Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
  collapse section
   
   
   
ཤོག་ལྷེབ་ ༤༠༡ ནས་་ ༤༤༤ བར།
   
   
   
  expand section
   


 
previousཤོག་ལྷེབ་ ༤༠༡ ནས་་ ༤༤༤ བར།next

ཤོག་ལྷེབ་ ༤༠༡ ནས་་ ༤༤༤ བར།


CMR055_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བསྒོམ་པའི་ཚེ་ཉོན་མོངས་པ་དུག་ལྔ་འགགས་པ༔ དེ་ལ་ནམ་འདོད་བར་དུ་གནས་པ་ཞིག་བྱུང་ན་ཉན་ཐོས་དང་ཐུན་མོང་གི་ལམ་འཇིག་རྟེན་པའི་ཞི་གནས་ཡིན༔ འདི་ཇི་ལྟར་ཆགས་ཆེ་བ་བཞིན་རྩལ་དང་ཡོན་ཏན་ཆེ༔ ལ་ལ་དག་ལུས་སེམས་ཐམས་ཅད་དགའ་བ་དང་བདེ་བ་ཆེན་པོས་ཁྱབ༔ སེམས་རང་བཞིན་གྱི་གནས་པ་མཚོ་ཆེན་རླུང་གིས་མི་བསྐྱོད་པ་ལྟ་བུ་མེ་རེ༔ ཀྱི་ལེ་གནས་པ་འོང་༔ བདེ་ཉམས་ཀྱི་ཞི་གནས་ཡིན་པས་དེ་ལའང་ཆགས་ཞེན་མེད་པར་སྐྱོང་ན་ཡོན་ཏན་སྐྱེ༔ དེ་ལ་ཆགས་ཞེན་ཆེན་པོས་བསྒོམས་ན་འདོད་ཁམས་ཀྱི་ལྷར་གོལ་བ་ཡིན༔ ལ་ལ་གསལ་སིང་ངེ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་སེམས་རྩེ་གཅིག་ཏུ་གནས་པ་ཞིག་འབྱུང་༔ དེ་ཞི་གནས་སྐྱོན་མེད་ཡིན་ཡང་ཆགས་ཞེན་ཆེན་པོས་དེ་བསྒོམ་དུ་འཛིན་ན་གཟུགས་ཁམས་ཀྱི་ལྷར་སྐྱེ་བའི་རྒྱུ་ཡིན༔ ལ་ལས་སེམས་ཅི་ཡང་མེད་པ་འཕྲོ་རྒྱུ་ཡང་མེད་གནས་རྒྱུ་ཡང་མེད་ཅི་ཡང་མི་འདུག་སྟོང་པ་རེད་སྙམ་པའི་དྲན་པ་གཅིག་པུ་དེ་ལ་གནས་ནས་ཅི་ཡང་མི་འཕྲོ་བ་ཞིག་འབྱུང་༔ དེ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་སོགས་གཟུགས་མེད་དུ་སྐྱེ་བའི་རྒྱུ་ཡིན༔ དེ་སྒོམ་དུ་


CMR055_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མི་རུང་༔ འོན་ཀྱང་དེ་རྣམས་སྐྱེ་དགོས་རྒྱུ་ཞིག་ཡིན༔ སྐས་ཐེམ་འོག་མ་ལ་མ་བརྫིས་པར་གོང་མར་མི་སླེབ༔ དེ་ཚོ་ཐམས་ཅད་རིམ་པར་སྐྱེས་ནས་བསྒོམ་པའི་ཡོན་ཏན་དང་སྟོབས་ཆེ་བ་ཡིན༔ ལ་ལ་གནས་ཉམས་ཆུང་འཕྲོ་རྒོད་ཤས་ཆེ༔ སེམས་སྐད་ཅིག་ཀྱང་མི་སྡོད་པར་ཕྱོགས་ཐམས་ཅད་དུ་རླུང་འཚུབ་པ་ལྟར་རྒྱུག༔ ང་ལ་སྒོམ་མི་འོང་བར་གདའ་བསམ་པ་ཞིག་འོང་སྟེ༔ དེ་ཡང་གནས་པ་ཡིན་རྩུབ་ཉམས་ཟེར༔ སེམས་མི་སྡོད་པར་རིག་པ་དེ་རང་གནས་པ་ཡིན༔ སྔོན་བསྐལ་པ་དུ་མ་ནས་སེམས་དེ་ལྟར་ཡོད་དེ་ད་བར་མ་མཐོང་༔ ད་རྐུ་མ་ངོས་ཟིན་པ་དང་འདྲ་བས༔ སེམས་འཕྲོ་དུས་འཕྲོ་མཁན་དང་རྒྱུག་མཁན་དེ་ལ་གཟུགས་དང་ཁ་དོག་དང་དངོས་པོ་ཅི་འདྲ་ཞིག་གདའ་ཧྲིག་གེ་ལྟོས་དང་༔ འདི་མཐོང་མེད་པར་རང་མལ་དུ་འཁོར་འོང་༔ ལར་བསྒྲིམ་དྲགས་ན་མི་སྡོད་པས་ལུས་སེམས་བག་ཀློད་ལ་མ་ཡེངས་ཙམ་དུ་ཞོག་དང་བབས་ཀྱིས་གནས་ནི་འོང་བ་ཡིན༔ ལ་ལ་དག་ལ་སེམས་ཨན་ཙམ་ཀྱི་ལེ་གནས་ད་ལམ་ལེགས་སྙམ་ཛ༔ ག་ཤེད་ཐག་རིང་ཞིག་ཏུ་རྒྱངས་ཀྱིས་འཕྲོ་ནས་འགྲོ༔ དེ་མི་ལེགས་སྙམ་ནས་ཚུར་བཀུག་ནས་བཞག་པས་ཅུང་


CMR055_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་གནས༔ དེ་འདྲ་བ་ཡང་ཡང་བྱེད་པ་ཞིག་འོང་༔ དེ་ལ་འཕྲོས་ནི་ཐལ་དུས་ཞིག་ལ་འཕྲོ་བའི་རྣམ་རྟོག་དེ་དང་པོ་གང་ནས་བྱུང་ལྟོས༔ ད་ལྟ་ཅི་འདྲའི་ངོ་བོ་ཞིག་འདུག་ལྟོས༔ ད་ནས་འཕྲོས་པ་དེ་མཐར་གང་དུ་འགྲོ་ལྟོས་དང་དེ་གསུམ་ཁ་རང་བཞིན་མེད་པར་མཐོང་འོང་༔ དཔེར་ན་སྨྱུག་མའི་ནགས་འདབ་ནས་སྨྱུག་གཅིག་བཅད་ནས་བལྟས་པས་ནང་སྟོང་པར་འདུག་པ་མཐོང་ཛ་སྨྱུག་ཐམས་ཅད་དེ་དང་འདྲ་བ་ཤེས་པ་ལྟར༔ རྣམ་རྟོག་ཅིག་རང་བཞིན་མེད་ཅིང་སྐྱེ་འགགས་གནས་གསུམ་དང་བྲལ་བར་རྟོགས་པ་ན༔ རྣམ་རྟོག་ཐམས་ཅད་དེ་དང་འདྲ་བ་ཤེས་པར་བྱའོ༔ ལར་ད་རེས་ཞི་གནས་ཀྱི་སྐབས་ཡིན་པས་རེ་ཞིག་སེམས་མི་འཕྲོ་བར་གནས་ཅི་ཐུབ་གྱིས་ལ༔ གལ་ཏེ་འཕྲོས་ན་ཡང་ཚུར་བཀུག་ལ་གནས་ཅི་ཐུབ་བྱ༔ སེམས་མི་འཕྲོ་བ་ཅི་ཙམ་འདུག་ཐུབ་ལྟོས༔ དེ་ཡང་མི་གསལ་བའི་གཉིད་དང་བྱིང་འཐིབ་མ་ཡིན་པར་སེམས་རྩེ་གཅིག་ཏུ་ས་ལེ་ཡེ་རེ་ཧྲིག་གེ་རྗེན་ནེ་གནས་པ༔ ལུས་སེམས་བགས་ཀྱིས་བདེ་བ་དང་ལྡན་པ་བྱུང་ན་ཐུན་མོང་ཞི་གནས་ཆགས་པ་ཟེར༔ གནས་པ་ཆགས་པ་ཟེར༔ གནས་ཉམས་སྐྱེས་པ་ཟེར༔ ཕ་རོལ་ཏུ་


CMR055_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་དྲུག་ལས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གྲངས་སུ་འགྲོ༔ ལ་ལ་དག་གིས་ཞི་གནས་ལ་འགྲོ་དོགས་ཡོད་ཟེར་ནས་ངན་པ་སྐད་བྱེད་དེ༔ ཞི་གནས་ཅི་ལྟ་བ་བཞིན་སྐྱེས་ན་ཉོན་མོངས་པའི་མགོ་ཡང་དེས་ནོན༔ ཐུན་མོང་གི་མངོན་ཤེས་གྲུབ་པའི་རྟགས་ཐམས་ཅད་དེ་ལས་འབྱུང་བ་སྟེ༔ ཕྱི་རོལ་པའི་དྲང་སྲོང་རྣམས་དཔག་ཚད་ལྔ་བརྒྱར་འཕུར་བ་སོགས་ཟག་བཅས་ཀྱི་མངོན་ཤེས་གྲུབ་རྟགས་མཐའ་ཡས་པ་ཡོད་པར་འདུག་པར་ཡང་ཞི་གནས་ཁོ་ནའི་ནུས་པ་ཡིན༔ སྤྲིན་ཆེན་ཚར་ཆེ་བ་ལྟར༔ ཞི་གནས་ཇི་ལྟར་ཆགས་ཆེ་བ་ལྟར་ལྷག་མཐོང་གི་ཡོན་ཏན་རྩལ་ཆེ་བ་ཡིན༔ སྤྲིན་དུམ་བུ་ཞིག་ལ་ཆར་འབྲུ་འགའ་ཙམ་ལས་མེད་པ་ལྟར༔ ཞི་གནས་མ་ཆགས་ན་ལྷག་མཐོང་ངོ་སྤྲད་ཀྱང་གོ་ཡུལ་སྐམ་པོ་འདྲ་བ་ཞིག་ལས་ཕོ་མི་བྱེད་པ་ཡིན༔ ལར་མཚན་མེད་ཞི་གནས་སེམས་མ་བཅོས་པར་ཞོག་ཟེར་བ་དང་༔ མི་དམིགས་པར་བཞག་ཟེར་བ་འདི་སྔོན་འགྲོ་ལའང་ཡོད༔ ཞི་གནས་ལྷག་མཐོང་གཉིས་ཀའི་དངོས་གཞི་ཡང་ཡིན༔ དེ་སོ་སོ་ལ་སྐབས་དོན་གྱི་གོ་ཚུལ་རེ་ཡང་ཡོད༔ ཚིག་བསྡོམ་ཆེ་བས་ཚིག་དེ་བྱིས་པས་ཀྱང་ཤེས་ཏེ༔ ཉམས་ལེན་དེ་བསྒོམ་ཆེན་རྒས་


CMR055_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ཀྱང་དཀའ་བ་ཞིག་ཏུ་ཡོད༔ དེས་ན་སེམས་ལ་ཅི་ཡང་མ་བསམ༔ བཟོ་བཅོས་གང་ཡང་མ་བྱེད་པར་རང་སར་ཞོག་དང་༔ ཅི་ཡང་མི་དྲན་པར་ཐོམ་མེ་ལུས་པ་འདྲ་བ་ལ༔ མི་འཕྲོ་བ་སྡོད་པ་དེ་ཡང་མཐོང་བ༔ དེ་ལ་ཡུན་རིང་དུ་བཞག་ཀྱང་སྡོད་པ༔ དྲན་མེད་པ་རྒྱལ་བ་དང་གཉིད་པ་ལྟ་བུ་ནི་མ་ཡིན་པ་དེ་འདྲ་ཞིག་ཅི་ཙམ་འོང་ཞིང་གནས་ཐུབ་པར་འདུག་ལྟོས༔ གལ་ཏེ་གནས་ཡེ་མ་ཐུབ་ཀྱང་འཆར་ལུགས་ཡིན་པས་དེ་ལ་འགྱོད་པ་དང་སྡུག་བསྔལ་ནི་མི་དགོས༔ ལར་ཞི་གནས་བསྒོམ་པ་འདི་ཕར་ཕྱིན་དྲུག་གི་ནང་ནས་བསམ་གཏན་གྱི་ཕར་ཕྱིན་དེ་ཡིན་ཏེ༔ བྱང་ཆུབ་སེམས་དཔའི་ས་ལས༔ དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི༔ རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ལུས་སེམས་ཤིན་ཏུ་སྦྱངས་པ་བསྐྱེད་པ༔ མཆོག་ཏུ་རབ་ཏུ་ཞི་བ༔ རློམས་སེམས་དང་བྲལ་བ་རོ་མྱང་བ་མེད་པ༔ མཚན་མ་ཐམས་ཅད་དང་བྲལ་བ་གང་ཡིན་པ་དེ་ནི༔ དེ་དག་གི་ཚེ་འདི་ལ་བདེ་བར་གནས་པ་ཡིན་པར་རིག་པར་བྱའོ༔ ཞེས་གསུངས་པས་སེམས་ཡོད་མེད་གནས་མི་གནས་སོགས་རྣམ་རྟོག་མི་འགྱུ་བར་གནས་པ༔ ལུས་ངག་


CMR055_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་མི་དགེ་བའི་རྟོག་པ་མེད་པ༔ འདི་བསྒོམ་ཡིན་སྙམ་པའི་ང་རྒྱལ་མེད་པ༔ ཞི་གནས་ཀྱིས་ལུས་སེམས་བདེ་བས་ཁྱབ་པ་དེ་ལ་ཆགས་ཞེན་སྲེད་པ་ཡང་མེད་པ༔ དམིགས་པ་གང་ལ་བཟུང་བའི་གཏད་སོ་མེད་པར་སེམས་རང་བཞིན་གྱིས་གནས་ན་ཞི་གནས་ལེགས་པོ་ཡིན་ཏེ༔ པདྨ་ས་རའི་ཞལ་ནས༔ བསྒོམ་རྒྱུ་རྡུལ་ཙམ་མེད་པ་ལ༔ ཡེངས་སུ་སྐད་ཅིག་མི་འདོད་པ༔ ཕྱག་རྒྱ་ཆེན་པོ་བསྒོམ་པ་ཡིན༔ ཞེས་གསུངས་པ་ལྟར༔ ཅི་ཡང་མི་བསམ་པར་མ་ཡེངས་པར་བཞག༔ དེ་ཡང་བསྒྲིམ་དྲག་ན་གནས་མི་འདོད་པས་ལུས་ངག་ཡིད་གསུམ་བག་ཀློད་ལ་བཞག་སྟེ༔ གྲུབ་ཆེན་པདྨ་ས་ར་ཧས༔ འགྱུར་བུས་བཅིངས་པའི་སེམས་ཉིད་འདི༔ ཀློད་ན་གྲོལ་བར་ཐེ་ཚོམ་མེད༔ བྲམ་ཟེས་སྐུད་པ་འཁེལ་བ་བཞིན༔ རྣལ་འབྱོར་ཤེས་པ་ཀློད་ན་བདེ༔ ཞེས་དང་༔ བཅིངས་པ་དག་ན་ཕྱོགས་བཅུར་འཐེན་པ་བརྩོམ༔ ཀློད་པར་གྱུར་ན་མི་གཡོ་བརྟན་པར་གནས་རྔ་མོང་ཐག་པས་གྲོལ་བའི་དཔེ་ཇི་བཞིན༔ ཞེས་གསུངས༔ དེ་ཡང་རྗེ་འབངས་གཉག་ཆེན་ཛཱ་ནའི་སྤྲུལ་སྐུ་གྲུབ་ཆེན་པྲཛྷ་བྷ་དྲའི་གསུངས་ལས༔ འདས་པ་ལ་མི་མནོ༔ མ་


CMR055_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཐའོངས་པ་ལ་མི་བསམ༔ ད་ལྟ་བ་ལ་མི་སེམས༔ བློས་མི་སྒོམ༔ རྟོག་པས་མི་དཔྱད༔ སེམས་ནི་ཡང་དག་པར་གྲོལ༔ ཞེས་དང་༔ གྲུབ་ཆེན་ཤ་བ་རིས༔ བསྒོམ་དུ་མེད་པ་ཡིད་ལ་མི་བྱ་སྟེ༔ ཐ་མལ་ཤེས་པ་རང་ལུགས་གཉུག་མ་ལ༔ བཅོས་མའི་དམིགས་པ་དག་གིས་མི་བསླད་དེ༔ རང་བཞིན་དག་པའི་སེམས་ལ་བཅོས་མི་དགོས༔ མ་བཟུང་མ་བཏང་རང་ག་ཉིད་དུ་ཞོག༔ ཅེས་གསུངས་པ་ལྟར་སེམས་མ་བཅོས་པར་རང་ལུགས་སུ་བཞག༔ དེ་ལ་སྐྱོན་མེད་དང་སྐྱོན་ཅན་གཉིས་འོང་སྟེ༔ སྐྱོན་ཅན་ནི༔ མུན་ནེ་བ་ལྷང་ངེ་བ་ལྷོབ་བེ་བ་བྱིངས་རྨུག་གི་རྣམ་པ་གསལ་ཆ་མེད་པར་མི་འཕྲོ་བར་གནས་པ་ཡིན༔ རྒྱུན་དུ་དེ་ལ་མ་ལུས་ན་རེས་འགའ་དེ་ལྟར་བྱུང་བ་ཡང་མི་སྐྱོན་ཁམས་ཀྱི་དགྱེ་རྒུ་ཡིན༔ སེམས་མི་འཕྲོ་བར་གསལ་སེང་ངེ་ཤེལ་སྒོང་ལྟ་བུའམ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་རྩེ་གཅིག་ཏུ་གནས་པ་དེ་ཞི་གནས་ཡིན༔ དེ་ལ་རྣམ་རྟོག་ཕྱིར་འཕྲོ་བ་ནི་མེད་ཀྱང་༔ དེ་རང་ལ་སྤུ་རིས་འབྱེད་པའི་རྣམ་རྟོག་ཕྲ་བ་འགའ་རེ་ཡོད་པ་དེ༔ གསལ་སེང་ངེ་གནས་སོ་མི་འཕྲོའོ་ཞི་གནས་ཡིན་ནོ་བསམ་པའང་དེ་ལ་རྟོག་དཔྱོད་ཞད་


CMR055_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་རེ་ཡོད་པ་དེ་ནི་བསམ་གཏན་དང་པོ་ཞེས་བྱའོ༔ རྟོག་དཔྱོད་ཕྲ་ཞིབ་ཡང་འགའ་མི་རྒྱུ་ལ༔ གནས་པ་དེས་སེམས་རྩ་དང་ཡིད་དགའ་བའི་འཛིན་པ་ཞིག་ཡོད་པ་ནི་བསམ་གཏན་གཉིས་པའོ༔ སེམས་གནས་པ་དེས་དགའ་བའི་འཛིན་པ་ནི་མེད་ཀྱང་༔ ལུས་བདེ་བ་ཡང་བ་འདུག་འདོད་པ་སེམས་བདེ་བ་ཚད་མེད་པས་ཕྱིའི་འདོད་ཡོན་གང་ལ་ཡང་བློ་མི་འཇུག་པ་བདེ་མེ་རེ་གནས་པ་ནི་བསམ་གཏན་གསུམ་པའོ༔ སེམས་གནས་པ་དེ་ལ་དགའ་བ་དང་བདེ་བའི་ཚོར་བ་ཡང་མེད༔ མི་དགའ་བ་དང་མི་བདེ་བ་ཡང་མེད་སེམས་ཁྲིག་གེ་གནས་པ་ནི་བསམ་གཏན་བཞི་པའོ༔ བསམ་གཏན་བཞི་པོ་དེ་ནི་རྣམ་གཡེང་སྤང་ཞིང་ཚུལ་ཁྲིམས་གཙང་ལ་རྩེ་གཅིག་ཏུ་བསྒོམ་པ་ལ་སྐྱེ་ལ་གང་ཡིན་ལ་སྐྱེ་བ་ནི་མ་ཡིན་ཏེ༔ འཇིག་རྟེན་པའི་ལམ་གཟུགས་ཁམས་ཀྱི་ལྷར་སྐྱེ་བའི་རྒྱུ་ཡིན་ཏེ༔ ཕྱི་རོལ་པ་དང་ཐུན་མོང་གི་ལམ་ས༔ ཕྱི་པའི་དྲང་སྲོང་རྣམས་ཀྱི་ཉམས་ལེན་གཙོ་བོ་ཡིན༔ དེ་རང་ནང་པའི་ནི་བསྒོམ་གྱི་གཞི་ཙམ་ཡིན་གྱི་ཉམས་ལེན་དངོས་དེ་མ་ཡིན་ཏེ༔ རིག་འཛིན་ནཱ་གརྫུ་ནས༔ འདོད་སྤྱོད་བདེ་དང་དགའ་དང་སྡུག་བསྔལ་དག༔ རྣམ་པར་སྤང་བའི་བསམ་གཏན་བཞི་པོ་ཡིས༔


CMR055_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་དང་འོད་གསལ་དག་དང་དགེ་རྒྱས་དང་༔ འབྲས་བུ་ཆེ་བ་རྣམས་དང་སྐལ་མཉམ་འཐོབ༔ ཅེས་གསུངས་སོ༔ དེ་ཡང་སེམས་གནས་པ་དེ་ལུས་ཀྱི་ནང་དུ་སེམས་གནས་པས་ཕྱི་རོལ་དུ་འཕྲོ་ན་དེ་བཀག་དགོས་པས༔ འཕྲོ་དོག་གི་འཛིན་པ་ཅུང་ཟད་ཞིག་ཡོད་པ་ནི༔ ཉན་ཐོས་ལུགས་ཀྱི་འགོགས་པ་ཆ་མཐུན་གྱི་ཞི་གནས་ཏེ་འདི་བརྟན་པོ་སྐྱེས་ན་ལོ་ཟླ་ཡང་ཡུད་ཙམ་ལས་མ་སོང་སྙམ་པ༔ དེ་ཚོ་ཆགས་པ་དང་སྡང་བ་ལ་སོགས་པའི་ཉོན་མོངས་དང་སྲེད་པ་མི་སྐྱེ་བ་སྟེ༔ སྔོན་ས་ར་ཧས་བྲམ་ཟེའི་བུ་མོ་ཞིག་ཁྲིད་ནས་དབེན་པ་ལ་བསྒོམས་པས༔ དེས་སྔོ་ཚོད་གཅིག་འདྲེན་བདོ་ས་ར་ཧ་འགོག་པའི་ཞི་གནས་ལ་སོང་སྟེ༔ ལོ་བཅུ་གཉིས་བར་མ་ས༔ ལོ་བཅུ་གཉིས་སོང་བ་དང་སད་ནས་སྔོ་ཚོད་ག་རེ་གསུངས་པས༔ ཁྱེད་ཏིང་ངེ་འཛིན་ལོ་བཅུ་གཉིས་སོང་དེང་སང་དཔྱིད་དུ་སོང་བས་ཚོད་མ་མེད་ལོ་བཅུ་གཉིས་བསྒོམས་པས་ཚོད་མའི་རྣམ་རྟོག་གཅིག་ཙམ་མ་ཆོད་ན་དགོས་པ་ཅི་ཡོད་ཟེར་བས་བདེན་སྙམ་ནས་མ་ཞུགས་པར་སྤྱོད་པ་མཛད་ཟེར་བའི་གཏམ་རྒྱུད་ལྟ་བུ་ཡིན་ཏེ༔ དྲང་སྲོང་ཉན་ཐོས་འགོག་པ་ལ་ཞུགས་པ་ནས་ལུས་སྐམ་ཡང་འཆི་


CMR055_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་པར་བྱམས་པའི་བསྟན་པ་ལ་ལངས་ནས་ཆོས་ཉན་པ་དག་མང་དུ་ཡོད་པར་བཤད་པ་རྣམས་ཀྱང་༔ སེམས་ནང་དུ་བསྡུས་ནས་ཕྱིར་མི་འཕྲོ་བ་ལ་ནང་དུ་ཡང་རྣམ་རྟོག་ཅི་ཡང་མི་འགྱུ་བར་གནས་པ་དེ་ལྟ་བུ་ལ་བརྟན་པ་ཐོབ་པ་ཡིན་པར་སྣང་༔ དེ་ལ་ཡང་ལུས་མ་སྐམ་བར་དུ་རྣམ་པར་ཤེས་པ་ཚོགས་བརྒྱད་འགགས་པ་ནི་མིན་ཞིང་དབུགས་རྒྱུ་བ་ཡང་ཡོད་ལ༔ ལུས་སྐམ་ནས་དབུགས་མི་རྒྱུ་ཡང་རྣམ་ཤེས་སྙིང་གི་དཀྱིལ་དུ་ཏིང་ངེ་འཛིན་དེའི་ནུས་པས་རླན་ཅུང་ཟད་ཡོད་པ་ལ་གནས་པ་ཡིན་ཟེར་རོ༔ དེ་ལྟ་བུ་རྒྱ་ནག་གླང་ཆེན་འགྱིང་རིའི་ལྷ་ཁང་ནང་དུ་མཇལ་རྒྱུ་ཡང་ཡོད་སྐད༔ ཞི་གནས་དེ་ལྟར་སྐྱེས་པ་ནི་ཉན་ཐོས་འགོག་པ་ཡིན་ལ༔ དེ་ཙམ་སྐྱེ་དཀའ་ཡང་ཆ་འདྲ་ཅུང་ཟད་སྐྱེ་སྲིད་པ་ཡིན་ཏེ༔ ཉི་མ་གར་སོང་མི་ཚོར་བ་འདྲ་འོང་བ་ཡིན༔ དེ་འདྲ་བྱུང་ན་ཡང་ལྷག་མཐོང་ལ་ཕན་པ་ཆེ་བ་ཡིན༔ ཡང་ཁྲིད་ཞུས་པས་ལུས་བསྲང་ནས་མིག་བཙུམ་ནས་ཉན་པས་སེམས་དྲན་མེད་དུ་སོང་བ་རྣ་བས་བོས་ཀྱང་མ་ཐོས་པར་གཞན་རྣམས་བྱེར་ན་ཡང་ལང་རྒྱུ་མེད་པ་གཉིད་འཐུག་པོ་འདྲ་བ་ཞིག་འོང་བ་དེ་ཞི་གནས་འཐོམ་པོ་ཡིན༔ དེ་ལ་སྒོམ་སྐྱེ་བའི་བག་ཆགས་ཡོད་རྟགས་ཡིན་


CMR055_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དེ་རྒྱུན་དུ་བསྒོམ་ན་དུད་འགྲོར་སྐྱེ་བའི་རྒྱུ་ཡིན་པས་ངོ་ལ་ཆུ་བཏབ་པས་སད་འོང་ངོ༔ ལ་ལ་ཁྲིད་ཞུས་པས་ངུ་བ་དང་དགོད་པ་དང་འཕར་བ་དང་འདར་བ་དང་རང་དབང་མེད་ཅིང་ཡིད་ལ་དྲན་པས་ཡེ་མི་ཟིན་པར་འབྱུང་བ་ནི༔ དབང་བསྐུར་བ་དང་སྔ་མའི་བྱིན་རླབས་ཀྱི་ཉམས་འཕར་བ་ཡིན་ན་སེམས་རྩ་དགའ་ཞིང་ལུས་བདེ་སྐྱོ་ཤས་དང་རྣལ་མ་ཞིག་འོང་བའི་རྟགས་ཡིན་ཏེ༔ དབུ་འཛུག་ལས༔ གང་ཞིག་གང་གི་སྟོང་པ་ཉིད་ཐོས་ནི༔ ནང་དུ་རབ་ཏུ་དགའ་བ་ཡང་ནས་ཡང་དུ་འབྱུང་༔ རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཅིང་༔ ལུས་ཀྱི་བ་སྤུ་ལྡང་བར་གྱུར་པ་གང་ཡིན་པ༔ དེ་ལ་རྫོགས་པའི་བྱང་ཆུབ་བློ་ཡི་ས་བོན་རྒྱུ༔ དེ་ཉིད་རབ་ཏུ་བརྟན་པའི་སྣོད་ནི་དེ་ཡིན་ནོ༔ དེ་ལ་དམ་པའི་དོན་གྱི་བདེན་པ་བསྟན་པར་བྱ༔ ཞེས་གསུངས་སོ༔ དེ་ལ་ཡང་ནོར་ས་ཡོད་དེ་འགའ་ཞིག་དེ་ལྟར་འཕར་འདར་ངུ་དགོད་བྱེད་ཅིང་བློ་མི་བདེ་བ༔ རྗེས་ནས་ཀྱང་ཆོས་ལ་བློ་འགྲོ་བ་མེད་ཅིང་སེམས་རྒྱུད་རྩུབ་པ༔ འདུ་ཚོགས་ནམ་ཆེ་དེ་ལྡང་བ་ནི་གདོན་ཞུགས་པ་ཡིན་ལ༔ དེ་འདྲ་བ་མང་པོ་དུས་རེ་ལའང་ནི་འཁྲབ་པ་ནི་གདོན་


CMR055_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་ཆེན་ཞིག་གིས་རྗེས་སུ་འབྲངས་ནས་བྱིན་གྱིས་བརླབས་པ་སྟེ༔ བགེགས་བསྐྲད་ཀྱི་དམིགས་པ་དྲག་པོས་བསྐྲད་པར་བྱའོ༔ གལ་ཏེ་བཟང་ངན་མ་འབྱེད་ན་གུ་རུ་དྲག་པོའམ་རྡོ་རྗེ་གྲོ་ལོད་དཔག་མེད་སྤྱན་དྲངས་ལ་བསྟིམ་པའི་དམིགས་པ་བྱས་པས༔ ཞི་སོང་ན་གདོན་དང་མ་ཞི་ན་བྱིན་འབེབས་ཀྱི་ཉམས་འཕར་ཡིན་ནོ༔་ཞི་གནས་སྐྱོན་མེད་སེམས་རྩེ་གཅིག་ཏུ་གནས་པ་དེ་ལ་ཡང་༔ ནང་དུ་རྟོག་པ་ཕྲའུ་རེ་འབྱུང་བས༔ ནང་ན་ཡང་མི་གནས་ཏེ་ཁྱབ་པར་ནམ་མཁའ་ལྟར་གནས་སོ་སྙམ་པའི་འཛིན་པ་དེ་ལས་སེམས་གནས་པ་ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད༔ སེམས་གནས་པ་དེ་ནི་སེམས་ཏེ་དེ་ལ་ཕྱི་ནང་དང་མཐའ་དབུས་མེད་དེ་མཐའ་ཡས་སོ་སྙམ་པའི་འཛིན་པ་གཅིག་པུ་ལ་སེམས་གནས་པ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད༔ དེ་ལྟར་གནས་པའི་སེམས་དེ་ལ་ནི་གཟུགས་ཁ་དོག་དངོས་པོ་ཅི་ཡང་མེད་དོ་སྙམ་པའི་འཛིན་པ་གཅིག་པུ་ལ་སེམས་གནས་པ་ཅི་ཡང་མེད་པའི་སྐྱེ་མཆེད་སེམས་གནས་པ་དེ་ནི་སེམས་ཡིན་ལ་དེ་ནི་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ་སྙམ་པའི་འཛིན་པ་གཅིག་པུ་ལ་སེམས་གནས་པ་ནི་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དེ༔ དེ་དག་


CMR055_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡུད་རེ་ཙམ་སྐྱེ་བ་བྱུང་ན་ཡང་ལེགས༔ སྔོན་བྱང་ཆུབ་སེམས་དཔའ་རྒྱལ་བུ་དོན་འགྲུབ་ལོ་དྲུག་ཏུ་དཀའ་བ་སྤྱད་ཚེ་ཡང་དེ་རྣམས་བསྒོམ་པ་ཡིན་པར་འདུག༔ ནེ་རཉྫནའི་འགྲམ་དུ་ལོ་དྲུག་ཏུ༔ དཀའ་བ་སྤྱད་མཛད་བརྩོན་འགྲུས་མཐར་ཕྱིན་པ༔ བསམ་གཏན་མཆོག་བརྙེས་མཛད་ལ་ཕྱག་འཚལ་ལོ༔ ཞེས་གསུངས་སོ༔ དེ་རྣམས་འཇིག་རྟེན་པའི་བསམ་གཏན་གྱི་མཆོག་ཡིན་པས༔ དེ་ཁོ་ན་བསྒོམས་ན་སྲིད་པའི་རྩེ་མོ་གཟུགས་མེད་ཁམས་སུ་སྐྱེ་བའི་རྒྱུ་ཡིན་པར་གཟིགས་ནས༔ སྟོན་པས་དེ་བསྐྱུར་ཏེ་འོ་ཐུག་གསོལ་ནས་སླར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་སངས་རྒྱས་པ་ཡིན་ལ༔ དེ་དག་ཀྱང་བསོད་ནམས་བསགས་པ་དང་བརྩོན་འགྲུས་ཅན་གྱི་སྐྱེས་བུ་མིན་པ་ལ་མི་སྐྱེ་ནའང་ཕྱོགས་མཐུན་རེ་སྐྱེས་ནའང་ཉོན་མོངས་པའི་མགོ་ནོན་པ་དང་༔ དམིགས་པ་གར་གཏད་དུ་གནས་ནུས་པས་རྟགས་ཐོན་པ་དང་༔ འཇིག་རྟེན་ལས་འདས་པའི་ཡོན་ཏན་གྱི་རྟེན་བྱེད༔ ཤིན་ཏུ་རྒྱ་ཆེར་སྐྱེས་ནས་ཟག་བཅས་ཀྱི་མངོན་ཤེས་གྲུབ་པའི་རྟགས་ཀྱང་འབྱུང་སྟེ༔ འདི་དག་ལྷག་མཐོང་ངོ་འཕྲོད་སྟེང་རྩེ་གཅིག་གི་སྐབས་སུ་ཡང་སྐྱེ་བ་ཡོད་དོ༔ འདི་


CMR055_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་པོ་སྐྱེ་དགོས་པ་ཡིན༔ དེ་ལ་མ་ཆགས་མ་ཞེན་པར་རིམ་གྱིས་བགྲོད་པས་བྱང་ཆུབ་འཐོབ་སྟེ༔ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མེད་པར་ཡང་སངས་རྒྱས་པའི་ཐབས་མེད་པ་ཡིན་པས༔ ཞི་གནས་དང་ཟེར་ནས་ནོར་མི་ཉན་སྙམ་དུ་གནད་ཆུང་མི་བྱ་བར་གནས་ཅི་ཐུབ་བྱ་བ་གལ་ཆེ་སྟེ༔ བྱང་ཆུབ་སེམས་དཔའི་ས་ལས༔ བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པ་སངས་རྒྱས་སོ༔ མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ༔ མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་གསུངས་སོ༔ འོ་ན་ཞི་གནས་དེ་གང་ལྷག་མཐོང་དེ་གང་ཡིན་སྙམ་ན་རྒྱལ་བ་བྱམས་པས༔ ཡང་དག་གནས་པ་ལ་བརྟེན་ནས༔ སེམས་ལ་སེམས་ནི་འཇོག་ཕྱིར་དང་༔ ཆོས་རྣམས་རབ་ཏུ་འབྱེད་པའི་ཕྱིར༔ ཞི་གནས་དང་ནི་ལྷག་མཐོང་ཡིན༔ ཞེས་གསུངས་པས༔ སེམས་ལ་སེམས་མཉམ་པར་བཞག་པས་གང་དུ་ཡང་མི་འཕྲོ་བར་རང་སར་གནས་པ་ལྷན་ནེ་ཁྲིག་གེ་མེ་རེ་གནས་པ་དེ་ཡིན་ལ༔ སེམས་མི་འཕྲོ་བར་གནས་གང་ཐུབ་མཛད༔ དེས་ཆོས་འབྲུ་དྲུག་པ་


CMR055_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བ་ཡིན་ནོ༔ འདི་ལ་ཡུན་རིང་རབ་ཞིག་བསྒོམས་ན་ལེགས་པ་ཡིན་ནོ༔ ༒ དེ་ནས་ཆོས་འབྲུ་བདུན་པ་ནི༔ གཞུང་ལས༔ ཀུན་ལ་འཕྲོ་བ་ཐ་མལ་སེམས༔ གྲུ་བ་ཞེས་བྱར་ངོས་བཟུང་ངོ་༔ ཐ་མལ་སེམས་དང་མི་འདྲ་བའི༔ དེ་རྣམས་ཧྲིག་གེར་མཐོང་བ་དེ༔ རིག་པ་ཞེས་འབྱར་ངོས་བཟུང་ངོ་༔ ཞེས་གསུངས་པའི་དོན་བཤད་ན༔ འདིར་དང་པོ་ལྷག་མཐོང་དང་ཕྱིས་ནས་ཞི་ལྷག་ཟུང་འཇུག་ཏུ་ངོ་སྤྱོད་པ་ཡིན་ཏེ༔ གང་དུ་སེམས་མི་འཕྲོ་བར་ཀྱི་ལེ་གནས་པ་ཞི་ནས༔ གནས་པ་དེའི་ངོ་བོ་ལ་བལྟས་པས་གཟུགས་ཁ་དོག་དངོས་པོ་ཅིར་ཡང་མ་གྲུབ་པར་ལྷག་གིས་མཐོང་བ་ལྷག་མཐོང་༔ མ་གྲུབ་བཞིན་ས་ལེ་སིང་ངེ་གནས་གནས་ཀྱང་ངོ་བོ་མ་གྲུབ་པ་དེ་གཉིས་དབྱེར་མེད་པ་དེ་ཞི་ལྷག་ཟུང་འཇུག༔ སེམས་རང་སར་བཞག་པས་མི་སྡོད་པར་འཕྲོ་བ་དེ་འགྱུ་བ་སྟེ༔ དེ་མཐོང་བ་ཞི་གནས༔ འགྱུ་བའི་ངོ་བོ་ལ་བལྟས་པས་རང་བཞིན་མ་གྲུབ་པར་ཆུ་དང་རླབས་ལྟར་ཞི་བ་ལྷག་མཐོང་༔ འགྱུ་བ་དང་འགྱུ་བའི་ངོ་བོ་སྟོང་བ་གཉིས་དབྱེར་མེད་པ་ཞི་ལྷག་ཟུང་འཇུག་ཡིན་ཏེ༔ ཨོ་རྒྱན་ཆེན་


CMR055_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཞལ་ནས༔ དེའི་གདངས་མ་འགགས་པ་ཡུལ་མེད་རང་གསལ་དུ་རྗེན་ནེ་ལྷག་གེ་བ་ཞིག་འོང་༔ དེ་དག་ལ་ལྷག་མཐོང་ཟེར༔ དེ་གཉིས་ཤེས་པ་སྐད་ཅིག་དབྱེར་མེད་གཅིག༔ གི་ངོ་བོ་ཧྲིག་གེ་གནས་པ་ཞིག་འོང་༔ དེ་ལ་ཞི་གནས་ལྷག་མཐོང་ཟུང་འཇུག་ཟེར་བ་ཡིན་ནོ༔ ཞེས་གསུངས་སོ༔ གཞན་ཡང་དེ་སྟོན་པའི་ལུང་ནི༔ རྒྱུད་རྡོ་རྗེ་རྩེ་མོ་ལས་ཆོས་ཀུན་དངོས་པོ་མེད་པ་སྟེ༔ མཚན་ཉིད་མེད་ཅིང་སྐྱེ་བ་མེད༔ མཚན་ཉིད་མེད་ཅིང་ནམ་མཁའ་མཚུངས༔ དམིགས་པ་ཐམས་ཅད་རྣམ་པར་སྤང་༔ ཞེས་དང་༔ རྡོ་རྗེ་འཆང་གི་ཞལ་ནས༔ ངེས་པའི་འབྲས་བུའི་སངས་རྒྱས་ནི༔ རྣམ་དག་ཆོས་སྐུའི་རང་བཞིན་ཤེས༔ དེ་ཙམ་ཉིད་ན་སངས་རྒྱས་ཏེ༔ ཀུན་བཟང་ཉིད་ཀྱི་དགོངས་པ་ཡིན་ཞེས་དང་༔ གྲུབ་ཆེན་པདྨ་ས་ར་ཧས༔ གང་སྨྲས་རྫུན་པས་ལོག་པ་དེ་བོར་ལ༔ གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང་༔ རྟོག་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ༔ དེ་ལས་གཞན་ཞིག་སུས་ཀྱང་ཤེས་མི་འགྱུར༔ ཞེས་དང་༔ མ་བཅོས་བཞག་པའི་སེམས་ནི་སངས་རྒྱས་ཏེ༔ འགྲོ་འཆགས་ཉལ་འདུག་ཐམས་ཅད་ལྷུག་པར་ཞོག༔ རྣམ་རྟོག་ཀུན་གྱི་


CMR055_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་སེམས་ཡིན་ཕྱིར༔ སེམས་མེད་ཕྱིར་ན་རྣམ་རྟོག་ཡོད་མ་ཡིན༔ ཞེས་དང་༔ ཆོས་རྣམས་ཐམས་ཅད་རང་གི་སེམས་ཡིན་ཏེ༔ སེམས་ལས་མ་གཏོགས་ཆོས་གཞན་རྡུལ་ཙམ་མེད༔ གང་གིས་གདོད་ནས་སེམས་མེད་རྟོགས་པ་ཡི༔ དུས་གསུམ་རྒྱལ་བའི་དགོངས་པ་དམ་པ་རྙེད༔ ཅེས་དང་༔ ཁ་ཅིག་བློ་ཡི་དབྱེ་བས་རྨོངས་རྣམས་བཅིངས༔ བདག་པོ་ཁྱིམ་དུ་བཞག་ནས་གཞན་དུ་ཚོལ༔ ཁ་ཅིག་གཟུགས་བརྙན་དག་ལ་དོན་དུ་འཛིན༔ ཁ་ཅིག་རྩ་བ་བོར་ནས་ལོ་འདབ་བྲེག་ཇི་ལྟར་བྱས་ཀྱང་བསླུས་པ་མ་ཚོར་རམ་ཀྱེ་ཧོ་བྱིས་པ་རྣམས་ཀྱི་དེ་ཉིད་མ་རིག་ཀྱང་༔ དེ་ཉིད་ངང་ལ་གཡོ་མེད་ང་ཡིས་རྟོགས༔ ང་ཡིས་ང་ཡི་ཐོག་མཐའ་ཤེས་གྱུར་པས༔ ང་ཡི་ང་མཐོང་རང་ཉིད་ཀླུ༔ གཅིག་པུའི་ལུས༔ ཞེས་དང་༔ པདྨ་བིརླ་པས༔ སེམས་ཉིད་མིང་སྟོང་སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་སྟེ༔ ནམ་མཁའི་རང་བཞིན་གདོད་ནས་མིང་སྟོང་ཡིན་དང་མཚུངས༔ ངོ་བོ་ཉིད་ཀྱི་མ་སྐྱེས་མཚན་མའི་དངོས་དང་བྲལ༔ མཁའ་ལྟར་ཀུན་ལ་ཁྱབ་ཅིང་འཕོ་དང་འགྱུར་བ་མེད༔ ཅེས་དང་༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་དངོས་སློབ་པཎྜི་ཏ་ཀ་


CMR055_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་ཤཱི་ལ་ཞེས་པ་ཕྱིས་དམ་པ་རྒྱ་གར་དུ་གྲགས་པའི་ཞལ་ནས༔ ཆོས་སྐུ་སྐྱེ་མེད་ཉི་མའི་སྙིང་པོ་འདྲ༔ འོད་གསལ་གསལ་འགྲིབ་མེད་དོ་དིང་རི་བ༔ རྣམ་རྟོག་རྒྱུན་ལམ་ཁོང་སྟོང་རྐུན་མ་འདྲ༔ དོན་ལ་ཐོབ་ཤོར་མེད་དོ་དིང་རི་བ༔ ཚོར་བ་རྗེས་མེད་ཆུ་ཡི་རི་མོ་འདྲ༔ འཁྲུལ་སྣང་རྗེས་འཛིན་མེད་དོ་དིང་རི་བ༔ བག་ཆགས་དྲན་པ་ནམ་མཁའི་འཇའ་ཚོན་འདྲ༔ ཞེན་ཚད་ངོས་བཟུང་མེད་དོ་དིང་རི་བ༔ འགྱུ་བ་དངོས་སོང་བར་སྣང་འཇའ་ཚོན་འདྲ༔ སེམས་ལ་གཟའ་གཏད་མེད་དོ་དིང་རི་བ༔ འཛིན་མེད་རང་གྲོལ་སྤྱི་སེར་ལྷག་པ་འདྲ༔ ཡུལ་གཞན་འཛིན་པ་མེད་དོ་དིང་རི་བ༔ རིག་པ་དངོས་མེད་ནམ་མཁའི་བྱ་ལམ་འདྲ༔ ཉམས་ལ་ཐོག་རྡུགས་མེད་དོ་དིང་རི་བ༔ སེམས་ཉིད་དོན་མཐོང་ལྷགས་པའི་རྨི་ལམ་འདྲ༔ ཚིག་དང་ཐ་སྙད་བྲལ་ལོ་དིང་རི་བ༔ ཞེས་དང་༔ བརྒྱད་སྟོང་པ་ལས༔ སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བ་ལགས་སོ༔ ཞེས་དང་༔ རྒྱན་སྟུག་པོ་བཀོད་པ་ལས༔ སེམས་ཉིད་བདེ་སྟོང་ལྷན་ཅིག་སྐྱེས༔ འོག་མིན་གཙང་མའི་གནས་མཆོག་གོ༔ ཞེས་དང་༔ མཁའ་འགྲོ་མ་རླུང་གཤོག་ཅན་


CMR055_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས༔ ཀྱེ་ཧོ་རང་རིག་རྒྱལ་པོ་འདི་མཐོང་ན༔ ཐམས་ཅད་ཐམས་ཅད་ཐར་པའི་ལམ༔ རང་རིག་འདི་ཉིད་མ་རྟོགས་ན༔ གྲོལ་བ་ནམ་ཡང་ཡོད་མ་ཡིན༔ ཞེས་དང་༔ གཤེད་དམར་རྒྱུད་དང་༔ ནམ་མཁའི་རང་བཞིན་གྱི་མདོ་དང་༔ མངོན་རྟོགས་རྒྱན་གསུམ་ཀ་ནས༔ འདི་ལ་བསལ་བྱ་ཅི་ཡང་མེད༔ བཞག་པར་བྱ་བ་ཅུང་ཟད་མེད༔ ཡང་དག་ཉིད་ལ་ཡང་དག་ལྟ༔ ཡང་དག་མཐོང་ན་རྣམ་པར་གྲོལ༔ ཞེས་དང་༔ གསང་བ་སྙིང་པོ་ལས༔ བཅིངས་མེད་རྣམ་པར་གྲོལ་མེད་པའི༔ ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས༔ ཞེས་དང་༔ གྲུབ་ཆེན་པདྨ་ས་ར་ཧས༔ བུ་ལྟོས་ཤིག་རང་གི་སེམས་ལ་ལྟོས༔ བལྟས་པས་སེམས་ལ་གྲུབ་པ་མེད༔ གྲུབ་པ་མེད་པའི་སེམས་ཉིད་འདི༔ སྣ་ཚོགས་སྣང་བ་ངོ་མཚར་ཆེ༔ རང་སེམས་སྐྱེ་མེད་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་སྐྱེ་འཇིག་མེད༔ སྐྱེ་མེད་བདེ་བ་ཆེན་པོའི་སྐུ༔ རང་ལ་ཡོད་པ་ངོ་མཚར་ཆེ༔ རང་སེམས་ཆོས་སྐུའི་མེ་ལོང་ལ༔ གཉིས་མེད་ཡེ་ཤེས་འོད་དུ་ཤར༔ ཤར་ཙམ་ཉིད་ནས་གྲུབ་པ་མེད༔ བདེ་ཆེན་ལྷན་ཅིག་སྐྱེས་པ་ཡིན༔ གསུངས་སོ༔ སུམ་ཅུ་རྩ་གསུམ་པའི་


CMR055_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་ལས༔ སྲིད་གསུམ་ཐམས་ཅད་སེམས་ལས་བྱུང་བར་འགྱུར༔ སེམས་དེ་ཉིད་ཀྱང་འདི་ཞེས་བསྟན་དུ་མེད༔ གཟུགས་མེད་ལུང་དུ་མ་བསྟན་སྒྱུ་མ་འདྲ༔ མཁས་པ་དེས་ནི་སེམས་ཀྱི་ཆོས་ཉིད་ཚོལ༔ དེ་ནི་སེམས་ཀྱི་ཆོས་ཉིད་ཚོལ་བ་ན༔ སེམས་དང་སེམས་ཀྱི་ཆོས་ཉིད་མཐོང་བ་མེད༔ སེམས་དེ་སེམས་གང་གིས་ནི་ཚོལ་བྱེད་པའི༔ སེམས་དེ་ཡི་ནི་རང་བཞིན་མཐོང་བ་མེད༔ ཅེས་དང་༔ རྣམ་སྣང་མངོན་བྱང་ལས༔ སེམས་དེ་ནི་དེ་བཞིན་གཤེགས་པས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ༔ ཞེས་དང་༔ བྱང་ཆུབ་སེམས་འགྲེལ་ལས༔ ནོང་ངམ་དེ་བཞིན་ཕྱི་རོལ་ལམ༔ ཡང་ན་གཉིས་ཀའི་བར་དག་ཏུ༔ རྒྱལ་བ་རྣམས་ཀྱིས་སེམས་མ་རྙེད༔ ཅེས་དང་༔ འོད་སྲུང་གིས་ཞུས་པའི་མདོ་ལས༔ འོད་སྲུང་སེམས་ནི་ནང་ན་ཡང་མེད༔ ཕྱི་རོལ་ན་ཡང་མེད༔ གཉིས་ཀར་མེད་པ་ཡང་མི་དམིགས་སོ༔ འོད་སྲུང་སེམས་ནི་དཔྱད་དུ་མེད་པ༔ རྟེན་མ་ཡིན་པ་སྣང་བ་མེད་པ་རྣམ་པར་རིག་པ་མེད་པ་གནས་པ་མེད་པའོ༔ འོད་སྲུང་སེམས་ནི་སངས་རྒྱས་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ༔ འོད་


CMR055_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་སེམས་ནི་ཀུན་ཏུ་བཙལ་ཡང་མི་རྙེད་དོ༔ གང་མ་རྙེད་པ་དེ་མི་དམིགས་སོ༔ གང་མི་དམིགས་པ་དེ་འདས་པ་ཡང་མ་ཡིན༔ མ་འོངས་པ་མ་ཡིན༔ ད་ལྟར་བྱུང་བ་ཡང་མ་ཡིན་ནོ༔ ཞེས་གསུངས་པས༔ སེམས་ཚོལ་བ་དང་སེམས་ཀྱི་གཟུགས་ཁ་དོག་བརྟགས་པ་སོགས་ཀྱང་ཀ་དཔེ་མ་བྱེད་མི་དགོས་བྱས་ཀྱང་མི་རྙེད༔ མ་རྙེད་པས་བློ་ཆུང་བ་འགའ་ཞིག་སྡུག་ཐག་ཆད་པར་སྣང་འོ་ན་སེམས་དེ་ལ་ཅི་འདྲ་ཞིག་ཡོད་སྙམ་ན༔ བྱམས་པས་ཞུས་པ་ལས༔ བྱམས་པས་གསོལ་བ༔ ནང་གི་སེམས་ཇི་ལྟར་ལྟ་བར་བགྱི༔ བཀའ་སྩལ་བ༔ སེམས་ནི་དབྱིབས་མེད་པ་ཁ་དོག་མེད་པ་གནས་མེད་པ་ནམ་མཁའ་ལྟ་བུའོ༔ ཞེས་དང་༔ སྡུད་པ་ལས༔ གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ལ༔ འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང་༔ གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ༔ དེ་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན༔ ཞེས་དང་༔ ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་མདོ་ལས༔ བླ་མ་དམ་པའི་བདུད་རྩི་ཡིས༔ རང་སེམས་ནམ་མཁའ་ལྟ་བུར་ཤེས༔ དེ་ཡི་དོན་ལ་མ་


CMR055_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཡེངས་པ༔ དེ་ནི་ཏིང་ངེ་འཛིན་ཞེས་བསྟན༔ ཞེས་དང་༔ ཡེ་ཤེས་རྒྱ་མཚོའི་ཏིང་ངེ་འཛིན་གྱི་མདོ་ལས༔ ཆོས་རྣམས་སེམས་ཀྱིས་རྒྱས་གདབ་ཅིང་༔ སེམས་ལ་དངོས་པོ་མེད་པས་བཏབ༔ སེམས་ངོ་ཤེས་པ་གང་ཡིན་པ༔ དེ་ནི་རྣལ་འབྱོར་སྤྱོད་པ་ཡིན༔ ཞེས་དང་༔ རྒྱལ་མཚན་དམ་པའི་མདོ་ལས༔ ཏིང་འཛིན་བསམ་གྱིས་མི་ཁྱབ་པ༔ རྣལ་འབྱོར་སྤྱོད་པ་རྣམས་ལ་བཤད༔ དེ་དག་ཐམས་ཅད་དོན་གཅིག་སྟེ༔ སེམས་ཉིད་སྟོང་པར་འདུག་པར་བཤད༔ ཅེས་དང་༔ གསང་བ་མཛོད་ཀྱི་མདོ་ལས༔ ཆུ་རྣམས་ཐམས་ཅད་རྒྱ་མཚོར་གཅིག༔ ཏིང་འཛིན་སྣ་ཚོགས་ཐ་དད་པ༔ ཆོས་ཀྱི་དབྱིངས་སུ་རོ་གཅིག་གོ༔ ཏིང་འཛིན་དེ་ལྟར་ཤེས་པར་གྱིས་ཞེས་དང་༔ དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས༔ སེམས་ཅན་ཐམས་ཅད་སེམས་གཅིག་སྟེ༔ འོད་གསལ་སྐྱེ་བ་མེད་པའི་དོན༔ ཉོན་མོངས་འཇོམས་པའི་དཔའ་བོ་སྟེ༔ དེ་ཕྱིར་ཏིང་ངེ་འཛིན་ཞེས་བྱ༔ སྤྱན་རས་གཟིགས་རྣམ་པར་རོལ་པའི་མདོ་ལས༔ བྱང་ཆུབ་སེམས་དཔའ་སྤྱན་རིས་གཟིགས་ཀྱིས་གསོལ་པ་དུས་ཀྱི་ཐ་མའི་ཚེ་ལམ་གྱི་མིང་བཏགས་ནས༔ ལོག་པའི་


CMR055_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུ་ཞུགས་པ་མང་དུ་མཆི་ལགས་ན༔ ཡང་དག་པའི་ལམ་ཞེས་བགྱི་བ་གང་ལགས༔ བཀའ་སྩལ་པ༔ ཡང་དག་པའི་ལམ་ཞེས་བྱ་བ་ནི༔ སེམས་རྣམ་པར་མི་རྟོག་པ་དབུ་མ་མ་ནོར་བ་དེ་ཡིན་ནོ༔ གསོལ་པ་འོ་ན་སངས་རྒྱས་དང་སེམས་ཅན་ཐམས་ཅད་སེམས་ཀྱི་ལམ་ནས་འགྲོ་བ་ལགས་སམ༔ བཀའ་སྩལ་པ༔ ལམ་སྲོལ་ཆེན་པོར་རྒྱལ་པོ་དང་༔ སྤང་པོ་ལ་སོགས་ཀུན་འགྲོ་ལྟར༔ སེམས་ཀྱི་རྒྱ་ལམ་ཆེན་པོ་ནས༔ སངས་རྒྱས་དང་ནི་སེམས་ཅན་ཀུན༔ རྒྱ་ལམ་དེ་ནས་འགྲོ་བ་ཡིན༔ དེས་ན་རྣལ་འབྱོར་སྤྱོད་པ་སྐྱེས༔ སེམས་ཀྱི་ལམ་ལ་ནན་ཏན་བྱ༔ ཞེས་དང་༔ ཀྱེའི་རྡོ་རྗེའི་རྒྱུད་ལས༔ རང་རིག་ཡེ་ཤེས་སྤྲོས་བྲལ་ལ༔ སྒྲ་དང་ཐ་སྙད་འཇུག་ན་འཁྲུལ༔ རང་བཞིན་རང་གི་འོད་གསལ་ལ༔ མ་རིག་མུན་པས་སྒྲིབ་ན་འཁྲུལ༔ དངོས་པོ་སྟོང་པ་རོ་མཉམ་ལ༔ བླང་དང་དོར་བར་བྱེད་ན་འཁྲུལ༔ འདོད་ཡོན་ངང་གིས་འགགས་ན་འཁྲུལ༔ དེ་དག་དཀའ་བས་འགེགས་ན་འཁྲུལ༔ རང་རིག་འདོད་པས་སྟོང་པ་ལ༔ འདོད་ཡོན་ལྔ་ལ་བསྟེན་ན་འཁྲུལ༔ ཆོས་ཉིད་དམན་དང་གྱ་ནོམ་སྤང་༔ སྒྲོ་འདོགས་


CMR055_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་པ་འདེབས་ན་འཁྲུལ༔ བསྒོམ་པ་ཉིད་ཀྱང་རྟོགས་པ་ལ༔ མི་བསྒོམ་པ་ཡང་རྟོགས་པ་སྟེ༔ བསྒོམ་དང་མི་བསྒོམ་འཛིན་ན་འཁྲུལ༔ སངས་རྒྱས་སེམས་ཅན་གཉིས་མེད་ལ༔ དེ་དག་གཉིས་སུ་འཛིན་ན་འཁྲུལ༔ ཀུན་རྫོབ་དོན་དམ་གཉིས་མེད་ལ༔ བདེན་པ་གཉིས་སུ་འཛིན་ན་འཁྲུལ༔ ཞེས་དང་༔ སྒོམ་པ་པོ་མེད་བསྒོམ་བྱ་མེད༔ བསྒོམ་དུ་མེད་པའི་དོན་བསྒོམས་ན༔ མ་སྒོམ་པ་ཉིད་བསྒོམ་པའི་མཆོག༔ རང་སེམས་རང་གིས་མཐོང་གྱུར་ན༔ དངོས་དང་མཚན་མར་ག་ལ་མཐོང་༔ མ་མཐོང་བ་ཉིད་མཐོང་བའི་མཆོག༔ གོང་ལྟར་ལྟོ་ཡང་མི་རུང་བའི༔ བལྟ་རུ་མེད་པའི་དོན་ལ་བལྟ༔ མ་བལྟས་ན་ཡང་ལྟ་བའི་མཆོག༔ རྣམ་རྟོག་ཡེ་ནས་ངང་གིས་སྲེག༔ སྲེག་ཏུ་མེད་པའི་སྦྱིན་སྲེག་བྱ༔ མ་བསྲེགས་པ་ཉིད་སྲེག་པའི་མཆོག༔ མཆོད་པ་པོ་མེད་མཆོད་བྱ་མེད༔ མཆོད་དུ་མེད་པའི་མཆོད་པ་ནི༔ མ་མཆོད་ན་ཡང་མཆོད་པ་སྟེ༔ རང་རིག་མཆོད་པ་མཆོད་པའི་མཆོག༔ དཀའ་བ་མེད་པའི་དཀའ་ཐུབ་བྱས༔ སྟོང་པའི་དཀའ་ཐུབ་དཀའ་ཐུབ་མཆོག༔ སྲུང་དུ་མེད་པའི་དོན་སྲུང་སྟེ༔ རང་རིག་བརྟུལ་ཞུགས་བརྟུལ་ཞུགས་མཆོག་


CMR055_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་དུ་མེད་པའི་སྦྱིན་པ་བཏང་༔ སེམས་ཀྱི་སྦྱིན་པ་སྦྱིན་པའི་མཆོག༔ ཚུལ་ཁྲིམས་ལ་སོགས་དེ་བཞིན་ནོ༔ དེ་ལྟར་གྱུར་པའི་མཁས་པ་ལ༔ སྟོང་པར་མི་འགྱུར་གང་ཡང་མེད༔ ཅེས་དང་༔ བརྟག་གཉིས་ལས༔ ལུས་ལ་ཡེ་ཤེས་ཆེན་པོ་གནས༔ རྟོག་པ་ཐམས་ཅད་ཡང་དག་སྤང་༔ དངོས་པོ་ཀུན་ལ་ཁྱབ་པ་པོ༔ ལུས་གནས་ལུས་ལས་མ་སྐྱེས་པའོ༔ ཞེས་དང་༔ གསང་བ་འདུས་པ་ལས༔ དངོས་པོ་ཐམས་ཅད་དང་བྲལ་བ༔ ཕུང་པོ་ཁམས་དང་སྐྱེ་མཆེད་དང་༔ གཟུང་དང་འཛིན་པ་རྣམ་པར་སྤང་༔ ཆོས་བདག་མེད་པ་མཉམ་པ་ཉིད༔ རང་སེམས་གདོད་ནས་མ་སྐྱེས་པ༔ སྟོང་པ་ཉིད་ཀྱི་རང་བཞིན་ནོ༔ ཞེས་དང་། དགོངས་འདུས་ལས༔ སེམས་ཅན་སངས་རྒྱས་ཡིན་པ་ལ༔ རྟོག་པས་སྒྲིབ་པ་དེ་མ་ཤེས༔ རྟོག་པ་ཉིད་ནི་རྟོགས་མེད་ཕྱིར༔ བདེ་གཤེགས་སྙིང་པོ་གཞན་ན་མེད༔ ཅེས་དང་༔ སྡོམ་འབྱུང་ལས༔ ཆོས་ཀུན་ཡོངས་སུ་ཤེས་པའི་དོན༔ བསྒོམ་པ་དེ་ཉིད་བསྒོམ་དུ་མེད༔ རྫོགས་པའི་བྱང་ཆུབ་བདེ་བ་ཆེ༔ ཕྱག་རྒྱ་ཆེན་པོའི་མཆོག་དེ་ཡིན༔ ཞེས་དང་༔ ངེས་བརྗོད་བླ་མར་


CMR055_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་དང་འཛིན་པ་མི་དམིགས་པའི༔ དེ་བཞིན་ཉིད་ལ་སེམས་གནས་ན༔ བདེ་ལ་དགའ་བའི་དངོས་གྲུབ་འཆར༔ ཐབས་དང་ཤེས་རབ་གཉིས་མེད་པ༔ ཕྱག་རྒྱ་ཆེ་ལ་ངེས་པར་རོལ༔ ཞེས་དང་༔ འཀི་སེང་གདོང་མས༔ ཀྱེ་ཧོ་ཡོད་དོ་བྱས་ན་ངོས་གཟུང་མེད༔ མེད་དོ་བྱས་ན་སྣ་ཚོགས་འཆར༔ ཡོད་མེད་མཐའ་དང་བྲལ་བ་ལ༔ འདི་ཞེས་གང་གིས་མཚོན་མི་ནུས༔ ཞེས་དང་༔ སྟོབས་པོ་ཆེའི་རྒྱུད་ལས༔ ཇི་ལྟར་གླང་པོ་རྙེད་གྱུར་ནས༔ གླང་པོའི་རྗེས་ནི་མི་ཚོལ་ལྟར༔ སེམས་ཀྱི་དེ་ཉིད་རྙེད་གྱུར་ནས༔ རྣམ་རྟོག་གང་ཡང་མི་ཚོལ་ལོ༔ ཞེས་དང་༔ མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ལས༔ ཡིད་ཀྱི་བསམ་མནོ་བཀག་པ་ལ༔ ཡིད་ལ་མི་བྱེད་ཟེར་བ་ཡིན༔ གང་འདིར་ཡིད་ལ་བྱེད་པ་ཡི༔ གསལ་བ་བདག་མེད་རྟོག་པ་ལ༔ ཡིད་ལ་མི་བྱེད་ཅེས་བྱའོ༔ ཞེས་དང་༔ སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ལས༔ གཞི་ནས་མ་བཅོས་ཡེ་ནས་ལྷུན་གྲུབ་ལ༔ ཐ་མལ་རང་ལུགས་ཆེན་པོར་བཞག་པ་ན༔ འཕོ་འགྱུར་མེད་པ་ནམ་མཁའི་ཀློང་ཡངས་སུ༔ སྐྱེ་འཆི་མེད་པ་ཆོས་སྐུའི་ལུས་ཐོབ་འགྱུར༔ ཞེས་དང་༔ ནམ་མཁའ་དང་མཉམ་པའི་


CMR055_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས༔ འཁྲུལ་དང་མ་འཁྲུལ་ངོ་བོ་གཅིག་འགྲོ་ལ་སེམས་རྒྱུད་གཉིས་མི་འཆར༔ མ་བཅོས་རིག་པ་འདི་རང་ཡིན༔ འོད་གསལ་རིག་པ་ཅོག་གེ་ཞོག༔ ཅེས་དང་༔ རབ་ཏུ་མི་གནས་པའི་རྒྱུད་ལས༔ སེམས་ནི་སྐྱེ་མེད་ཤེས་ནས་ཀྱང་༔ བསྒོམ་པར་བྱ་བ་མ་ཡིན་ཏེ༔ རང་གར་བཞག་ན་བདེ་བ་ཆེ༔ གོམས་པའི་སྟོབས་ཀྱི་འབྲས་བུ་མཆོག༔ ཅེས་དང་༔ ནམ་མཁའ་རྣམ་པར་དག་པའི་རང་བཞིན་ལས༔ སྤྲིན་ཚོགས་གློ་བུར་ཉིད་དུ་བྱུང་གྱུར་ན༔ དེ་ཉིད་ཡིན་ཏེ་ནམ་མཁའ་ཉིད་ཀྱི་ངང་༔ སེམས་ཉིད་གནས་པ་རྡོ་རྗེ་ཡེ་ཤེས་ལ༔ བྱེད་སྒོ་ཐ་དད་རྟོག་པའི་ཚུལ་སྣང་ཡང་༔ དེ་ཉིད་དོན་ལས་གཞན་པ་ཡོད་མ་ཡིན༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེས་ནམ་མཁའི་སྤྲིན་བཞིན་རང་བྱུང་རང་ཐིམ༔ བར་སྣང་རླུང་བཞིན་འགྱུ་བ་རྗེས་མེད༔ བྲམ་ཟེའི་སྐུད་པ་བཞིན་དུ་མི་བསྒྲིམས་མི་ཀློད་མེད་པར་ཆ་སྙོམ་དུ་བཞག༔ སེམས་གསལ་དུ་རེ་བའི་ཤེས་པས་མི་བཅོས༔ གསལ་པོའི་རྟོག་པ་མི་བཞུགས༔ ཞི་གནས་སྡོང་པོའི་རྟོག་པ་འོག་འགྱུས༔ བསྒོམ་བྱུང་དང་མ་བྱུང་གི་འཛིན་རྟོག་མ་ཞུགས་པར་བཞག༔


CMR055_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་ངོ་བོ་རང་གི་རང་རིག་ཙམ་དུ་གནས་ལ་ཁད་ཀྱིས་བཞག་གོ༔ མི་གནས་ན་འགྲོ་སར་བཏང་བས་དཔེར་ན་སེང་གེ་ཡང་རྩལ་འཕྱོས་ཀྱང་གངས་ལས་མ་འདས༔ ཉི་མས་འཇིག་རྟེན་ཁྱབ་ཀྱང་རྒས་དུས་ཉི་མའི་དཀྱིལ་འཁོར་ལས་མ་འདས༔ ཉ་གར་འཕྱོས་ཀྱང་ཆུ་ལས་མ་འདས༔ རྒྱ་མཚོའི་བྱ་རོག་གར་འཕྱོས་ཀྱང་རྫོང་ལས་མ་འདས་པ་བཞིན་དུ༔ སེམས་འཕྲོ་རྟོག་ཅི་ལྟར་མང་ཡང་༔ དེ་སེམས་ཉིད་རང་ལས་མ་འདས་ཏེ༔ དེས་ན་མི་གནས་པའི་ངོ་བོ་ཁོ་རང་དྲན་པས་རྩིས་ཟིན་ཙམ༔ བཟང་ངན་གྱི་རྟོག་པས་མ་བཅིང་ཙམ་པ་དེ་ཀའི་སྟེང་དུ་ཀློད་ཤེས་ན༔ མི་གནས་པ་ཁོ་ན་གནས་པ་ཆེན་པོ་ཡིན༔ ཞེས་དང་༔ ཉན་ཐོས་པ་བཞིན་དུ་དགག་ཀྱང་མི་བགགས༔ སོ་སོ་སྐྱེ་བོ་བཞིན་དུ་མཚན་མའི་རྗེས་སུ་མི་འབྲང་༔ མུ་སྟེགས་རྟག་ལྟ་བཞིན་དུ་ཏིང་ངེ་འཛིན་གྱི་རོ་ལ་མི་ཆགས༔ དོན་ལ་མ་བཅོས་པ་ཁོ་རང་གི་ངོ་བོ་རང་བྱུང་དང་དངོས་སུ་བཞག༔ ཅེས་གསུངས་པ་དང་༔ ངོ་བོ་སྟོང་སེང་ངེ་བ༔ རང་བཞིན་གསལ་རྗེན་ནེ་བ༔ རྩལ་གཏད་མེད་དུ་ཐ་ལེ་བ༔ གསལ་རིག་སྟོང་གསུམ་ངང་གནས་པ་དེ་ལ་སྐྱོན་མེད་ཀྱི་ཕྱག་རྒྱ་ཆེན་པོ་ཡིན༔ ཞེས་


CMR055_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཐགསུངས་པ་ལྟར་ཉམས་སུ་ལེན་ནོ༔ དེ་ལྟར་བརྩོན་འགྲུས་དང་ལྡན་པས་བསྒོམས་ན་རབ་གཅིག་ཆར་འབྲིང་ཐོད་རྒལ་ཐ་མ་རིམ་སྐྱེས་སུ་རྟོགས་པ་འཆར་ཏེ༔ བང་མཛོད་ལས༔ སེམས་ཀྱི་རང་བཞིན་གཅིག་མོད་ཀྱང་༔ སེམས་ཀྱི་མཚན་ཉིད་མི་འདྲ་སྟེ༔ དབང་པོ་རབ་འབྲིང་གསུམ་དུ་འབྱུང་༔ ཞེས་གསུངས་སོ༔ དེ་ལ་རབ་ལ་ཡང་རབ་དང་རབ་གཉིས༔ ཡང་རབ་ནི་ནམ་མཁའ་ཀློང་ཡངས་ལས༔ དབང་པོ་རབ་ཀྱི་དོན་དུ་ནི༔ བསྟན་པ་ཙམ་གྱི་རྟོགས་པའི་ཆོས༔ ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ༔ ཤེས་པ་ཙམ་གྱིས་འཚང་རྒྱ་ངེས༔ ཞེས་གསུངས་སོ༔་རབ་ནི་རྟོགས་པའི་དོན་ལ་གནས་པ་ཙམ་གྱིས་གྲོལ་ཏེ༔ ཡེ་ཤེས་ཀློང་ཡངས་ལས༔ རང་སེམས་རྟོགས་པའི་སྐད་ཅིག་ལ༔ བཏུད་དེ་གཅིག་ཆར་འཇུག་ནུས་ན༔ བསྒོམ་པའི་ཡུན་ལ་རིང་ཐུང་མེད༔ ནམ་འགྲུབ་བསམ་པའི་ཁར་མ་ལུས༔ གསུངས་སོ༔ རླུང་སེམས་གཉིས་མེད་རྒྱ་གཞུང་ལས༔ རབ་གཅིག་ཆར་དུ་སྐྱེ་སྟེ་མཉམ་རྗེས་མེད་པར་ཐམས་ཅད་ཆོས་ཉིད་ཀྱི་ངང་༔ ཞེས་གསུངས་སོ༔ འབྲིང་ནི་ཉམས་སྒྲོན་ལས༔ ཐོད་རྒལ་སྒོམས་ལ་ངེས་མེད་དོ༔


CMR055_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཞིག་གནས་ནས་མཐར་ཕྱིན་ཡོང་༔ ལ་ལ་མི་གཡོ་མཉམ་ཉིད་གནས༔ མཐར་ཕྱིན་ཡོན་ཏན་རྫོགས་པ་ཡོད༔ ལ་ལ་དང་པོ་གནས་མ་ཐོབ༔ ཉམས་དང་དྲོད་རྟགས་མཐོ་དམན་ཚེ༔ གོ་རིམ་ངེས་མེད་མཐར་ཕྱིན་ཡོད༔ ལ་ལ་གོ་རིམ་ཅན་སྐྱེ་ལ༔ སྐབས་སུ་ཐོད་རྒལ་སྐྱེ་བ་ཡོད༔ ཅེས་གསུངས་ཏེ་ཐོད་རྒལ་བ་འདི་བརྩོན་འགྲུས་ཆེ་ན་བོགས་ཆེ་རྟོགས་པ་མཆོག་སྐྱེ༔ བརྩོན་འགྲུས་ཞན་ན་ཆོས་མགོ་ཡང་མི་ཐོན་ཐ་མལ་པར་གྱུར་པ་ཡིན་ནོ༔ ཐ་མ་རིམ་གྱིས་སྐྱེ་བ་ནི༔ དགའ་རབ་རྡོ་རྗེས༔ དང་པོར་གནས་པའི་ཏིང་ངེ་འཛིན༔ གཉིས་པ་ལ་ནི་མི་གཡོ་བ༔ གསུམ་པ་མཉམ་པ་ཉིད་དུ་གྱུར༔ བཞི་པོ་ཡེ་ཤེས་ལྷུན་གྱིས་གྲུབ༔ ཅེས་གསུངས༔ དེ་ལ་དང་པོ་འདི་ལ་ཕྱག་རྒྱ་ཆེན་པོ་རྩེ་གཅིག་ཟེར༔ རྫོགས་ཆེན་ཁྲེགས་ཆོད་པས་གནས་པའི་ཏིང་ངེ་འཛིན་ཟེར༔ གསུང་རབ་སྤྱི་ལས་སེང་གེ་རྣམ་རོལ་འགྱིང་བའི་ཏིང་ངེ་འཛིན་ཟེར༔ དཔེར་ན་སེང་གེ་འགྱིང་བའི་ཚེ་རང་གི་ལུས་ལ་ཚུར་བལྟ་བ་ལྟར༔ རང་གི་སེམས་ལ་རང་གིས་ཚུར་བལྟ་བ་ཡིན་ཏེ༔ གསང་བ་བསམ་གྱིས་མི་ཁྱབ་པ་དང་ཆུ་ཀླུང་ཆེན་པོའི་རྒྱུད་ལས༔ སེང་གེ་རྣམ་པར་འགྱིང་


CMR055_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཏིང་ངེ་འཛིན་གྱིས༔ མི་གཡོ་རྩེ་གཅིག་དང་མའི་ཤེས་པ་གསལ༔ ཞེས་གསུངས་པས་སེམས་བདེ་གསལ་མི་རྟོག་པའི་ངོ་བོ་ལ་རྩེ་གཅིག་ཏུ་གནས་པས་རྩེ་གཅིག་ཟེར་རོ༔ འདི་ལ་ཡང་ཅུང་ཟད་བརྟན་པ་རབ་ཏུ་བརྟན་པ་རང་དབང་ཐོབ་པ་རྣམས་ལ་ཆེ་འབྲིང་ཆུང་གསུམ་དུ་འཇོག༔ འདི་སྐབས་ཁམས་གསུམ་གྱི་གོལ་ས་གཅོད་དགོས་ཏེ༔ ཞི་གནས་སྐབས་དང་འདིར་ལྷག་མཐོང་གཉིས་ཆ་འདྲ་ཡང་དོན་མི་འདྲ༔ ཞི་གནས་ཁ་རྐྱང་ལ་བདེ་གསལ་མི་རྟོག་པ་སྐྱེས་ཀྱང་ངོ་བོ་སྟོང་པར་མ་རྟོགས༔ འདིར་ངོ་བོ་སྟོང་པར་རྟོགས་པས་ཞི་ལྷག་ཟུང་འཇུག་ཡིན་ཡང་ད་དུང་བདེ་ཉམས་ལ་ཆགས་ཞེན་དང་གསལ་ཉམས་ལ་མཆོག་འཛིན་གྱིས་འཛིན་པའི་ངེས་ཤེས་དེ་ལ་ཞེན་ན་འདོད་ཁམས་དང་གཟུགས་ཁམས་སུ་གོལ་བ་ཡིན༔ སེམས་ཀྱི་ངོ་བོ་སྟོང་པ་གཟུགས་ཁ་དོག་དངོས་པོ་མེད་པ་ལ་མེད་བཞིན་དུ་མཐོང་མོད་ཀྱི༔ ནམ་མཁའ་ལྟ་བུ་ཡིན་ནོ་སྙམ་པ་དང་༔ སེམས་སམ་རྣམ་ཤེས་ནི་མཐའ་ཡས་ཏེ་དཔག་པར་དཀའོ་སྙམ་པ་དང་༔ སེམས་ནི་ཡོད་པ་མ་ཡིན་ཏེ་དངོས་པོ་མེད༔ མེད་པ་མ་ཡིན་ཅིར་ཡང་འཆར་བས་ཡོད་མེད་གཉིས་ཀ་མ་ཡིན་ནོ་


CMR055_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་པ་དང་༔ སེམས་ནི་ཅིའི་ངོ་བོར་ཡང་མ་གྲུབ་པས་མེད་ཅིང་སྟོང་པ་ཡིན་ནོ་སྙམ་པའི་ངེས་ཤེས་ཀྱི་འཛིན་པ་དམ་པོ་ཡོད་ན་གཟུགས་མེད་ཁམས་བཞིར་གོལ་བ་ཡིན༔ འཛིན་པ་དེ་རྣམས་ཀྱང་ཉམས་ཡིན་ཏེ་དང་པོ་སྐྱེ་དགོས༔ དེ་ནས་དེ་ལ་མཆོག་ཏུ་མི་འཛིན་པར་ཞེན་མེད་དུ་སྐྱོང་དགོས་པ་ཡིན༔ ལམ་ཁ་བྲག་གི་མཚམས་སུ་ཕྱིན་དགོས༔ ཕྱིན་ནས་མ་ནོར་དགོས་པ་དང་འདྲ༔ ཤོར་ས་གསུམ་ཡང་འདི་སྐབས་སུ་འོང་སྟེ༔ གསུང་རབ་ཀྱི་དོན་ལ་ཐོས་བསམ་བྱས་པས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་ནོ་སྙམ་པའི་གོ་བ་སྐམ་པོས་ནི་སྒོམ་གོ་མི་ཆོད་དེ་གཤིས་ལ་ཤོར་བ་ཡིན༔ དེ་ཡོན་ཏན་ཅན་ལ་འོང་གཞན་ལ་མི་འོང་༔ སྭ་བྷ་ཝ་དང་ཤུ་ནྱ་ཏའི་སྔགས་བརྗོད་པས་ཆོས་ཐམས་ཅད་སྟོང་པ་ཉིད་ནམ་མཁའ་ལྟ་བུར་གྱུར་སོང་བར་བསྒོམ་པ་རྒྱས་འདེབས་སུ་ཤོར་བ་ཡིན་ཏེ་བསྒོམ་གོ་མི་ཆོད༔ དེ་སྔགས་པ་ཁྲིད་ཞུ་མ་མྱོང་བ་ལ་འོང་༔ ཉོན་མོངས་པ་དུག་ལྔ་ནི་འཁོར་བའི་བཙོན་རར་ཁྲིད་པའི་དགྲ་ཡིན་པས༔ དགྲ་དེ་འཇོམས་པའི་ཐབས་ནི་སྟོང་པ་ཉིད་ཡིན་སྙམ་ནས་བསྒོམ་པ་ནི་གཉེན་པོར་ཤོར་བ་ཡིན་ཏེ༔ འདི་ཉན་ཐོས་གཙོ་བོར་བྱེད་པའི་དགེ་བཤེས་ལ་


CMR055_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

འོང་༔ འདིར་གསང་སྔགས་ལུགས་དུག་ལྔ་མི་སྤང་བ་དམ་ཚིག་ཏུ་གསུངས་པས༔ དུག་ལྔའི་རང་ངོ་བལྟས་པས་ཡེ་ཤེས་ལྔ་ཡིན་ངོ་ཤེས་མ་ཤེས་ལས་དོན་གཅིག་པས་དགྲར་མི་ལྟའོ༔ དེ་བཞིན་དུ་སེམས་སྟོང་པ་ཉིད་ལ་དགེ་སྡིག་གིས་མི་གོས་སྙམ་པའི་ལས་རྒྱུ་འབྲས་ལ་མི་འཛེམ་པ་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བ་ཡིན་པས༔ རིག་འཛིན་ནཱ་གརྫུ་ནས༔ སྟོང་པ་ཉིད་ལ་བལྟ་ཉེས་ན༔ ཤེས་རབ་དམན་རྣམས་ཕུང་བར་འགྱུར༔ ཞེས་པ་དེ་ཡིན་པས་འདི་ཕྱག་རྫོགས་སུ་ཁས་ལེན་པ་རྣམས་ལ་འོང་ཉེན་ཆེ་བས་སྤྱོད་པ་ཞིབ་པ་གལ་ཆེ༔ རྣམ་རྟོག་མང་པོ་འཕྲོ་བ་ལ་མི་དགའ་བར་མི་བྱ་སྟེ༔ རྣམ་རྟོག་བཀག་ནས་ཅི་ཡང་མི་དྲན་པ་དེ་བསྒོམ་དུ་འཛིན་པ་ཧྭ་ཤང་ལྟ་བ་ཡིན༔ འདིར་རྣམ་རྟོག་པ་གང་ཤར་ངོ་བོ་ལ་བལྟ་བ་ཡིན་པས༔ གནས་འགྱུ་ལ་འདམ་ཀ་མི་བྱ༔ སྔོན་འགྲོ་ནས་བཟུང་སྟེ་ལན་དུ་མར་སེམས་མ་བཅོས་པར་ཞོག་སྨྲས་མོད༔ བསྡོམ་པོར་བྱས་ན་དེ་བས་བཅོས་ཆེ་ཅི་ཡོད༔ ཀློད་ལ་ཞོག་ཟེར་བ་སེམས་འཕྲོས་ཀྱང་མ་བཀག་ཟེར་བ་ཡིན༔ དེ་ལྟར་བདེ་གསལ་མི་རྟོག་པ་ལ་ཆགས་ཞེན་མེད་ཀྱང་བདེ་གསལ་མི་རྟོག་པ་གསུམ་ཀ་ཚང་


CMR055_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བ༔ སེང་ངེ་ཡེ་རེ་རྗེན་ནེ་གནས་པའི་ངོ་བོ་སྟོང་པར་རྟོགས་པ༔ འཕྲོ་ནའང་ཆུ་དང་རླབས་བཞིན་དུ་རང་སར་ཞི་བ་དེ་ལ་རྩེ་གཅིག་དང་གནས་པའི་ཏིང་ངེ་འཛིན་ཏེ༔ དེའི་རྟགས་དང་ཕན་ཡོན་དང་དེ་ལྟ་བུ་ཞིག་ཤི་ན་གར་སྐྱེ་བ་རྣམས་རིག་འཛིན་དགའ་རབ་རྡོ་རྗེས་གསུངས་པ་ནི༔ འཁོར་བའི་འདུ་འཛི་སྤངས་ནས་ནི༔ དགོན་པར་མཉམ་པར་བཞག་པའི་ཚེ༔ སྐྱོན་གྱི་ཚོགས་རྣམས་མ་བྱུང་བར༔ ཇི་སྲིད་གནས་ལ་གནས་ཞེས་བྱ༔ དཔེར་ན་སྐྱེས་བུ་འཇིགས་བཅས་ཞིག༔ ལམ་ལ་ཤིན་ཏུ་བསྒྲོད་པའི་ཚེ༔ རང་ཡུལ་སྣང་བ་མཐོང་སླེབས་ནས༔ འཇིགས་པའི་རྟོགས་པ་མེད་དང་འདྲ༔ འཁོར་བའི་ཆོས་ལ་སྐྱོ་བ་དང་༔ སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེ༔ རང་གི་གནས་ལ་མི་ཆགས་ཤིང་༔ ཐག་རིང་གཞན་དུ་འགྲོ་བར་འདོད༔ རྣལ་འབྱོར་པ་དེ་འགོགས་པའི་ཚེ༔ ངེས་པར་མི་ལུས་ཐོབ་ནས་ནི༔ ཆོས་སྤྱོད་པ་དང་ལྡན་གྱུར་ནས༔ དེ་ཚེ་ཆོས་ཉིད་བདེན་པ་མཐོང་༔ ཞེས་གསུངས་སོ༔ དེའི་སྐབས་སུ་ཆོས་ཐམས་ཅད་སེམས་ཡིན་པའི་གོ་བ་ཙམ་སྐྱེ༔ སེམས་སྟོང་པ་ཡིན་པར་རྟོགས་ཀྱང་༔ བལྟ་བྱ་ལྟ་བྱེད་ཀྱི་འཛིན་པ་ཞིག་ཡོད༔ བྱ་བ་ཐེང་བ་


CMR055_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཉོན་མོངས་མགོ་ནོན་པ་དང་སྐྱོ་ཤས་ངེས་འབྱུང་དེ་དུས་ཆེ༔ བླ་མ་ལ་དད་པ་སྐྱེ་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་བྱམས་པ་ཡང་འདི་སྐབས་སུ་བསྒོམ་དགོས་རྒྱུར་འདུག༔ དེ་ནས་རྫོགས་ཆེན་ལུགས་འདི་ལ་མི་གཡོ་བའི་ཏིང་ངེ་འཛིན་ཟེར༔ ཕྱག་ཆེན་པས་སྤྲོས་བྲལ༔ ཆོས་སྤྱི་ལས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དུ་གསུངས་ཏེ༔ བདེ་གསལ་མི་རྟོག་པའི་ཉམས་ཐམས་ཅད་འཇའ་ཡལ་བ་བཞིན་སོང་༔ འདི་སྒོམ་གྱི་གཏད་སོ་དང་ངེས་ཤེས་ཀྱི་འཛིན་པ་དེ་ཞིག༔ བལྟ་བྱ་དང་ལྟ་བྱེད་གཅིག་ཏུ་འདྲེས༔ འདི་བསྒོམ་དེ་བསྒོམ་མེད༔ འདི་ལྟ་དེ་ལྟ་མེད་པར་སྔར་གྱི་བསྒོམ་དེ་བོར་ཤོར་བ་འདྲ་ཞིག་འོང་༔ འདི་སྐབས་ཐོས་པ་ཆུང་ན་བསྒོམ་བོར་ཤོར་བ་སྙམ་ནས་སྡུག་བསྔལ་བྱེད༔ སྔར་ལྟར་ཨེ་འོང་བརྩོན་འགྲུས་བྱས་ཀྱང་མི་འོང་༔ ཧམ་པ་ཆེ་ན་བསྒོམ་མེད་ཡིན་སྙམ་ནས་སྟོང་སྐད་མང་པོ་འདོན༔ བསྒོམ་རྒྱུ་མེད་རང་བཞིན་ཤེས་པས་ཆོག་ཟེར་ནས་གཞི་ཕྱག་རྒྱ་ཆེན་པོའི་གོ་བ་སྐམ་པོ་ཞིག་ལ་བློ་གཏད་ནས༔ སྤྱོད་པ་གང་མིན་བྱེད་ཅིང་སྡོད་ཉེན་ཡོད༔ ལ་ལས་འདི་ཡིན་མི་འདུག་མེད་སོང་སྙམ་ནས་སྐྱུར་ཉེན་ཆེ༔ བླ་མས་ངོ་སྤྲོད་གལ་


CMR055_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བླ་མ་མེད་ན་གྲུབ་ཆེན་རྣམས་ཀྱི་གསུངས་ལ་བལྟས་པས་ངོ་ཤེས་འཕྲད་པ་ལྟར་འོང་༔ འདི་ངོ་བོ་མཐོང་བ་དང་༔ ཐ་མལ་གྱི་ཤེས་པ་རྗེན་པར་རྟོགས་པ་དང་༔ སྤྲོས་བྲལ་ངོ་མཐོང་ཙམ་ཡིན༔ འདི་བསྒོམ་གཏད་སོ་མེད་ཀྱང་མ་ཡེངས་པའི་དྲན་རྗེས་ཡང་ཡང་གསལ་འདེབས་པ་གལ་ཆེ༔ སྟོང་ཉིད་ཀྱི་ངོ་སྤྲོད་ཐམས་ཅད་འདི་སྐབས་སུ་གོ་འོང་༔ སྨྲ་བསམ་བརྗོད་མེད་ཡང་འདི་ཡིན༔ གང་ཟག་གི་བདག་མེད་ཡང་འདི་ཡིན༔ འདི་སྐབས་མོས་གུས་དང་གསོལ་འདེབས་གལ་ཆེ་ཞིང་༔ རེས་འགའ་དབེན་པ་བསྟེན་ཏེ་རེས་འགའ་རྣམ་གཡེང་དང་བསྲེ་བས་བོགས་འབྱུང་༔ རྣམ་རྟོག་ཉུང་དུ་མ་སོང་ཡང་རྣམ་རྟོག་གིས་བསྒོམ་ལ་མི་གནོད་དེ་ཆུ་དང་ཆུ་རླབས་ལྟར་ཐིམ་པས་རྣམ་རྟོག་སོ་སོར་ངོ་བོ་ལྟ་མི་དགོས༔ འགྱུ་བ་དེ་ལྟར་མང་ཡང་མཚོ་ལ་ཁ་བ་བབས་པ་ལྟར་ཁོ་རང་གི་ངང་དུ་ཐིམ༔ རྣམ་རྟོག་བསྒོམ་དུ་ཤར་བས་བསྐྱེད་རྫོགས་ཟུང་དུ་འཇུག་པ་གོ་བ་སྐམ་པོ་གཅིག་མིན་པ་ཞིག་འཆར་ཏེ༔ ཉམས་ལེན་སྟོང་ཉིད་ཀྱི་རྩི་དང་མ་བྲལ་བར་ནམ་མཁའ་ལ་འཇའ་ཤར་བ་ལྟར་ཡི་དམ་གྱི་ལྷ་དང་བླ་མ་བསྒོམ་པ་ཐུབ་འོང་༔ ནང་འཛིན་པའི་སེམས་སྟོང་པར་རྟོགས་


CMR055_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྣམ་ཤེས་ཚོགས་བརྒྱད་དེ༔ གཟུགས་མཐོང་མཁན་སྒྲ་ཐོས་དྲི་ཚོར་མཁན་རོ་མྱོང་མཁན་ཐམས་ཅད་ཀྱི་འགྱུ་བ་མ་འགགས་པར་གསལ་ཡང་ངོ་བོ་སྟོང་པར་རྟོགས་དེར་འཛིན་གྱི་མཚན་མ་ཞིག༔ འདི་ལ་ཆུང་འབྲིང་ཆེ་གསུམ་དང་༔ བརྟན་པ་ཐོབ་མ་ཐོབ་རྩལ་རྫོགས་མ་རྫོགས་ཡོན་ཏན་སྐྱེས་མ་སྐྱེས་སོགས༔ དེ་ལ་ཡང་རྣམ་གྲངས་དཔག་ཏུ་མེད་པ་ཡོད་ལ༔ གཅིག་ལ་འཆར་ཀུན་ལ་མི་འཆར་ཞིང་༔ སེམས་ཀྱི་ཁམས་དང་དབང་པོའི་བྱེ་བྲག་མཐའ་ཡས་པས་འཆར་ཚུལ་ཡང་དེ་དང་མཚུངས་པ་ཡིན་པར་སྣང་ཡང་༔ ལ་ཆེན་གྱི་བབ་ནི་གཅིག་པས་ཤེས་པར་བྱའོ༔ དེའི་དོན་གསང་བ་བསམ་གྱིས་མི་ཁྱབ་དང་ཆུ་ཀླུང་ཆེན་པོའི་གསང་རྒྱུད་ལས༔ གཉིས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱིས༔ སྤྲོས་དང་བྲལ་བའི་མཉམ་བཞག་ཆེན་པོ་ལ༔ བསམ་གྱིས་མི་ཁྱབ་ཏིང་འཛིན་རྩལ་དུ་ཤར༔ རྟོགས་པ་ཐོབ་ནས་སྐྱེ་ལ་དབང་བ་ཡིན༔ ཞེས་གསུངས་ཏེ༔ རྒྱུད་ལ་ལ་ནས་འདི་ལ་སྒྱུ་མ་ལྟ་བུར་བཤད་པ་ཡང་སྣང་སྟེ་མིང་གང་བཏགས་ཀྱང་འདྲ༔ དེའི་རྟགས་དང་འབྲས་བུ་ཡང་སློབ་དཔོན་དགའ་རབ་རྡོ་རྗེས༔ རྫོགས་ཆེན་པྲ་ཁྲིད་ཀྱི་རྒྱ་གཞུང་


CMR055_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ལས༔ ཇི་སྲིད་མཉམ་པར་བཞག་པའི་ཚེ༔ སྐྱོན་གྱི་རྣམ་པ་གང་འགོགས་ནས༔ རང་བྱུང་ཡེ་ཤེས་དྲོད་དང་ལྡན༔ ཉིན་མཚན་འདས་ཀྱི་བར་དུ་གནས༔ མི་རྟོག་ཐིག་ལེའི་ངང་ལ་གནས་པ་ཡིན༔ མི་བསྐྱོད་དྭངས་པའི་རྒྱ་མཚོ་ཆེན་པོ་དང་༔ མི་གཡོ་གསལ་བ་ཏིལ་གྱི་མར་མེ་འདྲ༔ དེ་ནི་ཡེ་ཤེས་བདེ་བ་དྲོད་ཅེས་བྱ༔ དེ་ཚེ་ཟས་དང་གོས་ཀྱི་འདུ་ཤེས་ཆུང་༔ ཉོན་མོངས་ལ་སོགས་ཆགས་སྡང་ཆུང་༔ སྙིང་རྗེ་ཕན་སེམས་རབ་ཏུ་ཆེ༔ རྨི་ལམ་རྟགས་བཟང་རབ་ཏུ་འབྱུང་༔ དེ་ལྟ་བུ་ཡི་རྣལ་འབྱོར་པ༔ འབྱུང་བ་ལྔ་པོ་ཞིག་པའི་ཚེ༔ ལྷ་ཡི་རིག་འཛིན་ཆེན་པོ་ཐོབ༔ ཚེ་འདི་ཉིད་ལ་མངོན་སངས་རྒྱས༔ ཞེས་གསུངས་སོ༔ དེ་ནས་རྫོགས་ཆེན་ལུགས་ལ་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན༔ ཕྱག་ཆེན་པས་རོ་གཅིག༔ ཆོས་སྤྱི་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་བ་དེ་འཆར་ཏེ༔ ཕྱི་རོལ་གྱི་ས་རྡོ་རི་བྲག་སྐྱེ་འགྲོ་ཡུལ་དང་གྲོང་ཁྱེར་སོགས་གང་མཐོང་བ་ཐམས་ཅད་རྣམ་པ་སོ་སོར་གསལ་ཡང་ངོ་བོ་སྟོང་པར་རོ་གཅིག་ཏུ་འདྲེས༔ སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་སེམས་ཅན་ཐམས་ཅད་ཀྱི་སེམས་རྒྱུད༔ རྣལ་འབྱོར་པ་རང་གི་སེམས་གསུམ་དབྱེར་


CMR055_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རོ་གཅིག་སྟོང་པ་ཉིད་དུ་འདྲེས་ཏེ༔ དེ་ཡང་རེས་འགའ་དེ་ལྟར་སྣང་ངོ་སྙམ་པ་ལ་རེས་མི་འཆར་ན་ཉམས་ཡིན་ལ༔ དྲན་པས་ནམ་ཟིན་ལ་དེ་ལྟར་སྣང་ན་རྟོགས་པ་ཡིན༔ ནམ་མཁས་ཁྱབ་ཚད་ཀྱི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ངོ་བོ་སྟོང་པ་ཉིད་དུ་རོ་གཅིག༔ རང་བཞིན་སོ་སོར་གསལ་སྣང་མ་འགགས་པར་རོ་གཅིག༔ རྩལ་རྟེན་འབྲེལ་གྱི་འཆར་སྒོ་སྣ་ཚོགས་སུ་འཆར་བར་རོ་གཅིག་པ་སྟེ༔ གོ་བ་ཙམ་དང་བློས་བཅོས་ཏེ་བཟོས་པ་མ་ཡིན་པར་ཤུགས་འབྱུང་དུ་རྟོགས་པ་གཅིག་ཡིན་ཏེ༔ གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས༔ གསུམ་པ་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔ དུ་མ་རོ་གཅིག་ས་བཅུའི་རྟོགས་པ་འཆར༔ དུས་གསུམ་རྒྱལ་བའི་སྲས་པོས་གཞན་དོན་མཛད༔ རྩེ་མོར་ཕྱིན་ནས་འཕེལ་བ་རྒྱུན་མི་ཆད༔ ཅེས་དང་༔ དགའ་རབ་རྡོ་རྗེས༔ འཁོར་བ་མྱ་ངན་འདས་པའི་ཆོས༔ ཇི་ལྟ་བུར་ཡང་མི་གཟིགས་ཏེ༔ ཐམས་ཅད་མཉམ་པ་ཉིད་དུ་གསལ༔ ལོ་ཟླར་འདས་ཀྱང་དེ་བཞིན་གནས༔ མཉམ་ཉིད་མི་གཡོ་ཆོས་ཀྱི་སྐུ༔ བཟུང་བས་མི་ཟིན་ཆུ་ཟླ་འདྲ༔ རྟོག་མེད་མཉམ་པ་དེ་ཉིད་ནི༔ ཁྱུང་ཆེན་


CMR055_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁར་ལྡིང་དང་མཚུངས༔ ཡོ་བྱད་འདུ་ཤེས་ཐམས་ཅད་འགོགས༔ དགེ་དང་མི་དགེའི་རྣམ་རྟོག་མེད༔ ཉོན་མོངས་སྒྲིབ་པ་རྣམ་པར་དག༔ ཉམས་ཀྱི་རྨི་ལྟས་སྣ་ཚོགས་འབྱུང་༔ མཉམ་པ་ཉིད་ཀྱི་ངོ་བོ་ལས༔ ལམ་དང་ས་ཡི་རིག་འཛིན་ཐོབ༔ དེ་ཡང་བགྲོད་དུ་མེད་པ་སྟེ༔ དེ་ཚེ་ཉིད་ལ་མངོན་སངས་རྒྱ༔ ཞེས་གསུངས་སོ༔ དེ་ལ་པཎྜི་ཏའི་དཔྱད་བསྒོམ་དང་ཁྲིད་ལ་ལ་ནས་གཞི་ལྟ་བའི་གནས་ལུགས་ངོ་སྤྲད་ནས་ལམ་བསྒོམ་པའི་རིམ་པ་ཉམས་སུ་ལེན་པ་ཡིན་ཡང་༔ བསྒོམས་པས་ཉམས་སུ་མ་བླངས་ན་ལྟ་བ་གོ་ཡུལ་ཙམ་དུ་ལུས༔ དང་པོ་ནས་བསྒོམས་པས་ལྟ་བ་དངོས་སུ་རྟོགས༔ གཞི་དངོས་པོའི་གནས་ལུགས་དང་ལྟ་བ་དོན་གཅིག༔ གཞིའི་གནས་ལུགས་དེ་མངོན་དུ་གྱུར་པ་འབྲས་བུ་ཡིན་པས༔ སཾ་བྷུ་ཊི་ལས༔ འཁོར་བ་དང་ནི་མྱ་ངན་འདས༔ ཐ་དད་ཡོད་པ་མ་ཡིན་ཏེ༔ འཁོར་བའི་རང་བཞིན་ཤེས་པ་ལ༔ མྱ་ངན་འདས་ཞེས་བརྗོད་པ་ཡིན༔ ཞེས་དང་༔ དུས་འཁོར་བསྡུས་རྒྱུད་ལས༔ སེམས་ཅན་རྣམས་ནི་སངས་རྒྱས་ཉིད་ཡིན་ཏེ༔ སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་ཁམས་ན་ཡོད་པ་མ་ཡིན༔ ཅེས་དང་


CMR055_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེའི་རྡོ་རྗེ་ལས༔ འདི་ཉིད་འཁོར་བ་ཞེས་བྱ་སྟེ༔ འདི་ཉིད་མྱ་ངན་འདས་པ་ཉིད༔ རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཏེ༔ རྨོངས་མེད་འཁོར་བ་དག་པ་སྟེ༔ འཁོར་བ་མྱ་ངན་འདས་པར་འགྱུར༔ ཞེས་དང་༔ གསང་བ་མཛོད་ལས༔ སངས་རྒྱས་སེམས་ཅན་གཉིས་མེད་ལ༔ དེ་དག་གཉིས་སུ་འཛིན་ན་འཁྲུལ༔ ཞེས་དང་༔ རྡོ་རྗེ་འཆང་གི་ཞལ་ནས༔ ཐོག་མ་ཐ་མ་དང་བར་དུ༔ གཞི་ཉིད་ཤེས་པས་འབྲལ་མེད་ཕྱིར༔ ལམ་དང་འབྲས་བུ་ཤུགས་ལ་ཚང་༔ དེ་ཕྱིར་རྒྱུ་འབྲས་རོ་གཅིག་པ། ལམ་དང་གཉེན་པོ་བསྒྲུབ་རྒྱུ་མེད༔ དེ་ཕྱི་བྱ་བྲལ་འཛིན་མེད་ཀློང་༔ ཞེས་དང་༔ བྲམ་ཟེ་ཆེན་པོ་པདྨ་ས་ར་ཧས༔ ཆོས་རྣམས་ཐམས་ཅད་རང་གི་སེམས་ཡིན་ཏེ༔ སེམས་ལས་མ་གཏོགས་ཆོས་གཞན་རྡུལ་ཙམ་མེད༔ གང་གིས་གདོད་ནས་སྐྱེ་མེད་རྟོགས་གྱུར་ནས༔ དུས་གསུམ་རྒྱལ་བའི་དགོངས་པ་དམ་པ་རྙེད༔ ཅེས་སོགས་དང་༔ རྫོགས་པ་ཆེན་པོ་ཀློང་གསལ་ལས༔ མ་གྲུབ་ཐོག་མིན་གང་དག་ནས༔ དངོས་པོ་གཤིས་ཀྱི་འདུག་ཚུལ་ནི༔ ངོ་བོ་སྟོང་པར་རང་བཞིན་གསལ༔ ཐུགས་རྗེ་ཀུན་ལ་སྣང་ནུས་པ༔ བྱས་


CMR055_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་ཅིང་རང་གསལ་བར༔ ཡེ་ཉིད་ནས་ནི་རང་བཞིན་གནས༔ སྟོང་པའི་ངོས་ནས་རྟག་མཐའ་བྲལ༔ གསལ་བའི་ངང་ནས་ཆད་མཐའ་བྲལ༔ གསལ་སྟོང་ངོས་ནས་འཛིན་ཆ་བྲལ༔ ཐོག་མའི་ཀ་དག་གསལ་སྟོང་ཁྱབ༔ སུས་ཀྱང་བྱས་པ་མེད་པ་ཡིན༔ དེ་ནི་ཐོག་མའི་སྤྱི་གཞིའོ༔ ཞེས་དང་༔ རྒྱ་རུ་མེད་པའི་སངས་རྒྱས་དང་༔ འདའ་རུ་མེད་པའི་མྱང་འདས་གཉིས༔ ཡང་དག་སངས་རྒྱས་མངོན་སངས་རྒྱས༔ མངོན་སངས་རྒྱས་པ་དེར་སངས་རྒྱས༔ སྤྲུལ་པ་པོ་རྣམས་ཡང་སངས་རྒྱས༔ རིག་རྩལ་ཡེ་ཤེས་ངང་ལ་འོད་ལྔ་སྟོང་གསལ་ངང་ལ་ཐིམ༔ སྟོང་གསལ་མ་འགགས་རང་རྩལ་རྫོགས༔ ཡོན་ཏན་འབྲས་བུའི་ཐོབ་ཚུལ་ལོ༔ ཞེས་དང་༔ གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས༔ བཞི་པ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ བསྒོམ་དུ་མེད་པའི་མཉམ་བཞག་ཆེན་པོ་ལ༔ མཁྱེན་པའི་ཡེ་ཤེས་སངས་རྒྱས་ཞིང་ཁམས་མཐོང་༔ མ་བཅོས་ལྷུན་གྲུབ་ཆོས་མཆོག་ཆེན་པོའི་ངང་༔ ཞེས་དང་༔ དགའ་རབ་རྡོ་རྗེའི་པྲ་ཁྲིད་ལས༔ རང་གི་ངོ་བོ་ཆོས་ཀྱི་སྐུ༔ དཔེ་མེད་དཔེ་ནི་ནམ་མཁའ་འདྲ༔ རྟགས་ནི་སངས་རྒྱས་ཆོ་འཕྲུལ་


CMR055_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་༔ འབྲས་བུ་སངས་རྒྱས་དེ་ཉིད་དོ༔ ཞེས་གསུང་ཞིང་སྒོམ་མེད་ཅེས་པའི་དོན་དྲན་རྫི་བརྟེན་མི་དགོས་པ་ཡིན༔ རླུང་སེམས་གཉིས་མེད་ལས་གསུངས༔ དེ་ཡང་གཞིའི་གོ་བ་སྐམ་པོ་མ་ཡིན་པར་ཡེངས་མ་ཡེངས་དྲན་མ་དྲན་མེད་པར་ངོ་བོའི་ཀློང་དུ་ཕྲིལ་གྱིས་འགྲོ་བ་ཞིག་ཡོད་པར་གྲུབ་ཆེན་རྣམས་ཀྱིས་གསུངས་པར་གདའ༔ དེ་ཡང་རྟོགས་པ་ཙམ་དང་༔ རྩལ་རྫོགས་པ་ཙམ་དང་༔ མཐར་ཕྱིན་ཁོར་ཡུག་ཏུ་སོང་བ་གསུམ་ལ་ཆུང་འབྲིང་ཆེ་གསུམ་དུ་བཞེད་པར་སྣང་སྟེ༔ སྒོམ་མེད་ཆེན་པོ་དེ་རྟོགས་ན་གསང་སྔགས་ནས་ཚེ་གཅིག་ལ་སངས་རྒྱས་ཟེར་བ་དེ་ཡིན་པར་བཤད་དོ༔ དེ་ཡང་སེམས་ཆོས་སྐུར་སངས་རྒྱས་ནས་ལུས་མི་སྣང་ཡང་ལུས་བྲལ་ཙམ་ནས་ཐུགས་སངས་རྒྱས་ཐམས་ཅད་དང་དབྱེར་མེད་དུ་སངས་རྒྱས་ནས༔ གཟུགས་སྐུ་གང་འདུལ་དུ་སོ་སོར་སྣང་བས་ཕྲིན་ལས་འཁོར་བ་ཇི་སྲིད་དུ་འབད་མེད་ཀྱིས་འགྲོ་དོན་འབྱུང་བར་གསུངས་སོ༔ དེ་ཡང་གཞུང་ལས༔ སྔོན་སྐྱེའུ་པས་གསུངས་པའི་ཆོས་འབྲུ་བདུན་པ་མེ་སྤྲེལ་ས་གའི་ཚེས་ལྔའི་ཉིན་ཨོ་རྒྱན་རིན་པོ་ཆེས་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ལ་དངོས་སུ་གསུངས་པའོ༔ ཞེས་པའི་ཁྲིད་


CMR055_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་རྫོགས་པས༔ རྒྱུན་དུ་རང་ལུས་ཡི་དམ་ཀུན་འདུས་ཐུགས་རྗེ་ཆེན་པོ༔ སྤྱི་བོར་བླ་མ་ཀུན་འདུས་འོད་དཔག་མེད་བསྒོམ་པ༔ སྒྲིབ་སྦྱང་ཀུན་འདུས་ཡི་གེ་དྲུག་པ་བཟླ་བ་བཏང་ལེན་བྱམས་སྙིང་རྗེ༔ ཞི་ལྷག་ཟུང་འཇུག་གི་ཏིང་ངེ་འཛིན་བསྒོམ་ཞིང་༔ ལུས་འདི་ལྟར་ཐོབ་དཀའ་བ་དོན་ཡོད་པའི་ཕྱིར་དགེ་བ་བསྒྲུབ༔ ནམ་འཆི་ཆ་མེད་བསམས་ནས་སྡིག་པ་སྤྱང་བ་རྣམས་བསྡུས་དོན་ཡིན་པས་ཉམས་སུ་ལོངས་ཤིག༔ ཅེས་པ་ཆོས་བདག་ཏུ་གསུངས་ཕྱིར་རང་གཞན་ལ་ཕན་པའི་ཆེད་དུ་རཱ་ག་ཨ་སྱས་སྦྱར་བ་ལ༔ འགལ་འཁྲུལ་གང་མཆིས་རྩ་བ་གསུམ་ལ་བཤགས་ཤིང་༔ དགེ་བས་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་གོ་འཕང་ཐོབ་པར་གྱུར་ཅིག༔ མངྒ་ལཾ༔ ཤུ་བྷཾ༔ ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཤོག་ལྷེབ་ ༤༠༡ ནས་་ ༤༤༤ བར།next