Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
  expand section
   
   
   
  collapse section
   
ཤོག་ལྷེབ་ ༤༦༥ ནས་་ ༥༠༠ བར།
   
   
   


 
previousཤོག་ལྷེབ་ ༤༦༥ ནས་་ ༥༠༠ བར།next

ཤོག་ལྷེབ་ ༤༦༥ ནས་་ ༥༠༠ བར།


CMR055_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་སྙན་བརྒྱུད་ཟབ་མོའི་སྐོར་ལས་གཏུམ་མོའི་ཁྲིད་བདེ་དྲོད་རང་འབར་བཞུགས་སོ༔ ༔


CMR055_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་སརྦ་སིདྡྷི་ཧཱུྃ༔ འཕགས་པ་ཐུགས་རྗེ་ཆེན་པོ་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་དང་བཅས་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ༔ འདིར་རིག་འཛིན་ཆེན་པོ་དེ་ཉིད་ཀྱི་གསུང་གིས་བསྐུལ་ཕྱིར་ཁྲིད་ཀྱི་འགྲེལ་པ་ཅུང་ཟད་ཞིག་བྲི་བར་བྱ་སྟེ༔ མམཤམཛྙ།༔ འདི་ལྟར་ཡིག་འབྲུ་ལྔ་བྱུང་བ་ནི༔ མཁའ་འགྲོའི་བཀའ་རྟགས་ཀྱི་ཡི་གེ་སྟེ༔ ཨུ་རྒྱན་མཁའ་འགྲོའི་ཡི་གེ་དང་སྐད་ལ་འདི་ལྟར་ཡོད་ཅེས་ཁུངས་བཙན་པར་བསྟན་ཏེ༔ འོན་ཀྱང་ལོ་ཙཱ་བས་བསྒྱུར་བ་ནི་མ་ཡིན་ཏེ༔ སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་པ་མེ་སྤྲེལ་གྱི་


CMR055_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་སྨིན་དྲུག་ཟླ་བའི་ཉི་ཤུ་ནུབ་ཁྲོ་བོ་ཉིད་ཞལ་གཟིགས་ནས་དངོས་སུ་གསུངས་པའི་ཕྱིར་ལོ་ཙཱ་བའི་ཚིག་ལྷད་མེད་ཅིང་བོད་སྐད་ཉིད་དུ་གསུངས་སོ༔ ཁྲོ་བོ་རོ་ཟ་ལ་ཕྱག་འཚལ་ལོ༔ ཞེས་པ་ནི་མཚན་ལ་བརྟེན་ནས་དོན་གོ་བར་བྱ་བ་སྟེ༔ ལྷ་འདི་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ཡིན་ལ༔ དེ་ལ་རོ་ཟ་ཟེར་བའི་དོན་ཡང་ཕྱི་ནང་གསང་གསུམ་སྟེ༔ སྔོན་གྱི་དུས་ན་བདུད་ཀྱི་རྒྱལ་པོ་གུར་ཎ་པ་ཞེས་ཤིན་ཏུ་མ་རུངས་པ་ཞིག་འདུལ་བའི་ཚེ༔ ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཁྲོ་བོར་སྤྲུལ་ནས༔ བདུད་དེ་བསྒྲལ་ནས་བདུད་ཀྱི་རོ་དེ་ཇུར་མིད་མཛད་པས་


CMR055_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་རོ་ཟ་ཞེས་གྲགས་སོ༔ དེ་བཞིན་དུ་བདུད་དང་ལོག་འདྲེན་ཐམས་ཅད་ཁྲོ་བོ་འདིས་དཔེར་ན་སྟག་དང་སེང་གེས་མི་རོ་མཐོང་བ་ལྟར་ཟ་བར་བྱེད་པས་རོ་ཟ་ཞེས་བྱའོ༔ ནང་ལྟར་ན་སྣང་བ་ཐབས་ཀྱི་ཆ་ལ་རང་ལུས་ཁྲོ་བོའི་སྐུར་གསལ་སྟོང་འཇའ་ཚོན་ལྟ་བུར་སྒོམས༔ ཤེས་རབ་སྟོང་པའི་ཆ་ལ་ལྟེ་བར་གཏུམ་མོའི་མེ་བསྒོམས་པས༔ ལས་དང་ཉོན་མོངས་པའི་སྒྲིབ་པ་དང་༔ མ་དག་པའི་ཕུང་ཁམས་སྐྱེད་མཆེད་ཐམས་ཅད་བསྲེག་པའམ་ཟ་བར་བྱས་ཏེ༔ དག་པ་ཡེ་ཤེས་ཀྱི་ལུས་སུ་བསྒྱུར་བས་ན༔ ཟ་བྱེད་རྡོ་རྗེ་མཁའ་འགྲོ་ཞེས་སམ༔ ཁྲོ་བོ་རོ་ཟ་ཞེས་བྱ་བའོ༔ གསང་བ་ལྟར་ན་མཆོག་གི་དབུ་མ་ཞེས་སམ༔ ཨ་ཝ་དྷུ་ཏིའི་ནང་དུ་རླུང་སེམས་ཚུད་པའམ༔ ཞུགས་པའམ༔ དབུ་མས་ཟོས་པས་ན༔ མཆོག་ཏུ་མི་འགྱུར་བ་འཕོ་མེད་བདེ་བ་ཆེན་པོ་འགྲུབ་པས་ན་རོ་ཟའོ༔ འདི་ལྟ་བུའི་གདམས་པོ་སྟོན་པ་ལ་ནི༔ ཐོག་མར་བླ་མ་མཚན་ཉིད་དང་ལྡན་པ་ཞིག་གལ་ཆེ་སྟེ༔ དྲི་མེད་རྒྱལ་པོའི་རྒྱུད་ལས༔ ཕྱི་སྒྲོ་འདོགས་ཡོངས་སུ་གཅོད་པར་བྱེད་པའི་བླ་མ་དམ་པ་དང་༔ ནང་རང་བྱུང་གི་ཡེ་ཤེས་སྟོན་པར་བྱེད་པའི་བླ་མ་དམ་པ་དང་༔ གསང་བ་ལྷན་ཅིག་སྐྱེས་


CMR055_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་སྟོན་པར་བྱེད་པའི་བླ་མ་དམ་པ་དང་༔ མཐར་ཐུག་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་སྟོན་པར་བྱེད་པའི་བླ་མ་དམ་པའོ༔ ཞེས་གསུངས་པའི་ནང་ནས་འདིར་ནི་སྐབས་སུ་བབ་པ་ནང་དང་གསང་བའི་བླ་མའོ༔ དེ་ལྟ་བུའི་བླ་མའི་མཚན་ཉིད་ཅི་ལྟ་བུ་ཞེ་ན༔ རྒྱུད་དེ་ཉིད་ལས༔ དབང་གི་ཆུ་བོ་མ་ནུབ་པ་དང་༔ བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ་དང་༔ གདམས་པའི་སྣ་ཁ་མ་ལོག་པ་དང་༔ མོས་གུས་ཀྱིས་བསམ་པ་ཚིམ་པར་ནུས་པ༔ ཞེས་གསུངས་པའི་དོན་ཐམས་ཅད་འདི་ལ་ཚང་སྟེ༔ ཡི་དམ་གྱི་ལྷས་དངོས་སུ་དབང་བསྐུར་བས་དབང་གི་ཆུ་བོའི་མགོ་ལྟ་བུ་ཡིན་པ་དང་༔ བརྒྱུད་པ་ཉེ་བས་བྱིན་རླབས་ཀྱིས་བརྒྱུད་པ་མ་ཉམས༔ སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ལམ་བསྐྱེད་རྫོགས་ཆ་ཚང་བར་ཡོད་པས་གདམས་པའི་སྣ་ཁ་མ་ལོག༔ སྤྲུལ་སྐུ་དེ་ཉིད་པདྨ་བཀའ་ཐང་སྡེ་ལྔ་སོགས་གཏེར་རྙིང་དུ་མ་ནས་ལུང་བསྟན་གསལ་བས་མོས་གུས་ཀྱིས་བསམ་པ་ཚིམ་པར་ནུས་པའོ༔ དེ་ལྟ་བུའི་བླ་མ་དངོས་སམ་དེའི་བརྒྱུད་པ་ཚད་ལྡན་ལ་གདམས་པ་འདི་ཞུ་བ་ལ་ཡང་དབང་ཐོབ་དགོས་ཏེ༔ ཆོས་དྲུག་ལྟ་བུའི་རྫོགས་


CMR055_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

འཚམས་པ་ནི༔ བླ་མེད་གང་རུང་གི་དབང་བཞི་ཐོབ་ནས་སྒོམ་རུང་བར་བཤད་ཀྱང་༔ འདི་ནི་སྔོན་ཆད་འཛམ་གླིང་མི་ལ་མ་གྲགས་པ་ཞིག་ཡིན་པས༔ འདི་རང་གི་དབང་ཞུ་དགོས༔ དེ་ཡང་འདིའི་བསྐྱེད་རྫོགས་མཐའ་དག་ཉམས་སུ་ལེན་པ་ལ་དབང་རྒྱས་པར་བསྐུར༔ བསྐྱེད་རིམ་བསྙེན་སྒྲུབ་ལས་ཚོགས་སོགས་དོན་མི་གཉེར་བར་ཉམས་ལེན་གྱིས་བོགས་འདོན་གཏུམ་མོ་སྒོམ་འདོད་པ་ལ་ནི་གཟུངས་དབང་ཙམ་བསྐུར་ན་ཆོག་སྟེ༔ དབང་རྒྱས་པ་སྡེ་བརྒྱད་སྲོག་དབང་དང་འབྲེལ་བས་གཉེན་པའོ༔ དེ་ནས་གདམས་པ་དངོས་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས༔ སྔོན་འགྲོ་ལ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཏེ༔ དེ་དག་ཕལ་སྔོན་དུ་སོང་བ་ལ་ཁྲིད་འདི་མི་སྟོན་པས༔ རྒྱས་པར་སངས་རྒྱས་ལག་འཆང་གི་ཁྲིད་ལྟར་ཡིན་ལ༔ འདིར་ཡང་ས་བཅད་མ་སྟོང་ཙམ་གསལ་གདབ་པར་བྱ་སྟེ༔ དལ་བ་བརྒྱད་དང་འབྱོར་པ་བཅུ་ལྡན་པའི་མི་ལུས་འདི་ནི༔ ཤིན་ཏུ་རྙེད་དཀའ་ཞིང་ད་རེས་ཁོ་ན་ཙམ་ཡིན༔ ད་རེས་འདི་ལ་སྙིང་པོ་གཅིག་མ་ལོན་ན་རིན་པོ་ཆེའི་གླིང་དུ་ཕྱིན་ནས་ལག་པ་སྟོང་པ་ལོག་པ་དང་ཁྱད་མེད༔ དེ་ལ་སྙིང་པོ་ལེན་པ་ལ་


CMR055_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་ཆོས་ཤིག་བྱེད་དགོས༔ དེ་ཡང་བྱེད་བསམ་ཡོད་པས་མི་ཆོག་ད་ལྟ་རང་དུ་མ་བསྒྲུབས་ན༔ ཚེ་ལ་ལོང་མེད་འཆི་བའི་རྐྱེན་མང་༔ ཆོས་ཐོས་བསམ་སྒོམ་གསུམ་ལས་ཀྱང་༔ སྒྲུབ་པ་གལ་ཆེ༔ ཉམས་སུ་མ་བླངས་ན་ཚིག་ཐ་སྙད་གླང་པོའི་རྒྱབ་ཁལ་ཙམ་བློ་ལ་ཡོད་ཀྱང་རང་རྒྱུད་མི་གྲོལ་བར༔ མཁས་པའི་མལ་དུ་ཐ་མལ་པའི་རོ་འབྱུང་ཉན་ཡོད༔ ཆོས་སྒྲུབ་པའི་ལག་ལེན་ཡང་དགེ་སྒྲུབ་སྡིག་སྤང་གི་བླང་དོར་ལག་ལེན་ལ་ཐེབས་པ་ཞིག་གནད་ཚེ༔ མི་དགེ་བ་ལ་དུག་ལྟར་མ་འཛེམ་ན་རང་ཐེག་ཆེན་པ་དང་གསང་སྔགས་པར་རློམས་པ་ལ༔ འགྲོ་ས་ངན་སོང་ལས་མེད་པ་ཞིག་འོང་ཉན་ཡོད༔ ངན་སོང་དུ་ལྟུང་ན་ད་ལྟ་མེ་སྟག་གཅིག་ཕོག་ཀྱང་ཐུང་ཀུམ་ཀུམ་བྱེད་ན༔ མིའི་མེ་ལས་བདུན་འགྱུར་གྱི་ཚ་བའི་དམྱལ་བའི་མེས༔ ལོ་བརྒྱ་སྟོང་བྱེ་བར་བསྲེག་པའམ༔ ད་ལྟ་ནུབ་གཅིག་གོས་སྲབ་ན་གཉིད་མི་རྙེད་ཟེར་བ་ལ༔ ལུས་འཁྱགས་ནས་དུམ་བུ་བརྒྱ་དང་བཅུ་དྲུག་ཏུ་གས་ཀྱང་འཆི་མི་ཐུབ་པར་ལོ་བསྐལ་པར་སྡོད་དགོས་པའམ༔ ད་ལྟ་ཁྱི་རྒན་དང་རྟ་རྒན་དང་བོང་བུ་འདྲ་སོགས་སྨྲས་ན་ཀོ་ལོང་ས་ཆག་པ་འདྲ་བྱེད་དེ༔ དེ་འདྲ་བའི་


CMR055_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དངོས་སུ་བླངས་ན་ཇི་ལྟར་བྱ༔ ལྷ་དང་མི་དང་ལྷ་མ་ཡིན་གསུམ་ལ་གནས་སྐབས་བདེ་བ་རེ་ཡོད་ཀྱང་༔ མི་རྟག་སྡུག་བསྔལ་དུ་འགྱུར༔ དེ་ལྟར་འཁོར་བའི་སྡུག་བསྔལ་དེ་ལས་རང་ཁོ་ན་ཐར་བས་ཀྱང་མི་ཆོག་སེམས་ཅན་ཐམས་ཅད་ཕ་མ་ཤ་སྟག་ཡིན༔ མི་རྟག་སྡུག་བསྔལ་དུ་འགྱུར༔ དེ་རྣམས་འཁོར་བ་ནས་འདྲེན་པ་ལ་རྫོགས་པའི་སངས་རྒྱས་ཐོབ་དགོས༔ སངས་རྒྱས་ཐོབ་པ་ལ་ཡང་རྒྱུ་མཚན་ཉིད་ཐེག་པས་གྲངས་མེད་གསུམ་དང་བྱ་སྤྱོད་རྒྱུད་ལས་སྐྱེ་བ་དྲུག་ཅུ་དང་༔ རྣལ་འབྱོར་རྒྱུད་ཀྱི་སྐྱེ་བ་བཅུ་དྲུག་འགོར་བས་ལམ་རིང་༔ དེ་བས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་བ་གསང་སྔགས་བླ་ན་མེད་པ༔ ཡི་དམ་ལྷ་གཞན་ལས་ཐུགས་རྗེ་ཆེ་བ་སྤྱན་རས་གཟིགས་ཁྲོས་པའི་རོ་ཟ༔ ལམ་ཟབ་མོ་གཏུམ་མོ་གནད་ཀྱི་གདམས་པ་ཟབ་མོ་སྒོམ་དགོས་ཏེ༔ གནམ་ཆོས་ཐུགས་རྗེ་ཆེན་པོའི་གསུངས་ལས༔ དལ་འབྱོར་ལུས་འདི་ཤིན་ཏུ་རྙེད་པར་དཀའ༔ ཅི་དང་ཅི་ལས་སྐྱེས་ཀྱང་མི་རྟག་འཆི༔ དགེ་བ་ཆོས་ལ་འབད་ན་སངས་རྒྱས་རྒྱུ༔ སྡིག་པ་གང་བྱས་དེ་ལྟའི་རིགས་དྲུག་འཁྱམས༔ ཡི་དྭགས་བཀྲེས་སྐོམ་དུད་འགྲོ་བླུན་པ་དང་༔ དམྱལ་བ་ཚ་གྲང་མི་


CMR055_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་རྒས་ན་འཆི༔ ལྷ་མིན་འཐབ་རྩོད་ལྷ་ཡི་སྡུག་བསྔལ་ཡོད༔ ཅེས་གསུངས་པ་དང་༔ སེམས་ཅན་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ༔ ཞེས་གསུངས་པའི་དོན་ཡང་དྲན་པར་བྱས་ལ༔ ཁྱད་པར་གྱི་སྔོན་འགྲོ་ཐམས་ཅད་བསྡུས་ཏེ་བསྒོམ་པ་ནི༔ རང་གི་སྤྱི་བོར་པདྨ་འབྱུང་གནས་ལ༔ སངས་རྒྱས་བྱང་སེམས་ཐམས་ཅད་འདུས་པར་བསམ༔ ཆ་ལུགས་པདྨ་ངོ་བོ་རྩ་བའི་བླ་མ༔ དེ་ལ་གསོལ་བ་རྩེ་གཅིག་བཏབ་པ་ཡིས༔ མཐར་ནི་དེ་རྣམས་རང་ལ་ཐིམ་པར་གྱུར༔ ཞེས་པའི་དོན་འདིར་གསང་བའི་དབང་བླངས་པ་སྐབས་སུ་བབ་པ་སྟེ༔ རང་གི་སྤྱི་བོའི་གཙུག་ཁྲུ་གང་ཙམ་གྱི་ནམ་མཁར་པདྨ་འདབ་མ་སྟོང་ལྡན་གྱི་ཟེའུ་འབྲུར་ཟླ་བའི་དཀྱིལ་འཁོར་ཉ་རྒྱས་པའི་སྟེང་དུ༔ རང་གི་རྩ་བའི་བླ་མ་དང་དབྱེར་མེད་པའི་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ༔ ཞལ་གཅིག་སྤྱན་གསུམ་ཁྲོ་ཞིང་འཛུམ་པ༔ དབུ་སྐྲ་ཐོར་ཚུགས་རིན་པོ་ཆེའི་པྲོག་ཞུ་དར་གྱི་ཅོད་པན་བཅིངས་པ༔ ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣོལ་ཐབས་སུ་ཡུམ་ལ་འཁྱུད་པ༔ སྐུ་གཅེར་བུ་རུས་པའི་རྒྱན་དྲུག་གསོལ་ནས་རྡོ་རྗེའི་སྐྱིལ་ཀྲུང་།


CMR055_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བཞུགས་པ༔ ཡུམ་མནྡ་ར་བ་བྱུ་རུའི་མདོག་ཅན༔ ཕྱག་གཡས་ཌ་མ་རུ་ཡབ་ལ་འཁྱུད་ཅིང་༔ གཡོན་ཐོད་པ་བདུད་རྩིས་བཀང་བ་སྟོབ་པ༔ བཅུ་དྲུག་ལོན་པའི་ན་ཚོད་བདེ་བའི་ཉམས་ཀྱིས་ཡབ་དང་ཞལ་སྦྱོར་བ༔ ཡབ་ཡུམ་གཉིས་ཀ་ཡེ་ཤེས་ཀྱི་མེ་དཔུང་འུ་རུ་རུ་འབར་བའི་ཀློང་ན་བཞུགས་པ་གནས་གསུམ་དུ་ཡིག་འབྲུ་གསུམ༔ ཁྱད་པར་ཡབ་ཡུམ་གཉིས་ཀའི་ཐུགས་ཀའི་ཧྲིདམར་པོ་ལས་འོད་ཟེར་འཕྲོས་པས༔ ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་བྱང་སེམས༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་རིག་འཛིན་གྲུབ་ཐོབ་ཐམས་ཅད་རང་དབང་མེད་པར་སྤྱན་དྲངས་ནས༔ བུ་ཡུག་འཚུབ་པ་ལྟར་བྱོན་ཏེ༔ ཡབ་ཡུམ་གྱི་སྐུ་ལ་མཚོ་ལ་ཆར་བབ་པ་ལྟར་ཐིམ་པས་སྐྱབས་གནས་ཀུན་འདུས་སུ་བློ་ཐག་རྦད་ཀྱིས་བཅད་ནས༔ སྤྲོ་ན་མ་ནམ་བཞི་སྐོར་གྱི་སྐྱབས་འགྲོ་དང་༔ ལུས་དང་ལོངས་སྤྱོད་དུ་མའི་མཎྜལ་དང་༔ ལུས་ཀྱི་ལས་ནི་རྣམ་པ་གསུམ༔ ཞེས་སོགས་བཤགས་ཚིག་དང་༔ སྐུ་གསུམ་གསོལ་འདེབས་སམ༔ གཏེར་མ་གསོལ་འདེབས་བྱ༔ བསྡུ་ན་བཛྲ་གུ་རུ་བགྲང་ཞིང་ཅི་མཛད་ཁྱེད་ཤེས་ཀྱི་བློ་གཏད་དང་༔ ལུས་ལོངས་སྤྱོད་ཐམས་ཅད་


CMR055_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པར་འབུལ་བ་དང་༔ ཉམས་ཆག་སྡིག་ལྟུང་ལ་གནོང་འགྱོད་དྲག་པོ་དང་༔ སྙིང་ཁུང་རུས་པའི་གཏིང་ནས་མོས་གུས་བྱའོ༔ དེ་ལྟར་བྱས་པས་ཡབ་ཡུམ་སྙོམས་པར་འཇུག་པའི་སྒྲ༔ ཧ་ཧ་སི་སི་ཞེས་པའི་སྒྲས་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ཏེ༔ ཕོ་རིགས་ཐམས་ཅད་ཡབ་དང་༔ མོ་རིགས་ཐམས་ཅད་ཡུམ་གྱི་ཞལ་དུ་ཞུགས༔ སྐུའི་དབྱིབས་བརྒྱུད་པས་འོད་དུ་ཞུ་བ་བདུད་རྩི་བྱང་སེམས་དཀར་དམར་དུ་གྱུར་པ་སྦྱོར་མཚམས་ནས་བབ་སྟེ༔ རང་གི་ཚངས་བུག་ནས་ཞུགས་པས༔ སྤྱི་བོ་གང་བས་བུམ་དབང་༔ མགྲིན་པ་གང་བས་གསང་དབང་༔ སྙིང་ཁ་གང་བས་ཤེས་རབ་ཡེ་ཤེས༔ རྐང་མཐིལ་ཡན་གང་བས་དབང་བཞི་པ་ཐོབ༔ ལྷག་མ་གྱེན་དུ་འཁྱིལ་བས༔ བླ་མ་ཡབ་ཡུམ་གཟི་བརྗིད་ཆེར་འབར་ཏེ་འོད་དུ་ཞུ་ནས་རང་ལ་ཐིམ་པས༔ སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་ཏེ༔ བྱང་སེམས་བ་སྤུའི་བུ་ག་ནས་ཕྲོམ་མེར་བྱུང་བ་ལ་གསེར་གྱི་རྡོ་རྗེ་ཕྱེད་པར་གྱུར༔ མ་དག་པའི་རྩ་ཐིག་རླུང་གསུམ་དག་པ་ཡེ་ཤེས་ཀྱི་རྩ་ཐིག་རླུང་གསུམ་དུ་བྱིན་གྱིས་བརླབས་པར་བསྒོམས་ལ༔


CMR055_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་མ་བཅོས་པར་ཀློད་ལ་བཞག༔ ཐུན་ལས་ལངས་བ་ན༔ དགེ་བ་འདི་ཡིས་མྱུར་དུ་བདག༔ ཐུགས་རྗེ་ཆེན་པོ་འགྲུབ་གྱུར་ནས༔ ཞེས་སོགས་བསྔོ་བས་རྒྱས་གདབ་བོ༔ འདི་སྔོན་འགྲོ་ཡང་ཡིན་ལ་རྩ་གནས་བྱིན་རླབས་དང་ཐིག་ལེ་མི་ཉམས་པའི་གདམས་པ་ཡང་ཡིན་པས༔ འདི་ལ་ངེས་ཤེས་འགྲོང་བ་རེ་སྒོམ་དགོས༔ བྱིན་རླབས་མ་ཞུགས་ན་རྟགས་ཐོན་དཀའ༔ རྟགས་ཐོན་པ་ལ་ནན་ཏན་གྱིས་སྒོམ་དགོས༔ ལན་རེ་དམིགས་པ་གསལ་ཙམ་གྱིས་མི་ཆོག༔ དང་པོ་ཐུན་རེ་ལ་དམིགས་པ་དེ་ཉེར་གཅིག་གམ་བདུན་ནམ་ཐ་ན་གསུམ་རེ་ཙམ་སྒོམས༔ ཉིན་རེ་ཐུན་དྲུག་གམ་བཞིའམ་ཐ་ནའང་གསུམ་རེ་སྒོམས༔ དེ་ལྟར་བྱས་ན་དངོས་ཉམས་རྨི་ལམ་དུ་ཡང་བྱིན་རླབས་འཇུག་པའི་དག་སྣང་རེ་འོང་བ་ཡིན༔ དེ་ཡན་སྔོན་འགྲོའི་ཆོས་ཐུན་བརྒྱད་ཙམ་གཅིག་ཏུ་བསྡོམས་པ་ཡིན་པས་ཞག་ཁ་ཡར་རྩེ་གཅིག་ཏུ་སྒོམས་ཤིག༔ མ་གསལ་ན་ཞག་རེ་བཞིན་ཆོས་ཐུན་དེ་ཉིད་བསྐྱར་ལ་བརྗོད་དོ༔ ཆོས་ཐུན་དང་པོའོ༔ ༒ འདིར་ཆོས་ཐུན་གཉིས་པ་ནི་གཞུང་ལས༔ ཁྲོ་བོ་རོ་ཟའི་གཏུམ་མོ་ནི༔ ཞེས་གསུངས་ཏེ༔ སྤྱིར་བདེ་


CMR055_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང་ཀྱེ་རྡོར་སོགས་བཀའ་མ་དང་༔ བཀའ་དགོངས་ཡང་དག་སོགས་གཏེར་མའི་བླ་མེད་རྒྱུད་སྡེ་ཕལ་ཆེར་ནས་རྫོགས་རིམ་གཙོ་བོར་གཏུམ་མོ་འདི་གསུངས་ཤིང་༔ འདིར་བཀའ་གཏེར་གཉིས་ཀའི་ལུང་འདྲེན་རུང་པ་ཡང་༔ དངོས་སུ་གསུང་ཕྱིར་བཀའ་མ་དང་ཐུགས་གཏེར་ཡིན་ཕྱིར་གཏེར་མ་ཡིན་པས་སོ༔ དེ་ལ་ཡང་གོ་བར་བྱ་རྒྱུ་རེ་དང་༔ ཉམས་སུ་བླངས་རྒྱུའི་དམིགས་པ་རེ་སོ་སོར་ཡོད་པས༔ དང་པོ་ནི༔ ཏཻ་ལོ་པས་ནཱ་རོ་ལ་གདམས་པའི་སྙན་བརྒྱུད་ཀྱི་རྩ་ཚིག་ལས༔ དངོས་པོའི་གནས་ཚུལ་ལམ་དང་ནི༔ འབྲས་བུ་སྐྱེ་བའི་རིམ་པའོ༔ ཞེས་གསུངས་པའི་དོན༔ ལུས་དངོས་པོའི་གནས་ཚུལ་དང་༔ སེམས་དངོས་པོའི་གནས་ཚུལ་ལོ༔ སེམས་དངོས་པོའི་གནས་ཚུལ་རྒྱུ་མཚན་ཉིད་ཐེག་པ་དང་རྒྱུད་སྡེ་འོག་མ་རྣམས་ལས་ཀྱང་གསུངས་པས༔ སེམས་སངས་རྒྱས་སུ་ངོ་འཕྲོད་ནས་སྟོང་ཉིད་སྒོམ་པ་ཡོད་ཀྱང་༔ ལུས་སངས་རྒྱས་སུ་མ་རྟོགས་པས་ལམ་ཐག་རིང་བའོ༔ དེ་ལས་ཀྱང་བསྐྱེད་པ་མ་ཧཱ་ཡོ་གའི་རྒྱུད་རྣམས་ནས༔ ཕུང་ཁམས་སྐྱེ་མཆེད་སངས་རྒྱས་སུ་གསུངས་པས་དེའི་དོན་རྟོགས་ཀྱང་༔ གསང་བ་རྩ་རླུང་ཐིག་ལེ་སངས་


CMR055_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་སུ་མ་རྟོགས་པས་ཅུང་ཞིག་ལམ་ཐག་རིང་པའོ༔ འདིར་ནི་ཕྱི་ནང་སྣོད་བཅུད་ཐམས་ཅད་གསང་བ་རྩ་རླུང་ཐིག་ལེ་གསུམ་དུ་གཏན་ལ་འབེབས་པ་སྟེ༔ ཕྱི་རོལ་ཅི་བཞིན་ནང་དེ་བཞིན་ཞེས་གསུངས་པ་ལྟར༔ སྤྱི་གཙུག་གཟུགས་མེད་ཁམས་ནས་རྐང་མཐིལ་དམྱལ་བའི་གནས་ཡན་ཆད་ཕྱི་རོལ་ན་གང་སྣང་བ་ཐམས་ཅད་ལུས་ལ་ཚང་༔ སྙིང་རྡོ་རྗེ་གདན་རྩ་དབུ་མ་བྱང་ཆུབ་ཀྱི་ཤིང་ལ་སོགས་པ་ཕྱིའི་གནས་ཐམས་ཅད་ཀྱང་ལུས་ལ་ཚང་སྟེ༔ རྩ་གནས་ཉི་ཤུ་རྩ་བཞི་ཡུལ་ཉེར་བཞི༔ དེ་དག་གི་རྩ་མདུད་ཡིག་འབྲུའི་ཚུལ་དུ་ཡོད་པ་ནི་ཏཱཀྐི་ཉེར་བཞི༔ རྩ་དེ་དག་ཏུ་གནས་པའི་ཐིག་ལེ་ནི་དཔའ་བོ༔ སྙིང་ཁ་ཆོས་ཀྱི་འཁོར་ལོ་མངོན་པར་དགའ་བའི་ཞིང་ལ་སོགས་པ་རྩ་འཁོར་ལོ་ལྔ་ནི་དག་པའི་ཞིང་ཁམས་ལྔ༔ དེ་དག་ཏུ་མི་ཤིགས་པའི་ཐིག་ལེ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿལྔཿ རིགས་ལྔ༔ སྤྱི་མགྲིན་སྙིང་ལྟེ་གསང་བ་རྐང་མཐིལ་ལམ་སུམ་མདོར༔ ཨ་སུ་ཎི་ཏྲི་པྲེ་དུ་དྲུག་རྩ་ཡིག་ལ་ཡོད་པ་རིགས་དྲུག་གི་གྲོང་ཁྱེར༔ སྙིང་རྒྱལ་པོ་གློ་བ་བཙན་ཕོ་བ་ཐེའུ་རང་རྒྱུ་མ་ལ་ཀླུ་ལ་སོགས་པ་སྡེ་བརྒྱད་དང་གདོན་ཐམས་ཅད་ཀྱང་རྩ་གནས་སུ་ཚང་༔ དབུ་མ་སྒྲ་གཅན་སྤྱི་བོ་དང་ལྟེ་བའི་ཐིག་ལེ་


CMR055_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དམར་ཉི་ཟླ་སོགས་དང་༔ མདོར་ན་ཕྱི་སྣོད་ཀྱི་འཇིག་རྟེན་དང་རིགས་དྲུག་གི་སེམས་ཅན༔ ནང་རྣལ་འབྱོར་པའི་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ༔ གཞན་དག་པའི་ཞིང་ཁམས་སངས་རྒྱས་བྱང་སེམས་རྣམས་ཀྱི་མཁྱེན་བརྩེའི་ནུས་པ༔ དེ་ཐམས་ཅད་དབྱེར་མེད་པར་བཞུགས་པའི་གནད་ཟབ་མོ་གོ་བ་གལ་ཆེ་སྟེ༔ ཨུ་རྒྱན་རིན་པོ་ཆེའི་ཞལ་ནས༔ ཕྱི་ནང་སྣོད་བཅུད་ཐམས་ཅད་ཡེ་གདོད་མ་ནས་དབྱེར་མེད་པའི་གནད་ཀྱིས༔ ཞེས་སོགས་རྒྱ་ཆེར་གསུངས་ཤིང་༔ བཀའ་གཏེར་གྱི་རྒྱུད་གཞུང་རྣམས་ནས་བརྗོད་བྱའི་གཙོ་བོ་དེ་དག་གི་རྒྱས་བཤད་ཁོ་ན་ཡིན་པས༔ མང་དུ་བཤད་ན་དམིགས་པ་མི་ཟིན་པའི་སྐྱོན་དུ་འགྱུར་བས༔ མདོར་བསྡུ་ན༔ དེ་ལྟར་ཕྱི་ནང་གཞན་གསུམ་ལས༔ ནང་གི་རྩ་རླུང་ཐིག་ལེ་གནད་ཆེ་སྟེ༔ རང་གི་ལུས་ངག་ཡིད་གསུམ་དང་རྩ་རླུང་ཐིག་ལེ་དབྱེར་མེད་དེ༔ ལུས་ནི་རྩ༔ ངག་ནི་རླུང་༔ སེམས་ནི་ཐིག་ལེའི་ངོ་བོ་ཡིན་ལ༔ དེ་གསུམ་དང་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ནས་དབྱེར་མེད་ལྷུན་གྲུབ་ཏུ་བཞུགས་ཀྱང་༔ ལས་དང་ཉོན་མོངས་པའི་སྒྲིབ་པ་དང་༔ ཐབས་ཟབ་མོས་མ་ཟིན་པས་དངོས་སུ་


CMR055_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་མི་སྣང་བ་འདི༔ སྨིན་བྱེད་ཀྱི་དབང་གིས་རྒྱུད་སྨིན་པར་བྱས་ཏེ༔ གྲོལ་བྱེད་ཀྱི་ལམ་རྩ་རླུང་ཐིག་ལེའི་རྣལ་འབྱོར་ཉམས་སུ་བླངས་པས༔ ལས་ཉོན་གྱིས་སྒྲིབ་པའི་རྩ་མདུད་རྣམས་རིམ་པར་གྲོལ༔ མ་དག་པའི་ལས་རླུང་རྣམས་དག་པ་ཡེ་ཤེས་ཀྱི་རླུང་དུ་རིམ་པར་གྱུར༔ རྩ་གནས་རྣམས་མི་ཤིགས་པའི་ཐིག་ལེས་རྣམ་པར་ཁེངས་པ་ལས༔ ལམ་རྟགས་ཀྱི་ཡོན་ཏན་རིམ་པར་འཆར་ཏེ༔ འཕྲིན་ལས་བཞི་རྩོལ་མེད་དུ་འགྲུབ་པ་དང་༔ གྲུབ་པ་བརྒྱད་དང་༔ ཟག་བཅས་ཀྱི་མངོན་ཤེས་རྫུ་འཕྲུལ་ཅི་རིགས་པར་འབྱུང་སྟེ་མཐར་རླུང་དབུ་མར་ཚུད༔ བྱང་སེམས་འཛག་མེད་དུ་འཆིང་ནས་མི་ཤིགས་པའི་ཐིག་ལེར་སྨིན་པ་ན༔ བདེ་སྟོང་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ་འགྲུབ་པ་སྟེ༔ དེ་ཡང་སྐལ་པ་བཟང་ངན་གྱི་ཁྱད་པར་གྱིས༔ ཟླ་བ་དྲུག་གམ༔ ལོ་གསུམ་ཕྱོགས་གསུམ་མམ༔ ལོ་དྲུག་གམ༔ ལོ་བཅུ་གཉིས་སམ༔ ཚེ་གཅིག་གི་སངས་རྒྱས་འགྲུབ་པར་གསུངས་སོ༔ དེ་ལྟ་བུའི་གནད་ཟབ་མོ་ལ་ངེས་ཤེས་དང་སྤྲོ་བ་བསྐྱེད་ནས་བརྩོན་འགྲུས་གལ་ཆེ༔ གཉིས་པ་དམིགས་པ་དངོས་ནི༔ གཞུང་ལས༔ གཏུམ་མོའི་དམིགས་པ་འདི་ལྟ་སྟེ༔ ཞེས་


CMR055_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ༔ གཏུམ་ཞེས་བྱ་བ་ནི༔ མི་མཐུན་པའི་ཕྱོགས་ལས་ཉོན་གྱི་སྒྲིབ་པ་ཐམས་ཅད་སྐད་ཅིག་ལ་བསྲེག་པའམ་འཇོམས་པས་ན་གཏུམ༔ མོ་ཞེས་བྱ་བ་ནི༔ ཨ་ཐུང་ཕག་མོའི་ངོ་བོ་སྟེ༔ ཞེས་པས་ལྟེ་འོག་མ་ལས་ཐོབ་པའི་བྱང་སེམས་ཁྲག་ཐམས་ཅད་ཀྱི་དྭངས་མ༔ ཨ་ཐུང་ངུའི་རྣམ་པ་དྲོད་ཐམས་ཅད་བསྐྱེད་པར་བྱེད་པ་དེ་བསྒོམ་པའི་རྟེན་ཡིན་པས་མོ༔ ཞེས་བྱའོ༔ གཞན་དག་གི་རིགས་ལྡན་གྱི་གཞི་བཟུང་བ་ཞེས་ཕྱི་ལུས་ཀྱི་སྟོང་རེ་དང་༔ དཔག་བསམ་གྱི་ཤིང་འཛུགས་པ་ཞེས་ནང་རྩའི་སྟོང་ར་དང་༔ ཆུ་ཟླའི་གར་སྒྱུར་བ་ཞེས་ཐིག་ལེ་བསྒོམ་པ་རྣམས༔ རིམ་པར་སྒོམ་པར་བཤད་ནའང་༔ འདིར་ནི་དུས་གཅིག་ཉིད་དུ་སྒོམ་དགོས་པའི་རྒྱུ་མཚན་ནི༔ སྦྱང་གཞི་ཐལ་མལ་དུས་རྣམ་སྨིན་གྱི་ལུས་ངག་ཡིད་གསུམ༔ རྨི་ལམ་དུ་བག་ཆགས་ཀྱི་ལུས་ངག་ཡིད་གསུམ༔ བར་དོ་ན་ཡིད་ཀྱི་ལུས་ངག་ཡིད་གསུམ༔ དེ་ནམ་ཡང་འབྲལ་བ་མེད་པར་གནས་པས༔ སྦྱོང་བྱེད་རྩ་ཐིག་རླུང་གསུམ་ཡང་རང་ཆས་དུས་མཉམ་དུ་བསྒོམས་པས༔ སྦྱངས་འབྲས་རྡོ་རྗེའི་སྐུ་གསུང་ཐུགས་འགྲུབ་པའི་རྟེན་འབྲེལ་ཡིན་པས་སོ༔ དམིགས་པ་དངོས་ནི༔ ཕྱི་


CMR055_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་སྟོང་ར༔ རང་ཉིད་ཁྲོ་བོ་རོ་ཟ་ནི༔ སྐུ་མདོག་དམར་པོ་ཞི་མ་ཁྲོ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ ཕྱག་གཉིས་གཡས་པས་སྙིང་ཞགས་དང་༔ གཡོན་པས་སེ་གོལ་གཏོགས་པར་བྱེད༔ ལྟེ་བའི་ཐད་དུ་དབུ་མ་ནི༔ ཕྱི་ནི་དཀར་ལ་ནང་ནི་དམར༔ སྔོ་སང་སྨྱུག་རྒོད་འབྲིང་པོ་ཙམ༔ དེ་ཡི་དབུས་སུ་རཾ་ཡིག་ལས༔ བསྐྱེད་པའི་མེ་ནི་སྲན་མ་ཙམ༔ འོད་ནི་ཕྲའུ་འབར་བ་ཞིག༔ དེ་རུ་བསམ་ལ་རླུང་བཟུང་པས༔ རླུང་གིས་དྲོད་དེ་ཅུང་སྐྱེད་བསམ༔ དེ་ལ་ཞག་གསུམ་སྦྱངས་ནས་ནི༔ གོས་ཉུང་བཞིན་དུ་དྲོད་ཆེར་འབྱུང་༔ ཞེས་གསུངས་ཏེ༔ འདི་ལ་གོ་བར་བྱ་རྒྱུ་དང་སྒོམ་རྒྱུ་གཉིས་ཡོད་དེ༔ ལུས་ཁྲོ་བོའི་སྐུར་བསྒོམ་པ་ནི་ཕྱི་མཚན་ཉིད་ཐེག་པ་ལས་ཟབ་ཅིང་ཁྱད་པར་དུ་ནང་རྩ་དང་ཐིག་ལེ་བསྒོམ་པ་ནི་བྱ་སྤྱོད་རྣལ་འབྱོར་རྒྱུད་ལས་ཟབ་ཅིང་ཁྱད་པར་དུ་གྱུར་པ་ཡིན་ལ༔ སྤྱིར་རྡོ་རྗེའི་ལུས་ལ་རྩ་བྱེ་བ་ཕྲག་ཕྱེད་དང་བཅུ་ཡོད་པར་བཤད་ཀྱང་བསྡུ་ན་རྩ་གསུམ་འཁོར་ལོ་ལྔར་འདུས་ཤིང་༔ འཁོར་ལོ་ལྔ་ལ་ཡང་སྐྱོན་དང་ཡོན་ཏན་བསྐྱེད་པའི་རྩ་ཟུང་འབྲེལ་དུ་ཡོད་ཅིང་༔ འཁོར་ལོ་ལྔའི་ལྟེ་བ་ཡང་དབུ་མ་ཉིད་ཡིན་


CMR055_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་༔ དབུ་མ་ནི་ཡེ་ཤེས་ཀྱི་རྩ་ཡོན་ཏན་ཁོ་ན་སྐྱེད་བྱེད་ཡིན་པས༔ འདིར་རྩ་དབུ་མ་ཁོ་ན་བསྒོམས་པས་འཁོར་ལོ་ལྔའི་གོ་ཆོད་པ་དང་༔ དབུ་རྐྱང་རོ་གསུམ་ཡང་བདེ་གསལ་མི་རྟོག་པ་སྐྱེད་བྱེད་ཡིན་ལ༔ སྐུ་གསུམ་གྱི་རང་བཞིན་ཡིན་པས༔ དབུ་མའི་ཕྱི་དཀར་བས་རྐྱང་མ་དཀར་ཆ་ཐམས་ཅད་རྒྱུ་བའི་རྩའི་དོན་ཚང་༔ ནང་དམར་བས་རོ་མ་ཁྲག་རྒྱུ་བའི་རྩ་ཐམས་ཅད་ཀྱི་དོན་ཚང་༔ དབུ་མའི་ནང་སྔོ་བས་དབུ་མའི་རིགས་རླུང་རྒྱུ་བའི་རྩ་ཐམས་ཅད་ཀྱི་དོན་ཚང་ཞིང་༔ བདེ་གསལ་མི་རྟོག་གསུམ་སྐྱེ་ཞིང་སྐུ་གསུམ་ཐོབ་པའི་རྟེན་འབྲེལ་ཡིན་པའོ༔ འོ་ན་ལུས་ལ་གནས་ཚུལ་དང་མི་མཚུངས་སོ་སྙམ་ན༔ གནས་ཚུལ་ལ་དབུ་མ་ཡང་མདུད་པ་སོ་གཉིས་ཀྱིས་བསྡམས་ནས་ཡོད་པ་དང་༔ ཡང་ཡ་ཡོ་ཕར་འཁྱོག་ཚུར་འཁྱོག་ཏུ་ཡོད་པ་དང་༔ སྤྱི་བོའི་རྩ་འདབ་ཀྱི་ལུས་སྟོད་སྨད་ཁྱབ་པ་བུམ་པ་རྒྱའི་བཏུམ་པ་ལྟ་བུ་དང་༔ མགྲིན་པའི་རྩ་སྐུད་ཆུན་ལྟ་བུ་དང་༔ སྙིང་ཁའི་རྩ་འདབ་གྲུ་གུ་བསྒྲིལ་བ་ལྟར་དང་༔ ལྟེ་བའི་རྩ་འདབ་བ་ཐག་འཛིང་བ་ལྟར་ཡོད་པར་བཤད་ཀྱང་༔ དེ་དག་པར་བྱ་བ་དང་གྲོལ་བར་བྱ་བ་དང་སྦྱོང་བར་བྱ་བ་ཡིན་པས༔ རྟེན་


CMR055_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ལ་དེ་ལྟར་སྒོམ་ན༔ རླུང་སེམས་ཐིག་ལེའི་འཇུག་པ་སྐྱོན་ཅན་དུ་འགྱུར་ནས་གེགས་དང་གོལ་སར་འཆོར་ཉན་ཡོད་པས༔ འདིར་དབུ་མ་ཁོ་ན་བསྒོམ་པ་ཟབ་བོ༔ རོ་རྐྱང་ཡང་དབུ་མ་དང་དོན་གཅིག་ཏུ་བསྡུས་ཏེ་བསྒོམ་པ་འདི་ཟབ་བོ༔ དབུ་མ་འདི་ལ་ཐབས་ཀྱི་དབུ་མ་གཞུང་པ༔ ཤེས་རབ་ཀྱི་དབུ་མ་སྲོག་རྩ༔ དེ་གཉིས་ཀྱི་བར་དུ་ཡེ་ཤེས་ཀྱི་དབུ་མ་ཡོད་པར་འདོད་པ་དང་༔ སྲོག་རྩའི་སྦུབ་ན་ཡོད་པ་དང་༔ སྲོག་རྩའི་སུལ་ན་ཡོད་པ་དང་༔ ད་ལྟ་དངོས་སུ་ཡོད་ལ་ཤི་ནས་ཡལ་བར་འདོད་པ་སོགས༔ རྒྱུད་དང་གྲུབ་ཆེན་སོ་སོའི་བཤད་པ་མང་དུ་ཡོད་ན་ཡང་༔ དགག་བཞག་གི་སྤྲོས་བ་བསྐྱུངས་ནས༔ འདིའི་ལུགས་ཀྱི་མ་དག་པ་རྣམ་སྨིན་གྱི་ལུས་འདི་ལ་ཡོད་པའི་སྦྱང་གཞིའི་དབུ་མ་ནི་སྲོག་རྩ་ནག་པོ་ཉིད་ཡིན་ལ༔ འོ་ན་ཁྲག་སོགས་མེད་པར་གསུང་པ་དང་འགལ་ལམ་སྙམ་ན༔ འདི་ནི་ཡེ་ཤེས་ཀྱི་དབུ་མ་སྟེ་སྲོག་རྩ་དེ་ལ་གནས་པའོ༔ འདིར་སྦྱང་གཞི་དེ་དམིགས་རྟེན་ཙམ་དུ་བྱས་ནས་སྦྱོང་བྱེད་ཡེ་ཤེས་ཀྱི་དབུ་མ་བསྒོམས་པས༔ སྦྱངས་འབྲས་སྐུ་རྡོ་རྗེ་འགྲུབ་པ་སྟེ༔ དེའི་ཕྱིར་དབུ་མ་ཁོ་ན་བསྒོམས་ཏེ༔ དེ་ཡང་ཐོག་མར་ལྟེ་བར་དབུ་མ་ཐུང་ངུ་ཞིག་


CMR055_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པའི་རྒྱུ་མཚན༔ ཐོག་མར་ལུས་ཆགས་པའི་ཚེ་ལྟེ་བ་སྤྲུལ་བའི་འཁོར་ལོའི་དབུས་རྩ་མཆོག་བ་གླང་མིག་ཅེས་བྱ་བ༔ རི་དྭགས་ཨེ་ན་ཡའི་མིག་ལྟ་བུ་བྷ་གའི་རྩ་བདེ་སྟོང་གི་དྲོད་བསྐྱེད་པ་ཞིག་ཆགས༔ དེ་ནི་ཐམས་ཅད་ཀྱི་དབུས་ཡིན་ལ༔ དེས་ལུས་ཡང་མང་དུ་རིམ་པར་བསྐྱེད་པས༔ དབུ་མ་ཞེས་བྱ་བ་ཡིན༔ དེ་དང་མཐུན་པར་འདིར་ཡང་ལྟེ་བར་དབུ་མ་ཐུང་དུ་བསྒོམ་པའོ༔ འོ་ན་རྡོ་རྗེ་ལུས་ལ་གྲུབ་ཚུལ་དང་མི་མཐུན་པར་དབུ་མ་ཐུང་ངུ་བསྒོམ་པ་དང་༔ རོ་རྐྱང་དང་འཁོར་ལོ་གཞན་མི་སྒོམ་པར་དབུ་མ་ཁོ་ན་བསྒོམ་པ་སོགས༔ འཐད་དམ་སྙམ་ན་ཚིག་རིས་དང་བསྒོམ་བྱ་མི་གཅིག་ཀྱང་དོན་ལ་མཐུན་ཏེ༔ སྔོན་གྱི་གྲུབ་ཆེན་རྣམས་ཀྱི་ཁྲིད་ཡིག་ལས་ཀྱང་༔ ལུས་ཀྱི་མཐའ་སོར་མོ་ཚུན་ཆད་དབུ་མས་ཁྱབ་པར་སྒོམ་པར་གསུངས་ཤིང་༔ དེ་ལྟར་བསྒོམས་པས་རྩ་གནས་གང་དུ་རླུང་ཟིན་ཀྱང་ཡོན་ཏན་སྐྱེད་པ་ལས་སྐྱོན་མི་བསྐྱེད་པའི་མན་ངག་སྙན་བརྒྱུད་དུ་བཤད་དོ། དེ་བཞིན་དུ་ཡེ་ཤེས་ཀྱི་དབུ་མས་ནི་སྣང་སྲིད་འཁོར་འདས་ཐམས་ཅད་ཁྱབ་པར་གསུངས་པ་ཡང་༔ ཡེ་ཤེས་ཀྱི་དབུ་མ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་མི་ཟད་རྒྱན་གྱི་འཁོར་ལོ་


CMR055_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ༔ དེ་སྒོམ་པའི་རྟེན་ཙམ་དུ་ལུས་ཀྱི་སྲོག་རྩ་ལ་དབུ་མ་ཞེས་འདོགས་པ་ཡིན་གྱིས༔ དིང་སང་འཁྲུལ་འཁོར་བརྒྱབས་ནས་གསུས་པ་ཉག་གེ་བྱས་པས་རྩ་རྒྱུད་སྦོམ་པོ་མཐོང་བ་ལ་དབུ་མ་ཚུགས་བ་ཞེས་ངོ་མཚར་དུ་བྱེད་པ་སོགས་ནི༔ གསང་སྒྲུབ་ཀྱི་རླུང་དང་ཐིག་ལེ་འབྱིན་སྡོམ་ནུས་པའི་རྩ་བོ་ཆེ་ཞིག་ལ་དབུ་མར་མིང་བཏགས་པ་སྟེ༔ དེ་ནི་ཡེ་ཤེས་མཆོག་གི་དབུ་མ་ལྟ་ག་ལ་ཞིག༔ དེ་ནི་སྦྱང་གཞི་མ་དག་པའི་དབུ་མ་ཡང་མིན་པར་མངོན་ཏེ༔ གཞུང་པ་དང་སྲོག་རྩ་ནག་པོ་གང་ཡང་གསུས་པའི་ཕྱིར་མཐོང་མི་སྲིད་པས་སོ༔ དེས་ན་དེ་དབུ་མར་རློམས་པ་ནི༔ བླ་མེད་རྒྱུད་འགྲེལ་གང་ཡང་མ་གཟིགས་པའི་གཏམ་དུ་མངོན་ནོ༔ དེ་ཡན་གྱི་གོ་བ་བསྐྱེད་ནས་བསྒོམ་བྱའི་དམིགས་པ་དངོས་ནི༔ འདིར་སྭ་བྷ་ཝའམ་ཤུ་ནྱ་ཏས་དངོས་འཛིན་སྟོང་པར་སྦྱངས་ཀྱང་རུང་༔ ལྟ་བའི་གོ་རྟོགས་ལེགས་པོར་ཡོད་ན་དངོས་པོ་རྣམས་རང་རང་ངོ་བོས་སྟོང་པར་ཤེས་ན་སྔགས་མི་དགོས་ཏེ། རང་ཉིད་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཁྲོ་བོར་བཞེངས་པ༔ སྤང་བྱ་མི་མཐུན་ཕྱོགས་ཐམས་ཅད་འཇོམས་ཤིང་ཟ་བར་བྱེད་པ༔ སྐུ་མདོག་པདྨ་རཱ་གའམ་བྱི་རུ་ལྟ་བུ་ལ་ཉི་མའི་སྙིང་


CMR055_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལྟར་འོད་འབར་བ༔ སྤྱན་གསུམ་དང་ལྡན་ཞིང་ཞལ་ཅུང་ཟད་གདངས་པ་བཞད་པའི་ཚུལ་གྱིས་ཞི་མ་ཁྲོ༔ ཞབས་གཉིས་ཡེ་ཤེས་འབེབས་པའི་ཆ་ལུགས་བཞེངས་པའི་སྟབས་ཀྱིས་བཞུགས་པས་མཉེན་ལྕུག་ལྡེམ་པ༔ ཕྱག་གཉིས་གཡས་སྣང་སྲིད་ཀྱི་བཅུད་དང་སྙིང་པོ་ལེན་པའི་བརྡར་སྙིང་དང་༔ དོན་གྱི་འབྲས་བུ་མྱུར་དུ་ལོན་པའི་བརྡར་དོན་ཡོད་པའི་ཞགས་པ་དམར་པོ་གཉིས་ཕྱག་ཐབས་སུ་བསྣམས་ཤིང༔ གཡོན་བག་མེད་པའི་གཉིད་ལས་བསླངས་ནས་སྐད་ཅིག་རེ་རེ་ལ་ཡང་ས་ལམ་གོང་དུ་སྤེལ་བའི་བརྡར་སེ་གོལ་གཏོགས་པར་བྱེད་པ་སྐུ་གཅེར་བུ་ལ་དུར་ཁྲོད་ཀྱི་ཆས་སོགས་ཁྲོ་བོའི་ཉམས་དུ་མ་དང་ལྡན་ཞིང་༔ བར་ཆད་ཀྱི་བགེགས་དཔུངས་བསྲེགས་པའི་བརྡར༔ རང་འོད་བདེ་དྲོད་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་སུ་བཞུགས་པ༔ དེ་ཡང་ཞལ་གཅིག་ནི་ཆོས་སྐུ་ཉག་གཅིག༔ ཕྱག་གཉིས་ནི་ཐབས་དང་ཤེས་རབ༔ ཞབས་གཉིས་ནི་བདེན་པ་གཉིས༔ སྤྱན་གསུམ་ནི་སྐུ་གསུམ༔ མཆེ་བ་བཞི་ནི་བདུད་བཞི་བཅོམ་པ༔ སྐུ་མདོག་དམར་ཞིང་འགྲོ་ལ་ཐུགས་རྗེས་ཆགས་པ༔ འཁོར་བའི་འདམ་གྱིས་མ་གོས་པས་པད་


CMR055_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གདན༔ འགྲོ་བའི་མུན་པ་སེལ་བས་ཉི་གདན༔ སྟོབས་བཅུ་རྫོགས་པས་དཔལ་ཆེས་བཅུ༔ ཚོགས་བརྒྱུད་དག་པས་དུར་ཁྲོད་ཆས་བརྒྱད་ལ་སོགས་པ་ཡང་ཡིན་པར་བརྡ་དོན་ཤེས་པར་བྱས་པས༔ བསྐྱེད་རིམ་གྱི་གོལ་ས་ཆོད༔ སྐུ་ཕྱིའི་ཡས་རིམ་དང་མས་རིམ་ནས་ལེགས་པར་གསལ་གདབ་ནས་མཐར་སྐུ་སྤྱི་ལ་སེམས་བཟུང་༔ དེ་ནས་སྐུའི་ནང་སེན་མོས་རྩེ་ཚུན་ཆད་སྟོང་པ་ཕུ་མ་ཕུས་བཏབ་པ་ལྟ་བུར་སྒོམས༔ ཕྱི་དར་དམར་གྱི་གུར་ཕུབ་པ་ལྟ་བུ་ལྷའི་སྐུ་ལམ་མེ་བ་ལ༔ ནང་སྟོང་སང་ངེ་བ་ལ་རིག་པ་གཏད་པ་ཕྱི་ལུས་ཀྱི་སྟོང་ར་ཞེས་བྱའོ༔ དེ་ལྟར་རང་ཉིད་ཡི་དམ་ལྷའི་སྐུར་གསལ་བའི་སྐུའི་ནང་ལྟེ་བའི་ཐད་དུ༔ ཨ་ཝ་དྷཱུ་ཏི་དང་༔ ཀུན་དར་མ་དང་༔ སྒྲ་གཅན་དང༔ བྱ་རོག་གདོང་དང་ཁ་ཁཱ་མུ་ཁཱ་དང་༔ དུང་ཅན་མ་དང་ཡིད་བཟང་མ་དང་༔ མུན་པ་འབབ་པོ་ཞེས་པ༔ རྒྱུད་སྡེ་སོ་སོ་ནས་མིང་དུ་མའི་སྒོ་ནས་གསུང་ཞིང་༔ ཀུན་དྷརྨའི་དྲན་པ་དང་༔ རྩའི་འཁོར་ལོ་སྡུད་པས་སྨིན༔ ལས་རླུང་བཟློག་ཅིང་ཡེ་ཤེས་འཛིན༔ ཀུན་ནི་སྤྲུལ་སྐུའི་ཡོན་ཏན་གཏེར༔ དྷརྨས་ལོངས་སྐུའི་ཡོན་ཏན་ནོ༔ ལས་ནི་ཆོས་སྐུ་མངོན་དུ་སྟོན༔ འདི་


CMR055_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཡན་ལག་བཅུ་གཉིས་ལ༔ སྤྲོ་ཞིང་དྲིལ་བ་གནད་ཡིན་ནོ༔ ཞེས་ཌཱཀྐི་གསང་མཛོད་ཕྱི་མ་ལས་གསུངས་པ་ལྟར༔ མཆོག་གི་དབུ་མ་དེ་ཉིད༔ བདེ་བ་མཚོན་པའི་ཕྱིར་ཕྱི་དཀར་བ༔ གསལ་བ་མཚོན་པའི་ཕྱིར་ནང་དམར་བ༔ མི་རྟོག་པ་ཆོས་སྐུ་མཚོན་པའི་ཕྱིར་ནང་སྟོང་པ་སྔོ་སང་ངེ་བ༔ བྱང་ཆུབ་ཀྱི་ལམ་མཚོན་པའི་ཕྱིར་དྲང་བ༔ ཚེ་ཆུང་སྨྱུག་རྒོད་འབྲིང་པོ་ཙམ་པ༔ ཤོག་གུའི་སྦུ་གུ་ལྟ་བུ༔ ཏིལ་གྱི་མར་མེ་ལྟར་གསལ་ཏ་ལེ་བར་བསྒོམ་པ་ནི་ནང་རྩའི་སྟོང་རའོ༔ དེའི་དབུས་སུ་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་རྡོ་རྗེ་ཕག་མོའམ་མེའི་ལྷ་མོ་གོས་དཀར་མོའི་ངོ་བོ་རཿཡིག་དམར་པོ་སྲན་ཆུང་ཙམ༔ དེ་ལས་བསྐྱེད་པའི་མེ་ནི་སྲན་མ་ནག་པོ་ཙམ༔ ཁ་དོག་དམར་བ་རེག་བྱ་ཚ་བ་ལྕགས་སྲེག་ཚ༔ ལྟ་བུ་ཞིག་བསྒོམ་པ་ནི་མེའི་ཐིག་ལེ་སྒོམ་པའོ༔ དེ་དག་གསལ་ནས༔ ལུས་རྡོར་སྐྱིལ་ལམ་སེམས་སྐྱིལ་བྱས༔ རྣམ་སྣང་གི་ཆོས་བདུན་ལེགས་པར་བཅས་ལ༔ རླུང་གཡོན་དང་གཡས་དང་གཉིས་ཀ་ནས་ཞི་དྲག་སྙོམས་གསུམ་གྱིས་རླུང་རོ་ལེགས་པར་ལྷག་མ་མ་ལུས་པར་བུས་ཏེ༔ ཚེ་རབས་ཐོག་མེད་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྣ་


CMR055_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བུག་གཉིས་དང་བ་སྤུའི་ཁུང་ནས་སངས་ཀྱིས་ཐོན་པར་དམིགས༔ དེ་ནས་རླུང་དལ་ལ་རིང་བར་རྔུབ་སྟེ༔ སྣའི་ཐད་སོར་བཅུ་གཉིས་པའི་ནམ་མཁའ་ནས་ཡེ་ཤེས་ལྔའི་རང་བཞིན་རླུང་ཁ་དོག་ལྔ་འོད་ཀྱི་སྟོང་སྐུད་ལྟར་བྱུང་ནས་སྣ་བུག་ནས་ཞུགས༔ ལྟེ་བའི་འོག་དབུ་མའི་ནང་དུ་ཡར་ཞུགས་པས༔ མེ་ལ་སྦྱད་པ་བརྒྱབ་པ་ལྟར་མེའི་ཐིག་ལེ་དེ་ལས༔ འོད་ཀྱི་རང་བཞིན་དངོས་པོར་མ་གྲུབ་པའི་མེ་ལྕེ་ཕྲའུ་ཟངས་མའི་མོ་ཁབ་ཙམ་ཞིག་སོར་ལྔའི་ཚད་ཙམ་དུ་འབར་བ་དེ་ཡང་སྐད་ཅིག་ཀྱང་མི་སྡོད་པར་རྩེ་མོ་ཁྱུག་ཁྱུག་གཡོ་བ་ལ་སེམས་གཏད་ནས་སྒོམ་མོ༔ དེ་ཡང་མེའི་ཐིག་ལེ་དེ་རྩ་བ་བརྟན་པ༔ ཁ་དོག་ཤིན་ཏུ་དམར་བ༔ རེག་བྱ་ཤིན་ཏུ་ཚ་བ༔ མེའི་རྩེ་ཤིན་ཏུ་ཕྲ་ཞིང་རྣོ་བ༔ མི་སྡོད་པར་ཁྱུག་པར་བསྒོམ་པ་རྣམས་གལ་ཆེ་སྟེ༔ སོར་ལྔའི་ཚད་ནི་འབྱུང་བ་ལྔའི་མེ་དང་ལྷ་མོ་ལྔ་དང་མཁའ་འགྲོ་ལྔ་སོགས་མཚོན་ཞིང་༔ གཏུམ་མོའི་རང་ཚད་སོར་ལྔ་ཡིན་པར་བཤད་པས་སོ༔ དབུ་མ་ཡང་རིང་ཐུང་དེ་ཙམ་དུ་བསྒོམ་པར་བྱའོ༔ འདིའི་སྐབས་སུ་འཁྲུལ་འཁོར་ཡན་ལག་ལྔ་སྦྱོང་བྱའོ༔ དེ་ཡང་གནམ་ཆོས་གཏུམ་མོ་འདི་དམིགས་རིམ་གཞན་དང་མི་འདྲ་ཡང་


CMR055_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་འཁོར་སྤྱི་དང་འདྲ་བའི་ཕྱིར་ཐབས་ལམ་གཞན་ནས་འབྱུང་བ་ལྟར་བྱས་ཀྱང་ཆོག་པར་གཞུང་དུ་གསལ་ལོ༔ རླུང་འཛིན་པའི་དུས་གནད་ཀྱང་༔ སྣ་བུག་གཡས་རྐྱང་པ་ནས་དྲག་ཏུ་རྒྱུ་དུས་ཉི་མ་དུག་གི་རླུང་ཡིན་པས་བཟུང་ན་གེགས་སྐྱོན་བསྐྱེད་པས་མི་འཛིན༔ གཡོན་ནས་རྒྱུ་དུས་ཟླ་བ་བདུད་རྩིའི་རླུང་ཡིན་པས་བཟུང་༔ མཉམ་དུ་གཉིས་ཀ་ནས་རྒྱུ་དུས་ཡེ་ཤེས་ཀྱི་རླུང་ཡིན་པས་བཟུང་ན་ཡེ་ཤེས་སྐྱེ་བས་མཆོག་ཡིན་ལ༔ སེམས་ལ་དུག་ལྔ་སོགས་མི་དགེ་བ་སྐྱེ་དུས་རླུང་རོ་ཕྱིར་འབུད་པས་ལས་ཉོན་འཛད༔ དད་གུས་དག་སྣང་དང་བདེ་གསལ་མི་རྟོག་པ་སོགས་འཆར་རྟོག་པ་སོགས་འཆར་དུས་ནང་དུ་རྔུབ་ལ་ཐུབ་ཚད་བཟུང་བས་ཡོན་ཏན་དེ་དག་འཕེལ་བས་བརྟན་པར་འགྱུར་བས་དུས་ཤེས་པར་བྱ༔ རླུང་རོ་འབུད་དུས་རླུང་ལྷག་ལུས་ན་ནད་དུ་འགྱུར་བས་ལྷག་མ་མ་ལུས་པར་སང་སྟེ་བུས༔ རྔུབ་དུས་དྲག་ཏུ་རྔུབ་ན་རྩ་རུ་མ་ཤོང་བས་ཟི་ཐོམ་དང་ནག་ཐོམ་དུ་འགྲོ༔ དེ་ལ་ནན་ཏན་བྱས་ན་ཆུ་ལོག་རླུང་ལོག་ཏུ་འགྲོ་བས༔ དལ་ཞིང་འཇམ་པར་རྔུབ༔ མགྲིན་པ་མན་ཆད་ཁེངས་པར་མནན་ན༔ སྙིང་རླུང་དང་སྟོད་འཚང་དུ་འགྱུར་བས་ལྟེ་འོག་ཏུ་ཧྲིལ་གྱིས་མནན།


CMR055_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

གསུས་པ་ཐེར་བྱ༔ རྐེད་པ་ཉག་གེ་བྱ༔ འོག་རླུང་མ་བསྡམས་ན་དྲི་ཆུ་དང་བྱང་སེམས་འཛགས་པ་སོགས་འབྱུང་པས་སྲིན་ཞལ་དྲག་ཏུ་བསྡོམ་པའམ༔ ཕྱིང་པའམ་གོས་ཀྱི་སྣེ་རྡོག་རྡོག་གཅིག་འོག་སྒོའི་ཞབས་སུ་གཞག་པས་འོག་རླུང་རང་ཤུགས་ལ་ཟིན་པ་མན་ངག་ཡིན༔ རླུང་བཟུང་ཚེ་ལུས་ཀྱོག་ཀྱོག་བྱས་ན་རླུང་ལོག་པའི་རྩར་ཟིན་ནས་གེགས་བསྐྱེད་པས་ལུས་གནད་བསྲང༔ ཁྱད་པར་སྒལ་ཚིགས་བསྲང་བོ་གལ་ཆེ༔ དུ་བ་དང་ཐལ་ཚུབ་ནང་དུ་བཟུང་ན་རྩ་གནས་སུ་སོང་ན་ནད་བསྐྱེད་པས༔ དྭངས་བའི་སར་བཟུང་༔ ཧ་ཅང་འགྲང་ཆེ་དུས་བཟུང་ན་རླུང་མི་ཚུད་པར་རྩ་གནས་གཞན་དུ་འཆོར་བ་དང་༔ ཧ་ཅང་ལྟོགས་དྲག་དུས་བཟུང་ན་རླུང་ནད་བསྐྱེད་པས་འགྲང་ལྟོགས་རན་པའི་དུས་བཟུང་༔ དེ་ལྟར་གཉིད་དང་བཟའ་བཏུང་དུས་མ་གཏོགས་པར་རྩེ་གཅིག་ཏུ་བསྒོམ་ཞིང་༔ རླུང་གི་གཏུམ་མོ་ལས་ནུས་་་་ལ་བུས་པས་དྲོད་ཅུང་ཟད་བསྐྱེད་པར་བསྒོམ་ཞིང་༔ དེ་ལྟ་བུ་ཡང་ཡང་བསམ་ཞིང་རླུང་བཟུང་བ་དང་བཅས་པས༔ དེ་ལྟར་རྩེ་གཅིག་ཏུ་ཞག་གསུམ་སྦྱངས་ནས༔ དམིགས་པ་ཟིན་ཞིང་རླུང་གནད་དུ་སོང་ན་ནི༔ དྲོད་ཅུང་ཟད་སྐྱེས་རིམ་གྱིས་གོས་ཇེ་


CMR055_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཉུང་དུ་བྱས་པས་དྲོད་ཇེ་ཆེར་འབྱུང་བར་གསུངས་སོ༔ འདི་ལ་ཞག་གསུམ་སྟེ་དམིགས་པ་མ་གསལ་ན་ཉིན་རེ་བཞིན་གོང་གི་དེ་འདབ་ལ་བཤད༔ ཁྲིད་ཙམ་ལ་རྐང་གྲངས་ཙམ་གྱི་དམིགས་པ་སྤྱོད་པ་དང་༔ རྟགས་ཐོན་པར་བྱེད་ན་དྲོད་ཅུང་ཟད་མ་སྐྱེས་པར་བསྐྱར་བ་དེ་སྐབས་དང་བསྟུན་ནོ༔ ཆོས་ཐུན་གཉིས་པའོ༔ ༒ འོ་ན་ཆོས་ཐུན་གསུམ་པ་འདི་ལ་ཡང་གོ་བ་བསྐྱེད་རྒྱུ་དང་བསྒོམ་རྒྱུ་གཉིས་ཡོད་དེ༔ ད་ལྟ་གཏུམ་མོ་སྡུག་བསྔལ་གྱི་དུས་བྱ་བ་ཡིན༔ རྩ་རྒོད་རླུང་རྒོད་མི་ནོན༔ རིག་པ་འཚུབས་པས་དམིགས་པ་ཟིན་དཀའ༔ ལུས་འཁྲུལ་འཁོར་གྱིས་ཆད་ཅིང་དུབ༔ རྩ་གནས་སྔར་རླུང་ཟིན་མ་མྱོང་བ་རྣམས་སུ་རླུང་ཟིན་པས༔ དངོས་ཉམས་རྨི་ལམ་དུ་འཇིགས་སྐྲག་ཆོ་འཕྲུལ་སྣ་ཚོགས་འོང་༔ མདོར་ན་ཚེ་འཁོར་བ་ཐོག་མ་མེད་པ་ནས༔ བསགས་པའི་སྡིག་སྒྲིབ་ཐམས་ཅད་གདམས་ངག་ཟབ་མོ་བསྒོམས་པས༔ སྣོད་དྲི་མ་ཅན་ཆུ་ཚན་གྱིས་བཀྲུས་ན་དྲི་མ་ལྡང་བ་ལྟར༔ ལུས་སེམས་ལ་བདེ་བའི་ལས་སློང་སྣ་ཚོགས་འབྱུང་བས༔ དེ་རྣམས་སྡིག་སྒྲིབ་དག་པའི་རྟགས་སུ་ཤེས་པར་བྱས་ལ་ངེས་ཤེས་


CMR055_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

དང་དགའ་བ་བསྒོམ་དགོས༔ དཀའ་ལས་ཆེ་བ་ལ་མ་འཚེར༔ ད་ལྟའི་ལུས་ངལ་དུབ་དུམ་པ་ཙམ་འདིས༔ ཚེ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་འདག་སྟེ༔ འཁྲུལ་འཁོར་ལུས་སྦྱང་ཚར་རེས་ཀྱང་༔ བསྐལ་པ་ཆེན་པོ་རེ་རེའི་སྡིག་སྒྲིབ་འདག་པར་གསུངས༔ ད་ལྟ་ལུས་དང་སེམས་མི་བདེ་བ་བག་ཙམ་རེས༔ བསྐལ་པ་གྲངས་མེད་པར་དམྱལ་བའི་མེས་བསྲེགས་པའི་གོ་ཆོད་པས༔ ཕྱིས་ངན་སོང་དུ་མི་ལྟུང་བའི་གནས་སྦྱངས་ཡིན་པར་བཤད༔ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྐལ་པ་གྲངས་མེད་པ་གསུམ་དང་བདུན་ལ་སོགས་པར༔ དཀའ་བ་དཔག་ཏུ་མེད་པ་བསྐྱེད་ནས་ཐོབ་པའི་བླ་ན་མེད་པའི་བྱང་ཆུབ་དེ༔ གདམས་ངག་ཟབ་མོའི་གནད་ཀྱིས༔ ཟླ་བ་དྲུག་གམ་ལོ་གསུམ་ཕྱོགས་གསུམ་མམ༔ ལོ་དྲུག་གམ་བཅུ་གཉིས༔ ཐ་ནའང་ཚེ་གཅིག་ལ་ཐོབ་པར་བྱེད་པ་ལ༔ དཀའ་སྤྱད་འདི་ཙམ་ཞིག་ལོས་དགོས་སྙམ་དུ་སེམས་ལ་གོ་ཆ་གྱོན༔ ཟབ་ལམ་འདི་ལྟ་བུ་དང་འཕྲད་པ་སྐྱེ་བ་དཔག་ཏུ་མེད་པ་ནས་ཚོགས་བསགས་སྨོན་ལམ་རྣམ་པར་དག་པའི་འབྲས་བུ་ཡིན་པས་དགའ་བ་སྒོམས༔ དེ་དག་ནི་འདི་སྐབས་ཀྱི་གེགས་སེལ་ཡང་ཡིན་ལ༔ ད་ནི་དབུ་མ་


CMR055_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

དང་མེ་ཡར་བསྲིངས་ནས་སྙིང་གར་དམིགས་པ་གཏད་དགོས་ཏེ༔ སྙིང་གི་དྲན་པ་རྣམ་པར་བཀོད་པ་ན་རྩ་འདབ་སུམ་ཅུ་རྩ་གཉིས༔ དེ་བསྡུ་ན་བརྒྱད་ཡོད་ལ༔ དེ་རྣམས་སུ་རླུང་སེམས་ཟིན་ན་ཤེས་རབ་དང་རྟོགས་པ་སྐྱེ༔ ལོག་ན་སྨྱོ་བ་དང་ཡིད་མི་བདེ་བ་དང་རླུང་ནད་བསྐྱེད་པ་སོགས་སྐྱོན་ཡོན་མང་ཞིང་༔ ཆོས་ཀྱི་འཁོར་ལོའི་ལྟེ་བ་ཡང་སྙིང་ཁའི་ཐད་ཀྱི་དབུ་མ་དེ་ཉིད་ཁོ་ན་ཡིན་པས༔ རྩ་གཞན་ཡིད་ལ་མི་བྱེད་པར༔ དེ་ཁོ་ན་ལ་དམིགས་པ་གཏད་པས་རྟོགས་པ་སྐྱེ་བ་དང་༔ ཤེས་རབ་འཕེལ་བ་སོགས་ཡོན་ཏན་འབྱུང་བ་ཡིན་ནོ༔ དེ་ཡང་འདི་སྐབས་ནས་རླུང་སྦྱོར་གཙོ་བོར་བསྒོམ་དགོས་པས༔ དེ་ལ་གོ་བར་བྱ་རྒྱུ་དང་བསྒོམ་པར་བྱ་རྒྱུ་གཉིས་ཏེ༔ དང་པོ་ནི་འབྱུང་བའི་རླུང་དང་ལས་རླུང་དང་ཡེ་ཤེས་ཀྱི་རླུང་གསུམ་ལས༔ འབྱུང་བའི་རླུང་ནི་ཕྱི་རོལ་གྱི་སྒྲ་གཅན་འདི་ཡིན་ལ༔ ནང་གི་རླུང་ནི་ལས་དང་ཡེ་ཤེས་འདྲེས་མའི་ཚུལ་དུ་གནས་ཏེ༔ སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་དང་༔ རང་གི་ངག་སྒྲ་དང་ཡི་གེ་ཚིག་རྣམས་དབྱེར་མེད་པར་བཞུགས་པས༔ བདེ་སྡུག་དང་ལེགས་ཉེས་ཐམས་ཅད་རླུང་གིས་བྱེད་དེ༔ ལུས་བསྐྱེད་ཅིང་ཚེ་དང་


CMR055_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་འཕེལ་བ་དང༔ རྒུད་དེ་ན་རྒས་འཆི་བ་སོགས་འཁོར་བའི་ལེགས་ཉེས༔ བདེ་གསལ་མི་རྟོག་པའི་ཉམས་རྟོགས་དང་༔ ཟག་བཅས་མི་སྣང་བར་སངས་རྒྱས་ཏེ་སྐུ་དང་ཡེ་ཤེས་ཐམས་ཅད་རླུང་གིས་བྱེད་པའོ༔ དེ་ལ་ཡང་རྩ་ལ་རྒྱུ་བའི་རླུང་ཆིག་འབུམ་ཉི་ཁྲི་དྲུག་སྟོང་དྲུག་བརྒྱ༔་་་་ཞེས་དྲུག་བརྒྱ་དག་ཏུ་འགྱུ་བ་ནི༔ འདི་ནས་མཆན། འགྱུ་བ་ཆེན་པོའི་རླུང་དུ་འདོད༔ ཅེས་སོ༔ སློབ་དཔོན་རིན་པོ་ཆེས་བླ་མ་དགོངས་འདུས་ལས༔ རླུང་གི་རྐང་གྲངས་མང་དུ་བཤད་ཀྱང་༔ བསྡུས་པས་ལས་ཀྱི་རླུང་དང་༔ ཡེ་ཤེས་ཀྱི་རླུང་གཉིས་སོ༔ ཡེ་ཤེས་ཀྱི་རླུང་ནི་སེམས་དང་འདྲེས༔ སེམས་ནི་ལས་ཀྱི་རླུང་དང་འདྲེས་ཏེ་དབྱེར་མེད་པའོ༔ ཐལ་འགྱུར་ལས༔ རླུང་སེམས་གཉིས་སུ་འདྲེས་པ་སྟེ༔ དེས་ན་རླུང་གིས་ལས་ཀུན་བྱེད༔ ཅེས་སོ༔ ཡེ་ཤེས་ཀྱི་རླུང་འགྱུ་བ་དང་བྲལ་བ་དེའི་རྩ་ལས་ལུས་གྲུབ་པས༔ ལས་ཀྱི་རླུང་རྩ་གཉིས་ལ་འགྱུ་སྟེ༔ སའི་རླུང་ལྔ་སྟོང་བཞི་བརྒྱ༔ མེ་ཆུ་རླུང་གསུམ་གྱི་རླུང་ལ་ཡང་དེ་ཙམ་རེ་རེ་སྟེ༔ ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་འགྱུར་ཏེ༔ ཐལ་འགྱུར་ལས༔ རྩ་ལ་བརྟེན་པའི་རླུང་དག་ནི༔ ཉི་ཁྲི་དང་ནི་སྟོང་ཕྲག་གཅིག༔ ཡང་སེམས་ཀྱི་འགྱུ་བ་ལྟར་ནང་དུ་རླུང་རྩ་ལ་འགྱུ་བ་ནི༔ ཐལ་འགྱུར་ལས༔ རྩ་


CMR055_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ངེས་པར་འགྱུ་བ་ནི༔ འབུམ་ཕྲག་གཅིག་དང་ཁྲི་ཕྲག་གཉིས༔ སྟོང་ཕྲག་དྲུག་དང་བརྒྱ་ཕྲག་དྲུག༔ རྩ་ནས་ངེས་པར་འབྱུང་བ་སྟེ༔ རྒྱུ་བ་ཆུང་བའི་རླུང་དུ་འདོད༔ ཅེས་པ་དེའོ༔ དེ་ཡན་མཚན། ཡང་ལུགས་གཅིག་ལ༔ ཡིད་བཞིན་མཛོད་ཀྱི་ཁྲིད་ལས༔ སྲོག་རླུང་། ཁྱབ་བྱེད། མེ་མཉམ། གྱེན་རྒྱུ། ཐུར་སེར། མིག །རྣ་བ། སྣ། ལྕེ། ལུས་ཀྱི་དབང་པོ་ལ་རྒྱུ་བའི་རླུང་སྟེ་བཅུའོ༔ དེ་བསྡུ་ན་རླུང་བཅུ་དང་འབྱུང་བ་ལྔའི་རླུང་ལྔ་དང་རླུང་བཅུ་ནི་རྩ་བའི་རླུང་ལྔ་ནི༔ སྲོག་འཛིན། ཐུར་སེར། གྱེན་རྒྱུ། ཁྱབ་བྱེད། མཉམ་གནས་ཏེ་ལྔ་ཡན་ལག་གི་རླུང་ལྔ་ནི༔ ཀླུ་མིང་ཡིན་རུ་སྦལ། རྩང་བ་ལྷ་བྱིན། ནོར་ལྷ་སྟེ་ལྔའོ༔ རྒྱས་པར་གཞན་ནས་ཤེས་ཏེ་མཚན་འདི་དཔོན་སྤྲུལ་གྱིས་སོ༔ དེ་ཡང་ལས་རླུང་དང་ཡེ་ཤེས་ཀྱི་རླུང་གཉིས་སུ་འདུས་པས་ན༔ རླུང་བཟུང་བས་ལས་རླུང་དག་ནས་ཡེ་ཤེས་ཀྱི་རླུང་དུ་རིམ་པར་འགྱུར་བས་ལམ་རྟགས་ཀྱི་ཡོན་ཏན་རྣམས་འབྱུང་སྟེ༔ ལས་རླུང་ཐམས་ཅད་ཡེ་ཤེས་ཀྱི་རླུང་དུ་གྱུར་ཏེ༔ དབུ་མར་ཚུད་ན་མཆོག་གི་དངོས་གྲུབ་ཐོབ་པར་གསུངས་པས༔ རླུང་བསྒོམ་དགོས་པའི་གནད་དེ་ལྟར་རོ༔ ཐལ་འགྱུར་རྒྱུད་ལས༔ ལུས་ཀྱི་འབྱུང་བ་ཟད་པ་དང་༔ སེམས་ཀྱི་རྟོག་པ་འགག་པ་དང༔ མི་རྟོག་ཡེ་ཤེས་སྐྱེས་བ་


CMR055_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ ཕྱི་ཡི་སྣང་བ་ཟད་པ་དང་༔ རླུང་སེམས་གཉིས་སུ་འདྲེས་པ་སྟེ༔ དེས་ན་རླུང་གི་ལས་ཀུན་བྱེད༔ ཅེས་གསུངས༔ སྔགས་བསྙེན་སྒྲུབ་ཐམས་ཅད་ཀྱང་རླུང་འཇུག་གནས་འགྲོ་གསུམ་ལ་ཚང་སྟེ་ནང་དུ་འཇུག་པ་ཨོཾ༔ ཁོང་དུ་གནས་པ་ཨཱཋསྟེ་ཨ་ནི་ཡི་གེ་ཐམས་ཅད་ཀྱི་སྲོག་ཡིན་པས་དེ་ལ་སྔགས་རིང་ཐུང་ཐམས་ཅད་ཚང་༔ ཕྱིར་འབྱིན་པ་ཧཱུྃ་སྟེ་སྔགས་ཐམས་ཅད་ཀྱི་མཇུག་ཡིན༔ དེ་ལ་སྐུ་གསུམ་ཡང་ཚང་༔ དེའི་གནད་ཤེས་པས་རླུང་འབྱུང་འཇུག་གནས་གསུམ་གཅིག་ཏུ་བྱས་ཏེ༔ ངག་ཏུ་མི་བརྗོད་པར་བསྒྲང་བས་རླུང་རྡོ་རྗེའི་བཟླས་པ་སྟེ༔ ཡི་དམ་ཐམས་ཅད་ཀྱི་བསྙེན་སྒྲུབ་ཐེམ་པ་ཡིན༔ དེ་ཉམས་སུ་བླངས་ནས་ཚེ་སྒྲུབ་ཀྱི་མཆོག་ཀྱང་ཡིན་ཏེ༔ སྡོམ་འབྱུང་ལས༔ རླུང་གི་བདག་ཉིད་མགོན་པོ་ནི༔ སྐུ་གསུམ་པོར་ཡང་ཤེས་པར་བྱ༔ འཇུག་པ་ཆོས་ཀྱི་སྐུ་ཡིན་ཏེ༔ གནས་པ་ལོངས་སྤྱོད་རྫོགས་པའི་སྐུ༔ འབྱུང་བ་སྤྲུལ་པའི་སྐུ་ཞེས་བཤད༔ འདི་དག་སྐུ་ནི་གསུམ་པོར་བཞེད༔ ཅེས་དང་༔ རྣལ་འབྱོར་པས་ནི་མཉམ་གཞག་པས༔ འཇུག་པའི་རླུང་ནི་བགྲང་བར་བྱ༔ ཇི་སྲིད་འབུམ་ལ་སོགས་པའི་གྲངས༔ སྒྲ་དང་བྲལ་བར་རྟག་ཏུ་


CMR055_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བཟླ༔ སྒྲུབ་པོས་སྒྲ་དང་བྲལ་བར་ནི༔ འབུམ་བཟླས་ཡོངས་སུ་རྫོགས་པ་ན༔ ཚེ་ཡང་ཉམས་པ་ལོ་ལྔ་རུ༔ འཚོ་བར་འདིར་ནི་ཐེ་ཚོམ་མེད༔ རྟག་ཏུ་ནང་པར་ལངས་ནས་རླུང་༔ སྟོང་ཕྲག་གཅིག་ཏུ་བགྲང་བྱ་སྟེ༔ དེ་བས་རླུང་གི་རྣལ་འབྱོར་ལ༔ རྟག་ཏུ་མཉམ་གཞག་གནས་པར་བྱ༔ ཞེས་གསུངས་སོ༔ དེ་ལྟར་རླུང་འབྱུང་གནས་འགྲོ་གསུམ་དེ་རྒྱུན་དུ་བརྩི་མ་འཕྲོད་ཀྱང་༔ འགྲོ་འདུག་སྤྱོད་ལམ་དུས་སུ་ཡང་དེ་ཡིན་ཚུལ་ཤེས་པར་བྱས་ལ་བར་རླུང་བཟུང་བས་རླུང་བཟུང་བའི་གོ་ཆོད་དེ༔ བར་རླུང་ནི་འོག་སྒོ་ཅུང་ཟད་བསྡོམ་ལ་གསུས་པ་ཐེར་ཐེར་བྱས་པ་ཡིན་ནོ༔ ནུབ་ཉལ་ཁ་ཡང་རླུང་འཇུག་པ་ཨོཾ་དང་ཁོང་དུ་གནས་པ་ཨཱཿ ཕྱིར་འབྱིན་པ་ཧཱུྃ་དུ་བསྒོམ་ནས་ཉལ་ན༔ གཉིད་ཚེའི་རླུང་རྒྱུ་གྲངས་དང་མཉམ་པའི་སྔགས་བཟླས་པར་འགྲོ་བས་ནུས་པ་ཆེན་པོ་རྩོལ་བ་མི་དགོས་པར་ཐོབ་པའི་གནད་ཟབ་མོ་ཡིན་ནོ༔ ཉིན་བྲེལ་བའི་སྐབས་བར་རླུང་ཙམ་ཡང་བཟུང་མི་ཁོམ་པའི་ཚེ་ཡང་༔ རླུང་འབྱུང་གནས་འཇུག་གསུམ་ཡིག་འབྲུ་གསུམ་ཡིན་པར་དྲན་ཙམ་དྲན་ཙམ་བྱས་པས་ཀྱང་སྔགས་བགྲང་བའི་གོ་ཆོད་པའི་གནད་ཆེའོ༔ ཁྱད་པར་དུ་


CMR055_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གཏུམ་མོའི་སྐབས་སུ་བསྒོམ་བྱ་རླུང་བུམ་ཅན་ཡིན་ཏེ༔ བུམ་ཆེན་འདི་ལ་བཞེད་པ་གཉིས་ཡོད་དེ༔ མགྲིན་པ་མན་ཆད་གསང་གནས་ཡན་ཏེ་ལུས་རླུང་གིས་གང་བ་བུམ་ཆེན་སྙིང་ཁ་ཡན་ཆད་བཀང་བ་བུམ་འབྲིང་དང་༔ ལྟོ་བ་ཁོ་ན་བཀང་བ་བུམ་ཆུང་ཡིན་པར་བྱེད་པའི་ལུགས་དང་༔ སྐྱིལ་ཀྲུང་བཅས་ཏེ་ཐལ་མོས་དཔྲལ་བ་དང་པུས་མོ་གཉིས་ལ་རེག་ནས་སེ་གོར་གཅིག་བརྡབ་པ་གཅིག་ཏུ་བརྩི་བའི༔ ཡུན་བརྒྱ་རྩ་བརྒྱད་བར་རླུང་ནང་དུ་འཛིན་ཐུབ་པ་བུམ་ཆེན༔ བདུན་ཅུ་དོན་གཉིས་བར་དུ་ཐུབ་ན་བུམ་འབྲིང་༔ སུམ་ཅུ་སོ་དྲུག་ལས་མ་ཐུབ་ན་བུམ་ཆུང་དུ་བཞེད་པ་ཡང་སྣང་༔ སྟེང་རླུང་འོག་ཏུ་མནན་འོག་རླུང་ཡར་བསྡོམས་ནས་ལུས་བཀང་བ་ནི་བུམ་པ་ཅན་ཉིད་དུ་ངེས་ཏེ༔ སྡོམ་འབྱུང་ལས༔ སྟེང་དང་འོག་ཏུ་འགྲོ་བའི་རླུང་༔ ཡིད་ཀྱི་ཁ་སྦྱོར་དུ་བྱས་ཏེ༔ དེ་ཡི་རྣལ་འབྱོར་གོམས་པ་ཡི༔ དེས་ནི་བརྟན་པའི་གོ་འཕང་ཐོབ༔ ཅེས་བུམ་ཆེན་གྱི་སྡོམ་ཚིག་ཏུ་གསུངས་ནས༔ ཡང་ན་བུམ་ཆེན་རྣལ་འབྱོར་གྱིས༔ རྟག་ཏུ་འཆི་བདག་ལས་རྒྱལ་བྱ༔ བདག་ཉིད་རིག་པས་རྐང་མཐིལ་བར༔ ཀུན་ཏུ་རླུང་གི་དགངས་བྱས་ཏེ༔ བུམ་པ་ཅན་ལ་


previousཤོག་ལྷེབ་ ༤༦༥ ནས་་ ༥༠༠ བར།next