་རྒས་བར་དུ་རྨོས་རྨོ༔ སྤུ་དང་ཞོ་བྱིན་བཟའ་ཁྱིམ་གང་དཀར་མེ་རེ་སྣུམ་ཧྲུག་གེ་བསྐྱངས་བའི་ལན་ཏུ་རྒས་པ་དང་བཙོང་༔ རང་ཡུལ་གྱི་འདུ་ཤེས་སྐྱེས་ནས་བྲོས་འོང་ཡང་བརླག་གོ༔ ཡང་རྒས་ནས་ཁ་བྲ་བེད་མེད་ཟེར་ནས་དྲིན་མ་དང་མཉམ་ཡང་གསོད༔ ལར་སྡུག་བསྔལ་རྣམས་སྣ་རེ་ནས་བསམ་ཡང་སྙིང་རེ་རང་རྗེ་ན་བསམ་དུ་བསྒོམ༔ དེ་ནས་བྱིངས་ལ་གནས་པ་དུད་འགྲོ་ལ༔ རི་རབ་ཀྱི་ཟོམ་དང་ཕྱིའི་རྒྱ་མཚོ་རྣམས་ན་ཆེ་བས་ཆུང་བ་ཐམས་ཅད་ཧབ་རེ་ལ་ཟ༔ ཆུང་བ་ཐམས་ཅད་ཀྱིས་ཆེ་བ་ལ་རུབ་ནས་ཟ༔ གཏི་མུག་ཉིན་མཚན་ངོ་མི་ཤིས་སྨྲ་མི་ཤེས་དོན་མི་གོ༔ སླར་ཡང་སྡུག་བསྔལ་མཐའ་མེད་དུ་འཁྱམས་པ་སྙིང་རེ་རང་རྗེ་ན་སྙམ་པ་བསྒོམ༔ དེ་ལྟར་རིགས་དྲུག་གི་སྡུག་བསྔལ་རྣམས་ལ་རང་གི་ཕ་དང་མར་མ་གྱུར་པ་མི་གཅིག་ཀྱང་མེད་ན༔ མ་རིག་པ་འདི་རྣམས་སྙིང་རེ་རང་རྗེ་ན༔ ཚེ་སྟོད་ཀྱི་བུ་ཚེ་སྨད་ཀྱི་དགྲ་ཚེ་སྟོད་དགྲ་ཚེ་སྨད་ཀྱི་བུ་ཚ༔ དེ་བཞིན་དུ་ཚེ་སྟོད་ཀྱི་ཕ་མ་ཚེ་སྨད་ཀྱི་


CMR055_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ༔ གནས་སྐབས་ཀྱི་དགྲ་གཉེན་ཅི་ལྟར་བཟུང་རུང་ཐམས་ཅད་བདག་གི་ཕ་མར་མ་གྱུར་པ་ནི་མེད༔ དེ་བས་སེམས་ཅན་རེ་རེས་ཕ་མ་བྱས་པ་ཡང་གྲངས་མེད་ན༔ བདག་གི་ཕ་མ་དྲིན་ཆེན་འདི་རྣམས་ཐབས་གང་གིས་བདེ་བ་ལ་སྦྱར༔ ངན་སོང་གི་སྡུག་བསྔལ་ལ་རྟག་ཏུ་སྤྱོད་པའི་ཕ་མ་དྲིན་ཆེན་རྣམས་སྙིང་རེ་རྗེ༔ སྙིང་རེ་རང་རྗེ་སྙམ་དུ་ཡང་ཡང་བསྒོམ་མོ༔ དེའི་ཚེ་སྙིང་རྗེ་དང་བྱང་སེམས་མ་སྐྱེས་ན༔ རང་ལ་ཞེ་ཁྲེལ་བདའ་སྟེ༔ ཁྱོད་ཀྱིས་སྤྱིར་ཕ་མ་རིགས་དྲུག༔ སྒོས་སུ་ད་ལྟའི་ཕ་མ་དྲིན་ཆེན་འདི་ཀུན་གྱིས་དཀའ་བ་དང་དྲིན་དེ་ཙམ་གྱིས་བསྐྱངས་རུང་ཁྱོད་ཞེ་ཐག་པའི་བྱམས་པ་དང་སྙིང་རྗེ་མི་སྐྱེ་བ༔ ཁྱོད་འདྲ་བ་གདིང་མེད་པོ་ཁྲེལ་མེད་པོ་ངོ་ཚ་མེད༔ ཕྱི་ཐག་མེད༔ དྲན་དུ་མི་བཟོ་ཁ་ཆོས་ཞེ་ངན་པོ༔ ཁྱོད་རེ་སྡུག་ཞེ་རེ་ཁྲེལ་ལས་རེ་ངན་དཀོན་མཆོག་གིས་རེ་ཁྲེལ་བྱས་ལ༔ སྙིང་ནས་བྱམས་སྙིང་རྗེ་བསྒོམ༔ ཞེས་གསུངས་པ་ལྟར་དུ་བསྒོམ་སྟེ༔ དེ་ཡང་མན་ངག་གི་བསྒོམ་ལུགས་ནི་སེམས་ཅན་ཚོགས་མ་བསགས་པ་ལ་ལ་དག༔ ད་ལྟ་རྩ་བའི་ཕ་མ་ལ་སྙིང་རྗེ་མི་སྐྱེ་བས༔ རང་ལ་ཡིད་མཐུན་པའི་མི་ཞིག་ལ་དམིགས་


CMR055_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བྱམས་སྙིང་རྗེ་བསྒོམས་པས་སྐྱེ་སླ༔ དེ་ནས་རྩ་བའི་མ་ལ་བསྒོམ༔ དེ་ནས་ཕ་ལ་བསྒོམ༔ དེ་ནས་ཉེ་དུ་ཤ་བརྩེ་བ་རྣམས་ལ༔ དེ་ནས་མཐུན་ཕྱོགས་ཐམས་ཅད་ལ༔ དེ་ནས་ས་ཕྱོགས་གཅིག་པ་ལ༔ དེ་ནས་བོད་ཁམས་ཐམས་ཅད་ལ༔ དེ་ནས་འཛམ་གླིང་སྤྱི་ལ༔ དེ་ལ་བྱམས་སྙིང་རྗེ་སྐྱེ་ན༔ བྱེ་བྲག་རང་དང་མི་མཐུན་པ་རྣམས་ལ༔ དེ་ནས་དགྲ་ལ་བྱམས་སྙིང་རྗེ་བསྒོམ༔ དེ་འབྱོངས་ནས་གླིང་བཞི་དང་སྟོང་གསུམ་དང་༔ འགྲོ་བ་རིགས་དྲུག་དང་༔ དེ་ནས་ནམ་མཁས་ཁྱབ་པའི་སེམས་ཅན་ཐམས་ཅད་ལ་བསྒོམ༔ དེ་ལ་ཕྱོགས་རིས་མེད་པར་སེམས་མཉམ་པར་གྱུར་ན་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་བསྒོམ༔ བྱམས་པ་དང་སྙིང་རྗེའི་དབང་གིས་རང་དབང་མེད་པར་འཆི་མ་འཁྲུགས་པ་དང་༔ བ་སྤུ་གཡོ་ནུས་ན་བྱམས་པ་དང་སྙིང་རྗེ་ཆེན་པོ་ཡིན་པར་བཤད༔ འདི་ནི་ལས་དང་པོ་པའི་བསྒོམ་བྱ་སེམས་ཅན་ལ་དམིགས་པའི་བྱམས་སྙིང་རྗེ་ཡིན་ཏེ༔ སངས་རྒྱས་ཐོབ་པ་ལ་དང་པོ་ས་བོན་ལྟར་མེད་ཐབས་མེད༔ བར་དུ་ཆུ་ལུད་ལྟར་གལ་ཆེ༔ ཐ་མར་སྟོན་ཐོག་ཕུན་སུམ་ཚོགས་པ་ལྟར་སངས་རྒྱས་ནས་སེམས་ཅན་ལ་ཕན་པ་རྒྱ་ཆེན་


CMR055_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འབྱུང་བ་ཡིན་ཏེ༔ འཇུག་པ་ལས༔ གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདི༔ ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ༔ ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ༔ དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི༔ ཞེས་དང་༔ བསླབ་བཏུས་ལས༔ འདི་ཉིད་དེ་བཞིན་གཤེགས་པ་མཉེས་བྱེད་ཡིན༔ སེམས་ཅན་མགུ་བར་བྱེད་པའང་འདི་ཉིད་དེ༔ རང་དོན་ཡང་དག་བསྒྲུབ་པའང་འདི་ཉིད་དོ༔ ཞེས་དང་༔ བློ་གྲོས་རྒྱ་མཚོས་ཞུས་པའི་མདོར༔ གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་བླ་ན་མེད་པ་སྟེ༔ བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་༔ དམ་པའི་ཆོས་འཛིན་པ་དང་༔ སྲོག་ཆགས་རྣམས་ལ་སྙིང་བརྩེ་བའོ༔ ཞེས་གསུངས༔ དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་བྱམས་སྙིང་རྗེ་བསྒོམ་པས་རང་གཞན་གྱི་དོན་ཐམས་ཅད་འགྲུབ་སྟེ༔ སྤྱོད་འཇུག་ལས༔ དེང་ནས་བཟུང་སྟེ་གཉིད་ལོག་གམ༔ བག་མེད་གྱུར་ཀྱང་བསོད་ནམས་ཤུགས༔ རྒྱུན་མི་ཆད་པ་དུ་མ་ཞིག༔ ནམ་མཁར་མཉམ་པ་རབ་ཏུ་འབྱུང་༔ རྒྱལ་སྲས་རྣམས་ལ་དོ་གལ་ཆེན་པོས་ཀྱང་༔ སྡིག་པ་མི་འབྱུང་


CMR055_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་ངང་གིས་འཕེལ༔ དེ་ཚེ་བདག་གི་འབྲས་བུ་ཡོད༔ མི་ཡི་སྲིད་པ་ལེགས་པར་ཐོབ། དེ་རིང་སངས་རྒྱས་རིགས་སུ་སྐྱེ༔ སངས་རྒྱས་སྲས་སུ་ད་གྱུར་ཏོ༔ འདི་ནི་བྱང་ཆུབ་སེམས་སྟོབས་ཀྱི༔ སྔོན་གྱི་བསོད་ནམས་ཀུན་གྱི་གཏེར༔ དེ་ནི་རྒྱལ་སྲས་ཆགས་མེད་རབ་ཏུ་ཐོབ༔ ཅེས་དང་༔ བྱང་ཆུབ་སེམས་བསྐྱེད་གྱུར་པའི་སྐད་ཅིག་ལ༔ འཁོར་བའི་བཙོན་རར་བསྡོམ་པའི་ཉམ་ཐག་རྣམས༔ རྒྱལ་བ་རྣམས་ཀྱི་སྲས་ཞེས་རབ་བརྗོད་དེ༔ འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར༔ གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ༔ མི་གཙང་ལུས་འདི་བོར་ནས་རྒྱལ་བའི་སྐུ༔ རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན༔ བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་བཟུང་༔ དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི༔ འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད༔ བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་༔ འབྲས་བུ་སྦྱིན་ཅིང་མི་ཟད་འཕེལ་བར་འགྱུར༔ སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་༔ དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར༔ གང་ལ་བསྟེན་ན་ཡུད་ཀྱིས་སྒྲོལ་གྱུར་པ༔ དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བསྟེན༔ དེས་


CMR055_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དུས་མཐའི་མེ་བཞིན་སྡིག་ཅན་རྣམས༔ སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད༔ འགྲོ་བའི་འཆི་བདག་འཇོམས་བྱེད་པའི༔ བདུད་རྩིའི་མཆོག་ཀྱང་འདི་ཉིད་ཡིན༔ འགྲོ་བའི་དབུལ་བ་སེལ་བྱེད་པའི༔ མི་ཟད་གཏེར་ཡང་འདི་ཉིད་ཡིན༔ འགྲོ་བའི་ཉོན་མོངས་གདུང་སེལ་བའི༔ སེམས་ཀྱི་ཟླ་བ་ཤར་བ་ཡིན༔ འགྲོ་བའི་ཤེས་རབ་རིབ་དག༔ དཔྱིས་འབྱིན་ཉི་མ་ཆེན་པོ་ཡིན༔ ཞེས་གསུངས་སོ༔ འདི་ལྟར་བྱམས་སྙིང་རྗེ་མེད་ན་སྟོང་ཉིད་ཁོ་ན་བསྒོམས་ཀྱང་རྫོགས་པའི་སངས་རྒྱས་མི་ཐོབ་སྟེ༔ ཐེག་དམན་ཉན་རང་གི་ལམ་དུ་ལྟུང་བས་གེགས་སེལ་གྱི་གཙོ་བོ་ཡང་ཡིན་ཏེ༔ དཀོན་མཆོག་བརྩེགས་པ་ལས༔ དཔེར་ན་ནམ་མཁའ་ལ་ནི་ས་བོན་སྐྱེ་བ་ནི༔ འདས་དང་མ་འོངས་ད་ལྟ་བྱུང་བ་མེད༔ དེ་བཞིན་འདུས་མ་བྱས་ལ་སངས་རྒྱས་ཆོས༔ སྐྱེ་བ་གོང་དུའང་མ་བྱུང་འབྱུང་མི་འགྱུར༔ ཞེས་གསུངས༔ དེ་བཞིན་དུ་དྲི་མ་མེད་པར་གྲགས་པའི་མདོ་ལས༔ རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན༔ དགོན་པ་དུངས་པའི་ས་ཕྱོགས་སུ་མེ་ཏོག་ཨུཏྤལ་དང་པདྨ་དང་ཀུ་མུ་ཏ་ལ་སོགས་པ་མི་སྐྱེ་སྟེ༔ འདམ་རྫབ་དང་ཆུ་གླིང་དུ་བསྐྱེད་།


CMR055_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་དེ་རྣམས་སྐྱེའོ༔ རིགས་ཀྱི་བུ་དེ་བཞིན་དུ་འདུས་མ་བྱས་ངེས་པར་ཐོབ་པའི་སེམས་ལ་སངས་རྒྱས་ཀྱི་ཆོས་རྣམས་མི་སྐྱེ༔ ཞེས་གསུངས༔ དེ་ལྟར་རིགས་དྲུག་གི་སེམས་ཅན་སྡུག་བསྔལ་བ་ལ་ཤ་ཚ་ཞིང་མི་བཟོད་པས་ཐབས་ཡོད་ན་རང་དེའི་མལ་དུ་ཞུགས་ནས་གཞན་ཐར་བར་བྱེད་ནུས་པ་ཙམ་དུ་བསྒོམ་པ་སེམས་ཅན་ལ་དམིགས་པའི་བྱམས་སྙིང་རྗེ་ལས་དང་པོ་པའི་བསྒོམ་བྱ་ཡིན་ལ༔ སྣང་སྲིད་ཀྱི་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ཆུ་ཟླ་ལྟར་རྟོགས་པ་ན༔ དེ་ལྟར་མ་རྟོགས་ནས་འཁྲུལ་པས་སྡུག་བསྔལ་བ་ལ་སྙིང་རྗེ་བསྒོམ་པ་ནི་ཆོས་ལ་དམིགས་པའི་བྱམས་སྙིང་རྗེ༔ སེམས་ཅན་ཐམས་ཅད་ངོ་བོ་མ་གྲུབ་པ་བདག་གཞན་དབྱེར་མེད་པའི་ལྟ་བ་རྟོགས་པའི་ངང་ནས་མ་རྟོགས་འཁྲུལ་པའི་འགྲོ་བ་ལ་སྙིང་རྗེ་ངང་གིས་འཆར་བ་དམིགས་པ་མེད་པའི་སྙིང་རྗེ་དང་༔ བྱམས་ཆེན་གཉུག་མའི་ཏིང་ངེ་འཛིན་ཞེས་བྱ་བ་ཡིན་པར་གསུངས་ན་ཡང་༔ རེ་ཞིག་དང་པོ་བསྒོམ་བྱ་ཡིན་པས༔ ཨོ་རྒྱན་རིན་པོ་ཆེས༔ བདག་གི་ལུས་ལོངས་སྤྱོད་བསགས་པའི་དགེ་བ་བདེ་སྟོང་གི་ཉམས་ལུས་ངག་ཡིད་ཀྱི་བདེ་བ་ཐམས་ཅད༔ བདག་གི་ཕ་མ་དྲིན་ཆེན་རྣམས་ཀྱིས་ཐོབ་པར་གྱུར་ཅིག༔ ཕ་


CMR055_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

མ་དྲིན་ཆེན་གྱི་ལུས་ངག་ཡིད་གསུམ་གྱི་མི་དགེ་བ་ན་ཚ་སྡུག་བསྔལ༔ ལས་ངན་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག༔ ཅེས་ཡིད་ཀྱིས་བསྔོ་ངག་ཏུ་ཡང་མདོར་ན་མི་བཟོད་པའི་སྙིང་རྗེ་བྱམས་པས་བདག་གཞན་ངེས་པར་བརྗེ་ཕོད་པར་བསྒོམ་མོ༔ ཞེས་གསུངས་པ་དང་༔ སྤྱོད་འཇུག་ལས༔ བདག་བདེ་གཞན་གྱི་སྡུག་བསྔལ་དག༔ ཡང་དག་བརྗེ་བར་མ་བྱས་ན༔ སངས་རྒྱས་ཉིད་དུ་མི་འགྲུབ་པས༔ འཁོར་བ་ན་ཡང་བདེ་བ་མེད༔ ཅེས་གསུངས་ཤིང་འདིའི་ལུགས་བྱམས་སྙིང་རྗེ་དུས་གཅིག་ཏུ་བསྒོམ་པ་རླུང་དང་བསྲེ་བ་གཏོང་ལེན་གྱི་དམིགས་པ་ཡིན་ཏེ༔ ལུས་བསྲང་ལ་རླུང་རོ་ཞིག་བུས་ཏེ༔ སྣ་བུག་ནས་རླུང་ཕར་འགྲོ་བའི་ཚེ༔ རང་གི་བདེ་སྐྱིད་དང་དགེ་བའི་རྩ་བ་ཅི་ཡོད་པ་ཐམས་ཅད༔ ཕ་མ་སེམས་ཅན་ཐམས་ཅད་ལ་སིབ་ཀྱིས་ཐིམ་པས༔ ཁོང་རྣམས་བདེ་བ་ཚད་མེད་པ་དང་ལྡན་ཞིང་བདེ་བའི་རྒྱུ་ལུས་ངག་ཡིད་གསུམ་ཟག་མེད་ཀྱི་དགེ་བ་ལ་སྤྱོད་པར་བསྒོམས་པ་ནི་བྱམས་པའོ༔ རླུང་ཚུར་རྔུབ་པའི་ཚེ་ན་ཕ་མ་སེམས་ཅན་ཐམས་ཅད་ཀྱི༔ ་སྡུག་བསྔལ་སྡིག་སྒྲིབ་ཅི་ཡོད་པ་ཐམས་ཅད་ཚུར་རང་ལ་སིབ་སིབ་ཐིམ་པས༔


CMR055_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་རྣམས་ཀྱི་སྡུག་བསྔལ་ཅི་ཡོད་པ་ཐམས་ཅད་དང་བྲལ༔ སྡུག་བསྔལ་གྱི་རྒྱུ་སྡིག་སྒྲིབ་ཐམས་ཅད་དང་བྲལ་བར་བསྒོམ་པ་ནི་སྙིང་རྗེའོ༔ དེ་ངག་ཏུ་བརྗོད་ན༔ སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག༔ སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག༔ ཅེས་བརྗོད་དེ༔ དེ་ལྟ་བུ་ཐུན་རེ་ལ་དེ་དམིགས་པ་རླུང་དང་སྦྲགས་པ་བརྒྱའམ་ཉེར་གཅིག་ཙམ་རེ་བྱ༔ ཁྲིད་ཀྱི་ཚེ་ཐུན་བཞིའམ་དྲུག་ཏུ་བསྒོམ༔ དེ་ལྟར་བསྒོམས་པས་རང་ལ་མི་རུང་བའི་སྡུག་བསྔལ་འབྱུང་དོགས་ན་མི་སྲིད་དེ༔ སྡུག་བསྔལ་ནི་སྡིག་སྒྲིབ་ལས་འབྱུང་བ་ཡིན༔ བདེ་སྐྱིད་ནི་དགེ་བས་འབྱུང་ན༔ དེ་ནི་དགེ་བའི་མཆོག་ཡིན་པས་སྡུག་བསྔལ་བསྐྱེད་པ་མི་སྲིད༔ དེར་མ་ཟད་དགྲ་དང་གདོན་དང་ལྷ་འདྲེ་གདུག་པ་ཅན་ལ་ཡང་བྱེ་བྲག་དེ་ལ་དམིགས་ནས་བསྒོམས་པས་གནོད་པ་ཞི༔ གདོན་ཡིན་ཀྱང་དམ་ལ་ཐོག་ནས་སྲུང་མར་འོང་བ་ཡིན་ཏེ༔ བཅོམ་ལྡན་འདས་ཀྱིས་ཀྱང་བྱམས་པའི་ཏིང་ངེ་འཛིན་གྱིས་བདུད་བཏུལ་བ་ཡིན་ལ༔ སངས་རྒྱས་རྣམས་ལ་དད་གུས་ཅན་རྗེས་སུ་འཛིན་སྙམ་པའི་རྣམ་པར་རྟོག་པ་མི་མངའ་ཡང་༔ སྔོན་བྱང་ཆུབ་སེམས་


CMR055_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་ཚེ་བྱམས་སྙིང་རྗེ་ལ་གོམས་ཤིང་སྨོན་ལམ་བཏབ་པས་དེང་སང་སངས་རྒྱས་དྲན་པ་ལ་ཡང་ཐུགས་རྗེ་དང་བྱིན་རླབས་འཇུག་པ་སྟེ༔ སྔོན་རྒྱལ་པོ་གསོལ་རྒྱལ་གྱི་བུ་མོ་རྡོ་རྗེ་བྱ་བ་གཟུགས་ངན་པས་རྒྱལ་པོའི་མཚང་དུ་གྱུར་ནས་མཛོད་དགུ་རིམ་གྱི་མུན་ཁང་དུ་སྦས་པས༔ སངས་རྒྱས་ལ་དད་པ་སྐྱེས་ཏེ་ཡིད་ལ་བྱས་པས་བཅོམ་ལྡན་འདས་དེར་བྱོན་ནས་འོད་ཟེར་ཕོག་པས༔ མོ་གཟུགས་ལྟ་ན་སྡུག་པར་གྱུར་པ་ཡང་སངས་རྒྱས་དེར་བྱོན་པ་མེད་ཀྱང་བྱམས་སྙིང་རྗེ་ལ་གོམས་པའི་མཐུ་ཡིན་པར་གསུངས་པ་དང་༔ མཐའ་འཁོབ་ཀྱི་རྒྱལ་པོ་འཕགས་སྐྱེས་པོས་ཤཱཀྱའི་བུ་མོ་མང་པོ་སྐྱིད་པ་བྲེག་ནས་གྲོགས་རོངས་སུ་བསྒྱུར་བ་ན༔ སངས་རྒྱས་ལ་གསོལ་བ་བཏབ་པས་ཐུབ་པ་དེར་བྱོན་ཏེ་རྨ་རྣམས་བཀྲུས་ནས་སྨན་བྱུག་སྟེ་ཕན་པར་མཛད་པ་ཡང་བྱམས་པ་དང་སྙིང་རྗེའི་མཐུ་ཡིན་གྱི་སངས་རྒྱས་དེར་བྱོན་པ་ཡང་མེད་གསུངས༔ དེ་ལྟ་བུ་བྱམས་སྙིང་རྗེ་གཏོང་ལེན་གྱི་དམིགས་པ་བསྒོམས་པས་མཛེ་དང་རིམས་ལ་སོགས་པ་འགོ་བའི་ནད་དང་༔ བྱད་ཁ་རྦོད་གཏོང་ཀག་དང་སྲི་ལ་སོགས་པས་ཀྱང་མི་ཚུགས་པར་བསྲུང་བའི་མཆོག་དམ་པ་ཡིན་ཏེ༔ སྒྱུ་འཕྲུལ་དྲྭ་བ་


CMR055_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱམས་པའི་གོ་ཆ་ཆས་པ་སྟེ༔ སྙིང་རྗེ་ཡི་ནི་ཡ་ལད་བགོས༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེས༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྲུང་བ་ནི༔ ལུས་ཅན་རྣམས་ཀྱི་བྱང་ཆུབ་མཆོག་ཐོབ་བསྒོམ་ཞེས་པ་ནི༔ སྐྱེ་འགྲོ་དབུགས་ཀྱིས་བསྡུས་ཤིང་ཤེས་པས་ཟིན་པས་ཁྱད་པར་གནོད་བྱེད་ཀྱིས་གཙོ་བྱས་ཐམས་ཅད༔ བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་ནས་སངས་རྒྱས་སྐུ་གསུམ་གྱི་གོ་འཕང་ཐོབ་པར་བྱེད་པ་དེའི་ཆེད་དུ་ལྷ་སྒོམ་སྔགས་བཟླས་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོད་སྙམ་དུ་བསམ་མོ༔ དེས་ནི་བསྲུང་བ་ཀུན་གྱི་མཆོག་ཡིན་ནོ༔ གནོད་བྱེད་ཁོ་རང་གི་དོན་དུ་སྒྲུབ་པ་བྱེད་པ་ལ་ཁོ་རང་གི་བར་དུ་མི་གཅོད་པའོ་ཞེས་གསུངས་སོ༔ དེ་ལྟར་བསྒོམ་པ་དེ་ནི་ཕྱི་མདོ་ལུགས་དང་ཐུན་མོང་གི་བྱམས་སྙིང་རྗེ་བསྒོམ་པ་ཡིན་ལ༔ ནང་སྔགས་ཀྱི་ལུགས་སུ་བྱམས་སྙིང་རྗེ་བསྒོམ་པ་ནི༔ བདག་ལུས་བྱམས་སྙིང་རྗེའི་ལྷ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པར་བསྒོམ་པའི་སྐུ་ལས་འོད་ཟེར་དཀར་པོ་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག་ནས་བདེ་བ་ཚད་མེད་པ་དང་ལྡན་པར་བྱས༔ སྐུ་ལས་འོད་ཟེར་


CMR055_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ་འཕྲོས་ནས་ཕོག་པས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་བསྒོམས་ལ་ཡི་གེ་དྲུག་པ་བཟླས་སོ༔ ཡང་སྔགས་བླ་མེད་ལྟར་ན་རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོར་བསྒོམས་ལ༔ སེམས་ཅན་ལ་བྱམས་སྙིང་རྗེ་བསྒོམས་པས༔ རང་གི་ཐུགས་ཀ་ནས་སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོའི་རང་གཟུགས་ལྷ་མོ་དཀར་མོ་ལྕགས་ཀྱུ་ཐོགས་པ་གྲངས་མེད་པ་སྤྲོས་ནས༔ ཐུགས་རྗེའི་ལྕགས་ཀྱུས་སྙིང་ཁ་ནས་བཟུང་སྟེ་འཁོར་བ་སྡུག་བསྔལ་གྱི་གནས་ནས་དྲངས་ཏེ་སྡུག་བསྔལ་དང་བྲལ་བ་བདེ་བ་དམ་པའི་ས་ལ་བཞག་པར་བསམས་ལ་རླུང་ཚུར་རྔུབ་པ་དང་སྤྲུལ་པ་རང་ལ་བསྡུ༔ རླུང་ཕར་བཏང་བ་དང་རང་རང་གི་ཐུགས་ཀ་ནས་སངས་རྒྱས་ཐམས་ཅད་ཀྱི་བྱམས་པ་ཚད་མེད་པའི་རང་གཟུགས༔ ལྷ་མོ་སེར་མོ་ཞགས་པ་ཐོགས་པ་གྲངས་མེད་པ་སྤྲོས་ཏེ༔ སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་བྱམས་པའི་ཞགས་པས་བཅིངས་བས་བདེ་བ་ཚད་མེད་པ་དང་ལྡན་པར་བསྒོམ༔ རླུང་ཚུར་རྔུབ་པ་དང་ལྷ་མོ་རྣམས་རང་ལ་བསྡུའོ༔ ཡང་རང་ཉིད་ཐུགས་རྗེ་ཆེན་པོ་དཀར་དམར་གང་བདེ་


CMR055_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ལ་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཚད་མེད་པར་བསྒོམས་པས༔ རླུང་ཕྱིར་རྒྱུ་བ་དང་བསྟུན་རང་གི་ཐུགས་ཀ་ནས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས་པས༔ སེམས་ཅན་ཐམས་ཅད་ལ་ཕོག་པས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་སྡིག་སྒྲིབ་ཐམས་ཅད་སིབས་སེ་བསྡུས་ནས་རང་ལ་བསྟིམས་པས༔ མེ་ལ་ཤིང་བསྣན་པ་ལྟར་རང་ཉིད་སྐུ་གཟི་མདངས་འོད་དུ་འབར་བར་བསྒོམས་ལ་མི་དམིགས་པར་བཞག༔ རླུང་ཕྱིར་རྒྱུ་བ་དང་བསྟུན་སྐུ་ལས་འོད་ཟེར་སེར་པོ་འཕྲོས་ནས་སེམས་ཅན་ཐམས་ཅད་ལ་ཕོག་པས་བསོད་ནམས་དང་ཡེ་ཤེས་རྒྱས་ཏེ་བདེ་སྐྱིད་ཚད་མེད་པ་དང་ལྡན་ཏེ་མངོན་པར་སངས་རྒྱས་པ་ལ་ཚེགས་མེད་པར་ས་བཅུའི་སེམས་དཔའི་གོ་འཕང་ཐོབ་པར་བསྒོམས་ལ་མི་དམིགས་པར་བཞག༔ དམིགས་པ་དེ་རྣམས་གང་བསྒོམས་ཀྱང་མཐར་སེམས་མ་བཅོས་པར་ཀློད་ལ་ཡིད་ལ་ཅི་ཡང་མི་བསམ་པར་དམིགས་མེད་དུ་བཞག་སྟེ༔ མདོ་ལས༔ བཅོམ་ལྡན་འདས་སྙིང་རྗེ་ཆེན་པོ་ཞེས་བགྱི་བ་ཇི་ལྟར་ལགས༔ བཀའ་སྩལ་པ་བདག་དང་སེམས་ཅན་དང་སྙིང་རྗེ་གསུམ་དུ་དམིགས་པ་ནི་སྙིང་རྗེ་ཆུང་ངུ་ཡིན་ནོ༔ བདག་དང་


CMR055_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་སྙིང་རྗེ་རྣམས་མ་མཐོང་བར་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ་ནི་སྙིང་རྗེ་ཆེན་པོའོ༔ ཞེས་གསུངས་པའོ༔ དེ་ལྟར་དམིགས་པ་གང་བྱེད་ཀྱང་བྱམས་སྙིང་རྗེའི་སྙིང་པོ་ཡི་གེ་བཅུ་པའོ༔ དྲུག་པ་འདི་བཟླ་བར་བྱ་སྟེ༔ ཟ་མ་ཏོག་བཀོད་པའི་མདོ་ལས༔ སངས་རྒྱས་དམར་པོ་མཆོག་གིས་བཀའ་སྩལ་པ༔ རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་ཡི་གེ་དྲུག་པའི་རིག་སྔགས་འདི་བཟླ་བར་བྱེད་ན༔ སྤོབས་པ་མི་ཟད་པར་འགྱུར་རོ༔ ཡེ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པར་འགྱུར་རོ༔ བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་ལྡན་པར་འགྱུར་རོ༔ ཉི་མ་རེ་རེ་ཞིང་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ༔ བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པར་འགྱུར་རོ༔ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ༔ ཡི་གེ་དྲུག་པའི་རིག་སྔགས་འདི་བརྗོད་ཅིང་རྟག་ཏུ་བཟླས་བརྗོད་ལ་བརྩོན་པ་དེ་དག་ནི་བསོད་ནམས་དང་ལྡན་པ་ཡིན་ནོ༔ དེ་དག་བཟླས་པ་བྱེད་པའི་ཚེ༔ སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགུ་འདུ་བར་འགྱུར་རོ༔ རིགས་


CMR055_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བུ་དེའི་བ་སྤུའི་ཁུང་བུ་རེ་རེ་ལ་ཡང་དེ་བཞིན་གཤེགས་པ་དག་བཞུགས་སོ༔ བཞུགས་ནས་ཀྱང་རིགས་ཀྱི་བུ་ཁྱོད་ལ་འདི་འདྲ་བའི་ཡིད་བཞིན་གྱི་ནོར་བུ་རྙེད་པ་ཐོབ་པར་འགྱུར་རོ༔ རིགས་ཀྱི་བུ་ཁྱོད་ཀྱིས་རིགས་བདུན་ཐར་བར་བྱས་པ་ཡིན་ནོ༔ ལེགས་སོ༔ རིགས་ཀྱི་བུ་ཁྱོད་ཀྱི་ལྟོ་བ་ན་སྲོག་ཆགས་གནས་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པར་འགྱུར་རོ༔ ལེགས་སོ་ཞེས་བྱ་བ་བྱིན་པར་འགྱུར་རོ༔ ཞེས་དང་༔ ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ལས༔ ཡང་སྙིང་ཡིད་ལ་སུས་བྱེད་ཚད༔ ཐུགས་རྗེ་ཆེན་པོ་དེ་ཡིན་ཕྱིར༔ བར་ཆད་སེལ་ཞིང་འགྲོ་བ་འདུལ༔ ཞེས་དང་༔ སྤྲུལ་པའི་རྒྱལ་པོས་ཀྱང་ཨོ་བྱམས་པ་ཚད་མེད༔ མ་སྙིང་རྗེ་ཚད་མེད་སོགས་ཚད་མེད་བཞི་དང་༔ ཨོཾ་སྨོན་པ་སེམས་བསྐྱེད་མ་འཇུག་པ་སེམས་བསྐྱེད་སོགས༔ བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཐམས་ཅད་ཀྱང་ཡི་གེ་དྲུག་པ་འདི་ལ་ཚང་བར་གསུངས་ཤིང་༔ དེའི་གནད་ཀྱིས་འདིའི་གཞུང་ཉིད་ནས་ཀྱང་བྱམས་སྙིང་རྗེ་གཉིས་གཏོང་ལེན་གྱི་དམིགས་པ་དང་སྦྲགས་ནས་ཡི་གེ་དྲུག་གམ་བཅུ་པ་འདོན་པར་གསུངས་པའོ༔ དེས་ན་བྱམས་སྙིང་རྗེ་དེ་ད་ལམ་ཁྲིད་


CMR055_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འདིར་རྩེ་གཅིག་ཏུ་བསྒོམས་ལ་རྒྱུན་དུ་ཡང་ཐུན་རེ་མ་ཆག་པ་གལ་ཆེ༔ བསྒོམ་ལུགས་མདོ་སྔགས་ཐུན་མོང་བ་དང་སྔགས་ལུགས་དང་རྗེས་སུ་ཟུང་འཇུག་དང་དེ་རྣམས་གང་རུང་བསྒོམས་པས་འཐུས་ལ༔ ད་རུང་བྱམས་སྙིང་རྗེ་མ་འབྱོངས་བས་གདོན་དེ་དག་སོགས་ཀྱི་རྣམ་རྟོག་མ་ཆོད་ན༔ དམིགས་པ་རྗེས་མ་དེ་ལེགས་ཤིང་ཟབ་པ་ཡིན་པས་དེ་ལྟར་བསྒོམ་ཞིང་སྙིང་པོ་སྒྲོངས་མཛོད༔ རྣ་བའི་ཡུལ་དུ་གོ་ཙམ་དང་ཡིད་ཀྱི་གོ་ཡུལ་ཙམ་དུ་མ་སོང་བར་སེམས་ལ་བྱམས་སྙིང་རྗེའི་བརླན་གཅིག་འབབས་དགོས་པས་རྩེ་གཅིག་ཏུ་བསྒོམ༔ ངན་སོང་གི་སྡུག་བསྔལ་དང་སེམས་ཅན་སྡུག་བསྔལ་ཅན་མཐོང་བ་ཚོ་ཡིད་ལ་ཁོད་ལ་སྙིང་རྗེ་ཨེ་སྐྱེ་གྱིས༔ སྡུག་བསྔལ་དེ་འདྲ་རང་ལ་བྱུང་ན་ཇི་ལྟར་མཆིས་སྙམ་དུ་དཔེ་རང་ལུས་ཁོབ་ལ་སྙིང་རྗེ་བསྒོམ༔ བྱམས་སྙིང་རྗེ་ཨན་ཙམ་སྐྱེ་མ་འདོད་ན་ཐེག་པ་ཆེན་པོའི་ཆོས་ཀྱི་སྐལ་བ་མེད་པས་ཤིན་ཏུ་གལ་ཆེ་བས་ཞེ་ཐག་པ་ནས་སྒོམས་ཤིག༔ ཆོས་འབྲུ་གསུམ་པའོ༔ ༒ དེ་ནས་ཆོས་འབྲུ་བཞི་པ་ནི༔ གཞུང་ལས༔ ཡང་ནི་ཁྱེད་རང་སྤྱན་རས་གཟིགས༔ རྒྱལ་བ་རྒྱ་མཚོ་གོང་བཞིན་བསྒོམ༔


CMR055_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཧྲཱིཿདམར་ཚེག་དྲག་བཅས༔ བདུད་རྩིའི་རྒྱུན་བབས་སྡིག་སྒྲིབ་ཀུན༔ མ་ལུས་དག་ནས་དུང་ཕྱིས་ལྟ་བུར་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་གསུངས་པའི་དོན་བཤད་ན་སྡིག་པ་བཤགས་དགོས་ཏེ༔ ཚེ་འདིར་ཡང་ཉོན་མོངས་པ་དུག་ལྔའི་སྒོ་ནས་ལུས་དང་ངག་དང་ཡིད་ཀྱི་མི་དགེ་བ་དུ་མ་ཞིག་ཞོར་ལ་སོགས༔ ཚེ་འདི་ལ་སྡིག་པ་ཆེ་བར་མ་བྱས་བསམ་ན་ཡང་༔ དེང་སང་རབ་ཏུ་བྱུང་བ་དང་བླ་མ་ཐམས་ཅད་བྱང་ཆུབ་སེམས་བསྐྱེད་མ་ཞུས་པ་ནི་མེད་ལ༔ སར་གནས་ཀྱི་སེམས་དཔའ་ཡང་གང་དུ་བཞུགས་མི་ཤེས༔ དེ་དག་སྤྱོད་པ་བཙུན་པ་ངེས་པ་ཡང་མེད་སྦས་ཚུལ་དུ་བཞུགས་པ་མང་བས༔ ངག་འཁྱལ་དང་སྐུར་འདེབས་འདི་ཞོར་ལ་འགྲོ་དོ་བ་ཁོ་ནས་སྡིག་སྒྲིབ་ལ་ཆོག་པར་ཡོད་དོ༔ དད་པའི་སྟོབས་བསྐྱེད་པའི་མདོ་ལས༔ འཇམ་དཔལ་གང་ཟག་གང་ལ་ལ་ཞིག་གིས་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྐྱོན་གང་ཡང་རུང་བས་ཁྱད་དུ་བསད་དེ༔ སྤྲོ་བར་བྱེད་པ་དེ་དག་གིས་ནི་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་དུ་སྐྱེས་ཏེ༔ ལུས་དཔག་ཚད་ལྔ་བརྒྱ་ལ་མགོ་ལྔ་བརྒྱ་ཡོད་པ༔ མགོ་རེ་རེ་ལ་ཁ་ལྔ་བརྒྱ་ཡོད་པ༔ ཁ་རེ་རེ་ལ་


CMR055_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེ་ལྔ་བརྒྱ་ཡོད་པ༔ ལྕེ་རེ་རེ་ལའང་ལྕགས་ཀྱི་ཐོང་གཤོལ་འབར་བ་ལྔ་བརྒྱས་རྨོ་བར་འགྱུར་རོ༔ འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སེམས་ཅན་ཐམས་ཅད་ལ་དབྱུག་པ་དང་མཚོན་ཆས་བསྣུན་ཏེ་བསད་པ་དང་༔ དེ་དག་ཐམས་ཅད་དགྲ་བཅོམ་པ་ཤ་སྟག་ཏུ་གྱུར་པ་དེ་རྣམས་ཐམས་ཅད་ཀྱི་སྲོག་བཅད་པ་དང་༔ འཇིག་རྟེན་གྱི་ཁམས་ཐམས་ཅད་རིན་པོ་ཆེའི་སྟེགས་བུས་བསྐོར་ཏེ༔ གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་བ་བཤིགས་བ་བས༔ གང་གིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་ཐེག་པ་ཆེན་པོ་ཉིད་ལ་སྒྲོ་བཏགས་ཏེ༔ རྐྱེན་གང་ཡང་རུང་བས་ཁྲོས་ཤིང་གཤེ་བ་དང་༔ མི་སྙན་པ་ཟེར་བ་དང་༔ ཁྱད་དུ་གསོད་པར་བྱེད་པ་འདི་ནི་སྔ་མ་བས་སྡིག་པ་ཆེས་གྲངས་མེད་པ་བསྐྱེད་དོ༔ ཞེས་དང་༔ སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་བརྙས་ན་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བསད་པ་དང་༔ སེམས་ཅན་དེ་དག་ཐམས་ཅད་དགྲ་བཅོམ་པར་གྱུར་པའི་སྲོག་བཅད་པ་དང་༔ འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་མཆོད་རྟེན་གྱིས་གང་བ་


CMR055_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བཤིགས་པ་བས་སྡིག་ཆེའོ༔ ཞེས་དང་༔ རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས༔ འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཀྱི་སྲོག་བཅད་དམ༔ བདོག་པ་ཐམས་ཅད་ཕྲོག་པ་བས༔ བྱང་སེམས་ཀྱིས་ཐ་ན་དུད་འགྲོ་ལ་ཟན་ཆང་ཞིག་བྱིན་པའི་དགེ་བ་ལ་བར་ཆད་བྱས་ན་སྡིག་ཆེས་གྲངས་མེད་དེ༔ ཞེས་གསུངས་པས་དགེ་བའི་ཁ་བཀག་པ་དང་ཆོས་ཤུལ་ཅུང་ཟད་རེ་ལའང་དེ་ལྟར་དང་༔ དེང་སང་རང་རེ་ཡོན་ཏན་ཤེས་པར་རློམ་པ་ཀུན་ཡང་ཆོས་ལ་ཕྱོགས་རིས་བྱེད་པ་དང་༔ རང་མཁས་པའི་ང་རྒྱལ་གྱིས་རྒྱལ་བའི་གསུང་ལ་ཡང་དག་མ་དག་ཤན་འབྱེད་པ་སྐད་བྱེད་པ་འདི་ཡང་རང་རེ་ཆོས་ཀྱི་སྤྱན་དང་མངོན་ཤེས་རྒྱ་ཆེན་པོ་མ་ཐོབ་པས་ཡག་ཉེས་ཆེན་པོ་ཞིག་གདའ་སྟེ༔ རྣམ་པར་འཐག་པ་བསྡུད་པའི་མདོ་ལས༔ སྐྱེས་བུ་གླེན་པ་ལ་ལ་དག་དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་མི་ཤེས༔ ཁོང་དུ་མ་ཆུད་པར་ངའི་ལྡེམ་པོའི་ངག་ལ་འདི་སྐད་དུ༔ འདི་ནི་རུང་ངོ༔ འདི་ནི་མི་རུང་ངོ་ཞེས་ཟེར་ཏེ༔ དེ་དག་ནི་ཆོས་སྤངས་པ་ཡིན༔ དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིན་ནོ༔ རྣམ་གྲངས་འདི་དག་ནི་ངེས་པར་སེམས་ཅན་དམྱལ་བར་


CMR055_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའོ༔ ཞེས་གསུངས་སོ༔ དེ་བཞིན་དུ་ཐ་སྙད་ལ་ཅུང་ཟད་སྦྱངས་བདག་གིས་བཀའ་རྫོགས་པ་ཆེན་པོ་ལ་སོགས་པའི་རྒྱུད་སྡེ་ཆེན་པོ་རྣམས་བཀའ་མིན་རྒྱུད་མིན་དུ་བསྒྲུབ་པ་དང་༔ བཀའ་རྫོགས་པ་ཆེན་པོ་ལ་སོགས་པའི་ཟབ་ཁྲིད་སྟོན་པ་ལ་འཕྱ་བ་དང་སྨོད་པར་བྱེད་པ་ཡང་རང་རང་ངན་སོང་དུ་འཕེན་པ་ལ་དེ་ཁོ་ནས་ཆོག་སྟེ༔ རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས༔ གསང་བའི་བདག་པོ་ངས་ཁྱོད་ལ་བསྒོ་བར་བྱའོ༔ ཤེས་པར་བྱའོ༔ མ་འོངས་པའི་དུས་ན་མི་བླུན་པོ་དམིགས་པ་ཅན་ལ་ལྟ་བ༔ འཇིགས་ཚོགས་ལ་ལྟ་བ་མངོན་པར་ཞེན་པ༔ བློ་ཕྱིན་ཅི་ལོག་ཏུ་གྱུར་པ༔ བདག་གི་སེམས་ཀྱིས་གནས་གཏན་ལ་མ་ཕེབས་པ་རྣམས་འཁྲུལ་ནས༔ འདི་སྐད་དུ་ནི་སངས་རྒྱས་ཀྱི་གསུང་མ་ཡིན་གྱིས༔ འདི་དག་ནི་རང་བཟོ་ཅན་གྱིས་རང་བཟོ་བྱས་པ་ཡིན་ནོ༔ ཞེས་ཟེར་བ་དག་འབྱུང་བར་འགྱུར་རོ༔ གསང་བའི་བདག་པོ་མི་བླུན་པོ་དེ་དག་ནི་འགྲོ་བ་གཉིས་སུ་འགྲོ་བར་རིག་པར་བྱ་སྟེ༔ གཉིས་གང་ཞེ་ན༔ འདི་ལྟ་སྟེ་སེམས་ཅན་དམྱལ་བ་དང་༔ དུད་འགྲོའོ༔ གསང་བའི་བདག་པོ་དེ་དག་ལ་ནི་དགེ་བའི་རྩ་བ་རྒྱུ་ཅུང་


CMR055_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་ཀྱང་ཡོད་པར་མི་སྨྲའོ༔ དེ་ཅིའི་ཕྱིར་ཞེ་ན༔ དགེ་བའི་རྩ་བ་ཆད་པར་བྱེད་པ་ལ་ཞུགས་པ་སྟེ༔ སངས་རྒྱས་ཀྱི་བྱང་ཆུབ་ལ་བར་དུ་གཅོད་པར་བྱེད་པ་བདུད་ཀྱི་ཟིལ་གྱིས་གནོན་པ༔ ཤེས་རབ་འཆལ་པའི་རང་བཞིན་ཅན༔ ཐེག་པ་ཆེན་པོ་ལ་གོམས་པར་མ་བྱས་པ༔ ཉན་ཐོས་ཀྱི་ཐེག་པ་ལ་སྙིང་པོར་འདུ་ཤེས་པ་རྣམས་འབྱུང་བར་འགྱུར་རོ༔ རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ལ་མངོན་པར་བརྩོན་པར་འགྱུར་བ་དེ་དག་ཚུལ་ཁྲིམས་འཆལ་བ་སྡིག་པའི་ཆོས་སྤྱོད་པ་དེ་དག་ལ་སངས་རྒྱས་ཀྱི་བྱང་ཆུབ་ག་ལ་ཡོད༔ ཅེས་མི་སྙན་པ་སྨྲ་བར་འགྱུར་ཏེ༔ མི་བླུན་པོ་དེ་དག་འདི་ལྟར་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་དེས༔ སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་འདི་དག་ཐམས་ཅད་གསུངས་སོ༔ དེ་དག་ལ་སྡང་བའི་སེམས་བསྐྱེད་པས་སྡུག་བསྔལ་སྔོན་གྱི་སྐལ་པ་ཅན་དུ་འགྱུར་རོ༔ ཞེས་དང་༔ འདུལ་བ་ལུང་ལས༔ གང་ཞིག་ཆོས་ནི་དྲི་མེད་ལ༔ ཆོས་མ་ཡིན་པར་སྟོན་པ་སྟེ༔ ཆུ་ལ་གནས་པའི་ཉ་བཞིན་དུ༔ དེ་ལ་ལྕེ་ནི་མ་མཆིས་འགྱུར༔ ཞེས་དང་༔ རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོ་


CMR055_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ལས༔ འཇམ་དཔལ་དམ་པའི་ཆོས་སྤངས་པའི་སྒྲིབ་པ་ཤིན་ཏུ་ཕྲ་སྟེ༔ དེ་བཞིན་གཤེགས་པས་གསུངས་པའི་ཆོས་ལ་ལ་ནི་བཟང་བར་འདུ་ཤེས༔ ལ་ལ་ནི་ངན་པར་འདུ་ཤེས་ན་དམ་པའི་ཆོས་སྤངས་པའོ༔ དེ་བཞིན་དུ་འདི་ནི་རིགས་སོ་འདི་ནི་མི་རིགས་སོ་ཞེས་སྨྲ་བ་དང་༔ འདི་ནི་བྱང་ཆུབ་སེམས་དཔའི་བསླབ་པའོ༔ འདི་ནི་བྱང་ཆུབ་སེམས་དཔའི་བསླབ་པ་མ་ཡིན་པའོ༔ ཞེས་སྨྲ་བ་དང་༔ གང་ཟག་འདི་ནི་ཆོས་སྨྲ་བ་ལ་སྤོབས་པ་ཡོད་དོ༔ འདི་ནི་སྤོབས་པ་མེད་དོ་ཟེར་ན་ཆོས་སྤངས་པའོ༔ དེ་བཞིན་དུ་ཆོས་སྨྲ་བའི་སྤྱོད་པ་སུན་འབྱིན་པ་དང་༔ ཆོས་སྨྲ་བ་ནི་སྒྲུབ་པ་ཕུན་སུམ་ཚོགས་པ་མ་ཡིན་ཟེར་བ་དང་༔ ཆོས་སྨྲ་བ་ལ་སྤྱོད་པ་ཉམས་པ་དང་༔ ཚུལ་ཁྲིམས་ཉམས་པ་གླེང་བ་དང་༔ ཚིག་དང་ཚིག་ལ་འགལ་བར་བྱས་སོ་ཟེར་བ་དང་༔ ཆོས་ཀྱི་དོན་ལ་ལ་ནི་བདག་ཉིད་མོས་སོ༔ ལ་ལ་ནི་བདག་མི་མོས་ཟེར་བ་དང་༔ གཞན་ཆོས་སྨྲ་བའི་ཚེ་གཏམ་གཞན་དུ་བསྒྱུར་བ་དང་༔ དེའི་དཀྲུགས་མ་བྱེད་ན་ཆོས་སྤངས་པ་ཡིན་ནོ༔ འཇམ་དཔལ་གང་ལ་ལ་ཞིག་གི་དམ་པའི་ཆོས་སྤངས་པ་དེ་ནི༔ དེ་བཞིན་གཤེགས་པ་རྣམས་ལ་སྐུར་


CMR055_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཏབ་པ་ཡིན་ནོ༔ དགེ་འདུན་ལ་ངན་དུ་བརྗོད་པ་ཡིན་ནོ༔ དེ་ནི་སངས་རྒྱས་མཐོང་བ་མི་འདོད་པ་ཡིན་ནོ༔ དེ་ནི་སེམས་ཅན་དམྱལ་བ་ན་གནས་པ་དེ་མཐར་ཕྱིན་པར་ངས་མི་སྨྲའོ༔ ཞེས་གསུངས་ཏེ༔ བཀའ་གཏེར་གྱི་ཆོས་ཐམས་ཅད་སེམས་ཅན་གང་ལ་གང་འདུལ་དུ་གསུངས་པ་ཡིན་ཀྱང་རང་རེའི་ཡིད་དང་མ་མཐུན་ཙམ་ན་བཟང་ངན་དུ་འཛིན་པ་འདི་ཡང་སྐྱོན་ཆེན་པོ་ཞིག་གདའ༔ ཆོས་སྨྲ་བ་ལ་འཕྱ་བ་ཡང་སྐྱོན་ཆེའོ༔ དམ་པའི་ཆོས་སྤང་ཟེར་བའི་མནའ་འདི་ཡང་ཁ་ལ་བཏགས་པ་འདྲ་ཞིག་གདའ་བས༔ བཤགས་པ་མ་ཐེངས་ན་འདིས་ཀྱང་ཆོག་གདའ༔ ཁྱད་པར་རང་རེ་རྣམས་ཆོས་སྒོར་ཞུགས་དབང་ཁྲིད་ཞུ་བླ་མ་བསྟེན་པ་འདི་ཆོས་ཀྱི་རྩ་བ་ཡིན་ཏེ༔ འདི་ལ་ཡང་བླ་མའི་ཡོན་ཏན་རྒྱ་མཚོ་ལྟ་བུ་ཡོད་ཀྱང་མི་མཐོང་༔ སྐྱོན་ཅུང་ཟད་རེ་གདའ་ན་དེའི་སོ་པ་ལ་བཞག་པ་འདྲ་ཞིག་བྱེད༔ དད་གུས་ཡོད་ཀྱང་བགས་ཀྱིས་ཚོད་ཡོད་དང་བརྙས་བཅོས་ཀྱི་མཉམ་གྲོགས་སུ་སོང་ན་ཡང་ཉེས་པ་ཞིག་ཞོར་ལ་སོགས་ཉན་ཆེ་སྟེ༔ རྡོ་རྗེ་རྩེ་མོའི་རྒྱུད་ལས༔ བྱང་ཆུབ་སེམས་ནི་མ་བསྐྱེད་དང་༔ ཐེ་ཚོམ་ཡོད་དང་བཀའ་སྩལ་སྤང་༔ མ་དད་པས་ནི་མི་འགྲུབ་བོ༔


CMR055_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ན་ནི་གང་ཟག་བཞི༔ བསྐལ་པ་བརྒྱར་ནི་བརྩོན་བྱས་ཀྱང་༔ དེ་དག་འགྲུབ་པར་ཡང་མི་འགྱུར༔ ཞེས་དང་༔ རྩེ་མོ་ལས༔ འདི་ལྟ་སྟེ་དཔེར་ན་འདོད་ཁམས་དང་གཟུགས་ཁམས་དང་གཟུགས་མེད་པའི་ཁམས་ཀྱི་སེམས་ཅན་ཐམས་ཅད་དུས་གཅིག་ལ་བསད་པ་བས་ནི༔ རྡོ་རྗེ་སློབ་དཔོན་གྱི་བ་སྤུའི་ཁུང་གཅིག་ལ་སྨོད་པའི་བརྒྱ་སྟོང་གི་གྲངས་སུ་མི་འགྲོའོ༔ ཞེས་དང་༔ སྤྱན་རས་གཟིགས་བསྙེན་བཀུར་གཅིག་པའི་རྒྱུད་ལས༔ སློབ་དཔོན་ལ་ནི་དངོས་གྲུབ་ཐོབ༔ གལ་ཏེ་དེ་ལ་བརྙས་བྱེད་ན། བསྐལ་པ་བྱེ་བ་བརྒྱ་དག་ཏུ༔ དམ་ཆོས་མིང་ཡང་མི་ཐོས་ན༔ གསང་སྔགས་བྱང་ཆུབ་སྨོས་ཅི་དགོས༔ ཞེས་དང་༔ དཔལ་མཆོག་དང་པོ་ལས༔ སློབ་དཔོན་ལ་ནི་གང་སྨོད་པ༔ དེས་ནི་སངས་རྒྱས་ཀུན་སྨོད་པས༔ རྟག་ཏུ་སྡུག་བསྔལ་ཐོབ་པར་འགྱུར༔ ཞེས་གསུངས་པ་དང་༔ ཚེ་འདི་ལ་སྡིག་ལྟུང་མེད་དམ་སྙམ་ཡང་ཚེ་རབས་དཔག་ཏུ་མེད་པ་ནས༔ ལུས་དཔག་ཏུ་མེད་པ་བླང་བའི་ཚེ་སྡིག་པ་བྱས་པ་ནི་མང་༔ དགེ་བ་ནི་ལྟུང་སྡིག་པ་དེ་དག་བཤགས་པས་མ་ཐེངས་ན་ནམ་ཡང་ཆུད་མི་ཟ་བར་རང་ལ་སྨིན་དགོས་ཏེ༔ དྲི་


CMR055_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྒྱལ་པོ་བཤགས་པའི་རྒྱུད་ལས༔ བསྐལ་པ་དཔག་མེད་སྐྱེ་བ་ཇི་སྙེད་དུ༔ རྡོས་བཅས་ལུས་བླངས་གྲངས་མེད་ཞིག་གྱུར་ཏེ༔ ཤ་རུས་བསགས་ན་འཇིག་རྟེན་ལྟོས་དང་མཉམ༔ རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ༔ ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལངས༔ ཞེས་གསུངས་སོ༔ དེ་ལྟ་བུའི་སྡིག་པའི་ལས་དེ་དག་མ་བཤགས་ན་ཆུད་མི་ཟ་དུས་ནམ་ཞིག་རང་ལ་སྨིན་ངེས་ཏེ༔ བཅོམ་ལྡན་འདས་ཀྱི་ཞལ་ནས༔ ལུས་ཅན་རྣམས་ཀྱི་ལས་དག་ནི༔ བསྐལ་པ་བརྒྱར་ཡང་ཆུད་མི་ཟྭ༔ ཚོགས་ཤིང་དུས་ལ་བབ་པ་ན༔ འབྲས་བུ་ཉིད་དུ་སྨིན་པར་འགྱུར༔ ཞེས་གསུངས་སོ༔ སྡིག་པ་བཤགས་པའི་ཐབས་ཤེས་ནས་བཤགས་ན་འདག་སྟེ༔ གསང་ཆེན་ཐབས་ལ་མཁས་པའི་མདོ་ལས༔ རིགས་ཀྱི་བུ་ཡོངས་སུ་བརྟག་པ་བཟུང་ནི༔ གལ་ཏེ་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་དེ༔ རྩ་བའི་ལྟུང་བ་བཞི་པོ་ཐམས་ཅད་ལས་འདས་པར་གྱུར་ཀྱང་༔ ཐབས་མཁས་པ་འདིས་སྦྱོང་བར་བྱེད་ན་བྱང་ཆུབ་སེམས་དཔའི་ལྟུང་བར་མི་འགྱུར་བར་ངས་བཤད་དོ༔ ཞེས་གསུངས་སོ༔ དེ་ལྟར་བཤགས་པའི་གདམས་པ་ཤེས་ན༔ བཤགས་པ་རེ་


CMR055_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

རེས་ཀྱང་སྡིག་པ་མང་པོ་འཛོམས་ཏེ༔ མྱ་ངན་འདས་ཆེན་ལས༔ དགེ་བ་གཅིག་བྱས་ཀྱང་སྡིག་པ་མང་པོ་འཇོམས་ཏེ༔ ཞེས་དང་༔ རྡོ་རྗེ་ཆུང་ངུས་རི་རབ་བམ༔ མེ་ཆུང་ངུས་རྩི་ཤིང་ངམ༔ དུག་ཆུང་ངུས་སེམས་ཅན་འཇོམས་པ་ལྟར༔ དགེ་བ་ཆུང་ངུས་ཀྱང་སྡིག་པ་ཆེན་པོ་འཇོམས་པ་ནི་དོན་དུ་གཉེར་བ་ཆེན་པོ་ཉིད་དོ༔ ཞེས་དང་༔ གསེར་འོད་དམ་པའི་མདོ་ལས༔ གང་གི་བསྐལ་པ་སྟོང་རྣམས་སུ༔ སྡིག་པ་ཤིན་ཏུ་མི་བཟད་བགྱིད༔ ལན་གཅིག་རབ་ཏུ་བཤགས་པ་ཡིས༔ དེ་དག་ཐམས་ཅད་བྱང་བར་འགྱུར༔ ཞེས་གསུངས་སོ༔ བཤགས་པའི་ཐབས་ནི་སྟོབས་བཞི་སྟེ༔ ཆོས་བཞི་བསྟན་པ་སྙིང་པོའི་མདོ་ལས༔ བྱམས་པ་བྱང་ཆུབ་སེམས་དཔའི་ཆོས་བཞི་དང་ལྡན་ན༔ སྡིག་པ་བྱས་ཤིང་བསགས་པ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ༔ བཞི་གང་ཞེ་ན་འདི་ལྟ་སྟེ་རྣམ་པར་སུན་འབྱིན་པའི་སྟོབས་དང་༔ གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང་༔ ཉེས་པ་ལས་ངེས་པར་ལྡོག་པའི་སྟོབས་དང་༔ རྟེན་གྱི་སྟོབས་སོ༔ དེ་ལ་རྣམ་པར་སུན་འབྱིན་པ་ནི་སྡིག་པ་མི་དགེ་བའི་ལས་ལ་འགྱོད་པ་དང་ལྡན་པ།


CMR055_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི་བཤགས་པ་ལ་བརྩོན་པ༔ ཉེས་པ་ལས་ལྡོག་པ་ནི་སྡིག་པ་ཕྱིན་ཆད་མི་བྱེད་པའི་སྡོམ་པ་ཡང་དག་པར་བསྲུངས་བ༔ རྟེན་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་དང་རྟག་ཏུ་མི་འབྲལ་བའོ༔ བྱམས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན༔ སྡིག་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་སྤང་བར་འགྱུར་རོ༔ ཞེས་གསུངས་སོ༔ དེ་ནས་སྟོབས་བཞི་གཅིག་ཏུ་བསྡུས་ནས་ཉམས་སུ་ལེན་ཏེ༔ ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་ལྟུང་ཐམས་ཅད་བཙན་དུག་ཁོག་ཏུ་ཤོར་བ་ལྟར་འགྱོད་པ་དྲག་པོ་དང་༔ ཕྱིན་ཆད་དེ་ལྟར་མི་བྱ་བར་སེམས་ཡི་དམ་དུ་བྱས་ལ༔ རྟེན་གྱི་སྟོབས་ནི་དཀོན་མཆོག་ཀུན་འདུས་ཐུགས་རྗེ་ཆེན་པོ་བསྒོམ༔ གཉེན་པོའི་སྟོབས་ནི་ཡི་གེ་བཅུ་པའམ་དྲུག་པ་བཟླས་པ་ཡིན་ཏེ༔ ཐུགས་རྗེ་ཆེན་པོ་བསྒོམས་པས་སྡིག་པ་འདག་པ་ནི༔ ཕྱག་སྟོང་སྤྱན་སྟོང་གི་གཟུངས་ལས༔ སྤྱན་རས་གཟིགས་ཀྱི་མཚན་ནས་བརྗོད་ན་ཡང་སྡིག་སྒྲིབ་གྲངས་མེད་པ་འབྱོང་ཞིང་༔ བསོད་ནམས་དཔག་ཏུ་མེད་པ་ཐོབ་སྟེ་འདི་ནས་འཆི་འཕོས་ནས་ཀྱང་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ༔ ཞེས་དང་༔ གདོང་


CMR055_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཅིག་པའི་མདོ་ལས༔ ང་ཡི་མིང་ནས་བརྗོད་ཅིང་དྲན་པར་གྱུར་ན༔ གནོད་པ་ཐམས་ཅད་དང་བྲལ་བར་འགྱུར༔ སྡིག་སྒྲིབ་ཐམས་ཅད་བྱང་བར་འགྱུར་རོ༔ འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ༔ གདོན་བགེགས་ཐམས་ཅད་ལས་ཐར་ཞིང་སྐྱོབ་པར་འགྱུར་རོ༔ ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་བར་འགྱུར༔ བཀྲ་མི་ཤིས་པ་ཐམས་ཅད་ནུབ་པར་འགྱུར༔ ཞེས་དང་༔ པདྨ་རྒྱལ་པོའི་རྒྱུད་ལས༔ ཐུགས་རྗེ་ཆེན་པོའི་སྐུ་བསྒོམ་ཚུལ་གསུངས་ནས༔ བསྒོམ་དང་ཡིད་ལ་དྲན་པས་ཀྱང་༔ མཚམས་མེད་སྒྲིབ་པ་དག་པར་བྱེད༔ ཅེས་དང་༔ འཕགས་པ་སྤྱན་རས་གཟིགས་ཞལ་བཅུ་གཅིག་པའི་གཟུངས་ལས༔ བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གསོལ་པ༔ བཅོམ་ལྡན་འདས་བདག་གི་མིང་འཛིན་པ་དེ་ནི་དོན་མཆིས་ཏེ༔ སངས་རྒྱས་བྱེ་བ་ཕྲག་འབུམ་གྱི་མིང་འཛིན་པ་བས་ལྷག་གོ༔ བདག་གི་མིང་འཛིན་པའི་སེམས་ཅན་ཐམས་ཅད་ནི་ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་འགྱུར་རོ༔ བྲོ་ནད་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ༔ སྒྲིབ་པ་ཐམས་ཅད་དང་ལུས་ངག་


CMR055_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་གསུམ་གྱི་ཉེས་པར་སྤྱོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་བ་ལགས་སོ༔ ཞེས་གསུངས་ཤིང་༔ ་སྔགས་རྣམས་གང་ཡིན་མིང་དེ་ཉིད༔ ཅེས་པས་ཡི་གེ་དྲུག་པ་སྒྲ་འགྱུར་ལྟར་བྱས་ན་ནོར་བུ་པདྨ་འཛིན་པ་སྟེ་ཐུགས་རྗེ་ཆེན་པོའི་མཚན་ཡིན་ལ༔ དེ་ལྟར་ཐུགས་རྗེ་ཆེན་པོ་ཡིད་ལ་དྲན་ཞིང་བསྒོམ་པ་ནི་སྡིག་པ་བཤགས་པའི་རྟེན་གྱི་སྟོབས་མཆོག་ཡིན་ལ༔ སྤྱིར་དགེ་བ་གང་བྱས་ཀྱང་སྡིག་པའི་གཉེན་པོ་ཡིན་མོད་ཀྱི༔ ཁྱད་པར་ཡི་གེ་བཅུ་པའམ་དྲུག་པའི་རིག་སྔགས་ཆེན་པོ་འདི་ནི༔ སྡིག་པ་བཤགས་པའི་གཉེན་པོ་ཀུན་ནས་སྤྱོད་པའི་སྟོབས་ཀྱི་མཆོག་དམ་པ་ཡིན་ཏེ༔ ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་རྒྱུད་ལས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཐེབ་གཅིག་མོས་པས་བརྗོད་པ་ན༔ སེམས་ཅན་དམྱལ་བའི་ནད་ལས་ཐར༔ ཐེབ་གཉིས་བརྗོད་པས་ཡི་དྭགས་ཀྱི༔ འགྲོ་བའི་སྒོ་ཡང་འགགས་པར་འགྱུར༔ གསུམ་བརྗོད་དུད་འགྲོའི་འགྲོ་བ་འགགས༔ འདོད་པའི་ཡོན་ཏན་ལྔ་སྐྱེད་ཀྱང་༔ འདི་དང་མ་བྲལ་གཙང་མར་གནས༔ ཞེས་དང་༔ མཚན་བརྒྱ་རྩ་བརྒྱད་པའི་མདོ་ལས༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་


CMR055_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལ་ཞིག་གིས་འཕགས་པ་སྤྱན་རས་གཟིགས་ཡིད་ལ་བྱས་ནས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་བཟླས་བརྗོད་བྱས་ན་ངན་སོང་གསུམ་དུ་མི་སྐྱེ༔ མནར་མེད་པར་མི་འགྲོའོ༔ དེའི་ལུས་ལ་མཛེ་དང་ཤུ་བ་དང་གཡེམ་པ་དང་འབྲོས་དང་བས་ལྡག་དང་གློ་བ་ན་བ་དང་དབུགས་མི་བདེ་བ་དང་ནད་ཐམས་ཅད་ལས་ཐར་བར་འགྱུར་རོ་སྐྱེས་སོ་ཅོག་ཏུ་སྐྱེ་བ་དྲན་པར་འགྱུར་རོ༔ འཆི་བའི་ཚེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ༔ ཞེས་དང་༔ མདོ་སྡེ་ཟ་མ་ཏོག་བཀོད་པ་ཆེན་པོ་ལས༔ བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཀའ་སྩལ་པ༔ གང་དག་ཕ་རོལ་གྱི་བུད་མེད་ལ་ཆགས་ནས་འདོད་ལོག་སྤྱོད་པ་དང་༔ སྲོག་གཅོད་པའི་ལས་དང་༔ ཕ་མ་གསོད་པ་དང་༔ དགྲ་བཅོམ་པ་གསོད་པ་དང་༔ དགེ་སློང་མ་སུན་ཕྱུང་བ་དང་༔ མཆོད་རྟེན་བཤིག་པ་དང་༔ གཙུག་ལག་ཁང་བཤིག་པ་དང་དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་༔ མཚམས་མེད་པའི་པ་ཐམས་ཅད་ཀྱང་༔ ཟ་མ་ཏོག་བཀོད་པའི་ཡི་གེ་དྲུག་པ་འདིས་རྩ་བ་ནས་དག་པར་བྱེད་དོ༔ ཞེས་དང་༔ ཟ་མ་ཏོག་གི་སྒྲུབ་ཐབས་རྒྱ་གཞུང་ལས༔ ཨོཾ་མ་ཎི་


CMR055_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

པདྨེ་ཧཱུྃ༔ ཡི་གེ་འབུམ་དུ་བཟླས་སོ༔ གཉིས་པ་དང་གསུམ་པས་སྡིག་པ་དག་པར་འགྱུར་རོ༔ མཚམས་མེད་པ་ལྔ་བྱས་པས་ཀྱང་བྱེ་བ་བཟླས་པས་དངོས་གྲུབ་ཏུ་འགྱུར་རོ༔ ཞེས་དང་༔ འཇིག་རྟེན་འདི་སྒྲུབ་ཐབས་རྒྱ་གཞུང་ལས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཡི་གེ་འབུམ་བཟླས་པས་སྡིག་པ་དག་པར་འགྱུར་རོ༔ གཉིས་པ་དང་གསུམ་གྱིས་རྨི་ལམ་དུ་མཐོང་བར་འགྱུར་རོ༔ བྱེ་བ་བཟླས་ནས་མཚམས་མེད་པ་ལྔ་བྱས་པས་ཀྱང་འགྲུབ་པར་འགྱུར་རོ༔ ཞེས་དང་༔ པདྨ་ཟབ་པའི་རྒྱུད་དང་གྲུབ་ཆེན་ཛ་ལེནྡྷ་རའི་རྒྱ་གཞུང་གཉིས་ཀ་ལས༔ ལྷ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དང་༔ སྔགས་ཡི་གེ་དྲུག་པའམ་བཅུ་པ་གསུངས་ནས༔ དེ་ལྟར་བསྒོམ་པའི་བྱིན་རླབས་ནི༔ བདེ་བར་གཤེགས་པ་ཐམས་ཅད་ཀྱིས༔ བྱིན་གྱིས་བརླབ་པ་རྒྱུན་མི་འཆད༔ ལུས་ངག་ཡིད་གསུམ་བདེ་བ་དང་༔ ནམ་ཡང་འབྲལ་བར་མི་འགྱུར་རོ༔ ལྟུང་བ་རྣམས་ཀྱིས་མི་གོས་སོ༔ ཆོས་ཀྱི་རྩ་བ་འདི་ཟིན་ནས༔ ཡན་ལག་ཐམས་ཅད་འདུས་པ་ཡིན༔ ཞེས་གསུངས་པའི་ཕྱིར་རོ༔ དེ་ལ་འདི་ཁྲོམ་ཆོས་སུ་བྱེད་ན་ཐུགས་རྗེ་ཆེན་པོ་འབུ་སུ་ཀུའི་ཏིང་ངེ་འཛིན་གྱི་དབང་བསྐུར་ཏེ༔ འགྲོ་འདུལ་


CMR055_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་ཕྱག་བཞི་པར་བསྒོམས་པས་འཕྲུག་ཡངས་ཏེ་ཟ་མ་ཏོག་ལ་སོགས་པ་ཕྱི་མདོ་ལུགས་དང་མཐུན་པས་སྔགས་ཀྱང་ཡི་གེ་དྲུག་པར་བཟླས་ཏེ༔ ཐུགས་རྗེ་ཆེན་པོ་གསང་འདུས་རྒྱུད་ལས༔ ཕྱི་ལྟར་བཟླས་པས་ཡི་གེ་དྲུག༔ སྙན་འཇམ་རྨ་བྱའི་མགྲིན་ལྟར་བཟླས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ མདོ་ཡི་ལུགས་སུ་ཤེས་པར་བྱ༔ ཞེས་གསུངས་སོ༔ འདི་ཉུང་ཁྲིད་དུ་བྱེད་ན་ཐུགས་རྗེ་ཆེན་པོ་སྐྱེའུ་པའི་ལུགས་ཀྱི་དབང་རྒྱས་པར་བསྐུར་ནས༔ ལྷ་རྒྱལ་བ་རྒྱ་མཚོ་བཞེངས་ཐབས་རང་གཞུང་ལྟར་དུ་བསྒོམ་པར་བྱའོ༔ རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དབང་ཙམ་བསྐུར་ནས་རྒྱལ་བ་རྒྱ་མཚོ་སྐྱིལ་ཀྲུང་ཅན་བསྒོམས་ལ༔ དེ་གཉིས་གང་བྱེད་ཀྱང་སྔགས་ཡི་གེ་བཅུ་པ་བཟླས་ཏེ༔ འདི་ཅུང་ཞིག་གཉན་པའང་ཡིན་ཏེ༔ ནང་ལྟར་ཟབ་མོ་ཡི་གེ་བཅུ༔ འབྲུག་སྟོང་ལྡིར་བ་ལྟ་བུར་བཟླས༔ ༀ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ༔ གསང་སྔགས་ནང་ལྟར་ཤེས་པར་བྱ༔ ཞེས་གསུངས་སོ༔ དེ་ལ་དམིགས་པ་རྒྱས་བསྡུས་གཉིས་ཏེ༔ དབང་པོ་རྣོན་པོས་རྒྱས་པར་བསྒོམ་པ་ནི༔ རང་གིས་ཐུགས་རྗེ་ཆེན་པོ་ལ་དད་གུས་རྩེ་གཅིག་པས༔ མ་ལུས་སེམས་ཅན་སོགས་སྤྱན་


CMR055_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་ཤོ་ལོ་ཀའམ་མེད་ཀྱང་རུང་༔ ཨོཾ་མ་ཎི་པདྨེ་ཧཱུྃ་བཛྲ་ས་མཱ་ཛ༔ ཞེས་ལག་པ་བསྣོལ་ཏེ་སེ་གོལ་བརྡབས་ནས་མཛུབ་མོ་ལྕགས་ཀྱུ་ལྟར་དཔུང་པར་གདེང་བ་རྡོ་རྗེ་བསྡུ་བའི་སྔགས་རྒྱ་བྱས་པས༔ བདེ་བ་ཅན་དང་པོ་ཏ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ནས༔ འཕགས་པ་སྤྱན་རས་གཟིགས་དཔག་ཏུ་མེད་པ་བྱོན་ནས༔ སྐུ་གཅིག་ཏུ་གི་སྤྱི་བོར་བཞེངས་ཐབས་སུ་བཞུགས་པར་གྱུར་པ་ནི༔ སྐུ་མདོག་དཀར་པོའམ༔ དམར་པོ་ཞལ་གཅིག་ཞི་ཞིང་འཛུམ་པ་རལ་པའི་ཐོར་ཚུགས་ཀྱི་རྩེར་སྣང་བ་མཐའ་ཡས་བཞུགས་པ༔ ཕྱག་བཞི་དང་པོ་གཉིས་ཐལ་མོ་སྦྱར་བ༔ འོག་མ་གཉིས་ཕྲེང་བ་དང་པདྨ་འཛིན་པ༔ དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་འོད་ཟེར་འབར་བའི་ཐུགས་ཀར་ཟླ་བ་ལ་ཧྲི༔ཡིག་སྔགས་ཀྱིས་བསྐོར་བར་བསྒོམས་ལ༔ དེའི་དྲུང་དུ་སྡིག་ལྟུང་ཐམས་ཅད་བཤགས་པའི་བསམས་པས༔ བཅོམ་ལྡན་རྩ་བ་གསུམ་པོ་ལ༔ འཁོར་བའི་ཉོན་མོངས་དབང་གྱུར་པས༔ མི་ཤེས་ཐུགས་དང་འགལ་གྱུར་ཏེ༔ མཐོལ་ལོ་བཤགས་སོ་ས་མ་ཡ༔ ཞེས་ལུས་ཀྱི་ལས་ནི་རྣམ་པ་གསུམ༔ ཞེས་སོགས་བཤགས་ཚིག་


CMR055_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཤེས་བརྗོད༔ ཁྲོམ་ལ་རྗེས་ཟློས་ཡང་ལན་གསུམ་བཅུག༔ དེ་ལྟར་གསོལ་བ་བཏབ་པས་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པ་ལས་བདུད་རྩིའི་རྒྱུན་ངང་ཁྲ་ལ་ལ་བབ༔ སྐུ་ལུས་ལྟེམ་གྱིས་གང་ཞབས་ཀྱི་མཐེ་བོང་ནས་ཆང་རྫ་འི་ཐེམ་བུ་རྡོལ་བ་ལྟར་ངང་རྒྱང་རྒྱང་བབས་པས༔ རང་གི་སྤྱི་བོ་ཚངས་བུག་ནས་ཞུགས་པས་ལུས་ཐམས་ཅད་གང་༔ ཕྱི་ནས་ཀྱང་མར་ཞམ་པས་ཕྱི་ནང་གཉིས་ཀ་ནས་བཀྲུས་པས༔ སྡིག་སྒྲིབ་ནད་གདོན་ཉམས་ཆག་ཅི་ཡོད་པ་ཐམས་ཅད་དུད་ཁུའམ་སོལ་ཁུ་ལྟར་འོག་གི་སྒོ་གཉིས་དང་བ་སྤུའི་བུ་ག༔ རྐང་པའི་སེན་ཕྲག་ནས་ནག་ནུ་རུ་རུ་ཐོན༔ ས་རིམ་པ་དགུའི་འོག་ཏུ་མར་སོང་ནས༔ ལས་ཀྱི་གཤིན་རྗེ་ཁ་གདངས་པའི་ནང་དུ་སོང་བས་ངོམས་ཤིང་ཚིམ་སྟེ་ཚེ་སྐྱིན་སྲོག་གླུད་དུ་གྱུར༔ ལུས་བདུད་རྩིས་གང་བས་ལུས་ཤེལ་སྒོང་གཡའ་དག་པ་ལྟར་གྱུར་ནས༔ ཐ་མལ་པའི་ལུས་མ་ཡིན་ཐུགས་རྗེ་ཆེན་པོ་སྐུའི་རྣམ་པར་གྱུར༔ བདུད་རྩི་ཡར་འཁྱིལ་པས་ཐུགས་རྗེ་ཆེན་པོའི་ཞབས་ལ་རེག་པ་དང་༔ ཐུགས་རྗེ་ཆེན་པོས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་ལྟུང་ཐམས་ཅད་དག་གོ་ཞེས་དབུགས་དབྱུང་བའི་གསུང་བྱོན་པ་དང་ལྷན་ཅིག་


CMR055_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་བུག་ནས་ཞུགས་ཏེ༔ སྙིང་གར་ཞུགས་པ་ལས༔ སྐུའི་རྣམ་པ་འོད་དུ་ཞུ་ནས༔ ཟླ་བའི་དཀྱིལ་འཁོར་ཉ་རྒྱས་པའི་ལྟེ་བར་ཧཱུྃཡིག་དམར་པོའམ་དཀར་པོ་ལ༔ ཡི་གེ་བཅུ་པའམ་དྲུག་གིས་རམ་མེར་བསྐོར་བར་གྱུར་ཏེ༔ དེ་ཡང་ཧྲཱིཿཡིག་གི་སྟོད་སྨད་བར་གསུམ་དུ་སྔགས་ཕྲེང་དཀར་དམར་མཐིང་ག་གསུམ་གྱིས་བསྐོར་བར་བསྒོམས༔ དང་པོ་སྔགས་ཕྲེང་དཀར་པོ་ལས་འོད་ཟེར་དཀར་པོ་འཕྲོས༔ ལུས་གང་བས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་མུན་པ་ལ་ཟླ་བ་ཤར་བ་ལྟར་དག༔ འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ་ཕོག༔ སྐུའི་དམ་ཚིག་ཉམས་ཆག་ཐམས་ཅད་བསྐང་༔ སྐུའི་བྱིན་རླབས་དངོས་གྲུབ་བསྡུས་ནས་རང་གི་ལུས་ལ་ཐིམ་པས་ལུས་འཆི་བ་མེད་པའི་དངོས་གྲུབ་ཐོབ༔ ཡང་འོད་ཟེར་དཀར་པོ་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སངས་སེ་དག༔ ཐམས་ཅད་ལུས་བདེ་བ་དང་ལྡན་པར་གྱུར༔ སྔགས་ཕྲེང་དམར་པོ་ལས་འོད་ཟེར་དམར་པོ་འཕྲོས་ལུས་གང་བས་ངག་གི་སྒོ་ནས་བསགས་པའི་སྡིག་


CMR055_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་མུན་པ་ལ་ཉི་མ་ཤར་བ་ལྟར་དག༔ འོད་ཟེར་ཕྱིར་འཕྲོས་པས་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ་ཕོག་པས་གསུང་གི་ཉམས་ཆག་ཐམས་ཅད་བསྐང་༔ གསུང་གི་བྱིན་རླབས་དངོས་གྲུབ་བསྡུས་ནས་རང་གི་ངག་ལ་ཐིམ་པས༔ འགགས་མེད་གསུང་གི་དངོས་གྲུབ་ཐོབ༔ ཡང་འོད་ཟེར་དམར་པོ་འཕྲོས་ནས་སེམས་ཅན་ཐམས་ཅད་ལ་ཕོག་པས༔ ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག༔ ངག་ཆོས་སྨྲ་བར་གྱུར༔ ཡང་སྔགས་ཕྲེང་མཐིང་ག་ལས་འོད་ཟེར་མཐིང་ག་འཕྲོས༔ ལུས་གང་བས་སེམས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ནམ་མཁའ་སྤྲིན་དང་བྲལ་བ་ལྟར་དག༔ འོད་ཟེར་ཕྱིར་འཕྲོས་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ་ཕོག་པས་ཐུགས་ཀྱི་དམ་ཚིག་ཉམས་ཆག་བསྐང་༔ ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས་ནས་རང་གི་སེམས་ལ་ཐིམ་པས་འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་ཐོབ༔ ཡང་འོད་ཟེར་སྔོན་པོ་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག་པས་སེམས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག༔ སེམས་


CMR055_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྟོང་གི་ཏིང་ངེ་འཛིན་སྐྱེས༔ འོད་ཟེར་དཀར་དམར་མཐིང་གསུམ་པོ་ཚུར་འདུས་སྔགས་ཕྲེང་གསུམ་ལ་ཐིམ་པས༔ སྔགས་ཕྲེང་གསུམ་གཅིག་ཏུ་འདྲེས་ཏེ་དཀར་དམར་སྔོ་བའི་མདངས་ཅན་དུ་གྱུར༔ དེ་ལས་བདུད་རྩིའི་རྒྱུན་ངང་ཁྲ་ལ་ལ་བབས་པས་ལུས་གང་༔ སྡིག་སྒྲིབ་ཉམས་ཆག་ཐམས་ཅད་འོག་སྒོ་གཉིས་དང་བ་སྤུའི་བུ་ག་ནས་ནག་ཉིལ་ཉིལ་ཕྱིར་ཐོན༔ ལུས་ཤེལ་སྒོང་ལྟར་ཕྱི་གསལ་ནང་གསལ་གཟི་བརྗིད་འོད་དུ་འབར་བར་བསྒོམ་པ་ནི་རྒྱས་པའོ༔ ཡང་བློ་རྨོངས་པ་དག་གི་དམིགས་པ་མང་ན་ཟིན་དཀའ་ཞིང་གང་ཞིག་སངས་རྒྱས་ཡིད་བྱེད་པ་ཞེས་སྤྱན་འདྲེན་ཡང་མི་དགོས་པས༔ རང་ལུས་ཐུགས་རྗེ་ཆེན་པོའི་སྐུ་ཡིན་སྙམ་པའི་མོས་པ་ཙམ་བྱས་ལ་རང་གི་སྙིང་གར་ཟླ་བའི་སྟེང་དུ་ཧྲཱི༔ཡིག་དཀར་ལ་དམར་བའི་མདངས་ཅན་གྱི་མཐར་སྔགས་ཡི་གེ་དྲུག་པས་བྲམ་མེར་བསྐོར་བ་དེ་ཉིད་ཐུགས་རྗེ་ཆེན་པོ་དངོས་ཡིན་པའི་ངེས་ཤེས་བྱས་ལ༔ དེའི་དྲུང་དུ་སྡིག་ལྟུང་ཐམས་ཅད་བཤགས་བསམ་པ་བྱས་པས་ཧྲཱི༔ཡིག་སྔགས་ཕྲེང་དང་བཅས་པ་ལས་བདུད་རྩིའི་རྒྱུན་འོ་མ་ལྟ་བུ་བབ༔ རང་ལུས་ཐམས་ཅད་ངང་ལྡེམས་སེ་གང་བས་སྡིག་སྒྲིབ་ནད་གདོན་ཐམས་ཅད་ནག་ནུ་རུ་


CMR055_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

རུ་འོག་སྒོ་དང་རྐང་ཞབས་ནས་ཐོན་ཏེ་ས་འོག་ཏུ་སོང་བས༔ རང་ལུས་དྲི་མ་མེད་པ་ཤེལ་སྒོང་ལྟར་གྱུར་པར་བསྒོམ་མོ༔ དེ་དག་གི་ཚེ་ཡིག་བཅུའམ་ཡིག་དྲུག་སྐབས་སུ་གང་བབ་བརྒྱ་སྟོང་ལ་སོགས་པ་ཐུན་རེ་ལ་བཟླས་ནས༔ ཐུན་མཚམས་སུ་རང་ལུས་ཐུགས་རྗེ་ཆེན་པོ་འོད་དུ་ཞུ་ནས་སྔགས་ཕྲེང་ལ་ཐིམ༔ སྔགས་ཕྲེང་ཧྲཱིཿལ་ཐིམ༔ ཧྲ྄ཱིཿཡིག་ཚེག་དྲག་ར་བཏགས་ལ༔ ར་བཏགས་ཧ་ཁོག་ལ༔ ཧ་ཁོག་གི་གུ་ལ༔ གི་གུ་ཡང་ཞུ་ནས་ཐིག་ལེ་དཀར་དམར་ཡུངས་ཀར་ཙམ་ལ་སེམས་ཡུན་རིང་བཟུང་༔ དེའང་ཇེ་ཆུང་དུ་ཡལ་ནས་སྟོང་པ་ཉིད་དུ་གྱུར་པའི་ངང་ལ་སེམས་མ་བཅོས་པར་རང་ལུགས་སུ་བཞག་སྟེ༔ ལས་རྣམ་པར་དག་པའི་མདོ་ལས༔ གང་ཞིག་བཤགས་པ་བྱེད་འདོད་ན༔ དྲང་པོར་འདུག་ལ་ཡང་དག་ལྟོས༔ ཡང་དག་ཉིད་ལ་ཡང་དག་བལྟ༔ འདི་ནི་འགྱོད་ཚང་མཆོག་ཡིན་ནོ༔ ཞེས་དང་༔ ཐར་པ་ཆེན་པོའི་མདོ་ལས༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ སྡིག་པའི་རང་བཞིན་ནང་ན་ཡང་མི་གནས༔ ཕྱི་རོལ་ན་ཡང་མི་གནས༔ བར་ན་ཡང་མི་གནས་ཏ༔ སེམས་རྣམ་པར་གྲོལ་བའི་ཕྱིར༔ སྡིག་པའི་རང་


CMR055_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རྣམ་པར་གྲོལ་ལོ༔ སེམས་སྟོང་པ་ཉིད་ཀྱི་ཕྱིར་སྡིག་པའི་རང་བཞིན་ནི་སྟོང་པ་ཉིད་དོ༔ དད་པའི་མཐུ་ཆེ་བའི་ཕྱིར་བསོད་ནམས་ཀྱི་མཐུ་ཡང་ཆེའོ༔ ཞེས་གསུངས་སོ། དེ་ལྟར་ཐུན་བཞིའམ་དྲུག་ཏུ་སྒོམས་ལ་ཡི་གེ་དྲུག་པའམ་བཅུ་པ་ཟློས་ཤིག༔ དམིགས་པ་མ་ཡེངས་པར་འབུམ་ཕྲག་གཅིག་གམ་གཉིས་སམ་དྲུག་གམ་བྱེ་བ་བཟླས་ན་སྡིག་པ་མཚམས་མེད་ཀྱང་དག་པར་བཤད་དེ༔ འདིའི་བྱེ་བ་ནི་མངོན་པ་ནས་གསུངས་པའི་བྱེ་ཆེན་ཡིན་ཏེ༔ བརྒྱ་ཚོ་བཅུ་ནི་སྟོང་ཚོ༔ སྟོང་ཚོ་བཅུ་ནི་ཁྲི་ཚོ༔ ཁྲི་ཚོ་བཅུ་ནི་འབུམ་ཚོ༔ འབུམ་ཚོ་བཅུ་ནི་ས་ཡ༔ ས་ཡ་བཅུ་ནི་བྱེ་ཆེན༔ དེ་ཙམ་བཟླས་ན་སྡིག་པ་དག་པའི་རྟགས་འབྱུང་སྟེ༔ བསྐུལ་བྱེད་ཀྱི་གཟུངས་ལས༔ རྨི་ལམ་ན་ཡང་ཟས་ངན་སྐྱུགས་པ་དང་༔ ཞོ་དང་འོ་མ་འཐུང་བ་དང་༔ སྐྱགས་པ་དང་༔ ཉི་མ་དང་ཟླ་བ་མཐོང་བ་དང་༔ ནམ་མཁའ་ལ་འགྲོ་བ༔ མེ་འབར་བ༔ མ་ཧེ་དང་མི་ནག་ཐུབ་པ༔ དགེ་སློང་དང་དགེ་སློང་མའི་དགེ་འདུན་མཐོང་བ་དང་༔ འོ་མ་འབྱུང་བའི་ཤིང་དང་༔ གླང་པོ་ཆེ་དང་ཁྱུ་མཆོག་དང་༔ རི་དང་སེང་གེའི་ཁྲི་དང་ཁང་བཟང་དག་གི་སྟེང་དུ་འཛེགས་པ་དང་༔ ཆོས་ཉན་


CMR055_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྨིས་ན་སྡིག་པ་དང་བྲལ་བར་འགྱུར་རོ༔ ཞེས་གསུངས་སོ༔ དེ་ཡང་སྡིག་པ་བཤགས་ན་དག་པའི་ལོ་རྒྱུས་ནི༔ རྒྱལ་བུ་དགེ་མཐོང་གིས་མི་སུམ་སྟོང་ཀླུ་བསད་པ་དང་༔ ཁྱེའུ་བདེ་བྱེད་ཀྱིས་མ་བསད་པ་དང་༔ ཅུང་དགའ་བོ་བུད་མེད་ལ་ལྷག་པར་ཆགས་པ་དང་༔ རྒྱལ་བུ་མཐོང་ལྡན་གྱིས་ཕ་བསད་པ་དང་༔ སོར་ཕྲེང་ཅན་གྱིས་མི་དགུ་བརྒྱ་དང་གོ་དགུ་བསད་པ་རྣམས་ཀྱང་༔ སྟོབས་བཞི་པོ་རེ་རེས་དག་ནས་ཡོན་ཏན་ཐོབ་པར་བཤད་ན༔ སྟོབས་བཞི་གཅིག་ཏུ་དྲིལ་བ་འདི་ལྟར་ཉམས་སུ་བླངས་ན་སྨོས་ཅི་དགོས་ཏེ༔ བཤེས་སྤྲིང་ལས༔ གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལ༔ ཕྱི་ནས་བག་དང་ལྡན་པར་གྱུར་དེ་ཡང་༔ ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ༔ དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན༔ ཞེས་གསུངས་སོ༔ དཔུང་བཟང་གིས་ཞུས་པ་ལས༔ སོས་ཀ་ནགས་མེ་མཆེད་པའི་མེ་ལྕེ་ཡིས༔ མ་བསྒྲིབས་བཞིན་དུ་ཚང་ཚིང་ཀུན་སྲེག་ལྟར༔ བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་སྦྱར༔ བརྩོན་འགྲུས་ཆེན་པོའི་མེ་ཡིས་སྡིག་པ་བསྲེག༔ ཇི་ལྟར་གངས་ལ་ཉི་མའི་འོད་ཟེར་གྱིས༔ གདུང་ན་གཟི་བརྗིད་མི་


CMR055_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་འགྱུ་བ་བཞིན༔ ཚུལ་ཁྲིམས་ཉི་མའི་འོད་ཟེར་བཟླས་བརྗོད་ཀྱིས༔ གདུང་ན་སྡིག་པའི་གངས་ཀྱང་ཟད་པར་འགྱུར༔ མུན་ནག་སྨག་ལ་མར་མེ་ཕྱུང་བ་ཡིས༔ མུན་ནག་མ་ལུས་སེལ་བར་བྱེད་པ་བཞིན༔ ཚེ་རབས་སྟོང་ནས་བསགས་པའི་སྡིག་པའི་མུན༔ བཟླས་བརྗོད་མར་མེས་མྱུར་དུ་སེལ་བར་བྱེད༔ ཅེས་གསུངས༔ དེ་ལྟར་བཤགས་པའི་ཐབས་མཁས་ན་སྡིག་པ་ཆེ་ཡང་བྱང་སླ་སྟེ༔ དཔེར་ན་ལྕགས་ཆེན་པོ་ལེབ་མོ་སླ་ང་ལྟ་བུར་བརྡུང་ན་ཆུའི་ཁ་ན་ལྡིང་བ་དང་འདྲ་ལ༔ བཤགས་མ་ཤེས་ན་སྡིག་པ་ཆུང་ཡང་ངན་སོང་དུ་ལྟུང་བ་སྟེ༔ ལྕགས་ཀྱི་རིལ་བུ་སྲན་མ་ཙམ་ཡང་ཆུའི་ཞབས་སུ་འགྲོ་བ་ལྟ་བུ་སྟེ༔ བཅོམ་ལྡན་འདས་ཀྱི་ཞལ་ནས༔ མཁས་ལ་སྡིག་པ་བྱས་པའི་རྣམ་སྨིན་འཕྲལ་ལ་འཛོམས༔ མི་མཁས་སྡིག་པ་བྱས་པ་དེ་ཉིད་ཐུར་དུ་འགྲོ༔ ལྕགས་ཀྱི་གོང་བུ་ཆུང་ཡང་ཆུ་ཡི་གཏིང་དུ་འགྲོ༔ དེ་ཉིད་སྣོད་དུ་བྱས་ན་ཆེ་ཡང་ཁ་ན་འཕྱོ༔ ཞེས་གསུངས་སོ༔ མཁས་པས་ཀྱང་སྡིག་ལྟུང་བྱས་ཀྱང་ཨའུ་ཙི་བཤགས་ཆོག་སྙམ་ཞིང་བྱས་ན་ནི་མ་ཤེས་པས་བྱས་པ་ལས་ཀྱང་ལྕི་བས་དག་དཀའ་སྟེ༔ ལུང་ལས༔ མཁས་པས་སྡིག་པ་བྱས་པ་རྣམས་


CMR055_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སོགས་བསླུས་པས་ཤིན་ཏུ་ལྗི༔ བླུན་པོས་སྡིག་བྱས་ལྕི་བ་ཡོད༔ རང་བཞིན་བླུན་པ་ཉིད་ཀྱིས་སོ༔ ཞེས་དང་༔ དེ་གཉིས་ཀྱི་དོན་རྒྱ་གར་གྱི་པཎྜི་ཏ་མཚོ་སྐྱེས་ཀྱི་གསུངས་ལས༔ ཕྱིར་ཞིང་སྡོམ་ལ་དགའ་བ་ནི༔ ཉེས་པ་ཆེ་ཡང་ཡང་བར་བཤད༔ བཤགས་ཀྱང་འདོད་པར་འཛིན་བྱེད་ན༔ ཉེས་པ་ཆུང་ཡང་ལྡི་བར་བཤད། ཁྱད་དུ་བསད་ནས་མ་བཤགས་ན༔ ཉེས་པ་ཆུང་ཡང་ལྗི་བར་བཤད༔ རྟག་ཏུ་འཛེམ་ཞིང་འཇིགས་གྱུར་ན༔ ཉོན་མོངས་ཟིལ་གནོན་ཉེས་བྱུང་ཡང་༔ ཉེས་པ་ཆེ་བར་མི་འགྱུར་རོ༔ ཞེས་གསུངས་སོ༔ དེ་ཡང་ཆོས་སྒོར་ཞུགས་ནས་ཉེས་ལྟུང་གིས་མ་གོས་ན་མཆོག་ཡིན་གྱི༔ གལ་ཏེ་ཉེས་ལྟུང་ཕྲ་ཞིབ་བྱུང་ན་བཤགས་པར་བྱ་བ་གལ་ཆེ་སྟེ༔ ས་ཡི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས༔ ང་ཡི་བསྟན་པ་ལ་སྐྱེས་བུ་དམ་པ་གཉིས་ཡོད་དེ༔ གཅིག་ནི་རང་བཞིན་གྱིས་དག་པས་དང་པོ་ནས་མི་དགེ་བ་མི་བྱེད་པའོ༔ གཅིག་ནི་བྱས་སུ་ཟིན་ཡང་འཛེམ་པ་དང་ངོ་ཚ་བས་སོ་སོར་འཆགས་པའོ༔ ཞེས་གསུངས་སོ༔ དེ་ཡང་ཉེས་ལྟུང་ཕྲ་ཞིབ་བྱུང་བ་ཡང་འདི་ཙམ་མི་ཏོ་སྙམ་དུ་མི་བཞག་འཕྲལ་དུ་སྦྱང་དགོས་ཏེ༔ ལྟ་


CMR055_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམ་པར་དག་ཀྱང་སྤྱོད་པ་ཕྲ་ཞིབ་ཉམས་པས་ཀླུར་སྐྱེ་བ་རྒྱ་མཚོས་ཞུས་པའི་མདོ་ལས་གསུངས་པ་དང་༔ བཤགས་པ་མ་ཐེངས་ན་སྡིག་ལྟུང་གང་ཡིན་དེ་ཞག་རེ་ལ་སྐྱེད་རེ་འགྲོ་བས་ཆུང་ངུ་ཡང་ཆེན་པོར་འགྲོ་བའོ༔ ནམ་འཆི་ཆ་མེད་པས་ཀྱང་མྱུར་དུ་བཤགས་དགོས་ཏེ་སྤྱོད་འཇུག་ལས་བདག་ནི་སྡིག་པ་མ་བྱང་བར༔ སྔོན་དུ་གུམ་པར་འགྱུར་དུ་མཆི༔ ཞེས་གསུངས་སོ༔ དེ་ལྟར་སྡིག་པ་བཤགས་པའི་ཐབས་ཟབ་མོ་འདི་གེགས་སེལ་ཀྱི་མཆོག་ཀྱང་ཡིན་ཏེ༔ ཆོས་ཉམས་སུ་ལེན་པ་ན་ནད་གདོན་གེགས་གོལ་ས་ཐམས་ཅད་སྡིག་སྒྲིབ་ལས་འབྱུང་བ་ཡིན་པས༔ སྒྲིབ་པ་ལེགས་པར་བྱང་ན་བར་ཆད་ཅི་ཡང་མེད་པས་སྡིག་བྱང་སྔགས་དང་དམིགས་པ་ནི༔ ད་ལམ་ཞག་རྩེ་གཅིག་དང་༔ རྗེས་ནས་ཀྱང་རྒྱུན་དུ་མ་ཆག་པ་དང་༔་ཁྲིད་ཡུན་རིང་བྱེད་ན་འདི་རང་ལ་རྟགས་ཐོན་པ་དགོས་རྒྱུ་ཡིན་ནོ༔ དཔེར་ན་ཚོས་བྱེད་ན་ཡང་ལྭ་བ་མ་བཀྲུས་པར་ཚོས་མི་ཟ་བ་བཞིན་དུ༔ སྡིག་སྒྲིབ་གཅིག་ཨན་ཙམ་མ་བྱང་ན༔ རྟོགས་པ་མི་སྐྱེ་ངོ་སྤྱད་ཀྱང་མི་འཕྲོད༔ ཉམས་ཅུང་ཟད་སྐྱེས་པ་ཡང་གེགས་དང་གོལ་སར་འཆོར་བས་རེ་ཞིག་འདི་རང་སྒོམ་བཟླས་མཛོད༔ དེས་


CMR055_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འབྲུ་བཞི་པ་སོང་ངོ་༔ ༒ དེ་ནས་ཆོས་འབྲུ་ལྔ་པ་ནི༔ གཞུང་ལས༔ ཁྱེད་རང་རྒྱལ་བ་རྒྱ་མཚོ་ནི༔ དམར་པོ་ཞལ་གཅིག་ཕྱག་བཞི་པ༔ གཡས་གཡོན་ཕྲེང་པ་པདྨ་དང་༔ འོག་གཉིས་ཐལ་མོ་སྦྱར་བ་ནི༔ བཞེངས་པའི་སྟབས་བསྒོམ་ཡིག་དྲུག་བརྗོད༔ ཅེས་གསུངས་པའི་དོན་བཤད་ན༔ སེམས་སྟོང་ཉིད་བསྒོམ་པ་དང་༔ ལམ་ཕར་ཕྱིན་དྲུག་ལ་སྤྱོད་ཀྱང་༔ རྒྱུའི་ཐེག་པས་བསྐལ་པ་གྲངས་མེད་གསུམ་དུ་བླ་མེད་བྱང་ཆུབ་མི་ཐོབ་པ་ནི༔ ཡི་དམ་ལྷའི་བསྐྱེད་རིམ་མེད་པས་ལམ་ཐག་རིང་བ་ཡིན༔ དེས་ན་ཐབས་མང་བ་དང་དཀའ་ཚེགས་མེད་པ་དང་དབང་པོ་རྣོ་བ་སོགས་ཁྱད་པར་གསུམ་གྱི་མདོ་ལས་སྔགས་ཁྱད་པར་དུ་འཕགས་ཏེ༔ ཚུལ་གསུམ་སྒྲོན་མ་ལས༔ དོན་གཅིག་ནའང་མ་རྨོངས་དང་༔ ཐབས་མང་དཀའ་བ་མེད་པ་དང་༔ དབང་པོ་རྣོན་པོའི་དབང་བྱས་ན༔ སྔགས་ཀྱི་ཐེག་པ་ཁྱད་པར་འཕགས༔ ཞེས་གསུངས༔ དེ་ཡང་སྔགས་ཕྱི་པ་བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ནའང་ལྷའི་རྣམ་པ་བསྒོམ་ཙམ་ཡོད་ཀྱང་༔ ཕུང་ཁམས་སྐྱེ་མཆེད་གདོད་ནས་ལྷའི་རང་བཞིན་དུ་


CMR055_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྟོགས་ནས་སྐྱེ་བ་དྲུག་ཅུ་དང་བཅུ་དྲུག་དང་བདུན་སོགས་འགོར་ལ༔ གསང་སྔགས་བླ་མེད་འདི་ལ་ནི་ལམ་ཤིན་ཏུ་ཉེ་བ་སྟེ༔ སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ལས༔ བསྐལ་པ་བྱེ་བར་རྙེད་དཀའ་བའི༔ སངས་རྒྱས་ཉིད་ཀྱང་བརྩོན་ལྡན་ལཚེ་འདི་ཉིད་ལ་སྟེར་བས་ན༔ འབྲས་བུ་ཅན་གྱི་མིང་ནས་འབོད༔ ཅེས་དང་༔ སཾ་བྷུ་ཊི་ལས༔ མདོར་བསྡུས་ནས་ནི་སངས་རྒྱས་ཉིད༔ བསྐལ་པ་བྱེ་བ་གྲངས་མེད་པས༔ ཇི་སྲིད་སངས་རྒྱས་གང་ཐོབ་པ༔ གང་གི་དམ་པའི་བདེ་བ་ཁྱོད༔ སྐྱེ་བ་འདིས་ནི་ཐོབ་པར་འགྱུར༔ ཡང་ན་རྡོ་རྗེ་འཛིན་པ་ཉིད༔ ཡང་ན་འཁོར་ལོས་སྒྱུར་བའོ༔ འདིས་ནི་དངོས་གྲུབ་ཆེན་པོ་བརྒྱད༔ གཞན་ཡང་ཡིད་ལ་འདོད་པ་ཐོབ༔ ཅེས་གསུངས་སོ༔ གལ་ཏེ་བརྩོན་འགྲུས་ཆུང་བས་ཚེ་འདིར་མཆོག་གི་དངོས་གྲུབ་མ་ཐོབ་ནའང་༔ བར་དོ་ན་ངེས་པར་ལྷ་སྐུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་སྟེ༔ ཡེ་ཤེས་ཐིག་ལེ་ལས༔ ཡང་ན་ལུས་འདི་སྤང་མ་ཐག༔ བརྩོན་པ་མི་ལྡན་པས་ཀྱང་འགྲུབ༔ ཅེས་གསུངས་སོ༔ ཚེ་སྟོད་སྡིག་པ་ཆེན་པོ་བྱས་ཀྱང་འདི་ལྟ་བུའི་ཆོས་སྒོར་ཞུགས་ནས་རྩེ་གཅིག་ཏུ་ཉམས་སུ་བླངས་ན་ཚེ་


CMR055_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལའང་སངས་རྒྱས་ཐོབ་ནུས་ཏེ༔ དུས་འཁོར་རྩ་རྒྱུད་ལས༔ གདོལ་པ་སྨིག་མ་མཁན་ལ་སོགས༔ མཚམས་མེད་ལྔ་ནི་བྱེད་པ་རྣམས༔ སྔགས་ཀྱི་སྤྱོད་པ་རྗེས་སྤྱོད་ན༔ སྐྱེ་བ་འདི་ལ་སངས་རྒྱས་འགྱུར༔ ཞེས་དང་གསང་བ་འདུས་པར༔ སེམས་ཅན་མཚམས་མེད་ལྔ་ལ་སོགས༔ སྡིག་པ་ཆེན་པོ་བྱས་པས་ཀྱང་༔ རྡོ་རྗེ་ཐེག་པ་རྒྱ་མཚོ་སྟེ༔ ཐེག་མཆོག་འདི་ལ་འགྲུབ་པར་འགྱུར༔ ཞེས་གསུངས་སོ༔ འདི་བླ་མེད་རྡོ་རྗེ་ཐེག་པའི་ལུགས་རང་ལུས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡི་དམ་གྱི་ལྷར་ངོ་སྤྱོད་པ་སྟེ༔ ཡེ་ཤེས་རྔམ་གློག་གི་རྒྱུད་ལས༔ ཕུང་པོ་ལྔ་དོན་སངས་རྒྱས་ལྔ༔ འབྱུང་བ་ལྔ་དོན་དབྱིངས་ཕྱུག་ཡུམ༔ ཁམས་དང་སྐྱེ་མཆེད་མང་པོ་ཀུན༔ སེམས་དཔའ་སེམས་མའི་དཀྱིལ་འཁོར་ཡིན༔ དེས་ན་སྲིད་གསུམ་དཀྱིལ་འཁོར་ཆེ༔ ཞེས་དང་གསང་བ་འདུས་པ་ལས༔ མདོར་ན་ཕུང་པོ་ལྔ་རྣམས་ནི་སངས་རྒྱས་ལྔར་ནི་རབ་ཏུ་གྲགས༔ རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང་༔ བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཆོག༔ ས་ནི་སངས་རྒྱས་སྤྱན་མ་ཡིན༔ ཆུ་ཡི་ཁམས་ནི་མ་མཱ་ཀི༔ དཀར་དང་སྒྲོན་མ་ཞེས་བྱ་


CMR055_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བར༔ མེ་དང་རླུང་དུ་རབ་ཏུ་གྲགས༔ མཁའ་དབྱིངས་རྡོ་རྗེའི་དམ་ཚིག་ནི༔ རྡོ་རྗེ་འཛིན་པ་དེ་ཉིད་ཡིན༔ ཞེས་དང་༔ རྡོ་རྗེ་མཁའ་འགྲོའི་རྒྱུད་ལས༔ ལུས་ནི་སངས་རྒྱུས་རང་བཞིན་སྐུ༔ ཆ་ཤས་བྱང་ཆུབ་ཡན་ལག་ནས༔ དེ་ཡི་བ་སྤུ་དགྲ་བཅོམ་པ༔ ཅོད་པན་རིགས་བདག་ལ་སོགས་པའོ༔ ཞེས་དང་༔ བདེ་བ་དམ་པ་རྟོགས་པར་བྱེད་པའི་རྒྱུད་ལས༔ སངས་རྒྱས་ཐམས་ཅད་ལུས་ལ་གནས༔ ལུས་ལས་གཞན་དུ་ཡོད་མ་ཡིན༔ ཞེས་དང་༔ སཾ་བྷུ་ཊི་ལས༔ རང་གི་ལུས་ལ་སངས་རྒྱས་བཞུགས༔ གཞན་དུ་གང་དུའང་སངས་རྒྱས་མེད༔ ལུས་ལས་གཞན་དུ་སངས་རྒྱས་ཉིད༔ མི་ཤེས་པ་ཡི་སྒྲིབ་པར་འདོད༔ ཅེས་གསུངས་སོ༔ དེ་ལྟར་ཡིན་པ་ལ་ཡིན་པར་ཤེས་པས༔ བསྒོམ་པ་ན་དེ་དངོས་སུ་འགྲུབ་པ་ཡིན་ཏེ༔ ལྷ་མོ་བཞིས་ཞུས་པའི་རྒྱུད་ལས༔ ཕུང་པོ་ལ་སོགས་སངས་རྒྱས་ལྔའི༔ རང་བཞིན་དངོས་ཞེས་བཤད་པ་ཡིན༔ དངོས་དེ་ངེས་པར་བསྒོམས་པ་ཡིས༔ རང་སེམས་མཐུ་ཡི་སངས་རྒྱས་འགྱུར༔ ཞེས་དང་༔ རྡོ་རྗེ་གུར་ལས༔ སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱི༔ སངས་རྒྱས་ཉིད་ཡུན་རིང་མི་འགྱུར


CMR055_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་སུམ་ཅུ་རྩ་གཉིས་མཚན༔ མངའ་བདག་དཔེ་བྱད་བརྒྱད་ཅུར་ལྡན༔ དེ་ཕྱིར་ཐབས་དེས་བསྒྲུབ་བྱ་སྟེ༔ ཐབས་ནི་སྟོན་པའི་གཟུགས་ཅན་ནོ༔ ཞེས་དང་༔ ངེས་བརྗོད་བླ་མར༔ ལྷ་ཡི་རྣལ་འབྱོར་མངོན་སྦྱོར་བས༔ གཉིས་སུ་མེད་པའི་ཡེ་ཤེས་འགྱུར༔ དེ་མ་ཐག་ཏུ་བྱང་ཆུབ་སྟེ༔ མཆོག་གི་ངེས་པ་རྙེད་པར་འགྱུར་ཞེས་གསུངས་སོ༔ ལྷ་མདུན་བསྐྱེད་སོགས་ལས་ཀྱང་བདག་བསྐྱེད་ཟབ་པ་སྟེ༔ རྡོ་རྗེ་མཁའ་འགྲོའི་རྒྱུད་ལས༔ འདི་ནི་རང་བྱུང་བཅོམ་ལྡན་འདས༔ གཅིག་པུ་བདག་ཉིད་ཆེ་བའི་ལྷ༔ རྟག་ཏུ་ཕྱག་དང་མཆོད་སོགས་བྱ༔ རྡོ་ཤིང་འདག་པ་ལ་སོགས་དང་༔ རས་དང་ཚོན་གྱི་གཟུགས་བརྙན་ལ༔ བྱིན་རླབས་ཡེ་ཤེས་དབབ་བྱས་ནས༔ ལྷ་ཡིན་ཟེར་ནས་མཆོད་སོགས་བྱེད༔ བཅོས་མ་ལ་ཡང་དེ་ལྟར་ན༔ བདག་ཉིད་ཡེ་ནས་སངས་རྒྱས་ལ༔ ཅི་ཕྱིར་ཞེ་ན་མཆོད་མི་བྱེད༔ ཅེས་གསུངས་པས་རང་གི་ཕུང་པོ་ལྔ་རིགས་ལྔའི་སྤྱན་རས་གཟིགས༔ ཁམས་ལྔ་ཡུམ་ལྔ་ཚོགས་བརྒྱད་སེམས་དཔའ་ཡུལ་བརྒྱད་སེམས་མ༔ སོགས་སུ་ཤེས་པར་གྱིས་ལ་ཐ་མལ་དུ་འཛིན་པ་སྤང་ཅི་ཐུབགལ་ཆེའོ༔ དེ་ལྟར་ལུས་


CMR055_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གནས་ལུགས་ཧང་ཙམ་མ་གོ་ན་ལྷའི་གཟུགས་ཙམ་བསྒོམས་ཤེས་ཀྱང་བླ་མེད་ཀྱི་བསྐྱེད་རིམ་གོ་མི་ཆོད་པ་ཡིན་ནོ༔ དེས་ན་བསྐྱེད་རིམ་རྒྱས་པ་ཡན་ལག་དྲུག་གི་སྒོ་ནས་བསྐྱེད་པ་དང་༔ མངོན་བྱང་ལྔས་བསྐྱེད་པ་དང་༔ ཆོ་ག་ཡན་ལག་བཞིས་བསྐྱེད་པ་སོགས་མང་དུ་ཡོད་ནའང་༔ སྡོམ་པའི་རྒྱུད་ལས༔ སྐད་ཅིག་རྣམ་པས་ལྷར་བསྒོམ་བྱ༔ ཞེས་སོགས་དང་༔ རྒྱལ་བ་རྒྱ་མཚོའི་ཡང་སྙིང་ལས༔ སྐྱེ་བོ་ཕོ་མོ་ཡི་གེ་མི་ཤེས་པ་རྣམས་ལ་སྐད་ཅིག་དྲན་རྫོགས་སུ་བསྒོམ་ན་ཟིན་སླ་བར་གསུངས་པ་ལྟར་འདིར་སྐད་ཅིག་ལ་ལྷར་བསྐྱེད་པ་ཡིན་ཏེ་སུ་བྷ་ཝ་སོགས་མི་དགོས་རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོའམ༔ དམར་པོ་ཞལ་གཅིག་ཞི་ཞིང་འཛུམ་པ༔ ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ༔ གཡས་འོག་མས་མུ་ཏིག་གི་ཕྲེང་བ་དང་གཡོན་མེ་ཏོག་པདྨ་རང་གི་སྐུ་མདོག་དང་མཚུངས་པ་འཛིན་པ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ངམ༔ དྲང་པོར་བཞེངས་པ༔ རིན་པོ་ཆེའི་དབུ་རྒྱན་སྙན་ཆ་མགུལ་རྒྱན་དོ་ཤལ་ཕྱག་གདུབ་ཞབས་གདུབ་སྐེ་རགས་སེ་མོ་དོ་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ༔ དར་སྣ་ཚོགས་ཀྱིས་སྟོད་གཡོགས་


CMR055_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྨད་དཀྲིས་ཅན༔ སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་བཞུགས་པ༔ དེ་རང་གི་ལུས་དང་དབྱེར་མེད་དུ་བསྒོམ་པ་ནི་དམ་ཚིག་སེམས་དཔའོ༔ དེའི་ཐུགས་ཀར་ཟླ་བའི་གདན་ལ་ཧྲི༔ཡིག་ལ་བཟླ་བྱའི་སྔགས་ཀྱི་ཡི་གེའི་ངོ་ཕྱིར་བསྟན་ནས་གཡོན་དུ་བཀོད་པ་ལས༔ ཧྲི༔ཡིག་མི་འགུལ་བར་སྔགས་ཕྲེང་གཡས་སུ་ཀྱི་ལི་ལི་འཁོར་བར་བསྒོམ་པ་ཡེ་ཤེས་སེམས་དཔའ་སྟེ༔ རང་གི་སེམས་དང་དབྱེར་མེད་པར་བསྒོམས༔ དེ་ནས་སྔགས་ཕྲེང་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས་པས༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད༔ དེ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས་ཁ་བ་བུ་ཡུག་ལྟར་བྱོན་ཏེ་མཚོ་ལ་ཆར་ཆེན་པོ་བབ་པ་ལྟར་རང་ལ་སིབ་སིབ་ཐིམ་པར་བསྒོམས་པ་ནི༔ ཡེ་ཤེས་པ་སྤྱན་འདྲེན་པ་དང་དབང་བསྐུར་བ་ཡང་ཡིན༔ བྱིན་རླབས་སྡུད་པའི་དམིགས་པ་ཤིན་ཏུ་ཟབ་མོ་ཡིན་ནོ༔ དེ་ཡང་འོད་ཟེར་དེས་གྲུབ་ཆེན་བརྒྱད་ཅུ་རིག་འཛིན་བརྒྱད་ལ་སོགས་པ་དང་༔ རྗེ་འབངས་ཉེར་ལྔ་ལ་སོགས་མཆོད་ནས༔ དེ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པ་ཆར་ལྟར་བབས་ནས་རང་ལ་ཐིམ་པ་དང་༔ ཡི་


CMR055_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྒྱུད་སྡེ་དྲུག་དང་བཀའ་དགོངས་ཕུར་གསུམ༔ སངས་རྒྱས་བྱང་སེམས་གང་དང་གང་ལ་མོས་པ་ཐམས་ཅད་ལ་མཆོད་པས༔ དེ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས་རང་ལ་ཐིམ་པར་བསྒོམ་པ་དང་༔ དེ་བཞིན་དུ་དཔའ་བོ་རྟ་མགྲིན་གིང་སྡེ་བཞི་མཁའ་འགྲོ་ལྔ་སོགས་དང་༔ ཡེ་ཤེས་ཀྱི་ཆོས་སྐྱོང་ཐམས་ཅད་ལའང་དེ་ལྟར་བྱས་ཏེ༔ པདྨ་རྒྱལ་པོའི་རྒྱུད་ལས༔ སངས་རྒྱས་ཐམས་ཅད་འདུས་པ་ནི༔ མགོན་པོ་སྤྱན་རས་གཟིགས་སྐུ་ཡིན༔ དྲན་པ་ཙམ་གྱིས་འཁོར་བ་ཡི༔ རྟོག་པ་ཐམས་ཅད་འགགས་པར་འགྱུར༔ མྱ་ངན་འདས་པ་ཐམས་ཅད་ཀྱི༔ སྙིང་པོ་མ་ལུས་ལེགས་པར་འགྱུར༔ ཞེས་དང་༔ ལྷ་ལྕམ་མན་དཱ་ར་བ་གྲུབ་པའི་རྒྱལ་མོ་ཞེས་གསུངས༔ བྷཾ་ག་ལའི་ཕག་མོའི་གསུངས་ལས་འདི་རྒྱུད་སྡེ་བཞིའི་ཕྱི་སྒྲུབ་ཡིན་གསུངས་པའི་དོན་ཏེ༔ ལྷ་གཅིག་དང་སྔགས་གཅིག་གིས་རྒྱུད་སྡེའི་ལྷ་ཚོགས་ཐམས་ཅད་དུས་གཅིག་ལ་གྲུབ་པའི་གདམས་ངག་ཟབ་མོ་ངོ་མཚར་ཅན་ཡིན་ཏེ༔ དེ་ཡང་ན་སོ་གཞོན་པ་རླུང་ཆུན་པས་ནི་རླུང་དང་བསྲེ༔ ཕར་བཏང་དུས་འོད་ཟེར་སྤྲོ༔ ཚུར་རྔུབ་དུས་བྱིན་རླབས་བསྡུ༔ ཁོག་པར་བསྐྱིལ་ཚེ་སྔགས་འཁོར་ལ་


CMR055_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་གཏད་པའམ༔ དམིགས་མེད་དུ་བཞག་ལ་སྔགས་ཡིད་བཟླས་བྱའོ༔ བསྐྱེད་རིམ་དང་སྔགས་བཟླས་པ་ཁོ་ན་ལ་མོས་ན་སྔགས་སིལ་བུར་བུང་བའི་སྐད་ཙམ་དག་པར་བཟླ་ཞིང་དམིགས་པ་སྤྲོ་བསྡུ་ཁོ་ན་བྱའོ༔ དེ་ནི་བླ་མ་ཡི་དམ་དང་བསྲེ་བ༔ མཁའ་འགྲོ་ཆོས་སྐྱོང་དང་བསྲེ་བ་ཞེས་ཟབ་ཆོས་བླ་ན་མེད་པའོ༔ དེ་ནས་རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་མཐིང་ག་འཕྲོས༔ ཞེ་སྡང་གི་སྒྲིབ་པ་དག་ནས་ཕྱིར་འཕྲོས་ནས་དམྱལ་བའི་ཡུལ་དུ་སོང་བས་ཚ་གྲང་གི་སྡུག་བསྔལ་ཐམས་ཅད་ཞི༔ དམྱལ་བའི་འཇིག་རྟེན་མངོན་པར་དགའ་བའི་ཞིང་དང་དམྱལ་བའི་སེམས་ཅན་ཐམས་ཅད་རྡོ་རྗེ་སྤྱན་རིས་གཟིགས་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་བཞི་པར་གྱུར་ནས་ཐམས་ཅད་ཡིག་དྲུག་དི་རི་རི་བཟླ་བར་བསྒོམ༔ དེ་བཞིན་དུ་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དམར་པོ་འཕྲོས་འདོད་ཆགས་ཀྱི་སྒྲིབ་པ་སྦྱངས་ཡི་དྭགས་ཀྱི་འཇིག་རྟེན་བདེ་བ་ཅན་དང་སེམས་ཅན་ཐམས་ཅད་པདྨ་སྤྱན་རས་གཟིགས་དམར་པོར་བསྒྱུར་བ་དང་༔ འོད་ཟེར་དཀར་པོས་གཏི་མུག་གི་སྒྲིབ་པ་སྦྱངས་ནས་དུད་འགྲོའི་འཇིག་རྟེན་སྟུག་པོ་བཀོད་དང་སེམས་ཅན་ཐམས་


CMR055_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རྣམ་སྣང་སྤྱན་རས་གཟིགས་དཀར་པོར་བསྒྱུར་བ་དང་༔ འོད་ཟེར་སེར་པོས་ང་རྒྱལ་སྦྱངས་ནས་ལྷ་དང་མིའི་འཇིག་རྟེན་དཔལ་དང་ལྡན་པ་དང་སེམས་ཅན་ཐམས་ཅད་རིན་ཆེན་སྤྱན་རས་གཟིགས་སེར་པོར་བསྒྱུར་བ་དང་༔ འོད་ཟེར་ལྗང་གུས་ཕྲག་དོག་སྦྱངས་ནས་ལྷ་མ་ཡིན་གྱི་འཇིག་རྟེན་ལས་རབ་རྫོགས་དང་སེམས་ཅན་ཐམས་ཅད་ཀརྨ་སྤྱན་རས་གཟིགས་ལྗང་གུར་བསྒྱུར༔ དེ་ལྟར་སྣོད་ཀྱི་འཇིག་རྟེན་དག་པའི་ཞིང་ཁམས༔ སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོར་གྱུར་པས་ཡི་གེ་དྲུག་པ་བཟླ་རོགས་འུ་རུ་རུ་བསྒོམས་ལ་དམིགས་པ་གསལ་ན་སྐད་ཅིག་རེར་ཡང་དུང་ཕྱུར་མང་པོརའགྲོ་བར་དམར་ཁྲིད་ཚེམ་བུ་ལུགས་སོགས་ནས་བཤད་དོ༔ དེ་ནི་སྣང་བ་སྐུའི་ཁྱེར་སོ་ཡིན་ལ༔ མེ་ཆུ་རླུང་སོགས་འབྱུང་བའི་སྒྲ་དང་༔ སྲོག་ཆགས་ཀྱི་སྐད་གང་ཐོས་ཐམས་ཅད་ཡི་གེ་དྲུག་གམ་བཅུར་བསྒོམ་པ་ནི་གྲག་པ་གསུང་གི་ཁྱེར་སོ་ཞེས་བྱའོ༔ དེ་ལྟ་བུའི་ངང་ནས་བཟླས་པའི་ཕན་ཡོན་ནི༔ མདོ་སྡེ་ཟ་མ་ཏོག་བཀོད་པ་ལས༔ བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཀའ་སྩལ་པ༔ རྣལ་འབྱོར་པ་གཞན་རྣམས་ནི་འབྲས་ཀྱི་ཕུབ་མ་དང་འདྲའོ༔ རྣལ་འབྱོར་པ་ཐམས་ཅད་ཀྱི་ནང་


CMR055_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡི་གེ་དྲུག་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་ནི་འབྲས་ཀྱི་སྙིང་པོར་གྱུར་པའོ༔ རིགས་ཀྱི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་༔ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་༔ བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་༔ བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་༔ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཕྱིར་རོ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་ལན་གསུམ་བརྗོད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ༔ ཞེས་གསུངས་པས་བྱང་ཆུབ་སྨོན་པ་སེམས་བསྐྱེད་ཀྱི་ཉམས་ལེན་ཕར་ཕྱིན་དྲུག་ཀྱང་འདི་ལ་འཐུས་ལ༔ མཆོད་པ་ཐམས་ཅད་ཀྱང་དེ་ལ་ཚང་སྟེ༔ མདོ་དེ་ཉིད་ལས༔ ཡི་གེ་དྲུག་པ་ལན་གཅིག་བཟུང་ནས༔ དེ་བཞིན་གཤེགས་པ་ཐམས་ཅད་ལ་ན་བཟའ་དང་བཤོས་དང་མལ་སྟན་དང་ན་བའི་རྐྱེན་སྨན་དང་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟི་བྱས་པར་འགྱུར་རོ༔ ཞེས་དང་༔ ཐུགས་རྗེ་ཆེན་པོ་གསང་འདུས་རྒྱུད་ལས༔ འཇིག་རྟེན་སེམས་ཅན་སྲོག་བཏོན་པའི༔ བསོད་ནམས་འཕགས་པས་བགྲང་བར་ནུས༔ ཡིག་བདུན་ལན་བདུན་བཟླས་པ་ཡི༔ ཡོན་ཏན་བརྗོད་པར་ག་ལ་


CMR055_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ནུས༔ ཁམས་གསུམ་སེམས་ཅན་མ་ལུས་པ༔ སངས་རྒྱས་སར་བཀོད་བསོད་ནམས་ནི༔ བགྲང་བར་ནུས་ཀྱི་ཡི་གེ་བདུན༔ གཅིག་བརྗོད་ཡོན་ཏན་བགྲང་མི་ནུས༔ རྒྱལ་བ་ནམ་མཁའ་གང་བ་ལ༔ མཆོད་པ་ཕུལ་བའི་བསོད་ནམས་ཚོགས༔ བགྲང་བར་ནུས་ཀྱི་ཡིག་བདུན་པ༔ གཅིག་བརྗོད་ཡོན་ཏན་བགྲང་མི་ནུས༔ ཡིག་བདུན་ཡིད་ལ་སུས་བྱེད་ཚད༔ ཐུགས་རྗེ་ཆེན་པོ་དེ་ཡིན་ཕྱིར༔ བར་ཆད་སེལ་ཞིང་འགྲོ་བ་འདུལ༔ ཞེས་དང་༔ སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་ནས༔ ཨོཾཿཐུགས་རྗེ་ཆེན་པོ་སྐུའི་སྙིང་པོ༔ ཨཱཿགསུང་གི་སྙིང་པོ༔ ཧཱུྃཿཐུགས་ཀྱི་སྙིང་པོ༔ ཧྲཱིཿཡང་སྙིང་་ཡི་གེ་དྲུག་པ་ཉེ་བའི་སྙིང་པོའོ༔ ཞེས་གསུངས་སོ༔ དོན་ཏིག་འགྲོ་བ་ཀུན་གྲོལ་རྒྱུད་ལས༔ རྡོ་རྗེ་གངས་ཆེན་མཚོས་བཀའ་སྩལ་པ༔ མཆོག་དང་ཐུན་མོང་གྲུབ་ཆེན་བརྒྱད༔ འབྱུང་བ་བཞི་ཡི་ཕྲིན་ལས་བཞི༔ ཡི་གེ་བཅུ་པ་བཟུང་བས་འགྲུབ༔ ཅེས་དང་༔ མདོ་སྡེ་ཟ་མ་ཏོག་ལས༔ སྔོན་སངས་རྒྱས་གཙུག་ལྡན་ལས་ཐུབ་པས་གསན་པ༔ གང་འཇིག་རྟེན་གྱི་ཁམས་ན་སྤྱན་རས་གཟིགས་དབང་པོའི་མིང་དྲན་པ་དེའི་བསོད་ནམས་དེ་དག་ནི་བདེ་བ་


CMR055_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་ཡིན་ནོ༔ དེ་དག་ནི་རྒས་པ་དང་ན་བ་དང་འཆི་བའི་སྡུག་བསྔལ་ལས་ཡོངས་སུ་ཐར་བ་ཡིན་ནོ༔ དེ་དག་འཁོར་བའི་ཐ་མ་གཞན་མེད་པའི་སྡུག་བསྔལ་བར་མི་འགྱུར་རོ༔ དེ་དག་ནི་གོས་དཀར་པོ་སྐྱ་བོ་བཞིན་དུ༔ བྱ་ངང་པའི་རྒྱལ་པོ་མགྱོགས་པ་དང་༔ རླུང་གི་ཤུགས་འོང་བ་བཞིན་དུ་བདེ་བ་ཅན་གྱི་ཞིང་ཁམས་སུ་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ལ་ཆོས་མངོན་སུམ་དུ་ཉན་པའི་ཕྱིར་འགྲོའོ༔ ཐོས་ནས་ཀྱང་དེ་དག་གིས་ལུས་ལ་འཁོར་བའི་སྡུག་བསྔལ་མི་འབྱུང་༔ འདོད་ཆགས་དང་ཞེ་སྡང་དང་གཏི་མུག་མི་འབྱུང་༔ རྒས་པ་དང་ཤི་བར་མི་འགྱུར༔ དེ་དག་གི་ལུས་ལ་བཀྲེས་པར་མི་འགྱུར༔ མངལ་ན་གནས་པའི་སྡུག་བསྔལ་བ་ཤེས་པར་མི་འགྱུར་ཏེ༔ ཆོས་ཀྱི་རོས་བསྐྱེད་ནས་དེ་ཉིད་དུ་པདྨོའི་ནང་དུ་སྐྱེ་བར་འགྱུར་ཏེ༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་ཡི་དམ་བརྟན་པོ་རྫོགས་པ་དང་༔ སེམས་ཅན་ཐམས་ཅད་ཐར་པ་ལ་གཞོག་གི་བར་དུ་འཇིག་རྟེན་གྱི་ཁམས་དེ་ན་རྟག་ཏུ་འཛིན་ཅིང་གནས་སོ༔ གསུངས་སོ༔ སྤྱིར་ཐུགས་རྗེ་ཆེན་པོ་བོད་ཁ་བ་ཅན་གྱི་ལྷ་སྐལ་ཡིན་


CMR055_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྙིང་པོ་ཡི་གེ་དྲུག་པ་ལྷག་པར་ངེད་རང་ཁམས་ཕྱོགས་སུ་བཀའ་བབས་པས་འགྲུབ་སླ་སྟེ༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས༔ བོད་ཡུལ་ཁ་བ་ཅན་གྱི་ལྷ་ཡིན་ཞིང་༔ ཁྱད་པར་ཆོས་འདི་ཁམས་ཀོང་ཕྱོགས་སུ་དར༔ ཡིག་དྲུག་བསྟན་པ་མདོ་ཁམས་ཕོ་མོས་འཛིན༔ ཞེས་གསུངས་པ་དང་༔ དུས་ཤིན་ཏུ་སྙིགས་མ་འབྱུང་ཚུལ་ལུང་བསྟན་སྐབས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ དེ་དུས་ཆོས་བྱས་ན་འབྲས་བུ་ཨེ་ཡོད་ལྷ་གང་ཐུགས་རྗེ་ཆེ་ཞུས་པས༔ དམ་ཆོས་བྱས་ན་འབྲས་བུ་དེ་དུས་ཆེ༔ ལྷ་ཚོགས་ཐུགས་རྗེ་སྤྱན་རས་གཟིགས་ཀྱི་ཆེ༔ ཆོས་ཀྱི་མཇུག་མ་ཡི་གེ་དྲུག་པས་སྡུད༔ ཅེས་གསུངས་པས་དུས་ལ་བབས་པའི་ཆོས་ཡིན་པས་བྱིན་རླབས་མྱུར་ཞིང་༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ཆེམས་ལས༔ ལྷ་ཐུགས་རྗེ་ཆེན་པོ་སྒོམས་ཤིག༔ ཆོས་ཡི་གེ་དྲུག་པ་ཟློས་ཤིག༔ ཆོས་དེ་ལས་ཟབ་པ་ནི་པདྨ་འབྱུང་གནས་བདག་གིས་ཀྱང་གསུངས་མི་ཤེས་སོ༔ ཞེས་གསུངས་པས༔ འདིའི་བསྐྱེད་རྫོགས་ཇི་ལྟ་བ་ཞིག་ཤེས་ན་དེ་ལས་ཟབ་པ་ནི་གཅིག་ཀྱང་མེད་དོ༔ དེས་དམིགས་པ་བསྐྱེད་རིམ་སྐོར་དངོས་གཞི་སོང་བ་ཡིན་


CMR055_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རིམ་འདིའི་ཆ་ལག་རིགས་བདག་བསྒོམ་པ་དང་བླ་མའི་རྣལ་འབྱོར་བསྒོམ་པ་གཅིག་ཏུ་བསྡུས་ཏེ་སྟོན་པ་ནི་གཞུང་ལས༔ རྗེ་བླ་མ་རྣམས་ལ་གསོལ་བ་འདེབས༔ ཞེས་གསུངས་པའི་དོན་བཤད་ན་འདི་ལྟ་སྟེ༔ རྟོགས་པ་མ་སྐྱེས་པ་སྐྱེ་བའི་ཐབས་སྐྱེས་པ་བོགས་འདོན་པའི་ཐབས༔ ས་ལམ་གྱི་བར་ཆད་ཞི་བ་ཐམས་ཅད་ལ་བླ་མའི་རྣལ་འབྱོར་བསྒོམ་པ་གལ་ཆེ༔ དེ་ལས་སོ་སོ་སྐྱེ་བོའི་དགེ་བའི་བཤེས་གཉེན་ཐ་མལ་པ་ཡིན་ཀྱང་དེ་སངས་རྒྱས་ཐམས་ཅད་ལས་བཀའ་དྲིན་ཆེ་སྟེ༔ སངས་རྒྱས་ཡེ་ཤེས་ཀྱི་སྐུ་ཅན་རང་རེ་ཐ་མལ་པས་མཇལ་བའི་སྐལ་བ་ཙམ་ཡང་མེད་ན༔ ཆོས་ཐོས་པ་ལྟ་ཅི་སྨོས༔ རྡོ་རྗེ་སློབ་དཔོན་སོ་སོ་སྐྱེ་བོ་ཡིན་ཀྱང་དབང་བསྐུར་ཆོས་བཤད་པའི་ཚེ་སེམས་ཅན་དེ་རྣམས་རྗེས་སུ་འཛིན་པའི་ཕྱིར་དུ་སངས་རྒྱས་བྱང་སེམས་རྣམས་དེའི་རྒྱུད་ལ་ཞུགས་ནས་དད་པ་ཅན་རྣམས་རྗེས་སུ་འཛིན་པར་ཡང་བཤད་དེ༔ དབང་ལུང་གི་རྒྱུན་ཙམ་ལའང་ཉམས་སུ་བླངས་ན་བྱིན་རླབས་འབྱུང་བའང་དེའི་གནད་ཡིན་ལ༔ ཁྱད་པར་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ནི་སངས་རྒྱས་ཐམས་ཅད་དང་དབྱེར་མེད་ཅིང་༔ སངས་རྒྱས་ཐམས་


CMR055_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལས་ཀྱང་གཉེན་པ་ཡིན་ཏེ༔ མཁའ་འགྲོ་རྡོ་རྗེ་གུར་གྱི་རྒྱུད་ལས༔ གང་ཕྱིར་རྡོ་རྗེ་འཛིན་པ་ཞེས༔ དེ་ཉིད་སློབ་དཔོན་གཟུགས་སུ་འཛིན༔ སེམས་ཅན་ཕན་གདགས་དམིགས་ནས་ནི༔ ཐ་མལ་པ་ཡི་གཟུགས་སུ་གནས༔ ཞེས་དང་༔ འཇམ་དཔལ་རྩ་རྒྱུད་ལས༔ འདས་དང་མ་བྱོན་ད་ལྟར་གྱི༔ སངས་རྒྱས་རྣམས་ནི་འཇིག་རྟེན་དུ༔ མི་ཡི་གཟུགས་སུ་ཡང་དག་འབྱུང་༔ ཞེས་དང་༔ གཉིས་མེད་རྣམ་རྒྱལ་རྒྱུད་ལས༔ ལྷ་དང་མི་ཡི་སྟོན་པ་གང་༔ རྐང་གཉིས་ཐམས་ཅད་མཁྱེན་པ་སྟེ༔ མ་འོངས་བླ་མའི་གཟུགས་སུ་གནས༔ དེ་ཉིད་ཚུལ་འདི་བསྟན་པའོ༔ ཞེས་དང་༔ དགོངས་འདུས་ལས༔ བླ་མ་མེད་པའི་གོང་རོལ་ནས༔ སངས་རྒྱས་བྱ་བའི་མིང་ཡང་མེད༔ བསྐལ་པ་འབུམ་གྱི་སངས་རྒྱས་ཀྱང་༔ བླ་མ་དག་ལ་བརྟེན་ནས་འབྱུང་༔ ཞེས་གསུངས་སོ༔ དེ་ལྟ་བུའི་བླ་མའི་རྣལ་འབྱོར་བསྒོམ་དགོས་པ་ཡང་༔ ཨ་ཏི་བཀོད་པའི་རྒྱུད་ལས༔ དྲིན་དང་ལྡན་པའི་བླ་མ་དེ༔ སྤྱི་བོའི་གཙུག་གམ་སྙིང་གི་དབུས༔ ཡན་ལག་མཐིལ་དུ་གང་བསྒོམ་པོ་སངས་རྒྱས་སྟོང་གི་ཡོན་ཏན་ཀྱང་༔ གང་ཟག་དེ་ཡིས་འཛིན་པར་འགྱུར


CMR055_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་༔ དེ་བསྒོམས་ན་ཉམས་རྟོགས་སྐྱེ་བ་སྟེ༔ མཁའ་འགྲོ་མ་ཀུན་ཏུ་སྤྱོད་པའི་རྒྱུད་ལས༔ གང་གི་དྲིན་གྱིས་བདེ་ཆེན་ཉིད༔ སྐད་ཅིག་ཉིད་ལ་འཆར་བ་གང་༔ བླ་མ་རིན་ཆེན་ལྟ་བུའི་སྐུ༔ རྡོ་རྗེ་ཅན་ཞབས་པད་ལ་འདུད༔ ཅེས་གསུངས་སོ༔ བླ་མའི་རྣལ་འབྱོར་མ་བསྒོམས་པར་ཉམས་རྟོགས་མི་སྐྱེ་སྟེ༔ བརྟག་གཉིས་ལས༔ སྐྱ་བ་འཛིན་པ་མེད་པར་ནི༔ གྲུ་ཡིས་ཕ་རོལ་སྒྲོལ་མི་ནུས༔ ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་༔ བླ་མ་མེད་པར་སྲིད་ཐར་མིན་ཞེས་གསུངས་སོ༔ ལྷ་གཞན་སྒོམ་པ་དང་རྩ་རླུང་བསྒོམ་པ་ལས་ཀྱང་བླ་མ་བསྒོམ་པ་ལྷག་སྟེ༔ ཡེ་ཤེས་གསང་བ་སྒྲོན་མའི་རྒྱུད་ལས༔ མཚན་དང་དཔེ་བྱད་ལྡན་པའི་ལྷ༔ བསྐལ་པའི་བར་དུ་བསྒོམ་པ་བས༔ བླ་མ་དྲན་པ་བསོད་ནམས་ཆེ༔ ཞེས་དང་༔ དམ་ཚིག་བཀོད་པ་རྒྱ་མཚོའི་རྒྱུད་ལས༔ རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ནི༔ འདུ་འཛི་རྣམ་གཡེང་སྤངས་ནས་བསྒོམས་པ་བས༔ བླ་མ་རང་སེམས་དཀྱིལ་དུ་དལ་ཅིག་ཤར་བ་ཙམ༔ འབུམ་ཕྲག་ཉི་ཤུའི་ཆར་ཡང་མི་ཕོད་དོ༔ ཞེས་གསུངས་སོ༔ ཉམས་དང་རྟོགས་པ་སྐྱེ་བ་དང་ས་ལམ་


CMR055_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཡོན་ཏན་གོང་འཕེལ་དུ་འགྲོ་བ་ལ་ཡང་བླ་མའི་རྣལ་འབྱོར་འདི་གལ་ཆེ་བ་སྟེ༔ ཀྱེའི་རྡོ་རྗེའི་རྒྱུད་ལས༔ གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས༔ གང་དུ་ཡང་ནི་མི་རྙེད་དེ༔ བླ་མའི་དུས་ཐབས་བསྟན་པ་དང་༔ བདག་གི་བསོད་ནམས་ལས་ཤེས་བྱ༔ ཞེས་དང་༔ ཡེ་ཤེས་མངོན་འབྱུང་གི་རྒྱུད་ལས༔ ས་དང་ལམ་གྱི་རིམ་པ་རྣམས༔ བླ་མའི་མོས་གུས་ལ་ཟླས་བགྲོད༔ བླ་མའི་སྣང་བ་མ་བྲལ་ན༔ སངས་རྒྱས་རྣམས་དང་འབྲལ་མེད་གནས༔ ཞེས་གསུངས་སོ༔ དེ་ལྟ་བུའི་བླ་མ་ལ་རབ་བསྒྲུབ་པའི་མཆོད་པ་སྟེ་བླ་མས་གང་གནང་བའི་ཆོས་དེ་རྟགས་ཐོན་པར་ཉམས་སུ་ལེན་པ་དང་༔ གཞན་ལ་ཡང་སྤེལ་ཞིང་བསྟན་པ་འཛིན་པ་དང་༔ འབྲིང་ལུས་ངག་གི་མཆོད་པ་སྟེ་ལུས་ཀྱིས་བླ་མའི་བྱ་བ་ལས་ཀ་གང་དགོས་སྐྱོ་ངལ་མེད་པར་བསྒྲུབ་ཅིང་དེས་རང་གི་སྒྲིབ་པ་དག་པ་དང་ཚོགས་རྫོགས་པའི་དགའ་བ་བསྒོམ་པ་ལ༔ ཡུས་དང་དྲིན་མི་རྩི༔ རང་གི་བླ་མའི་ཡོན་ཏན་དང་བསྔགས་པ་ཕྱོགས་ཀུན་ཏུ་སྒྲོགས་པའོ༔ ཐ་མ་ཟང་ཟིང་གི་མཆོད་པ་རང་གིས་ཅི་འབྱོར་པ་སེར་སྣ་མེད་པར་ཕུལ་བས༔ ཚོགས་རྫོགས་པའི་དགའ་བ་ལས་དེའི་ཡུས་མི་བསྒོམ༔ དངོས་སུ་མ་


CMR055_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ནའང་ཡིད་ཀྱིས་རང་གི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་འབུལ་ཏེ་མཎྜལ་གྱི་ཚིག་བརྗོད༔ རང་གི་སྲུང་ཟློག་གི་བྱ་བ་གང་བྱེད་ཐམས་ཅད་ཀྱང་གཙོ་བོར་བླ་མའི་སྐུ་རིམ་དུ་དམིགས༔ དེ་ལྟར་བྱས་ན་བསོད་ནམས་དཔག་ཏུ་མེད་པ་ཐོབ་ཅིང་བྱིན་རླབས་ཤུགས་ལས་འབྱུང་བ་རྟེན་འབྲེལ་གྱི་གནད་ཡིན་ཏེ༔ སྡོམ་འབྱུང་ལས༔ མཆོད་པ་ཐམས་ཅད་ཡོངས་སྤངས་ལ༔ བླ་མ་མཆོད་པ་བརྩམ་པར་བྱ༔ དེ་མཉེས་པས་ནི་ཀུན་མཁྱེན་དག༔ གོ་འཕང་དམ་པ་ཐོབ་པར་འགྱུར༔ ཞེས་དང་༔ མཁའ་འགྲོ་མ་ཟིལ་གནོན་གྱི་རྒྱུད་ལས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་གངྒའི་བྱེ་མ་སྙེད་པ༔ བསྐལ་པ་གངྒའི་བྱེ་མ་སྙེད་དུ་བསྐུར་བ་ལས༔ རྡོ་རྗེ་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་གེ༔ ལ་ཏིལ་མར་གྱིས་བྱུག་པ་བསོད་ནམས་ཆེས་ཁྱད་པར་དུ་འཕགས་སོ༔ ཞེས་དང་༔ དཔལ་སཾ་བྷུ་ཊི་ལས༔ གང་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་༔ བྱང་ཆུབ་སེམས་དཔའི་བསོད་ནམས་ལས༔ སློབ་དཔོན་བ་སྤུའི་ཁུང་བུ་མཆོག༔ དེ་བྱིན་བསོད་ནམས་ཁྱད་པར་འཕགས༔ ཞེས་དང་༔ འཁོར་ལོ་བཀོད་པའི་རྒྱུད་ལས༔ རིག་པ་ཆེན་པོ་སངས་


CMR055_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཐམས་ཅད་ཉོན་ཅིག༔ གང་ཟག་ལ་ལས༔ རྡོ་རྗེ་སློབ་དཔོན་གྱི་བྱ་བ་བྱེད་ཅིང་༔ སློབ་དཔོན་ལ་ཕྱག་དང་བསྐོར་བ་བྱེད་པ་དང་༔ མེ་ཏོག་འཐོར༔ རང་གི་དབང་བའི་ཡུལ་མཁར་སྤྱོད་ཡུལ་དུ་འོང་བ་དག་ཕུལ་ཞིང་༔ མ་གུས་པ་དག་སྤང་པ་དེ་ནི་དམ་ཚིག་ཅན་རྣམས་ཀྱིས་བསྲུང་བ་དང་༔ སྐྱོབ་པར་བྱེད་ཅིང་དངོས་གྲུབ་སྟེར་བ་དང་༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་སྟོན་པ་དང་༔ བདུད་ཐམས་ཅད་ཀྱིས་མི་ཚུགས་པ་དང་༔ སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་མྱུར་དུ་འབྱུང་བར་འགྱུར་རོ༔ ཞེས་དང་༔ གསང་བ་འདུས་པའི་རྒྱུད་ལས༔ རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་ཇི་སྙེད་བཞུགས་པ་དང་༔ སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་སྐུ་རྡོ་རྗེ་གསུང་རྡོ་རྗེ་ཐུགས་རྡོ་རྗེ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་བས་ཀྱང་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་གིས་བསོད་ནམས་ཁྱད་པར་དུ་འཕགས༔ ཞེས་གསུངས་སོ༔ ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས༔ འཇམ་དཔལ་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་ནི༔ སྔོན་གྱི་སངས་རྒྱས་


CMR055_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པ་དང་༔ སྦྱིན་པ་ལས་བྱུང་བ་དང་༔ མཆོད་པ་ལས་བྱུང་བ་དང་༔ དེ་དག་གི་ཐད་ནས་བསླབ་པ་བཟུང་བ་ལས་བྱུང་བ་རྣམས༔ སྔོན་འགྲོ་གཅིག་གི་ཟིལ་གྱིས་གནོན་ཏེ༔ དེ་ལས་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱས་པ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པའོ༔ ཞེས་གསུངས་སོ༔ བླ་མ་ལ་གསོལ་བ་བཏབ་ན་བྱིན་རླབས་དང་དངོས་གྲུབ་གང་འདོད་པ་འབྱུང་བ་དང་༔ དེ་བསྙེན་སྒྲུབ་བཟླས་བརྗོད་གཞན་ལས་ལྷག་སྟེ༔ གསང་འདུས་འབུམ་པ་ལས༔ བླ་མ་ལ་གུས་སློབ་མ་ཡིས༔ སྒྲ་རིང་གསལ་བའི་སྐད་གསང་གིས༔ ཐོན་པས་གསོལ་བ་འདེབས་པ་ན༔ དེ་ལ་ང་ཡིས་དངོས་གྲུབ་སྟེར༔ ཞེས་དང་༔ དེ་ཡང་རྒྱང་འབོད་དབྱངས་སོགས་བྱ་བ་ཡང་སྤྱོད་འཇུག་ལས༔ སྤྱན་རིས་གཟིགས་མགོན་དེ་ལ་ཡང་༔ ཉམ་ཐག་ང་རོས་འོ་དོད་འབོད༔ ཅེས་དང་༔ སྐྱབས་ཚོལ་སྙིང་ནས་འོ་དོད་འབོད༔ ཅེས་གསུངས༔ བཀོད་པ་ཆེན་པོའི་རྒྱུད་ལས༔ བསྙེན་སྒྲུབ་བཟླས་པ་ས་ཡ་བས༔ བླ་མའི་གསོལ་འདེབས་གཅིག་བརྗོད་ན༔ ནུས་པ་འབུམ་ཕྲག་ཆར་མི་


CMR055_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཕོད༔ ཅེས་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ མཚན་ཉིད་དང་ལྡན་པའི་བླ་མ་དེ་རྡོ་རྗེ་སེམས་དཔའ་དངོས་ཡིན་ཏེ༔ དེ་ལ་སངས་རྒྱས་དངོས་ཀྱི་མོས་གུས་དང་འབྲལ་མི་རུང་ཞིང་༔ ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཅི་མཉེས་ཀྱི་ཞབས་ཏོག་བྱ་ཞིང་༔ རབ་སྒྲུབ་པའི་ཞབས་ཏོག༔ འབྲིང་ལུས་ངག་ཡིད་གསུམ༔ ཐ་མ་དངོས་པོ་དང་ལོངས་སྤྱོད་ལ་སོགས་པ་ཞེ་ཐག་པ་ནས་ཞབས་ཏོག་ཅི་མཉེས་བྱ་ཞིང་༔ ཅི་གསུང་གི་བཀའ་ཉན་པ་ཨ་ཅང་ཆེ་སྟེ༔ སེམས་ཅན་བརྒྱའི་སྲོག་གཅོད་གསུངས་ཀྱང་སྤྲོ་བཞིན་དུ་བྱེད་པ་གཅིག་དགོས༔ རང་གི་རྩ་བའི་བླ་མ་ནི་སངས་རྒྱས་ལས་ཀྱང་ལྷག་པར་མཆོད་པ་རྒྱུད་བཀའ་ལུང་མཐའ་དག་ནས་གསུངས་ཤིང་༔ ཐེག་པ་ཆེན་པོ་ཚེ་གཅིག་གིས་སངས་རྒྱས་ཐོབ་པར་བྱེད་པ་ཡང་༔ བླ་མའི་བྱིན་རླབས་ཐུགས་ཆུད་ཀྱི་བཀའ་བབས་ལ་བརྟེན་ནས་ཐོབ་པ་ཡིན་པས༔ འདི་ཁོ་ནས་མཉེས་པར་བྱེད་པ་གལ་ཆེ་སྟེ༔ འདི་ཉིད་མཆོད་པའི་བསོད་ནམས་ཀྱི་ཚད་ནི༔ སངས་རྒྱས་མཉམ་སྦྱོར་རྒྱུད་ལས༔ སྟོང་གསུམ་གང་བའི་བྱེ་སྙེད་ཀྱི༔ རྒྱལ་བ་མཆོད་པའི་བསོད་ནམས་ཀྱིས༔ བླ་མའི་བ་སྤུ་གཅིག་མཆོད་པའི༔ བསོད་


CMR055_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་དེ་ནི་ཆར་མི་ཉེ༔ ཞེས་པས་དེ་ལྟར་བླ་མ་མཆོད་ཅིང་༔ མཚན་ཉིད་དང་ལྡན་པའི་བླ་མ་དེ་ཡི་ཕྱི་རོལ་གྱི་སྤྱོད་ལམ་ཐུགས་རྒྱུད་དམ༔ བཀའ་བཀྱོན་དང་མཛད་སྤྱོད་ཅི་ལྟར་མཛད་ཀྱང་༔ ནང་གི་ཐུགས་དགོངས་མི་རྟོགས་པས་དེ་ལ་མ་དད་པའམ༔ ལོག་ལྟ་སྐྱེར་མི་རུང་ཞིང་༔ ཅི་མཛད་བརྡའ་དང་ཆོས་སུ་གོ་བར་བྱ་ཞིང་༔ སྤྱིར་ཡང་གང་ཟག་གི་ཚོད་བཟུང་བར་དཀའ་ཞིང་༔ ཁྱད་པར་སྦས་པའི་རྣལ་འབྱོར་པ་ནང་གི་དགོངས་པ་མི་རྟོག་ཅིང་ཕྱིའི་མཛད་སྤྱོད་མི་ངེས་ལ༔ རང་ཐ་མལ་པའི་ཤེས་རྒྱུད་མ་དག་པའི་སྣང་བ་ཡིན་པས༔ དཔེར་ན་མིག་སྐྱོན་ཅན་གྱིས་གངས་དང་དུང་ལ་སེར་པོར་མཐོང་བ་དང་མཚུངས་སོ༔ གལ་ཏེ་རྩ་བའི་བླ་མ་ལ་མ་དད་ན༔ དངོས་གྲུབ་ཀྱི་སྒོ་འགགས་ཏེ༔ ལས་ཀྱིས་དམྱལ་བར་ལྟུང་ཞིང་ཤེས་བྱ་ཀུན་ལ་མ་རྨོངས་ཀྱང་ཕན་པར་མི་འགྱུར་ཏེ༔ གསང་འདུས་ལས༔ རྩ་བའི་བླ་མ་འདྲེན་པའི་གཙོ༔ འདི་ལ་མ་དད་ལོག་ལྟ་བ༔ ཤེས་བྱ་ཀུན་ལ་མ་རྨོངས་ཀྱང་༔ ཐར་པའི་ལམ་འགགས་དོན་དང་འགལ༔ ཞེས་པས་བླ་མ་བསྟེན་ཚུལ་དེ་ལྟར་བྱའོ་གསུངས་སོ༔ དེ་ལ་བླ་མ་ཐོ་བརྩེགས་སུ་བསྒོམ་པ་དང་ཁྲོམ་


CMR055_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་སུ་བསྒོམ་པ་དང་༔ ཀུན་འདུས་སུ་བསྒོམ་པ་གསུམ་ལས་འདི་ཀུན་འདུས་སུ་བསྒོམས་པས་ཟིན་སླ༔ དེ་ལ་བླ་མ་སྐུ་དངོས་སུ་བསྒོམ་པ་དང་ལྷའི་སྐུ་བསྒོམ་པ་གཉིས་ལས༔ འདིར་ལྷའི་སྐུར་བསྒོམ་པ་གལ་ཆེ་སྟེ་བླ་མ་ལ་སྐྱོན་གྱི་རྣམ་གྲངས་བག་ཙམ་ཡོད་ཀྱང་བླ་མའི་སྐྱོན་མི་འཇུག་བྱིན་རླབས་འཇུག་པའི་གནད་ཡོད་པ་དང་༔ ལྷ་ཡང་འདི་སྣང་བ་མཐའ་ཡས་བསྒོམས་པས་ཐུགས་རྗེ་ཆེན་པོའི་རིགས་བདག་ཡིན་པས་འབྲེལ་ཆེ་བས༔ ཚེ་རིང་བ་དང་ཕྱི་མ་བདེ་བ་ཅན་དུ་སྐྱེ་བ་སོགས་གནད་མང་དུ་ཡོད་པ་ཡིན་ནོ༔ དེ་ནས་དམིགས་པ་དངོས་ནི་རང་ཉིད་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའམ་འགྲོ་འདུལ་དུ་བསྒོམ་པའི་སྤྱི་བོར་པདྨ་འདབ་མ་སྟོང་ལྡན་གྱི་ཟེའུ་འབྲུར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ༔ ངོ་བོ་རང་གི་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་སངས་རྒྱས་སྣང་བ་མཐའ་ཡས་སྐུ་མདོག་བྱི་རུ་ལྟར་དམར་ཞིང་ཉི་མའི་དཀྱིལ་འཁོར་ལྟར་འོད་འབར་བ༔ ཞལ་གཅིག་ཞི་ཞིང་འཛུམ་པ་ལ་མཛོད་སྤུ་དཀར་པོས་བརྒྱན་པ༔ ཕྱག་གཉིས་མཉམ་གཞག་གི་སྟེང་དུ་འཆི་མེད་ཚེའི་བདུད་རྩིས་བཀང་བའི་ལྷུང་བཟེད་བསྣམས་པ༔ སྐུ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དཔེ་བྱད་བཟང་


CMR055_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བརྒྱད་ཅུས་སྤྲས་ཤིང་ཆོས་གོས་རྣམ་པ་གསུམ་གསོལ་ནས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་བསྒོམས༔ དེའི་དཔྲལ་བར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ག༔ ཐུགས་ཀའི་དབུས་སུ་ཟླ་བ་ལ་ཧྲཱིཿཡིག་དམར་པོས་མཚན་པ་ལས་འོད་དམར་ཕྱོགས་བཅུར་འཕྲོས་པས༔ རྒྱ་གར་གྱི་རིག་འཛིན་བརྒྱད་གྲུབ་ཆེན་བརྒྱད་ཅུ་རྩ་ལྔ༔ ཨོ་རྒྱན་རིན་པོ་ཆེ་རྗེ་འབངས་ཉི་ཤུ་རྩ་ལྔ་གཏེར་སྟོན་བརྒྱ་དང་རྩ་བརྒྱད༔ ཁྱད་པར་རང་གི་དད་པ་གང་ལ་ཡོད་པ་དང་དབང་ལུང་གི་འབྲེལ་བ་ཐོབ་པའི་རྩ་བ་དང་བརྒྱུད་པའི་བླ་མ་ཐམས་ཅད་ཁ་བ་བུ་ཡུག་ལྟར་སྤྱན་དྲངས་ནས་སྣང་བ་མཐའ་ཡས་ལ་ཐིམ་པས་བླ་མ་ཀུན་འདུས་སུ་བསྒོམ༔ མཎྜལ་རྒྱས་པར་འབུལ་བའམ༔ ལུས་དང་ལོངས་སྤྱོད་དགེ་བའི་རྩ་བ་བཅས༔ རང་གཞན་རྒྱུད་ཀྱིས་བསྡུས་པའི་གོ་ས་ནས༔ ཀུན་བཟང་མཆོད་པའི་སྤྲིན་དང་བདེ་ཆེན་རོས༔ ཟག་མེད་བླ་མའི་དགོངས་པ་རྫོགས་ཕྱིར་མཆོད༔ ཅེས་གསུངས་ས་གཞི་སྤོས་བྱུག་མ་བྱ༔ སྐུ་གསུམ་གསོལ་འདེབས་ལེའུ་བདུན་མ་ལྟར་རམ༔ མ་ནམ་མཁའ་མི་གསོལ་བ་འདེབས་སོ་ལ་བསྒྱུར༔ ཡི་གེ་དྲུག་པ་ལ་


CMR055_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་ཐམས་ཅད་ཚང་བར་སྤྲུལ་པའི་རྒྱལ་པོས་གསུངས་པ་དང་༔ བཛྲ་གུ་རུ་ཡང་ཕྱི་ལྟར་གསོལ་འདེབས་ཀྱི་སྙིང་པོ་ཡིན་པར་གསུངས་པས༔ དེ་གཉིས་གང་རུང་ཕྲེང་སྐོར་རེ་ཙམ་བཟླའོ༔ དེ་ནས་དབང་བླང་བ་ནི༔ ཡེ་ཤེས་རྒྱ་མཚོའི་རྒྱུད་ལས༔ བླ་མའི་སྐུ་ཡི་དཀྱིལ་འཁོར་ལས༔ དབང་བཞི་ཡོངས་རྫོགས་བླང་གྱུར་ན༔ ས་ལམ་མ་ལུས་ཚེ་འདིར་བགྲོད༔ ཅེས་གསུངས་པས༔ བླ་མ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་དཔྲལ་བ་ནས་འོད་ཟེར་དཀར་པོ་བྱུང་༔ རང་གི་དཔྲལ་བར་ཐིམ༔ སྐུའི་བྱིན་རླབས་ཞུགས༔ མགྲིན་པ་ནས་འོད་ཟེར་དམར་པོ་བྱུང་རང་གི་མགྲིན་པར་ཐིམ་པས་གསུང་གི་བྱིན་རླབས་ཞུགས༔ བླ་མའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་བྱུང་རང་གི་སྙིང་གར་ཐིམ་པས་ཐུགས་ཀྱི་བྱིན་རླབས་ཞུགས༔ བླ་མའི་སྐུའི་ཆ་ཐམས་ཅད་ནས་འོད་ཟེར་སྣ་ཚོགས་བྱུང་ནས་རང་གི་ལུས་ཐམས་ཅད་ལ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་ཐོབ༔ སྡིག་སྒྲིབ་ཐམས་ཅད་དག་པར་བསྒོམ་པ་དང་༔ བླ་མའི་དཔྲལ་བའི་ཨོ་ལས་ཨོཾ་ཡིག་དཀར་པོ་འཕྲོས་རང་གི་སྤྱི་བོར་ཐིམ་པ་དང་དེ་བཞིན་དུ་མགྲིན་པ་ནས་


CMR055_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཡིག་དམར་པོ་དང་༔ ཐུགས་ཀ་ནས་ཧཱུྃ་ཡིག་སྔོན་པོ་དང་༔ ལྟེ་བ་ནས་ཧྲཱིཿཡིག་ལྗང་གུ་རྣམས་འཕྲོས་ནས་རང་གི་སྤྱི་མགྲིན་སྙིང་ག་ལྟེ་བ་རྣམས་སུ་ཐིམ་པས་སྒྲིབ་པ་བཞི་དག་དབང་བཞི་ཐོབ་པར་བསྒོམ་པ་དང་༔ བླ་མའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་རང་གི་ཚངས་བུག་ནས་ཞུགས་ཏེ༔ དཔྲལ་བ་གང་བས་ལུས་སྒྲིབ་དག་བུམ་དབང་ཐོབ༔ མགྲིན་པ་གང་བས་ངག་སྒྲིབ་དག་གསང་དབང་ཐོབ༔ སྙིང་ག་གང་བས་ཡིད་སྒྲིབ་དག་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ལུས་ཐམས་ཅད་ལྟེམ་གྱིས་གང་བས་སྒོ་གསུམ་ཆ་སྙོམས་ཀྱི་སྒྲིབ་པ་དག༔ ཚིག་དབང་རིན་པོ་ཆེ་ཐོབ་པར་བསྒོམ༔ དམིགས་པ་ཟིན་དཀའ་ན་རྗེས་མ་འདི་ཡིས་ཆོག༔ དེ་ཡང་བདུད་རྩི་དེ་ག་པུར་གྱི་ཆུའི་རང་བཞིན་བསིལ་ངད་ཅན་བསྒོམས་པས་ཚད་པའི་ནད་སེལ༔ བདུད་རྩི་དམར་པོ་ཁྲོ་ཆུ་ལྟར་བསྒོམས་པས་གྲང་བ་སེལ༔ སེར་པོ་འབྲི་མར་ཁུ་བ་ལྟར་སྣུམ་བཅུད་ལྡན་པར་བསྒོམས་པས་རླུང་ནད་སེལ༔ ཕྱག་གི་ལྷུང་བཟེད་ནས་ཚེའི་བདུད་རྩི་ལུད་པ་དང་སྦྲགས་པས་ཚེའི་བར་ཆད་སེལ་ལོ༔ དེ་ནས་ཐུན་མཚམས་སུ་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས༔ རྩ་བ་དང་


CMR055_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པའི་བླ་མ་རྣམས་ཀྱི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་ཆུ་དང་འོ་མ་འདྲེས་པ་ལྟར་གྱུར༔ ཕྱི་སྣོད་འཇིག་རྟེན་སངས་རྒྱས་ཀྱི་ཞིང་ཁམས་སུ་བསྒོམ་པ་ནང་བཅུད་སེམས་ཅན་ལ་ཐིམ༔ སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོ་རིགས་ལྔར་གསལ་བ་རང་ལ་ཐིམ༔ རང་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ༔ སྔགས་ཕྲེང་ཧྲཱིཿལ་ཐིམ༔ ཧྲཱིཿཡང་ཇེ་ཕྲ་ནམ་མཁའ་ལ་འཇལ་ཡལ་བ་ལྟར་ཅི་ཡང་མི་བསྒོམ་པར་སེམས་རང་ལུགས་སུ་ཀློད་ལ་བཞག༔ གཉིད་ཁ་དེ་ལྟར་བསྒོམས་པས་གཉིད་འོད་གསལ་དུ་འགྲོ་བ་དང་འཆི་ཁ་ཡང་དེ་ལྟར་བསྒོམས་པས་འཆི་དུས་ཐུགས་དམ་འོད་གསལ་འཛིན་ལུགས་ཀྱང་དེ་ལྟར་ཡིན་ལ༔ དེ་ལྟར་གནས་ན་ལྷ་བསྒོམ་པ་དང་ཕྱག་བསྐོར་བ་སོགས་བླ་མ་མཆོད་པ་ཡང་དེ་ཡིན་ཏེ༔ བླ་མ་ཆོས་སྐུའི་རྣལ་འབྱོར་ཞེས་བྱའོ༔ ཀྱེའི་རྡོ་རྗེའི་རྒྱུད་ལས༔ བསྒོམ་མེད་སྒོམ་པ་པོ་ཡང་མེད༔ ལྷ་མེད་སྔགས་ཀྱང་ཡོད་མ་ཡིན༔ སྤྲོས་པ་མེད་པའི་རང་བཞིན་ལ༔ ལྷ་དང་སྔགས་རྣམས་ཡང་དག་གནས༔ རྣམ་སྣང་མི་བསྐྱོད་དོན་གྲུབ་དང་༔ རིན་ཆེན་དཔག་མེད་སེམས་དཔའོ༔ ཞེས་དང་༔ རྡོ་རྗེ་རྩེ་མོ་ལས༔ སྔགས་རྣམས་ཀྱི་


CMR055_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མཚན་ཉིད་ནི༔ སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ༔ ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་ཡིན༔ ཆོས་ཀྱི་དབྱིངས་དང་ཡང་དག་ལྡན༔ སྔགས་ཀྱི་མཚན་ཉིད་ཡིན་པར་བརྗོད༔ ཅེས་དང་༔ ནམ་མཁའ་རིན་པོ་ཆེའི་མདོ་ལས༔ ཇི་ལྟར་ཆུ་ལ་ཆུ་བཞག་དང་༔ ཇི་ལྟར་མར་ལ་མར་བཞག་ལྟར༔ རང་གིས་རང་གི་ཡེ་ཤེས་འདི༔ ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན༔ ཞེས་གསུངས་པས་སེམས་མ་བཅོས་པར་ཞོག་ཅིག༔ དེས་ཆོས་འབྲུ་ལྔ་པ་སོང་༔ ༒ དེ་ནས་ཆོས་འབྲུ་དྲུག་པ་ནི་གཞུང་ལས༔ དེ་ནས་སེམས་ལ་ཕར་ལྟོས་དང་༔ ཅི་ཡང་མི་དྲན་གཏི་མུག་འདྲ༔ དེ་ལ་གནས་པ་ངོས་བཟུང་ངོ་༔ ཞེས་གསུངས་པའི་དོན་བཤད་ན༔ དང་པོ་མ་བསྒོམ་པའི་ཉེས་དམིགས་བསྒོམ་པའི་ཕན་ཡོན་བསྒོམ་རྒྱུ་གང་ཡིན་ངོས་བཟུང་༔ དམིགས་ཐུན་དངོས་དང་བཞི་ལས༔ དང་པོ་ནི་ཆོས་ཤེས་ནས་མ་བསྒོམས་ན་རྒྱ་མཚོའི་འགྲམ་དུ་སྐོམ་ནས་ཤི་བ་དང་འདྲ་སྟེ༔ འཕགས་པ་སྡོང་པོ་བཀོད་པའི་མདོ་ལས༔ ཡང་དག་སངས་རྒྱས་བསྟན་པ་འདི༔ ཐོས་པ་ཙམ་གྱིས་མི་འགྲུབ་བོ༔ དཔེར་ན་ལ་ལ་ཆུ་


CMR055_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུང་གིས༔ སྟོབས་མེད་ནན་གྱིས་ཁྱེར་བ་དག༔ སྐོམ་པས་ཤི་བར་གྱུར་པ་བཞིན༔ མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ༔ ཞེས་དང་༔ དཀོན་མཆོག་བརྩེགས་པ་ལས༔ འོད་སྲུང་འདི་ལྟ་སྟེ་དཔེར་ན་མི་ལ་ལ་ཞིག་རྒྱ་མཚོའམ་ཆུ་བོ་ཆེན་པོས་ཁྱེར་ལ་ཆུས་སྐོམ་བཞིན་དུ་འཆི་བའི་དུས་བྱེད་པ་བཞིན་དུ༔ འོད་སྲུང་འདི་ལ་དགེ་སྦྱོང་དང་བྲམ་ཟེ་མང་པོ་ཁ་ཅིག་ཆོས་མང་པོ་བསླབས་ནས་ཀུན་ཆུབ་པར་བྱས་ཀྱང་༔ འདོད་ཆགས་ལ་སྲེད་པ་མི་སེལ༔ ཞེ་སྡང་ལ་སྲེད་པ་མི་སེལ༔ གཏི་མུག་ལ་སྲེད་པ་མི་སེལ་བ་དེ་དག༔ ཆོས་ཀྱི་རྒྱ་མཚོས་ཁྱེར་ལ་ཉོན་མོངས་པའི་སྐོམ་པས་འཆི་བའི་དུས་བྱེད་པར་འགྱུར་ཏེ༔ ངན་འགྲོར་འགྲོ་བར་འགྱུར་རོ༔ ཞེས་དང་༔ འོད་སྲུང་གིས་ཞུས་པའི་མདོ་ལས༔ མི་གཅིག་རྒྱ་མཚོའི་ནང་དུ་སྐོམ་ནས་འཆི་བ་བཞིན་དུ༔ དགེ་སློང་མང་དུ་ཐོས་པ་ཡང་ཐོས་པས་བརྒྱགས་ནས༔ ཉོན་མོངས་པ་མི་སྤང་ན་ངན་སོང་དུ་སྐྱེའོ༔ ཞེས་དང་༔ འཕགས་པ་སྡོང་རྒྱན་ལས༔ ཆོས་མང་དུ་ཐོས་ནས་ཉམས་སུ་མི་ལེན་པ་ནི་དཔེར་ན་མི་དབུལ་པོས་ལས་སུ་མིའི་ནོར་བགྲང་ཡང་བདག་ལ་གཅིག་ཀྱང་བྱར་མེད་པ་དང་འདྲའོ༔ ཞེས་དང་༔ མདོ་


CMR055_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཐལས༔ ཆོས་རྣམས་ཡོངས་སུ་མ་བསྒོམས་པར༔ ཆོས་ཉིད་མཐོང་བར་མི་འགྱུར་ཏེ༔ ཆུ་ནི་མཐོང་དང་ཐོས་པ་ཡི༔ མ་འཐུང་སྐོམ་པ་སེལ་མི་འགྱུར༔ ཞེས་དང་༔ སྡོང་པོ་བཀོད་པ་ལས༔ ཇི་ལྟར་འགྲོ་བ་མང་པོ་ལ༔ ཟས་དང་སྐོམ་དག་སྦྱིན་བྱས་ཀྱང་༔ བདག་ཉིད་བཀྲེས་ནས་ཤི་བ་ལྟར༔ མ་བསྒོམས་ཆོས་ཀྱང་དེ་དང་འདྲ༔ ཇི་ལྟར་དབྱིག་གི་བང་མཛོད་དུ༔ རིན་ཆེན་མང་པོ་བགྲང་བྱེད་ཀྱང་༔ བག་ཞད་ཙམ་ཡང་མི་འཐོབ་བཞིན༔ ཆོས་ལ་མ་བསྒོམས་དེ་དང་འདྲ༔ ཞེས་དང་༔ ཐལ་ཆེན་ལས༔ དཔེར་ན་འོན་པ་རོལ་མོ་མཁན༔ གཞན་དག་དེ་ཡིས་དགའ་བྱེད་ཀྱང་༔ བདག་ཉིད་ཀྱིས་ནི་མི་ཐོས་ན༔ མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ༔ ཆུ་བོ་དག་གང་རྒྱ་མཚོ་ལས༔ གྲུ་དང་གཟིང་བཅས་མཉན་པ་ཡི༔ གཞན་དག་དེ་ཡིས་སྒྲོལ་བྱེད་ཀྱང་༔ བདག་ཉིད་ཆུ་ལ་ཤི་བ་ལྟར༔ མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ༔ ཞེས་གསུངས་པས༔ ཆོས་ལ་མཁས་ཀྱང་རང་གིས་མ་བསྒོམས་ན་མི་ཕན་ལ༔ ཐ་མལ་པ་རྣམས་ཀྱང་ཁྲིད་ཐོབ་བཞིན་མ་འཁྲེབ་པར་ཉམས་སུ་ལེན་པ་གལ་ཆེའོ༔ གཉིས་པ་བསྒོམས་པའི་ཕན་


CMR055_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ནི༔ ཏིང་འཛིན་རྒྱལ་པོ་ལས༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལམ་ལ་བཙུད་པ་བས༔ ཆོས་བདག་མེད་པ་ལ་མོས་ནས་དགོན་པའི་ཕྱོགས་སུ་གོམ་པ་བདུན་བོར་བ་བསོད་ནམས་ཆེའོ༔ ཞེས་དང་༔ དེ་ཁོ་ན་ཉིད་ངེས་པར་བསྟན་པའི་མདོ་ལས༔ ཤཱ་རིའི་བུ་གང་གིས་བསྐལ་པ་བཅུའི་བར་དུ་མཉན་པ་བས༔ གང་གིས་སེ་གོལ་ཏོག་པའི་ཡུད་ཙམ་དུ་དེ་ཁོ་ན་ཉིད་ཀྱི་དོན་བསྒོམས་ན་དེས་བསོད་ནམས་མང་དུ་འཕེལ་ལོ༔ ཤཱ་རིའི་བུ་དེ་ལྟ་བས་ན་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་འདི་གཞན་དག་ལ་ནན་ཏན་གྱིས་གདམས་པར་བྱའོ༔ ཤཱ་རིའི་བུ་གང་སངས་རྒྱས་ཀྱི་བསྟན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཏིང་ངེ་འཛིན་འདི་ལ་གནས་པ་ཤ་སྟག་གོ༔ གསུངས་སོ༔ རྟོག་པ་ཆེན་པོའི་མདོ་ལས༔ ཐང་གཅིག་བསམ་གཏན་ཐུན་ཞུགས་ན༔ ཁམས་གསུམ་གང་བའི་མི་རྣམས་ལ༔ སྲོག་བྱིན་པས་ནི་འདི་དོན་མ༔ ཞེས་དང་༔ དམ་པ་འཇུག་པའི་མདོ་ལས༔ སེམས་ཅན་ཐམས་ཅད་ལ་ཇི་སྲིད་འཚོའི་བར་དུ༔ འཚོ་བའི་ཡོ་བྱད་ཀྱི་ཚོགས་བསགས་པ་བས༔ སྟོང་པ་ཉིད་ཐུན་གཅིག་བསྒོམ་པ་བསོད་ནམས་ཆེའོ༔ ཞེས་དང་༔


CMR055_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཁྲི་ལས༔ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཅིག་འཁོད་པ་དེ་དག་སྦྱིན་པས་ཡོངས་སུ་ཚིམས་པར་བྱས༔ ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་༔ རྒྱུན་དུ་ཞུགས་པ་དང་རང་བྱང་ཆུབ་ལ་བཀོད་པ་བས༔ གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སེ་གོལ་གཏོགས་པ་ཙམ་ཞིག་བསྒོམ་པ་བསོད་ནམས་ཆེས་མང་དུ་འཕེལ་ལོ༔ ཞེས་དང་༔ གཙུག་ཏོར་ཆེན་པོའི་མདོ་ལས༔ བསྐལ་པ་མང་པོའི་བར་དུ་ཐོས་པ་བསགས་པ་བས༔ ཉིན་གཅིག་ཆོས་ཉིད་ཀྱི་དོན་བསྒོམ་པ་བསོད་ནམས་ཆེའོ༔ དེ་ཅིའི་ཕྱིར་ཞེ་ན༔ སྐྱེ་ཤིའི་ལམ་དང་རིང་དུ་བྱེད་པའི་ཕྱིར་རོ༔ ཞེས་དང་༔ ས་ཆེན་གྱི་མདོ་ལས༔ རྣལ་འབྱོར་སློབ་པར་འདོད་པས་དོན་ཉམས་སུ་བླང་བ་ལ་བསླབ་པར་བྱའོ༔ བརྟགས་པའི་ཐ་སྙད་ཇི་ཙམ་སྙེད་ཅིག་ཤེས་ཀྱང་ཚིག་གི་དོན་རྟོགས་པོ་དང་མི་འདྲའོ༔ ཞེས་དང་༔ ཏིང་ངེ་འཛིན་མཆོག་དམ་པའི་མདོ་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ གཞན་ཡང་མི་གཅིག་གིས་གོང་དུ་སྨོས་པའི་བསོད་ནམས་ཐམས་ཅད་


CMR055_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བར་བྱེད་ནུས་ལ༔ མདོ་སྡེ་བཅུ་གཉིས་དང་བསྟན་བཅོས་པོ་ཏི་བཅོ་ལྔ་རྙེད་ཀྱང་ཁ་ཐོན་དུ་འདོན་ཅིང་འཆད་ནུས་ཏེ༔ ཚུལ་ཁྲིམས་དང་བཟོད་པ་དང་བྱམས་པ་ལ་སོགས་པ་ཡང་སྤྱོད༔ སྦྱིན་པར་བྱེད༔ མང་དུ་ཐོས་པའི་མཆོག་ཏུ་གྱུར་ལ་ཆོས་སྟོང་ཞིང་ཞི་བའི་དོན་ཡང་སྟོན་ཏེ༔ ཉན་པའི་མངོན་པར་ཤེས་པ་ལྔ་ཐོབ་པར་བྱེད༔ དེ་ལྟར་ཕན་པ་དང་བདེ་བའི་དོན་བྱས་ཀྱང་༔ དེ་བས་མི་ཞིག་ཉིན་གཅིག་གམ་མཚན་གཅིག་ཏིང་ངེ་འཛིན་ལ་ཞུགས་པ་ཙམ་མི་ཕོད་དོ༔ དེ་ཅིའི་ཕྱིར་ཞེ་ན༔ མང་དུ་ཐོས་པའི་གང་ཟག་ནི༔ རིའམ་རྒྱ་མཚོ་ལྟར་ང་རྒྱལ་གྱི་སེམས་ཆེའོ༔ དེ་ལྟར་ང་རྒྱལ་གྱི་སེམས་ཆེ་བ་ནི༔ ངན་སོང་དུ་བསྐལ་པ་དཔག་མེད་ཀྱི་བར་དུ་སྡུག་བསྔལ་མྱོང་བར་འགྱུར་རོ༔ ཞེས་དང་༔ ཏིང་ངེ་འཛིན་མཆོག་དམ་པའི་མདོ་ལས༔ གང་ལ་བསམ་གཏན་ཏིང་ངེ་འཛིན་ཡོད་པ་ནི༔ སྐྱེ་ཤི་འཁོར་བའི་སྡིག་ཁ་ན་མ་ཐོ་བའི་ལྕི་བ་ཡང་འབྱོང་བར་འགྱུར་རོ༔ བསམ་གཏན་གྱི་ཏིང་ངེ་འཛིན་ནི་རྒྱ་མཚོ་དང་འདྲ་སྟེ༔ ངས་བསམ་གཏན་དང་ཏིང་ངེ་འཛིན་གྱི་བསོད་ནམས་དང་ཕན་ཡོན་བཤད་ན་ཟད་པའི་མཐའ་


CMR055_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དེ༔ བསྐལ་པར་ཡང་མི་རྫོགས་སོ༔ ཞེས་སོགས་རྒྱ་ཆེར་གསུངས་སོ༔ འོ་ན་དེ་ལྟར་ཕན་ཡོན་ཆེན་པོ་དང་ལྡན་པའི་ཏིང་ངེ་འཛིན་དེ་གང་ཡིན་ཞེ་ན༔ ང་འཇུག་ཡིན་ནོ༔ དེ་ལ་པཎྜི་ཏའི་དཔྱད་སྒོམ་ཞེས་པ་སྒྲོ་འདོགས་ཕྱི་ནས་བཅད༔ རྒྱལ་བའི་བཀའ་མདོ་རྒྱུད་ལ་ཐོས་བསམ་རྒྱ་ཆེན་པོ་བྱས་ཏེ༔ ལུང་དང་རིགས་པའི་སྒོ་ནས་ལྟ་བའི་གནས་ལུགས་གཏན་ལ་ཕབ་ནས༔ ད་གཟོད་བསྒོམ་དགོས་ཏེ་དམིགས་པ་དེ་མིན་ཡང་གོལ་ས་སོགས་སུ་འཆོར་བའི་ཉན་ཡོད་ཅེས་བཤད་ཀྱང་༔ ཀུ་སཱ་ལའི་འཇོག་སྒོམ་ནི་སྤྲོས་པ་ནང་ནས་གཅོད་པ་སྟེ༔ དེ་ལྟར་ཐོས་བསམ་བྱས་ཀྱང་ནམ་མཁའ་ལ་འདོམ་འཇལ་བྱས་པ་དང་འདྲ་བས་མཐའ་ཆོད་པ་མི་སྲིད༔ ཚེ་ལ་ལོང་མེད་པས་བླ་མའི་གསུངས་བཞིན་ཉམས་སུ་བླངས་པས༔ ཞི་གནས་དང་ལྷག་མཐོང་དང་ཟུང་འཇུག་རྣམས་རིམ་གྱིས་འཆར་བས་ཐབ་ཀྱི་མེ་བསད་ན་སྐར་ཁུང་གི་དུ་བ་རང་འགགས་སུ་འགྲོ་བ་དང་འདྲ་གསུངས་ཏེ༔ ཨོ་རྒྱན་རིན་པོ་ཆེས༔ འདི་ཉིད་མ་རྟོགས་པཎྜི་ཏ་ཡང་འཁྲུལ༔ འདི་ཉིད་རྟོགས་ན་བ་ལང་རྫི་ཡང་གྲོལ༔ རང་གི་ཁ་རུ་མྱོང་བའི་བུ་རམ་ལ༔ དེ་ལ་གཞན་


CMR055_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རོ་བཤད་མི་དགོས་ལྟར༔ བཤད་མི་ཤེས་ཀྱང་མངོན་སུམ་གཏན་ལ་ཕེབ༔ ཅེས་གསུངས་པས་འདིར་ཀུ་སཱ་ལའི་འཇོག་སྒོམ་དུ་བྱ་བ་ཡིན༔ འདིར་དང་པོ་ཞི་གནས་ཀྱི་ཁྲིད་བཏབ་པས་རིམ་གྱིས་ལྷག་མཐོང་ངོ་འཕྲོད་དེ༔ སྒོམ་ཐོག་ནས་ལྟ་བ་བཙལ་བས་རྟོགས་པ་བསྟན་པ་ཡིན༔ འགའ་ཞིག་སྔོན་དུ་ཁྲིད་ཐོབ་པས་ལྷག་མཐོང་ཅུང་ཟད་ངོ་འཕྲོད་ཀྱང་ཞི་གནས་ཀྱི་ཉམས་མ་སྐྱེས་ན་རྩལ་དང་ཡོན་ཏན་མི་རྫོགས་པས་འདིར་བོགས་འདོན་དུ་ཡང་འགྱུར་བ་སྟེ༔ མྱ་ངན་འདས་ཆེན་ལས༔ ཞི་གནས་དང་ལྡན་པ་ལྷག་མཐོང་གིས་གྲོལ་བ་དང་༔ ལྷག་མཐོང་དང་ལྡན་པ་ཞི་གནས་ཀྱིས་གྲོལ་བར་གསུངས་སོ༔ དེ་ལ་ཞི་གནས་སྐྱེ་བའི་རྒྱུ་ལུས་ངག་ཡིད་གསུམ་དབེན་པ་ལས་འབྱུང་བ་སྟེ༔ སྤྱོད་འཇུག་ལས༔ ལུས་དང་སེམས་ནི་དབེན་པ་ལས༔ རྣམ་པར་རྟོག་པ་མི་འབྱུང་ངོ་༔ ཞེས་གསུངས་སོ༔ དེ་ནས་དབེན་པར་སྟན་བདེ་བ་ལ་ལུས་གནད་བཅའ་དགོས་ཏེ༔ རྒྱུད་ཀྱི་རྒྱལ་པོ་རྙོགས་པ་མེད་པ་ལས༔ དེ་ནས་སྐྱིལ་ཀྲུང་བཅས་ནས་ནི༔ སྣ་ཡི་རྩེ་མོར་བལྟས་ནས་ཀྱང་༔ རང་གི་རང་བཞིན་རྣལ་འབྱོར་གྱིས༔ དེ་ཉིད་མཐོང་བས་བཞག་པར་བྱ༔ སྙིང་གའི་


CMR055_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གནད་དུ་ལག་པ་གཉིས་དཔུང་པ་ཤད་ཤད་ལ་ཟེར། འབད་པས་མཉམ་པར་བཞག་བྱས་ནས༔ མི་རྟོག་པ་ཡི་རང་བཞིན་དུ༔ གང་ཚེ་སེམས་ནི་རབ་རྒྱུ་བ༔ སངས་རྒྱས་ཐམས་ཅད་འདུས་པའི་བདག༔ དེ་ཚེ་དེ་ལ་སྐྱེ་བར་འགྱུར༔ ཞེས་དང་༔ གདན་བཞི་ལས༔ ཡིད་དུ་འོང་བའི་ས་ཕྱོགས་སུ༔ དབེན་པའི་སྟན་ལ་གནས་ནས་སེམས་དཔའི་སྐྱིལ་ཀྲུང་བཅས་ནས་ནི༔ ལག་གཉིས་གསང་བའི་གནས་སུ་བཞག༔ མིག་ནི་སྣ་རྩེར་བལྟས་ནས་སུ༔ དབུགས་ནི་ལྟེ་བའི་རྩ་བར་བཟུང་༔ ཐད་ཀ་ཀུན་ཡངས་པ་ནི༔ ཞེས་དང་༔ རྒྱན་སྟུག་པོ་བཀོད་པ་ལས༔ པདྨོའི་གནས་སུ་སྟན་བཅས་ཏེ༔ སྐྱིལ་མོ་ཀྲུང་དང་མཉམ་བཞག་ཅིང་༔ རྟག་ཏུ་རྣལ་འབྱོར་སྦྱོང་བར་གྱིས༔ འདོད་ཆགས་བདེ་ལས་རྣམ་པར་དབེན༔ དབང་པོ་དབང་པོའི་དོན་རྣམས་ཀྱིཿ་་་ཆགས་པ་ལ་ཟེར། ཐམས་ཅད་ལས་ཀྱང་ཕྱིར་བཟློག་ཅིང་༔ ལྕགས་ཀྱུས་གླང་པོ་ཇི་བཞིན་དུ༔ སེམས་ནི་མཉམ་པར་གཞག་པར་གྱིས༔ ཞེས་དང་༔ པདྨ་གསུང་གི་རིག་འཛིན་ཆེན་པོ་ནཱ་གརྫུ་ནའི་ཞལ་ནས༔ སྐུ་ནི་དགྱེ་བ་མ་ཡིན་ནོ༔ རྒུ་བ་ཡང་ནི་མ་ཡིན་ནོ།


CMR055_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་བཏང་པ་དང་རྔུབ་པ་མིན༔ གསུང་པ་མ་ཡིན་མི་གསུང་མིན༔ སྤྱན་བཟང་བཙུམ་པ་མ་ཡིན་ལ༔ ཕྱེ་བ་ཡང་ནི་མ་ཡིན་ནོ༔ ཞེས་གསུངས་པ་ལྟར་རྣམ་སྣང་གི་ཆོས་བདུན་བྱ་སྟེ༔ རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་ངམ་སེམས་སྐྱིལ་གང་རུང་ལ་རྐང་པ་གཡས་སྟེང་དུ་བྱས་འོག་རླུང་ཅུང་ཟད་སྡོམ་པའི་གནད་ཀྱིས་ཐུར་སེལ་གྱི་རླུང་ཟིར༔ ཐིག་ལེ་བརྟན་ཞིང་ཟོ་མདོག་བདེ༔ སྒལ་པ་གསེར་གྱི་ཏོང་ཙེ་ལྟར་བསྲང་རྐེད་པ་ཅུང་ཟད་འཐེན་གསུས་པ་ཨིན་ཙམ་ལྡིར༔ སྐེད་པ་ཉག་བྱས་རོ་སྟོད་ཅུང་ཞིག་དགྱེ་བས་སྲོག་འཛིན་གྱི་རླུང་དང་མེ་མཉམ་གྱི་རླུང་ཟིན༔ དྲོད་སྐྱེ་རིག་པ་དང་འབྱུང་བ་སྙོམས་པའི་གནད་ཡོད༔ ལག་པ་མཉམ་བཞག་གཡོན་པའི་སྟེང་དུ་གཡས་བཞག་ལ་སུས་པ་ཅུང་ཟད་བཅར༔ མཐེ་བོང་ལྟོ་གི༔ སྦྱར་བའམ་མཐེ་བོང་གཉིས་ཀྱིས་སྲིན་ལག་གི་འཕར་རྩ་མནན༔ དཔུང་པ་རྒོད་གཤོག་ལྟར་བརྐྱང་ཞྭ་བཞི་ཁྲིམས་བྱ་རྐང་སོར་བསྐུམ༔ དེ་རྣམས་ཀྱི་ཁྱབ་བྱེད་ཀྱི་རླུང་ཟིན་དབུ་མའི་ཁ་འབྱེད་ཐིག་ལེ་ཁྲེམ་ལུས་བདེ་བས་ཁྱབ་བོ༔ མགྲིན་པོ་ཨེན་ཙམ་འགུགས་མཆུ་མི་བསུམ་སོ་བར་ཅུང་ཟད་ཡོད་པར་བྱ༔ མིག་སྣ་རྩེའི་ཐད་ཀྱི་ནམ་མཁའ་ལ་བལྟ་དེ་རྣམས་ཀྱིས་


CMR055_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

གྱེན་རྒྱུའི་རླུང་ཟིན་ཏེ་རླུང་རང་གནས་སུ་འགྲོ༔ ཡོན་ཏན་ཐམས་ཅད་རང་བབས་ལ་སྐྱེ་བ་ཡིན་པས་རྒས་པ་དང་ན་བ་སོགས་ལུས་ཀྱི་མི་ནུས་པ་མེད་པ་རྣམས་ལུས་གནད་འདི་ཤིན་ཏུ་གལ་ཆེའོ༔ དེ་ལ་ཞི་གནས་དེ་ལ་མཚན་བཅས་དང་མཚན་མེད་གཉིས་ཡོད་པ་ལས༔ མཚན་བཅས་མ་དག་པ་ཤིང་བུ་དང་རྡེའུ་ལ་སེམས་འཛིན་པ་བས་དག་པ་ལྷ་སྐུ་ལ་སེམས་འཛིན་པ་ལྷག་ལ༔ དེ་ནི་གོང་དུ་བསྐྱེད་རིམ་བསྒོམ་པ་ལ་འཐུས་པས་འདིར་གུད་དུ་སྟོན་མི་དགོས་ཤིང་༔ འདིར་མཚན་མེད་ཞི་གནས་བསྒོམ་པ་ཡིན་ཏེ༔ རྒྱལ་བའི་ཡུམ་ལས༔ བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ནི༔ བསམ་གཏན་ཡིད་ལ་མི་བྱ་བ་ལ་མཁས་པར་རིག་པར་བྱའོ༔ ཞེས་དང་༔ རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས༔ གསང་བའི་བདག་པོ་དོན་དམ་པའི་བདེན་པ་ནི༔ བདག་མེད་པའི་དངོས་པོ་ཟིལ་གྱིས་མ་གནོན་པ་ཆོས་ཐམས་ཅད་སྟོང་པ་སྟེ༔ འཕེལ་བ་མེད་པ་འགྲིབ་པ་མེད་པ་རྣམ་པར་དག་པ་དེས་ནི་ནམ་མཁའ་དང་མཉམ་པ༔ རང་བཞིན་གྱིས་དག་ཅིང་དྲི་མ་མེད་པའི་ངོ་བོ་ཉིད༔ ཡི་གེ་མེད་པ་ཚིག་མེད་པ་ལུས་དང་ངག་དང་ཡིད་བྲལ་བ༔ ཡོད་པའང་མ་ཡིན་མེད་པའང་མ་


CMR055_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན༔ སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན༔ ཐག་རིང་བ་ཡང་མ་ཡིན་ཉེ་བ་ཡང་མ་ཡིན༔ སྟོང་པ་ཡང་མ་ཡིན་མི་སྟོང་པ་ཡང་མ་ཡིན༔ དབུ་མའང་མ་ཡིན་པ་བློའི་སྤྱོད་ཡུལ་ལས་འདས་པ་འདི་ནི་དོན་དམ་པའི་བདེན་པའོ༔ ཞེས་དང་༔ དགོངས་པ་ལུང་སྟོན་གྱི་རྒྱུད་ལས༔ རང་རིག་ཙམ་གྱི་ཡེ་ཤེས་ནི༔ ནམ་མཁའ་ལྟ་བུར་མཚན་ཉིད་མེད༔ གསུམ་པོ་དེ་ཉིད་གཅིག་གྱུར་བ༔ འགྲོ་བ་མེད་ཅིང་འོང་བ་མེད༔ འགགས་མེད་རབ་ཏུ་ཞི་བ་ཉིད༔ རྟག་དང་ཆད་པ་རྣམ་པར་སྤངས༔ དུས་གསུམ་མཁྱེན་པས་མ་བྱས་པ༔ རྟོགས་པ་ནམ་མཁའ་དབྱེར་མེད་མཚན༔ འདི་ཉིད་ཁོ་ན་དོན་དམ་སྟེ༔ སོ་སོར་རང་རིག་མཚན་ཉིད་དོ༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེའི་ཞོལ་ནས༔ བཞག་ཐབས་སེམས་ཀྱི་གནད་གསུམ་ནི༔ ཐ་མལ་དུ་མ་ཡེངས་རྟོག་པ་མ་འགྱུས༔ ཡིད་བཟོ་མ་བྱས་པར་ཤེས་པ་རང་ལུགས་སུ་ཕྱ་ལེ་བཞག་གོ༔ དེས་སྒོམ་རང་བབས་སུ་འོང་ལ་ཡེངས་བ་དང་འགྱུས་ན་བསྒོམ་མི་སྐྱེའོ༔ དེ་ལྟར་རང་ལུགས་སུ་བཞག་པས་རྣམ་རྟོག་ཕྲ་རགས་ཐམས་ཅད་རང་སར་ཉལ་ཞིང་ཞི་ནས་སེམས་རང་སར་ལྷན་ནེར་གནས་པ་འོང་བ་དེ་ལ་ཞི་གནས་


CMR055_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར༔ ཞེས་གསུངས་པས༔ ཁྱེད་རང་རྣམས་དབེན་པར་སོང་ལ་ལུས་རྣམ་སྣང་གི་ཆོས་བདུན་མཛོད་ལ༔ དང་པོ་རང་ཉིད་ཐུགས་རྗེ་ཆེན་པོ་བསྒོམ་པ་དང་བླ་མའི་རྣལ་འབྱོར་དང་བཅས་པ་ཐུན་ཆུང་ཞིག་བསྒོམ༔ དེ་ནས་བླ་མ་རང་ལ་བསྟིམ་ཐུགས་རྗེ་ཆེན་པོ་འོད་དུ་ཞུ་ནས་ཧྲིཡིག་དང་དེ་ཡང་སྟོང་པར་འཇའ་ཡལ་བ་ལྟར་བསྒོམ༔ དེ་ནས་དམིགས་པ་ཅི་ཡང་མི་བསྒོམ་པ་ནི་མི་དམིགས་པ་ཡིན་ཏེ༔ འདས་པའི་རྗེས་མི་གཅོད་དེ་དེ་རིང་ཕན་ཆད་ཀྱི་སྔར་འདས་པའི་བྱ་བ་གང་ཡང་མི་བསམ༔ མ་འོངས་པའི་མདུན་མི་བསུ་སྟེ༔ ད་ལྟ་ཚུན་ཆད་ཕྱིན་ཆད་ཀྱི་བྱ་བ་ཅི་ཡང་ཡིད་ལ་མི་བསམ༔ ད་ལྟའི་ཤེས་པ་ལ་དགག་སྒྲུབ་མི་བྱ་སྟེ༔ འདི་འདྲ་ཞིག་བསྒོམ་སྙམ་པ་དང་འདི་འདྲ་བ་དྲན་པ་དང་བསྒོམ་པ་མི་རུང་སྙམ་པའི་དགག་སྒྲུབ་མི་བྱེད༔ སེམས་རང་བབས་སུ་ཀློད་ལ་མ་ཡེངས་ཙམ་དུ་བཞག་གོ༔ དེ་ཡང་ལུས་རང་བབས་སུ་ལུས་གནད་ཀྱི་ངང་ནས་ཀློད་དེ་ཤིག་གེ་སོག་ཕོན་ཐག་པ་ཆད་པ་ལྟར་བཞག༔ ངག་རང་བབ་ནི་སྐུ་འདྲའི་ཞལ་ལྟར་ཅི་ཡང་མི་སྨྲ་བར་བཞག༔ ཡིད་རང་བབ་ནི་ཆུ་ཆད་པའི་རང་ཐག་ལྟ་བུ་སྟེ༔ འདི་བྱའི་འདུན་པ་འདུ་


CMR055_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་མེད་པར་ཅམ་མེ་བཞག་གོ༔ དེ་ཡང་ཞི་ཞེས་པ་ནི་རྣམ་རྟོག་སྣ་ཚོགས་འཕྲོ་བ་དེ་ཞི༔ གནས་ཞེས་པ་སེམས་ལྷན་ནེ་གནས་པ་ཞིག་འོང་བས་སེམས་གནས་ཨེ་ཐུབ་ལྟོས། འདི་ལ་ཡང་ཁམས་ཀྱི་རིགས་ལ་སྣ་ཚོགས་འཆར་བར་འདུག་པས༔ ལ་ལ་སེམས་ཁྲིག་གེ་གནས་པ་དེ་སྐྱེ་སླ་བ་ཞིག་འོང་༔ དེ་ལ་སྐྱོན་ཅན་དང་སྐྱོན་མེད་གཉིས་ཡོད་དེ༔ སེམས་གནས་པས་རྣམ་པར་ཤེས་པ་ཚོགས་བརྒྱུད་འགགས་པ་འདྲ་བ་དྲན་པ་གཏོར་ནས་ཅི་ཡང་མི་དྲན༔ མིག་གི་ཡང་གཟུགས་སུ་འཛིན་པའི་ཤེས་པ་མི་གསལ༔ བོས་ཀྱང་མི་ཚོར་ལངས་མི་ཤེས་པར་ཐོམ་མེར་ལུས་པ་ཞིག་འབྱུང་༔ དེ་བསྒོམ་སྐྱེ་བའི་སྔ་ལྟས་ནི་ཡིན་ཀྱང་བསྒོམ་གྱི་གོ་མི་ཆོད་དེ༔ དེ་བསྒོམ་ཡིན་སྙམ་ནས་བསྒོམས་ན་དུད་འགྲོར་སྐྱེ་བའི་རྒྱུ་ཡིན་ཏེ༔ དེ་ལྟ་བུ་ནི་ཕྱི་བ་དྲེད་མོང་ལ་ཡང་ཡོད་པས་དགུན་ཟླ་གསུམ་ལུས་མི་རུལ་མི་འཁྱགས་མི་ལྟོགས་པ་དེའི་ནུས་པ་ཡིན༔ དེ་ལ་འགོག་པ་ཆ་མཐུན་ཟེར༔ ཉན་ཐོས་འགོག་པ་དངོས་ནི་སོ་སོ་སྐྱེ་བོ་ལ་སྐྱེ་དོགས་མེད་ཀྱང་༔ རྣམ་རྟོག་གང་ཡང་ཡིད་ལ་མི་འཕྲོ་བར་སེམས་གར་གཏད་དུ་ལྷན་ནེ་སྡོད་པ་བོས་ན་ཐོས་པས་མིག་སོགས་ཀྱང་གསལ་ཆ་མ་འགག་


previousཤོག་ལྷེབ་ ༣༠༡ ནས་་ ༤༠༠ བར།next