Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
  expand section
   
   
རོ་ཟ་སྒྲུབ་པའི་སྟ་གོན་རྒྱས་བསྡུས།
   
  expand section
   


 
previousརོ་ཟ་སྒྲུབ་པའི་སྟ་གོན་རྒྱས་བསྡུས།next

རོ་ཟ་སྒྲུབ་པའི་སྟ་གོན་རྒྱས་བསྡུས།


CMR055_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཀྲོ་དྷ་ཡེ། ཐུགས་རྗེ་ཆེན་པོ་ཁྲོ་བོའི་སྐུ། །རོ་ཟ་བསྒྲུབ་པའི་སྟ་གོན་ནི། །རྒྱས་པ་དང་ནི་བསྡུས་པ་གཉིས། །རྒྱས་པ་དཀྱིལ་འཁོར་བཤམས་པའི་སྟེང་། །དབང་ཆོག་ནང་ནས་འབྱུང་བ་ལྟར། །བུམ་པ་གཉིས་དང་གཏོར་མ་གསུམ། །གསོལ་ཀའི་གཏོར་མ་དང་བཅས་བཤམས། །སྨན་རཀ་མཆོད་པ་བསྐོར་བཤམས་དང་། །ཐིག་རྩ་ཚང་བའི་སྐུ་ཡང་བཤམས། ༈ །བསྡུས་པ་དཀྱིལ་འཁོར་སྟེང་ཉིད་དུ། །གསོལ་ཀའི་གཏོར་མ་ཁོ་ན་དང་། །དེ་མདུན་མཆོད་པ་རྣམ་ལྔ་བཤམས། །ཙག་ལི་འམ་སྐུ་གཟུགས་གཏོར་མར་གཟུགས། ༈ །ཆོ་ག་ལ་ཡང་རྒྱས་བསྡུས་གསུམ། །རྒྱས་པ་གནམ་ཆོས་གཞུང་ལྟར་དུ། །གནམ་ཆོས་སྔོན་འགྲོ་འདོན་པའི་རྗེས། །རྩ་གསུམ་སྤྱི་ཡི་ལས་བྱང་གི །ལྷ་བསྐྱེད་སྐབས་སུ་རོ་ཟ་ཡི། །གཏེར་གཞུང་མངོན་རྟོགས་གཙོ་རྐྱང་བཙུད། །སྤྱན་འདྲེན་མཆོད་པ་ཚར་བའི་རྗེས། །གནམ་ཆོས་སྤྱི་ཡི་མཆོད་བསྟོད་སྦྱར། །སླར་ཡང་རོ་ཟའི་བསྐང་གསོལ་དེ། །མདུན་བསྐྱེད་བྱས་ནས་འདོན་པ་མིན། །དེ་ནས་བསྙེན་པ་ཅི་འགྲུབ་བྱ། །དགོང་ཐུན་ཚོགས་དང་ཆད་མདོ་སོགས། །གནམ་ཆོས་གཞུང་ལྟར་བྱ་བ་ཡིན། །གྲོལ་ཁ་རྗེས་ཆོག་བཀྲ་ཤིས་སོགས། །གནམ་ཆོས་གཞུང་གི་བསྒྲིགས་ཆོག་སྦྱར། ༈ །དེ་ནས་འདོན་ལུགས་འབྲིང་པོ་ནི། །བསྐང་གསོལ་སྦྲགས་མ་དེ་ཉིད་ཀྱིས། །བདག་མདུན་དུས་གཅིག་བསྐྱེད་ལ་འདོན། །དེ་ཉིད་ཁོ་ན་ཐུན་བཞི་ཡིས་ཆོག །ཚོགས་དང་གཏོར་འབུལ་མི་དགོས་སོ། །གྲོལ་ཁ་དེ་


CMR055_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དབུལ་དུས་ཀྱིསང་། །གཏོར་མ་གཙང་སར་དབུལ་བའི་ཚེ། །སྡེ་བརྒྱད་རིང་གནས་གཤེགས་པར་བསྒོམ་ལ། ཨཿཡཿམཿདུཿཋཿརུཿཙཿཤཿནཿབཛྲ་མུཿ ཐང་ཀ་སོགས་ལ་རྒྱལ་ཆེན་བཞིའི། །སྐུ་གཟུགས་ཡོད་ལྟན་རྒྱལ་ཆེན་བསྟིམ། །མེད་ན་སྐུ་འདྲ་ལ་སོགས་ཀྱི། །པད་གདན་དེ་ལ་ཐིམ་པར་བསེམ། །རྒྱལ་ཆེན་སྤྱན་དྲངས་ཡིན་གཤེགས་མི་རུང་། །མདུན་བསྐྱེད་གཙོ་བོ་བདག་ལ་ཐིམ། །བདག་ཀྱང་ཐུགས་ཀའི་ཧཱུྃ་ལ་ཐིམ། །ཧཱུྃ་ཡང་གྱེན་རྫོགས་སྟོང་པར་ཡལ། །ངོ་བོ་རྗེན་པའི་སྟེང་དུ་བཞག ༈ །ཤིན་ཏུ་བསྡུས་པ་སྤྲོས་མེད་ནི། །དཀྱིལ་འཁོར་དབུས་སུ་གཏོར་མ་གཅིག །རྩེ་ལ་སྐུ་གཟུགས་ཙཀ་ལི་གཟུགས། །དེ་ཉིད་དམིགས་པའི་རྟེན་ཙམ་སྟེ། །བདག་མདུན་གཉིས་ཀ་གཙོ་རྐྱང་བྷོ། །རོ་ཟའི་མངོན་རྟོགས་ཉུང་ངུ་དེ། །དྲན་རྫོགས་དམ་དབྱེར་མེད་བྷོ། །སྤྱན་འདྲེན་མཆོད་བསྟོད་མི་དགོས་སོ། །རྗེས་ཆོག་སེམས་ངོ་སྐྱོང་བས་འཐུས། །སྒྲུབ་པ་རྒྱུས་འབྲིང་དམིགས་པ་འདྲ། །བདག་མདུན་གཙོ་བོའི་ཐུགས་ཀ་རུ། །ཉི་སྟེང་ཧཱུྃ་ཡིག་ནག་པོའི་མཐར། །སྔགས་ཕྲེང་མཐིང་ནག་གཡས་སུ་འཁོར། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །འཛམ་གླིང་ཉི་མ་ལྷོ་ཡི་ཕྱོགས། །པོ་ཊ་ལ་ཡི་རྩེ་མོ་ན། །ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཕོག །དེ་ཡི་སྐུ་ལས་སྤྲུལ་པ་ཡི། །ཁྲོ་བོ་རོ་ཟ་དཔག་མེད་པ། །སྐུ་ལས་མེ་ཕུང་རབ་


CMR055_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

འབར་ཞིང་། །སྔགས་སྒྲ་འབྲུག་ལྟར་སྒྲོག་ཅིང་བྱོན། །མཚོ་ལ་ཆར་པ་འབབ་པ་བཞིན། །བདག་མདུན་རྣམས་ལ་སིབ་སིབ་ཐིམ། །བདེ་དྲོད་མེ་ལྟར་འབར་བ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་བྷེཾ། །སླར་ཡང་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །ཕྱོགས་བཅུའི་ཞིང་ཀུན་བཞུགས་པ་ཡི། རྒྱུསངས་རྒྱས་བྱང་སེམས་ཡི་དམ་ལྷ། །ཁྲོ་བོ་ཁྲོ་མོ་ཐམས་ཅད་ལ། །འོད་དེས་མཆོད་པར་གྱུར་པས་མཉེས། །དེ་དག་ཀུན་གྱི་བྱིན་རླབས་དང་། །མཐུ་སྟོབས་འོད་དེས་ཚུར་བསྡུས་ནས། །རང་ལ་ཐིམ་པས་དངོས་གྲུབ་ཐོབ། །སླར་ཡང་འོད་ཟེར་འཕྲོས་པ་ཡིས། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་རྣམས། །བ་མོར་ཉི་ཟེར་ཕོག་ལྟར་དག །འགྲོ་བ་ཀུན་གྱི་ཚེ་བསོད་བཅུད། །འོད་དེས་ཚུར་བསྡུས་རང་ལ་ཐིམ། །བཀྲག་དང་གཟི་མདངས་ཇེ་ཆེར་འབར། །དེ་ནི་བསྙེན་པའི་དམིགས་པའོ། །རང་གི་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་ཁ་དོག་ལྔ་ལྡན་པ། །སྟོང་སྐུད་གཤིབ་པ་བཞིན་དུ་འཕྲོས། །བདག་གི་ཞལ་ནས་མདུན་བསྐྱེད་ཀྱི། །ཞལ་ཞུགས་ཐུགས་ཀའི་སྔགས་ཕྲེང་ལ། །ཕོག་པས་ཐུགས་རྗེ་ཐུགས་དམ་


CMR055_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ། །འོད་དེ་མདུན་བསྐྱེད་ལྟེ་བ་ནས། །ཚུར་བྱུང་རང་གི་ལྟེ་བར་ཞུགས། །ཐུགས་ཀར་ཐིམ་པས་དངོས་གྲུབ་ཐོབ། །དེ་ལྟར་རྒྱུན་དུ་འཁོར་བར་དམིགས། །ཕར་ལ་འཕྲོས་པ་མཆོད་པ་དང་། །ཚུར་ཐིམ་དངོས་གྲུབ་གནང་ཚུལ་ཏེ། །དེ་ནས་འོད་ཟེར་སྔགས་ཕྲེང་འགྱུར། །སྔགས་ཕྲེང་ཁ་དོག་མཐིང་ནག་སྟེ། །འོད་ལྔའི་ཟེར་དང་ལྡན་པར་འཁོར། །བདག་མདུན་བར་གྱི་སྔགས་ཕྲེང་ལས། །འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་བྱང་སེམས་ཐམས་ཅད་མཆོད། །དེ་དག་ཀུན་གྱི་སྐུ་གསུང་ཐུགས། །ཁྲོ་བོའི་སྐུ་དང་སྔགས་ཕྲེང་དང་། །ཧཱུྃ་ཡིག་མཐིང་ནག་དཔག་མེད་པ། །དཔེར་ན་ཆར་དྲག་བབས་པ་བཞིན། །རྒྱུན་ཆད་མེད་པར་བྱོན་པ་དེ། །བདག་མདུན་རྣམས་ལ་སིབ་སིབ་ཐིམ། །དེ་ནི་བསྒྲུབ་པའི་དམིགས་པ་ཡིན། །བདག་ཉིད་ཐུགས་ཀའི་སྔགས་འཁོར་ལས། །མེ་འབར་ལུས་ཀྱི་ནང་ཀུན་གང་། །ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེག །བདག་མདུན་སྐུ་ལས་ཡེ་ཤེས་མེ། །ཇེ་ཆེ་ཇེ་ཆེར་མཆེད་ཅིང་འབར། །གནོད་ཅིང་འཚེ་བའི་བདུད་དང་བགེགས། །ཐམས་ཅད་ནམ་མཁའི་ཕར་མཐའ་བྲོས། །གང་དག་མི་འགྲོ་གདུག་པ་ཅན། །ལུས་ངག་


CMR055_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ནུས་གཞོབ་ཏུ་བསྲེགས། །མེ་དཔུང་འཇིག་རྟེན་ཁྱབ་པར་འབར། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་བསྲེགས། །དཀར་ཕྱོགས་རྣམས་ནི་གཟི་བརྗིད་བསྐྱེད། །ནག་ཕྱོགས་བདུད་བགེགས་སྟོབས་ནུས་བསྲེགས། །མེ་དཔུང་ཚུར་འདུས་བདག་མདུན་ཐིམ། །དེ་ནི་ལས་སྦྱོར་དམིགས་པའོ། །བཅའ་ཚོགས་རྒྱས་བསྡུས་གསུམ་ཀ་ལ། །དམིགས་པ་དེ་རྣམས་ཐུན་རེ་རེ། །ཡང་ན་ཞག་རེར་རྫོགས་པར་བྱ། །བཅའ་ཚོགས་རྒྱས་འབྲིང་གཉིས་ལ་ནི། །མདུན་བསྐྱེད་འཁོར་མང་བསྒོམ་ཡོད་པས། །བདག་གི་ཐུགས་ཀའི་འོད་ཟེར་ནི། །མདུན་བསྐྱེད་གཙོ་འཁོར་ཀུན་ལ་ཕོག །སྔོན་གྱི་དམ་ཚིག་དྲན་ནས་ཀྱང་། །བོདག་ལ་གུས་འདུད་དང་བཅས་ནས། །རྣལ་འབྱོར་ཁྱོད་ཀྱིས་གང་བཅོལ་བའི། །ཕྲིན་ལས་ངེད་ཅག་རྣམས་ཀྱིས་སྒྲུབས། །ཟེར་ནས་ཁས་བླངས་དམ་བཅས་བྷེ། །དེ་ལྟར་ཞོགས་པ་སྔ་དྲོ་དང་། །ཉིང་དགུང་དགོང་ཁ་ཐུན་བཞིར་བྱ། །མུན་རུབ་ཐུགས་དམ་དགེ་སྦྱོར་རིགས། །ཆག་མེད་གང་དགོས་བྱས་པའི་རྗེས། །རླུང་ཁྲིད་བཞིན་དུ་གཏུམ་མོ་ཡི། །དམིགས་པ་བྷེ་ཞིང་སྔགས་བཟླའོ། །བསྙེན་ཚད་ཞག་པོ་བདུན་ཡིན་ཏེ། །དེ་ཡན་རང་གི་འདོད་དང་བསྟུན། །འདི་ཡི་བསྙེན་པ་མང་སོང་ནས། །གཞུང་གི་ལས་ཚོགས་དེ་ཀུན་འགྲུབ། །སྔོན་གྱི་ལས་ངན་མ་ཡིན་པའི། །ནད་རིགས་གདོན་རིགས་


CMR055_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཕན། །ལུས་ལ་བདེ་དྲོད་མེ་ལྟར་འབར། །ངག་ལ་ནུས་པ་ཐོགས་མེད་འབྱུང་། །སེམས་ལ་བདེ་སྟོང་ཏིང་འཛིན་སྐྱེ། །རྨི་ལམ་དག་སྣང་དཔག་མེད་དང་། །གདོན་བགེགས་ཐུལ་རྟགས་ལ་སོགས་འབྱུང་། །མདོར་ན་ཁྲོ་བོ་འདི་ཉིད་ལ། །བསྙེན་སྒྲུབ་ལེགས་པར་ཐེམས་བྱས་ན། །འདི་ཕྱིའི་དོན་ཆེན་འགྲུབ་པར་ངེས། །དགེ་སློང་ཨོ་རྒྱན་རིག་འཛིན་གྱིས། །བསྐུལ་ཕྱིར་རཱ་ག་ཨ་སྱ་ཡིས། །འཕྲལ་དུ་ངག་ནས་སྨྲས་པ་ལྟར། །དགེ་སློང་སྦྱིན་པས་ཡི་གེར་བཀོད། །འགལ་མཆིས་བཀའ་སྲུང་རྣམས་ལ་བཤགས། །དགེ་བས་འདི་ཉིད་ཆེར་འཕེལ་ནས། །འབྲེལ་ཚད་བདེ་སྟོང་ཟུང་འཇུག་པ། །རྡོ་རྗེ་འཆང་གི་སྐུ་འགྲུབ་ཤོག །མངྒ་ལཾ།། །།


previousརོ་ཟ་སྒྲུབ་པའི་སྟ་གོན་རྒྱས་བསྡུས།next