Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

1 occurrence of ནང་གི་སྒྲིབ་པ་ཅན་
[Clear Hits]


  
  
  
  
collapse section
 
ཤོག་ལྷེབ་ ༢༤༩ ནས་་ ༣༠༠ བར།
  
  
  
  
  
 expand section
  


1 occurrence of ནང་གི་སྒྲིབ་པ་ཅན་
[Clear Hits]

 
previousཤོག་ལྷེབ་ ༢༤༩ ནས་་ ༣༠༠ བར།next

ཤོག་ལྷེབ་ ༢༤༩ ནས་་ ༣༠༠ བར།


CMR055_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཆོས་འབྲུ་བདུན་པའི་ཁྲིད་རྒྱས་པ་བཞུགས་སོ༔


CMR055_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་ལོ་ཀི་ཤྭ་ར་ཛྙཱ་ན་ཌཱ་ཀི་སརྦ་སིདྡྷི་ཧཱུྃ༔ རིའོ་ན་ད་ལམ་ཁྱེད་རྣམས་ལ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་འཆད་པ་ལ༔ ཐོག་མར་བླ་མ་བརྒྱུད་པའི་ལོ་རྒྱུས་ནི་རྒྱས་པར་རྣམ་ཐར་མགུར་འབུམ་དབང་བཤད་སོགས་ནས་གསལ་ལྟར་ཡིན་ལ༔ ཁྲིད་འདི་ཡི་རྩ་ཚིག་ལས༔ ཧེ་ཧེ་ཞེས་པའི་དོན་ནི༔ བདེ་མཆོག་གི་རྩ་བ་དང་བཤད་པའི་རྒྱུད་རྣམས་ནས༔ ཧེ་ནི་རྒྱུ་སོགས་སྟོང་པ་ཉིད༔ ཅེས་གསུངས་པ་ལྟར༔ གང་ཟག་དང་ཆོས་ཀྱི་བདག་མེད་གཉིས་མཚོན་པ་ཡིན་ནོ༔ རྗེ་བླ་མ་རྣམས་ལ་ཞེས་པའི་དོན་ནི༔ ཆོས་ཁུངས་བཙུན་པར་སྟོན་ཏེ


CMR055_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཆོས་བརྒྱུད་པར་འབྲེལ་པ་ཉིད་ཟབ༔ ཅེས་གསུངས་པ་ལྟར༔ ཆོས་འདི་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ནས༔ ས་བཅུའི་སེམས་དཔའི་བུདྡྷ་པ་བྱ་བ་ལ་གསུངས༔ དེས་མཆོག་གི་གྲུབ་ཆེན་རྫ་དྲ་པ་ལ་གནང་༔ དེས་གྲུབ་ཆེན་སྐྱེའུ་པ་ལ་གནང་༔ དེས་ཨོ་རྒྱན་པདྨ་འབྱུང་གནས་ལ་གནང་༔ དེས་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ལ་དངོས་སུ་གནང་བའོ༔ དེ་ལྟར་བརྒྱུད་པ་ཉེ་ཞིང་མཁའ་འགྲོའི་ཁ་རླངས་མ་ཡལ་བས་བྱིན་རླབས་ཀྱི་བཀའ་བབ་ཆེན་པོ་ཡིན་ནོ༔ གསོལ་བ་འདེབས་པ་ཞེས་པའི་དོན་ནི་དེ་ལྟ་བུའི་བརྒྱུད་པ་དང་བླ་མ་དང་ཆོས་ལ་དད་པ་དགོས་པར་


CMR055_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏོ༔ ཆོས་བཅུ་པའི་མདོ་ལས༔ དད་པ་མེད་པའི་མི་རྣམས་ལ༔ དཀར་པོའི་ཆོས་རྣམས་མི་འབྱུང་སྟེ༔ ས་བོན་མེ་ཡིས་ཚིག་པ་ལ༔ མྱུ་གུ་སྔོན་པོ་ཇི་བཞིན་ནོ༔ ཞེས་གསུངས་སོ༔ དེ་བཞིན་དུ་སངས་རྒྱས་ཕལ་པོ་ཆེ་ལས༔ སྲིད་པའི་གནས་ཆེན་དད་པ་ཆུང་བ་ཡིས༔ སངས་རྒྱས་བྱང་ཆུབ་འཐོབ་པར་མི་ནུས་སོ༔ ཞེས་གསུངས་པས༔ དད་པ་མེད་ན་ཆོས་ཟབ་ཀྱང་ཉམས་རྟོགས་མི་སྐྱེའོ༔ དེས་ན་དད་པ་གལ་ཆེ་སྟེ༔ མདོ་རྒྱ་ཆེ་རོལ་པ་ལས༔ ཀུན་དགའ་བོ་དད་པ་ལ་སྦྱོར་བར་གྱིས་ཤིག༔ འདི་ནི་དེ་བཞིན་གཤེགས་པས་གསོལ་བ་འདེབས་པའོ༔ ཞེས་གསུངས་སོ༔ དད་པ་ཡོད་ན་ཉམས་རྟོགས་སྐྱེ་སྟེ༔ དཀོན་མཆོག་ཏ་ལ་ལའི་གཟུངས་ལས༔ རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་༔ སངས་རྒྱས་སྲས་ཀྱི་སྤྱོད་ལ་དད་བྱེད་ནས༔ བྱང་ཆུབ་བླ་ན་མེད་ལ་དད་གྱུར་ན༔ སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ༔ ཞེས་གསུངས་སོ༔ དེས་བླ་མ་བརྒྱུད་པ་ལ་ཡིད་དྭངས་བའི་དད་པ་སངས་རྒྱས་ཀྱི་བྱང་ཆུབ་དེ་འཐོབ་པར་འདོད་པའི་དད་པ༔ ཆོས་ལ་ཡིད་ཆེས་པའི་དད་པ༔ ཆོས་སྒྲུབ་པ་ལ་རྐྱེན་བར་ཆད་ཅི་བྱུང་ཡང་ཆོས་ལ་


CMR055_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་མི་ལྡོག་པའི་དད་པ་བྱའོ༔ དེ་ལ་ཆོས་ཉན་པ་ཁོ་ན་ལ་ཡང་ཕན་ཡོན་རྒྱ་ཆེ་སྟེ༔ སྔོན་དགེ་སློང་ཨུ་པ་གུཔས་ཆོས་འཆད་པའི་སྒྲ་ཁྱི་ཞིག་གིས་ཐོས་པས་སྒྲིབ་པ་བསྲབས་ནས་ཚེ་འཕོས་མ་ཐག༔ གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེས་པ་དང་༔ རྒྱ་གར་ན་དགེ་སློང་ཞིག་གིས་མདོ་སྡུད་པ་ཞལ་ཐོན་མཛད་པའི་སྒྲ་བྱ་ཐེ་བ་ཞིག་གིས་ཐོས་པས༔ སྒྲིབ་པ་བསྲབས་ནས་ཚེ་འཕོས་མ་ཐག་མི་ལུས་ཐོབ༔ རབ་ཏུ་བྱུང་བས་སྡུད་པ་བཟུང་མ་དགོས་པར་བློ་ལ་ཡོད་པར་བྱུང་བ་དང་༔ དགེ་སློང་གཅིག་གིས་ནམ་མཁའ་ནས་ཆོས་བཤད་པའི་སྒྲ་སྦལ་པ་ཞིག་གིས་ཐོས་པས་སྒྲིབ་པ་བསྲབས་ནས༔ ཚེ་འཕོས་མ་ཐག་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་པའི་ལོ་རྒྱུས་ཀྱང་ཡོད་དོ༔ བཅོམ་ལྡན་འདས་ཀྱི་ཞལ་ནས། ཐོས་པས་ཆོས་རྣམས་ཤེས་པར་བྱ༔ ཐོས་པས་སྡིག་ལས་ལྡོག་པར་བྱེད༔ ཐོས་པས་དོན་མ་ཡིན་པ་སྤང་༔ ཐོས་པས་མྱ་ངན་འདས་པ་ཐོབ༔ ཅེས་གསུངས་པས་ཆོས་ལ་དད་གུས་རྩེ་གཅིག་པས་ཉོན་ཅིག༔ དེ་ཡང་འདིའི་གཞུང་ལས༔ སྤྲང་པོས་ཆོས་བཤད་མ་འོས་ཀྱང་༔ བདག་གིས་ཆོས་ཤིག་བཤད་པ་ན༔ ཞེས་པས་བླ་མའི་མཚན་ཉིད་སྟོན་


CMR055_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ༔ རྡོ་རྗེ་མཁའ་འགྲོའི་རྒྱུད་ལས༔ གང་ཡང་ཁྲོ་དང་སྤུ་ཅན་དང་༔ ངག་ནི་ཤིན་ཏུ་རྩུབ་པ་དང་༔ ཡོན་ཏན་དག་གི་ཆོག་ཤེས་པ༔ དེ་ནི་བླ་མར་བསྟེན་མི་བྱ༔ ཞེས་གསུངས་པས་བླ་མ་བརྟག་དགོས་ཏེ༔ བླ་མ་ལྔ་བཅུ་པ་ལས༔ བླ་མ་དང་ནི་སློབ་མ་དག༔ མཚུངས་པར་དམ་ཚིག་ཉམས་གྱུར་ན༔ དཔའ་བོས་དང་པོ་སློབ་དཔོན་དང་༔ སློབ་མའི་འབྲེལ་པ་བརྟག་པར་བྱ༔ ཞེས་གསུངས་སོ༔ འོ་ན་སློབ་དཔོན་གྱི་མཚན་ཉིད་ཇི་ལྟ་བུ་ཞེ་ན༔ རྡོ་རྗེ་གུར་ལས༔ རྡོ་རྗེ་སློབ་དཔོན་མཚན་ཉིད་ལྔ་ལྡན་ཉིད༔ དེ་ཡིས་ཉེ་བར་བསྟན་པ་བསྔགས༔ སྒྲུབ་པ་པོ་ལ་དངོས་གྲུབ་སྐྱེ༔ བསྟན་ཞིང་ཟབ་མོའི་ཆོས་ལྡན་དང་རིག་པའི་གནས་རྣམས་ཀུན་ལ་མཁས༔ སྦྱིན་སྲེག་དཀྱིལ་འཁོར་སྔགས་ཤེས་ཤིང་༔ རབ་གནས་གཏོར་མའི་ཕ་རོལ་སོན༔ དེ་ཉིད་བཅུ་པོ་རྣམ་པར་རིག༔ ཉན་ཐོས་སྤྱོད་པ་སྐྱོང་བྱེད་ཅིང་༔ སྔགས་ཀྱི་ཐེག་པ་རིམ་པར་གུས༔ གཟུགས་ལྡན་མཐོང་ན་དགའ་བ་དང་༔ དཀྱིལ་འཁོར་འབྲི་མཁས་བཟླས་པར་ལྡན༔ རྩ་བའི་ལྟུང་བ་རབ་འཇོམས་ཤིང་༔ སྔགས་དང་རྒྱུད་ཀྱི་རབ་སྦྱོར་གྱིས༔ སེམས་ཅན་རྣམས་ལ་


CMR055_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྟེར་བ༔ དེ་འདྲ་བླ་མ་དངོས་བྱས་ན༔ བདག་གིས་ཀྱང་ནི་སྨད་མི་བྱ༔ ཞེས་དང་༔ གདན་བཞི་ལས༔ དུལ་ཞིང་ཞི་བའི་ཆ་བྱད་ཅན༔ སེམས་ཅན་རྣམས་ལ་མི་འཇིག་སྦྱིན༔ སྔགས་དང་རྒྱུད་ཀྱི་སྦྱོར་ཤེས་ཤིང་༔ སྦྱོར་དང་བཟོད་དང་ཐབས་དག་དང་༔ ཐམས་ཅད་དུ་ནི་ངག་འཇམ་ཞིང་༔ སེམས་ཅན་རྣམས་ལ་བུ་གཅིག་བཞིན༔ རྣལ་འབྱོར་བསམ་གཏན་ཆོག་སྦྱོར་ན༔ སྙིང་རྗེ་ཕན་པའི་སེམས་ཀྱིས་ནི༔ བདེན་པར་སྨྲ་ཞིང་གསོད་མི་བྱ༔ དེ་ཉིད་བཅུ་པོ་ཡོངས་ཤེས་ན༔ དེ་ཉིད་སློབ་དཔོན་དུ་བསྟེན་ནོ༔ ཞེས་གསུངས་སོ༔ གལ་ཏེ་དེ་ལྟར་མཚན་ཉིད་ལྡན་པ་མ་རྙེད་ན་སྐྱོན་དང་ཡོན་ཏན་གཉིས་ཡོན་ཏན་ཆ་ཆེ་བར་འདུག་ན་རུང་སྟེ༔ དོན་དམ་བསྙེན་པ་ལས། སྙིགས་དུས་དབང་གིས་བླ་མའི་སྐྱོན་དང་ཡོན་ཏན་འདྲེས༔ རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན༔ གང་གི་ཡོན་ཏན་ལྷག་པ་ཡོངས་ནི་ལེགས་སྤྱད་ནས༔ བུ་རྣམས་ཀྱིས་ནི་དེ་ལ་བསྟེན་པར་འགྱུར་བའོ༔ ཞེས་གསུངས་ཤིང་༔ ཁྱད་པར་དུ་ཨོ་རྒྱན་རིན་པོ་ཆེའི་ལུང་གིས་ཟིན་པ་ནི་མཆོག་ཡིན་ཏེ༔ ནང་གི་སྐྱོན་དང་ཡོན་ཏན་མངོན་ཤེས་མེད་པས་མི་


CMR055_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པའི་ཕྱིར་རོ༔ དེ་ལྟར་ཐ་ནའང་ཡོན་ཏན་གྱི་ཆ་ཆེ་ཙམ་ནི་དགོས་ཀྱི༔ ལོག་པའི་བཤེས་གཉེན་ལ་ནི་འཛེམ་པར་བྱ་སྟེ༔ སངས་རྒྱས་མཛོད་ཀྱི་མདོ་ལས༔ འཇིག་རྟེན་གྱི་དགྲས་ནི་ལུས་སྲོག་ཙམ་འཕྲོག་གི༔ ལུས་ཤིག་གཏོང་དུ་ཟད་དོ༔ མི་གཏི་མུག་ཅན་གྱིས་ཆོས་བཤད་ན༔ བསྐལ་པ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་དམྱལ་བར་སྐྱེའོ༔ ཞེས་གསུངས་སོ༔ དེ་ཡང་གཞུང་ལས༔ རྒྱལ་བུ་ཡོད་ཀྱང་ཆོས་འདི་ཉོན༔ ཞེས་པས་སློབ་མའི་མཚན་ཉིད་དང་༔ བླ་མ་བསྟེན་ལུགས་ཆོས་ཉན་པའི་ཀུན་སྤྱོད་རྣམས་བསྟན་ཏེ༔ སྒྱུ་འཕྲུལ་དྲྭ་བ་ལས༔ དགེ་དང་སྒོམ་ལ་དགའ་བ་དང་༔ རྟག་ཏུ་བླ་མ་ལ་གུས་དང་༔ རྒྱུན་དུ་ལྷ་རྣམས་མཆོད་བྱེད་པའི༔ ཡོན་ཏན་ལྡན་ན་སློབ་མ་ཡིན༔ ཞེས་དང་༔ དུར་ཁྲོད་རྒྱན་གྱི་རྒྱུད་ལས༔ དཔའ་ཞིང་དུལ་ལ་བློ་གྲོས་ལྡན་བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད༔ དད་ལྡན་རིགས་ལྡན་གཏོང་ཕོད་ཆེ༔ ཐོས་མང་དམ་ཚིག་ལྡན་ལ་སྦྱིན༔ ཞེས་དང་༔ བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས༔ ཇི་ལྟར་སེང་གེའི་འོ་མ་ནི༔ ས་ཡི་སྣོད་དུ་བཞག་མི་བྱ༔ དེ་བཞིན་རྣལ་འབྱོར་ཆེན་པོའི་རྒྱུད༔ སྣོད་མིན་རྣམས་ལ་སྦྱིན་མི་བྱ


CMR055_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ༔ དེ་ལྟ་བུའི་སློབ་མ་ལ་གསང་སྔགས་བླ་ན་མེད་པའི་གདམས་པ་ཐམས་ཅད་སྦྱིན་པར་བྱ་ཞིང་༔ ཨོ་རྒྱན་རིན་པོ་ཆེས༔ མདོར་ན་གསང་སྔགས་རྡོ་རྗེ་ཐེག་པ་ལ༔ གང་འབྲེལ་ཐམས་ཅད་བྱང་ཆུབ་ཐོབ་པའི་ཕྱིར༔ འདི་གྲོལ་འདི་མ་གྲོལ་ཞེས་རྣམ་དབྱེ་བྲལ༔ འབྲེལ་ཚད་དོན་དང་ལྡན་ཞེས་དེ་ལ་བྱ༔ ཞེས་གསུངས་པའི་ཕན་ཡོན་ལ་བསམ་ཞིང་༔ སྣོད་མིན་ལ་ཡང་འབྲེལ་པ་ཐོབ་ཙམ་བྱ་སྟེ༔ ཨོ་རྒྱན་ཆེན་པོས༔ འབྲེལ་ཡོད་ཙམ་རེ་བློས་མི་སྤང་༔ ཞེས་གསུངས་སོ༔ བླ་མ་བསྟེན་ཚུལ་ནི༔ སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས༔ སློབ་དཔོན་ཇི་ལྟར་བལྟ་ཞེ་ན༔ བླ་མ་སངས་རྒྱས་ཀུན་དང་མཉམ༔ དེ་ཉིད་རྟག་ཏུ་རྡོ་རྗེ་འཆང་༔ དེ་བཞིན་གཤེགས་པ་རིན་ཆེན་ཏོག༔ དེ་ནི་ཡེ་ཤེས་རྒྱ་མཚོ་སྟེ༔ ཡིད་བཞིན་ནོར་བུ་རིན་ཆེན་བཞིན༔ སློབ་དཔོན་གྱིས་ནི་ཡོན་ཏན་བཟུང་སྐྱོན་རྣམས་ནམ་ཡང་མ་ཡིན་ནོ༔ ཡོན་ཏན་བཟུང་བས་དངོས་གྲུབ་ཐོབ༔ སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ཉམས༔ དེ་ཡི་གྲིབ་མའང་མི་འགོང་སྟེ༔ མཆོད་རྟེན་བཤིག་དང་འདྲ་བར་གསུངས་ཞེས་དང་༔ སྡོམ་འབྱུང་ལས༔ གལ་


CMR055_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ལྷ་ནི་མཉེས་འདོད་ན༔ འབད་པས་བླ་མ་མཉེས་པར་བྱ༔ བླ་མ་མཉེས་པར་མ་བྱས་པའི༔ དངོས་གྲུབ་སྨིག་རྒྱུའི་ཆུ་དང་མཚུངས༔ ཞེས་དང་༔ དོན་དམ་བསྙེན་པ་ལས༔ ཐུན་མཚམས་གསུམ་དུ་ཤིན་ཏུ་རྣམ་པར་དག་པ་ཡི༔ ཁ་དང་ལག་པ་རྐང་པ་དག་ནི་ཁྲུས་བྱ་སྟེ༔ མེ་ཏོག་ཡང་དག་བླང་ནས་བླ་མའི་སྤྱན་སྔར་ནི༔ རྒྱལ་བ་རྣམས་ཀྱི་དཀྱིལ་འཁོར་ཤིན་ཏུ་ཟླུམ་པོར་བྱ༔ བླ་མའི་ཞབས་ཀྱི་ཆུ་སྐྱེས་མེ་ཏོག་གིས་མཆོད་ཅིང་༔ ཤིན་ཏུ་གུས་པས་སྤྱི་བོར་ལག་པས་ཕྱག་བྱའོ༔ ཞེས་གསུངས་པས་རྒྱལ་བུ་ལ་སོགས་པ་རིགས་མཐོ་བ་དང་༔ རིག་གནས་ལ་མཁས་པ་སོ་སོའི་ང་རྒྱལ་བཅགས་ནས་གུས་པས་བླ་མ་བསྟེན་དགོས་སོ༔ དེ་ཡང་སྣོད་ཁ་སྦུབ་ལྟ་བུ་དོན་ཡེ་མི་གོ་བ་དང་༔ ཞབས་རྡོལ་ལྟ་བུ་གོ་ཡང་ཡིད་ལ་མི་བཟུང་བ་དང་༔ དུག་ཅན་ལྟ་བུ་འགྲན་སེམས་དང་ཚོད་ལྟ་སོགས་མ་ཡིན་པར༔ བླ་མ་ལ་སྨན་པ་ལྟ་བུ༔ ཆོས་ལ་སྨན་ལྟ་བུ༔ ཆོས་ཉན་ཅིང་ཉམས་སུ་བླངས་པས་སྨན་གྱིས་ནད་སེལ་བ་ལྟར༔ འཁོར་བའི་སྡུག་བསྔལ་མཐའ་དག་སེལ་བའི་འདུ་ཤེས་ཀྱིས་ཉན་འཚལ༔ དེ་ལ་ཁྲིད་ཀྱི་གོ་རིམ་གཞུང་ལས་བསྐྱེད་རིམ་དང་༔ སྒྲིབ་


CMR055_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་༔ ཞི་གནས་དང་ལྷག་མཐོང་༔ བྱམས་པ་དང་སྙིང་རྗེ༔ དལ་འབྱོར་རྙེད་དཀའ་དང་མི་རྟག་པ་སྟེ༔ གོ་རིམ་འཆོལ་བ་ལྟར་གསུངས་པའི་དོན་ཡང་གཉིས་ཏེ༔ དང་པོ་བཞི་རྩ་བ་ཡིན་ལ༔ ཕྱི་མ་གསུམ་ནི༔ གེགས་སེལ་དང་བོགས་འདོན་དུ་འགྱུར་བ་ཡིན་ལ༔ དེ་ནི་སྔོན་དུ་ཆོས་སྒོར་ཞུགས་ཤིང་ཁྲིད་ཀྱང་ཐོབ་བ་ཞིག་ལ་བོགས་འདོན་དུ་དེ་ལྟར་ཟབ་པར་དགོངས་ལ༔ ལས་དང་པོ་པ་ལ་གོ་རིམ་བསྒྲིགས་དགོས་ཏེ༔ གཞུང་ཉིད་དུ་མ་བསྒྲིགས་པ་ནི་སྙིགས་དུས་སྐྱེ་བོ་སྤྱི་བརྟོལ་བ་སློབ་དཔོན་མི་བསྟེན་པ་འབྱུང་བ་རྣམས་དགག་པའི་དོན་ནོ༔ དེ་ལ་འདིར་གོ་རིམ་བསྒྲིགས་ཏེ་འཆད་པ་ལ༔ གཞུང་ལས༔ ད་རེས་མི་ལུས་ཐོབ་པ་ན༔ དེ་ལྟར་ཆོས་ལ་བརྩོན་འགྲུས་དགོས་ཞེས་གསུངས་པའི་དོན་བཤད་ན༔ ཐོག་མར་འཆི་བ་མི་རྟག་པ་བསྒོམ་དགོས་ཏེ༔ རྒྱ་ཆེ་རོལ་པ་ལས༔ སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ༔ འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས༔ སྐྱེས་བུའི་ཚེ་སྲོག་ནམ་མཁའི་གློག་འདྲ་སྟེ༔ རི་གཟར་འབབས་ཆུ་བཞིན་དུ་མྱུར་མགྱོགས་འགྲོ༔ ཞེས་དང་༔ མྱ་ངན་འདས་མདོར༔ འདུས་བྱས་རྟག་


CMR055_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་པ་ཡི༔ གནས་འདི་རྙེད་པར་མི་འགྱུར་བས༔ འདུས་བྱས་ཐམས་ཅད་མི་རྟག་གིས༔ མྱ་ངན་མ་བྱེད་ཀུན་དགའ་བོ༔ ཞེས་དང་༔ འདུལ་བ་ལུང་ལས་བསགས་པ་ཀུན་གྱི་མཐའ་འཛད་ཅིང་༔ མཐོན་པོ་རྣམས་ནི་མཐར་ལྟུང་ལགས༔ འཕྲད་པའི་མཐའ་ནི་བྲལ་བ་སྟེ༔ གསོན་པའི་མཐའ་ནི་འཆི་བ་ཡིན༔ ཞེས་དང་༔ འདི་ན་མཐུ་ཆེན་གནས་མཐོ་བར༔ གནས་པའི་ལྷ་ཚེ་རིང་པོ་ཡང་དེ་ལས་ཚེ་ཚད་ཉམས་གྱུར་ན༔ འཆི་བ་འདི་ལ་སུ་ཞིག་ཐར༔ ཞེས་དང་༔ མྱ་ངན་འདས་མདོར༔ སྐྱེ་བ་ཡོད་ན་འཆི་བ་ཡོད༔ དར་བ་ཡོད་ན་རྒུད་པ་ཡོད༔ ལང་ཚོ་དེ་ཡང་མི་རྟག་སྟེ༔ དར་བའི་མདོག་ཀྱང་ནད་ཀྱིས་འཕྲོག༔ འཚོ་བའི་ཚེ་ཡང་འཆི་བས་འཕྲོག༔ རྟག་པའི་ཆོས་ནི་གང་ཡང་མེད༔ ཅེས་དང་༔ རྒྱ་ཆེ་རོལ་པ་ལས༔ གང་དུ་གནས་ཀྱང་འཆི་བས་མི་ཚུགས་པའི༔ ས་ཕྱོགས་དེ་ནི་གང་དུའང་ཡོད་མིན་ཏེ༔ བར་སྣང་ན་མེད་རྒྱ་མཚོའི་སྟེང་ནའང་མེད༔ རི་བོ་རྣམས་ཀྱི་ཕུགས་ནའང་ཡོད་མ་ཡིན༔ ཞེས་དང་༔ མི་རྟག་པའི་ཚོམ་ལས༔ གང་ཡང་སངས་རྒྱས་རང་སངས་རྒྱས༔ སངས་རྒྱས་རྣམས་ཀྱིས་ཉན་ཐོས་


CMR055_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་༔ སྐུ་ལུས་འདི་ནི་སྤང་མཛད་ན༔ སྐྱེ་བོ་ཕལ་པ་སྨོས་ཅི་དགོས༔ ཞེས་དང་༔ སྐྱེས་པ་བུད་མེད་མང་པོ་ཡང་དར་ལ་བབ་པའང་འཆི་གྱུར་ན། དེ་ལ་མི་འདི་གཞོན་ཞེས་ཏེ༔ གསོན་པའི་གདེང་གྲོགས་ཅི་ཞིག་ཡོད༔ ཁ་ཅིག་མངལ་དུ་འཆི་བར་འགྱུར༔ དེ་བཞིན་ཁ་ཅིག་བཙས་པའི་སར༔ དེ་བཞིན་ཁ་ཅིག་གོག་ཙམ་ལ་ལ་རྒས་དང་ལ་ལ་གཞོན༔ ལ་ལ་དར་ལ་བབ་པའི་མི༔ རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ༔ འབྲས་བུ་སྨིན་པ་ལྟུང་བ་བཞིན༔ ཞེས་དང་༔ སྔ་དྲོ་སྐྱེ་བོ་མང་མཐོང་༔ ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར༔ ཕྱི་དྲོ་སྐྱེ་བོ་མང་མཐོང་བ༔ སྔ་དྲོ་ཁ་ཅིག་མཐོང་མི་འགྱུར༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ སྐྱེས་ཕན་ཆད་འཆི་ངེས་པར་འདུག༔ དེ་མི་རྟག་པའི་ངོ་བོ་ཡིན་ཏེ༔ དོན་སྙིང་ལ་མཚོན་ཕོག་པའི་སྐྱེས་བུ་དང་འདྲ༔ དེ་ཡང་ནམ་འཆི་ངེས་པ་མི་འདུག༔ དེ་ཀ་མི་རྟག་པའི་མཚན་ཉིད་ཡིན་ཏེ༔ རྩྭ་ཁའི་ཟིལ་པ་དང་འདྲ༔ འཆི་བ་ལ་ཅེས་ཀྱང་མི་ཕན་པར་འདུག༔ དེ་ཀ་མི་རྟག་པའི་བྱེད་ཆོས་ཡིན་ཏེ། ཉི་མ་རྒས་པའི་གྲིབ་སོ་དང་འདྲའོ༔ དང་པོ་འཆི་ངེས་པའི་རྒྱུ་མཚན་ལ་


CMR055_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྟེ༔ སྔར་སྐྱེས་པ་ལ་ལུས་པ་མེད་པ་དང་༔ ཚེ་སྣོན་པ་མེད་ཅིང་འཕྲི་བ་ཡོད་པ་དང་༔ ལུས་སེམས་འདུས་བྱས་ཡིན་པས་འཆི་ངེས་སོ༔ གཉིས་པ་ནམ་འཆི་ངེས་པ་མེད་པ་ལ་རྒྱུ་མཚན་གསུམ་སྟེ༔ ཚེ་ལ་དུས་བཏབ་མེད་པ་དང་༔ འཆི་རྐྱེན་མང་བ་དང་༔ འདུས་བྱས་འཇིག་པའི་རང་བཞིན་ཅན་ཡིན་པས་ནམ་འཆི་ངེས་པ་མེད་པའོ༔ གསུམ་པ་འཆི་བ་ལ་ཅིས་ཀྱང་མི་ཕན་པ་ལ་རྒྱུ་མཚན་གསུམ་སྟེ༔ བསགས་པའི་ནོར༔ འབྲེལ་བའི་གཉེན༔ བརྩིགས་པའི་མཁར་གྱིས་ཀྱང་མི་ཕན་པའོ༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ཆེམས་ལས༔ བོད་ཀྱི་བརྩོན་འགྲུས་ཚེ་འདིར་ཚེ༔ སང་བྱེད་གནང་བྱེད་མི་ཚེ་ཟད༔ ད་ལྟ་འཆི་ཡང་ཆོས་མི་དྲན༔ དགོས་ངོ་ཤེས་པ་དེ་ཡིན་ཏེ༔ ཁ་ཡེངས་མིག་ཡེངས་ངང་ལ་བརྗེད་བཞག་ནས་འགྲོ་ན་ང་ཕྱིར་ཤོག༔ སེར་སྣའི་གྲོལ་ཐབས་དེ་ལས་མེད༔ ཅེས་གསུངས་པ་ལྟར༔ དེ་སྔ་ཚེ་ཐར་དུ་ལུས་པ་གཅིག་ཀྱང་མི་གདའ༔ རང་ལ་མི་འཆི་བའི་གདེང་ཅི་ཡོད༔ རང་དང་ན་མཉམ་དང་དེ་ལས་གཞོན་པ་དུ་ཤི་ཡིད་ལ་རྩིས་བགྲང་མཛོད༔ ཤི་བས་མི་ཆོག་ཤི་ཐོན་ནས་བར་དོའི་འཇིགས་སྐྲག༔ བར་དོ་འཇིགས་པའི་


CMR055_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་བཞི༔ ཡ་ང་བའི་འཕྲང་བརྒྱད་འགྲིམས་དགོས༔ དེས་མི་ཆོག་ལས་ཀྱི་དབང་གིས་སྐྱེ་བ་ལེན་དགོས་ཏེ༔ སྡོམ་གསུམ་བསྟན་པའི་མདོ་ལས༔ ཅི་འདྲ་བ་ཡི་ལས་བྱས་པ༔ རྣམ་པར་སྨིན་པ་དེ་འདྲར་འགྱུར༔ བསྐལ་པ་བྱེ་བ་ཕྲག་བརྒྱར་ཡང་༔ དེ་ནི་ཆུད་ཟོར་འགྱུར་བ་མེད༔ ཅེས་དང་༔ དེས་པས་ཞུས་པའི་མདོ་ལས༔ ས་བོན་ཚ་བ་རྣམས་ལ་ནི༔ འབྲས་བུ་ཚ་བ་སྨིན་པར་འགྱུར༔ ས་བོན་མངར་བ་རྣམས་ལ་ནི༔ འབྲས་བུ་མངར་བ་སྐྱེ་བར་འགྱུར༔ དཔེ་ཟླར་བྱས་པ་འདི་ཡིས་ནི༔ སྡིག་པའི་ལས་ལ་སྡུག་བསྔལ་དང་༔ དགེ་བའི་ལས་ལ་བདེ་བ་སྟེ༔ ཁྱེད་ཀྱིས་དེ་ལྟར་ཤེས་པར་གྱིས༔ ཞེས་དང་༔ མདོ་སྡེ་ལས་བརྒྱ་པ་ལས༔ ལས་རྣམས་ཀྱང་ནི་སྣ་ཚོགས་ལས༔ དེ་ཡིས་འགྲོ་འདི་སྣ་ཚོགས་བྱས༔ ཞེས་དང་༔ སྙིང་རྗེ་པདྨ་དཀར་པོ་ལས་འཇིག་རྟེན་ནི་ལས་ཀྱིས་བྱས་པ་ལས་ཀྱི་སྤྲུལ་པའོ༔ སེམས་ཅན་རྣམས་ནི་ལས་ཀྱིས་བྱས་པ་ལས་ཀྱི་རྒྱུ་ལས་བྱུང་༔ ལས་ཀྱིས་རབ་ཏུ་ཕྱེ་བའོ༔ ཞེས་དང་༔ དྲན་པ་ཉེར་བཞག་ལས༔ མེ་ནི་གྲོང་བར་འགྱུར་ཡོང་སྲིད༔ རླུང་ནི་ཞགས་པས་འཆིང་ཡང་སྲིད༔


CMR055_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཟླ་ཐང་ལ་ལྷུང་ཡང་སྲིད༔ ལས་ཀྱི་རྣམ་སྨིན་བསླུ་མི་སྲིད༔ ཅེས་དང་༔ དཀོན་མཆོག་བརྩེགས་པ་ལས༔ ཅི་འདྲ་བ་ཡི་ལས་བྱས་པ༔ རྣམ་པར་སྨིན་པའང་དེ་འདྲར་འགྱུར༔ བསྐལ་པ་བྱེ་བ་བརྒྱར་ཡང་ནི༔ དེ་ནི་ཅུང་ཟད་འགྱུར་བ་མེད༔ ཅེས་དང་༔ རྡོ་རྗེ་ཕྲེང་བ་ལས༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ གསང་བའི་བདག་པོ་ཉོན་ཅིག༔ ལུས་ཀྱིས་ཉེས་པར་སྤྱོད་པ་ནི་རྣམ་པ་གསུམ་མོ༔ ངག་གིས་ཉེས་པར་སྤྱོད་པ་ནི་རྣམ་པ་བཞིའོ༔ ཡིད་ཀྱི་ལས་ནི་རྣམ་པ་གསུམ་སྟེ༔ དེ་དག་ཉོན་མོངས་པ་གསུམ་གྱིས་སེམས་ཅན་དམྱལ་བ་དང་༔ ཡི་དྭགས་དང་དུད་འགྲོའི་སྐྱེ་གནས་སུ་ལྟུང་བར་འགྱུར་རོ༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ ལས་རྒྱུ་འབྲས་ལ་གསུམ་སྟེ༔ ལས་ཀྱི་ངོ་བོ་ངོས་བཟུང་བ་དང་༔ ས་མཚམས་དབྱེ་བ་རྣམ་གྲངས་སོ༔ དང་པོ་ནི་གང་ཉེས་པ་དངོས་སམ་བརྒྱུད་ནས་སྡུག་བསྔལ་བསྐྱེད་པ་ནི༔ སྡིག་ཏོ་མི་དགེ་བའི་ལས་སོ༔ དེ་ལ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཉིད་སྡིག་ཏུ་གྱུར་པ༔ མཚམས་མེད་པ་ལྔ་དེ་དང་ཉེ་བ་ལྔ་མི་དགེ་བ་བཅུའོ༔ བཅས་པའི་ཁ་ན་མ་ཐོ་བ་བཅས་པ་ཉིད་ལས་ལྟུང་བར་འགྱུར་


CMR055_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པ་གསུམ་གྱི་ཉེས་པ༔ འཇིག་རྟེན་གྱི་ཁ་ན་མ་ཐོ་བ་གཞན་གྱི་སྡིག་ཆེན་བྱེད་པ༔ མི་ཤེས་པ་བག་མེད་པ་མ་གུས་པ་ཉོན་མོངས་པ་མང་བའོ། གང་ལེགས་པར་སྤྱོད་པ་དང་དངོས་སམ་བརྒྱུད་ནས་བདེ་བ་བསྐྱེད་པ་ནི་དགེ་བའོ༔ དེ་ལ་གསུམ་སྟེ་འཁོར་གསུམ་དམིགས་པ་དང་བཅས་ནས་གཏོང་བ་བསོད་ནམས་ཆ་མཐུན་གྱི་དགེ་བའོ༔ ངེས་འབྱུང་གིས་ཀུན་ནས་བསླངས་ཏེ་གཏོང་བ་ཐར་པ་ཆ་མཐུན་གྱི་དགེ་བ༔ འཁོར་གསུམ་ཡང་དག་མི་དམིགས་པར་ཤེས་པ་ཐར་པ་བླ་ན་མེད་པའི་དགེ་བའོ༔ དགེ་སྡིག་གཉིས་ཀ་མ་ཡིན་པས་གཉིས་ཀ་མི་བསྐྱེད་པ་ནི་ལུང་མ་བསྟན་གྱི་ལས་སོ༔ གཉིས་པ་ལས་ཀྱི་ས་མཚམས་དབྱེ་བ་ལ་བརྒྱད་ལས༔ དང་པོ་དོན་གྱི་གནས་ལུགས་དགེ་བ་འདུས་མ་བྱས༔ དོན་གྱི་དགེ་བ་འདུས་བྱས་འཁོར་བའི་ཆོས༔ རང་བཞིན་གྱི་དགེ་བ་ཡེ་ཤེས༔ རང་བཞིན་གྱི་མི་དགེ་བ་ཉོན་མོངས་པ་དུག་ལྔའོ༔ གཤིས་དགེ་བ་ཆོས་ཉིད་སྟོང་པ༔ གཤིས་མི་དགེ་བ་མ་རིག་པ༔ ཡང་དག་པའི་དགེ་བ་བློ་ལས་འདས་པ༔ ཡང་དག་པའི་མི་དགེ་བ་ཡིད་ཀྱིས་བསླད་པའོ༔ ཡིད་ལ་མི་བྱེད་ན་མྱང་འདས་ཏེ་དགེ་བ༔


CMR055_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་བྱེད་པ་ནི་འཁོར་བ་སྟེ་མི་དགེ་བའོ༔ དུག་གསུམ་ཆ་ཕྲ་མོས་སྦགས་པའི་དགེ་བས་མཐོ་རིས་གསུམ༔ དུག་གསུམ་གྱིས་ཀུན་ནས་བསླངས་བའི་མི་དགེ་བས་ངན་སོང་གསུམ་དུ་སྐྱེའོ༔ ཐབས་ཤེས་གཉིས་མེད་ཀྱི་དགེ་བས་མི་གནས་པའི་མྱ་ངན་ལས་འདའ༔ ཐབས་ཅི་རིགས་པའི་དགེ་བས་ཕྱོགས་གཅིག་པའི་མྱ་ངན་ལས་འདས་སོ། གསུམ་པ་ལས་ཀྱི་རྣམ་གྲངས་ལ༔ གཅིག་ཏུ་དཀར་བའི་ལས༔ ནག་པའི་ལས༔ འདྲེས་མའི་ལས༔ བསམ་པ་དཀར་ལ་སྦྱོར་བ་ནག་པ༔ བསམ་པ་ནག་ལ་སྦྱོར་བ་དཀར་བ༔ བསམ་སྦྱོར་གཉིས་ཀ་དཀར་བ༔ བསམ་སྦྱོར་གཉིས་ཀ་ནག་པ༔ མཐོང་ཆོས་འབྲས་བུ་ཅན༔ སྐྱེས་ནས་མྱོང་འགྱུར༔ ལན་གྲངས་གཞན་ལ་མྱོང་བ༔ ལས་དཀར་རྣམ་སྨིན་དཀར་བ༔ ལས་ནག་རྣམ་སྨིན་ནག་པ༔ འཕེན་བྱེད་དགེ་བ་རྫོགས་བྱེད་དགེ་བ༔ འཕེན་བྱེད་མི་དགེ་བ་རྫོགས་བྱེད་མི་དགེ་བ༔ འཕེན་བྱེད་དགེ་བ་རྫོགས་བྱེད་མི་དགེ་བ་སོགས༔ རྒྱས་པར་གཞན་དུ་བལྟའོ༔ བདག་གིས་བྱས་པའི་ལས་གཞན་ལ་མི་སྨིན༔ གཞན་གྱིས་བྱས་པ་བདག་ལ་མི་སྨིན༔ ལས་མ་བྱས་པ་དང་མི་འཕྲད༔ བྱས་པ་ཆུད་


CMR055_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཟ༔ དཀར་ནག་མི་འཆོལ་བས༔ ཤིན་ཏུ་ཆ་ཕྲ་མོ་ནས་འདོར་ལེན་བྱའོ༔ ཞེས་གསུངས་སོ༔ དེས་ན་མི་དགེ་བའི་ལས་ཀྱིས་ངན་སོང་དུ་སྐྱེས་ན་སྡུག་བསྔལ་དཔག་ཏུ་མེད༔ དེར་མི་སྐྱེ་བའི་ལས་དགེ་བ་ཁོ་ན་བྱས་པ་ཡང་དཀོན་པས་ཡ་ང་སྟེ༔ མངོན་པ་མཛོད་ལས༔ འདི་འོག་སྟོང་ཕྲག་ཉི་ཤུ་ན༔ མནར་མེད་པའོ་དེ་ཙམ་མོ༔ དེ་ཡི་སྟེང་ན་དམྱལ་བ་བདུན༔ ཞེས་གསུངས་ཏེ༔ ཚ་བའི་དམྱལ་བ་བརྒྱད་དེ༔ ཡང་སོས་དང་༔ ཐིག་ནག་དང་༔ བསྡུས་འཇོམས་དང་༔ ངུ་འབོད་དང་༔ དུ་འབོད་ཆེན་པོ་དང་༔ ཚ་བ་དང་༔ རབ་ཏུ་ཚ་བ་དང་༔ མནར་མེད་པ་སྟེ༔ རིག་འཛིན་ནཱ་གརྫུ་ནས༔ སེམས་ཅན་ཉེས་པའི་ལས་ལ་སྤྱོད་རྣམས་ནི༔ ཡང་སོས་ཐིག་ནག་ཚ་དང་རབ་ཏུ་ཚ༔ ངུ་འབོད་བསྡུས་འཇོམས་མནར་མེད་ལ་སོགས་པའི༔ དམྱལ་བ་རྣམས་སུ་རྟག་ཏུ་འཁོར་བར་འགྱུར༔ ཞེས་དང་༔ འཇིག་རྟེན་བཞག་པ་ལས༔ གང་ཕྱིར་ལོ་ནི་སྟོང་ཕྲག་དག༔ མང་པོར་ཡང་ནི་དེ་དག་ཏུ༔ བྲེག་ཅིང་གཤགས་ནས་ཡང་འཚོ་བས༔ དེ་ཕྱིར་ཡང་སོས་ཡིན་པར་བཤད༔ གང་ཕྱིར་དེ་ནི་ཤིང་བཞིན་དུ༔ ཐིག་


CMR055_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ནག་བཏབ་ནས་སོག་ལེ་དག༔ འབར་བ་ཡིས་ནི་གཤག་པར་བྱེད༔ དེ་ཕྱིར་ཐིག་ནག་ཡིན་པར་བཤད༔ གང་ཕྱིར་བསྡུས་ནས་དེར་འདོར་དང་༔ བརྡུངས་དང་སྲེག་པར་བྱེད་པ་ནི༔ དེ་ཡི་ཕྱིར་ན་བསྡུས་འཇོམས་ཏེ༔ དེ་ལྟར་མིང་ནི་དོན་མཐུན་གྲགས༔ གང་དག་གཞན་གྱི་ནོར་ཕྲོགས་པས༔ དེ་དག་ལྕགས་ཀྱི་ཐོ་ལུམ་ནི༔ ཚ་བ་དག་ཀྱང་ཟ་བ་དང་༔ ཡང་དང་ཡང་དུ་ཟས་སྐོམ་འབྱུང་༔ དེར་ནི་དྲེགས་པའི་མི་དག་གིས༔ རྒྱུན་མི་ཆད་པར་བསྲེག་པ་ནི༔ གང་ཕྱིར་སྐད་ནི་རབ་ཏུ་འབྱིན༔ དེ་ཕྱིར་དེ་ནི་ངུ་འབོད་ཡིན༔ མེས་བསྲེགས་པས་ནི་དྲག་ཕྱིར་དང་༔ ངུ་འབོད་པ་ཡང་ཆེ་ཕྱིར་དང་༔ ལྗི་ཞིང་ཆེ་བ་ཉིད་ཀྱི་ཕྱིར༔ དེ་ནི་ངུ་འབོད་ཆེན་པོ་ཡིན༔ གང་ཕྱིར་རྟག་ཏུ་ཚ་བའི་མེ༔ གདུང་བ་དྲག་པོ་སྐྱེས་པའི་ཕྱིར༔ འཇིག་རྟེན་དུ་ནི་ཚ་བའི་མིང་༔ དོན་དང་མཐུན་པར་གྲགས་པ་ཡིན༔ མེ་ནི་རབ་ཏུ་དྲག་པ་ཡིས༔ དེར་འཁོར་སེམས་ཅན་སྲེག་པར་བྱེད༔ ཚ་བ་ཕུལ་དུ་བྱུང་བ་སྟེ༔ དེ་ཕྱིར་རབ་ཏུ་ཚ་བར་གསུངས༔ གསལ་ཞིང་རྣོ་དང་སླ་ང་དང་༔ རྫ་བུམ་འབར་བར་སྲེག་བྱེད་པས༔ ཚ་བ་ཕུལ་དུ་བྱུང་བ་སྟེ༔ དེ་ཕྱིར་རབ་ཏུ་ཚ་


CMR055_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཤད༔ མེ་དྲག་དེ་ཡིས་ལུས་ཅན་གྱི༔ རུས་པ་རྣམས་ཀྱང་བརླག་པར་འགྱུར༔ གང་ཕྱིར་བདེ་བའི་སྐབས་མེད་པའི༔ དེ་ཕྱིར་མནར་མེད་ཡིན་པར་བཤད་ཅེས་ཚ་དམྱལ་བརྒྱད་དང་༔ ཉེ་འཁོར་བའི་དམྱལ་བ་ནི་མདོ་དེ་ཉིད་ལས༔ གང་ཞིག་བརྟུལ་ཞུགས་བཟང་མནོས་ནས༔ ལེགས་པར་བསྲུང་བར་མི་བྱེད་པ༔ དེ་ནི་ངེས་པར་ཤ་དང་རུས༔ འཇིགས་པའི་མེ་མ་མུར་དུ་བསྲེགས༔ གང་དུ་འཚོ་བ་ལ་སོགས་པའི༔ ཅུང་ཟད་ཙམ་གྱིས་འཚོ་བྱེད་པ༔ དེ་ནི་རོ་མྱག་འདམ་རྫབས་སུ༔ ནུབ་ཡི་འགྱུར་སྲིན་བུ་རྣམས་ཀྱིས་ཟ༔ གང་ཞིག་ཆོས་ཀྱི་སྡིག་འཛིན་ཅིང་༔ ཡང་དག་མ་ཡིན་ལམ་སྨྲ་བའི༔ མི་དེ་དག་ནི་སྤུ་གྲིའི་སོས༔ གཏུམ་པའི་ལམ་དུ་འགྲོ་བར་འགྱུར༔ བག་ཕབ་པ་ལ་གནོད་བྱེད་པ༔ ནགས་ཚལ་རལ་གྲིའི་འདབ་ཅན་དུ༔ གཏུབ་ཅིང་བྱ་རྒོད་འུག་པ་དང་༔ བྱ་རོག་དག་གིས་ཟ་བར་འགྱུར༔ འདོད་ལོག་སྤྱོད་པ་ཤལ་མ་རི༔ ལྕགས་ཀྱི་ཚེར་མ་རྩེ་མོ་འབར༔ སོར་ནི་བཅུ་དྲུག་ཡོད་པ་ལ༔ ཡར་ལ་འཛེག་ཅིང་མར་ལ་དྲུད༔ ཆུ་སྐྱེས་ཉ་སོགས་བསད་པ་ནི༔ ཆུ་བོ་རབ་མེད་འབར་བ་ཡི༔ འཇིགས་སུ་


CMR055_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བའི་གནས་སུ་འགྲོ༔ མི་དེ་དེར་ནི་མནར་བར་འགྱུར༔ ཞེས་གསུངས་ཤིང་༔ ལས་ངན་མ་ཟད་ཀྱི་བར་དུ་ཚེ་ཚད་རྫོགས་ཀྱང་དེར་སྐྱེས་ཏེ༔ གསུང་གི་རིག་འཛིན་ནཱ་གརྫུ་ནའི་གསུངས་ལས༔ དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་པས༔ བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ནི༔ ཇི་སྲིད་ལས་དེ་ཟད་པར་མ་གྱུར་བར༔ དེ་སྲིད་སྲོག་དང་བྲལ་བར་མི་འགྱུར་རོ༔ ཞེས་གསུངས་སོ༔ གྲང་དམྱལ་བརྒྱད་དང་གཞན་ཁ་འཐོར་བའི་ཉེ་ཚེའི་དམྱལ་བ་སོགས་དཔག་ཏུ་མེད་དོ༔ དྲན་པ་ཉེར་བཞག་ལས༔ བླ་མ་དགེ་འདུན་སྐུ་གསུང་ཐུགས་རྟེན་གྱི་ན་བཟའ་བཤུས་དང་ཤིག་ནི་ལྷག་པོར་སོགས༔ སེམས་ཅན་གྲང་བས་ཉན་ནས་གང་བསད་པའི་མི་དེ་ངེས་པར་གྲང་དམྱལ་བརྒྱད་དུ་སྐྱེ༔ ཞེས་གསུངས་པས་ཆུ་བུར་ཅན་དང་༔ ཆུ་བུར་རྡོལ་བ་དང་༔ ཨ་ཆུ་ཟེར་བ་དང་༔ ཀྱི་ཧུད་ཟེར་བ་དང་༔ སོ་འཐམ་པ་དང་༔ པདྨ་ལྟར་གས་པ་དང་༔ ཨུཏྤལ་ལྟར་གས་པ་དང་༔ པདྨ་ལྟར་ཆེར་གས་པ་སྟེ༔ མངོན་པ་མཛོད་ལས༔ ཏིལ་སྦྱང་ནང་ནས་ལོ་བརྒྱར་ནི༔ ཏིལ་གཅིག་ཕྱུང་བས་ཟད་གྱུར་པ༔ ཆུ་བུར་ཅན་གྱི་ཚེ་ཡིན་ཏེ༔ གཞན་གྱི་


CMR055_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ནི་ཉི་ཤུས་འགྱུར༔ ཞེས་གསུངས་པས༔ ཚེ་ཚད་ཀྱང་ཤིན་ཏུ་རིང་ངོ་༔ ཁྱད་པར་སྐུར་པ་འདེབས་པ་ནི་སྡིག་ཆེ་སྟེ༔ རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་བསྐལ་པ་དག་ནི་དུ་མར་ཡང་༔ ལུས་ནི་དཔག་ཚད་ལྔ་བརྒྱར་འགྱུར༔ དེ་ལ་མགོ་ཡང་ལྔ་བརྒྱ་སྟེ༔ མགོ་རྣམས་རེ་རེ་དག་ལ་ཡང་༔ ལྔ་བརྒྱའི་ལྕེ་ལས་མི་ཉུང་འགྱུར༔ ལྕེ་གཅིག་ཉིད་ལ་ཐོང་གཤོལ་ནི༔ ལྔ་བརྒྱ་ཚང་སྟེ་མི་ཉུང་བ༔ རབ་ཏུ་འབར་བས་རྨོ་བར་བྱེད༔ སྐུར་འདེབས་སྡིག་པའི་ལས་ཀྱིས་སོ༔ ཞེས་གསུངས་པ་དང་༔ ཁྱད་པར་གསང་སྔགས་ཀྱི་དམ་ཚིག་ཉམས་པ་ནི༔ དམྱལ་བ་དེ་ཐམས་ཅད་ལས་བདུན་འགྱུར་གྱི་སྡུག་བསྔལ་ཆེ་བ་རྡོ་རྗེ་དམྱལ་བ་ཞེས་བྱ་བར་སྐྱེ་སྟེ༔ འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས༔ ཕྱི་ཡི་རྒྱ་མཚོ་ཆེན་པོ་ཡི༔ ཆུ་དེ་ས་ཡིས་གཏོར་ནུས་པ༔ དེ་ཡི་ཚད་དུ་སྡུག་བསྔལ་མྱོང་༔ རྡོ་རྗེ་དམྱལ་བར་གྲགས་པ་ཡིན༔ ཞེས་གསུངས་ཤིང་༔ དམྱལ་བའི་སྡུག་བསྔལ་ཆུང་ངུ་ཡང་མིའི་སྡུག་བསྔལ་གང་ལས་ཀྱང་ཆེ་སྟེ༔ འཕགས་པ་ཀླུ་སྒྲུབ་ཀྱིས༔ འདི་ན་མི་གཅིག་མདུང་ཐུང་སུམ་བརྒྱ་ཡིས༔ རབ་ཏུ་དྲག་བཏབ་སྡུག་བསྔལ་མི་


CMR055_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བཟད་པ༔ དེ་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ཡང་༔ འོལ་ཀྱང་མི་འགྲོ་ཆར་ཡང་མི་ཕོད་དོ༔ ཞེས་གསུངས་སོ༔ ཡི་དྭགས་ཀྱི་སྡུག་བསྔལ་ཡང་༔ འཕགས་པ་ཀླུ་སྒྲུབ་ཀྱི་གསུངས་ལས༔ ཡི་དྭགས་རྣམས་ནི་འདོད་པས་ཕོངས་པ་སྟེ༔ བསྐྱེད་པའི་སྡུག་བསྔལ་རྒྱུན་ཆད་མི་བཟོད་པ༔ བཀྲེས་སྐོམ་གྲང་ལ་ངལ་དང་འཇིགས་པ་ཡིས༔ བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ༔ ཞེས་དང་༔ ཡི་དྭགས་རྣམས་ནི་སོས་ཀའི་དུས་སུ་ནི༔ ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང་༔ ལྗོན་ཤིང་ལོ་འབྲས་མེད་གྱུར་དེ་དག་གིས༔ བལྟས་པ་ཙམ་གྱིས་ཆུ་ཀླུང་འང་སྐམ་པར་འགྱུར༔ ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ༔ ལྟོ་བ་རི་ཡི་ལྗོང་ཙམ་བཀྲེས་པས་ཉེན༔ མི་གཙང་གྱི་ནར་བོར་བ་ཆུང་ངུ་ཡང་༔ འཚལ་བའི་མཐུ་དང་ལྡན་པ་མ་མཆིས་སོ༔ ཞེས་ཕྱི་དང་ ནངགིསྒྲིབཅན ་དང་༔ ཁ་ཅིག་མཚོན་བཞིན་ཁ་ནས་མེ་འབར་ཏེ༔ ཟས་སུ་འབར་བའི་ཁར་བཅས་བྱེ་མ་འཚལ༔ རྨེན་རིགས་འགས་ནི་རྣག་དང་ཕྱི་ས་དང་༔ ཁྲག་སོགས་མི་གཙང་བ་ཡང་མི་རྙེད་པ༔ ཕན་ཚུན་སྡོང་དུམ་ཚིག་འདྲ་མགྲིན་པ་ནས༔ ཝ་བ་འབྱུང་བ་སྨིན་པའི་རྣག་འཚལ་ལོ༔ ཞེས་


CMR055_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟར་ཡིན་ལ༔ ཚེ་ཚད་ཀྱང་མི་ཡི་ཟླ་བ་རེ་ཞག་རེར་བརྩི་བའི་རང་ལོ་ལྔ་བརྒྱ་ཐུབ་པར་གསུངས་སོ༔ དུད་འགྲོ་ལ་རིགས་མི་འདྲ་བ་བྱེ་བ་སུམ་ཅུ་རྩ་བཞིར་གསུངས་ཏེ༔ དབང་མེད་གཞན་དག་རྡོག་པས་བརྡེག་པ་དང༔ ལྕགས་དང་ལྕགས་ཀྱུས་གདག་པས་བཏབ་སྟེ་བསྐོལ༔ ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག༔ ཤ་དང་པགས་པའི་ཕྱིར་དུ་འཆི་བར་འགྱུར༔ ཞེས་ཁ་འཐོར་བའི་སྡུག་བསྔལ་དང་༔ ཁ་ཅིག་ཟས་སུ་གདོང་དུ་གང་བབ་བྲ༔ ཞེས་གནས་ཀྱི་སྡུག་བསྔལ་དང་༔ ཚེ་ནི་མ་ངེས་ཏེ་རིང་བས་བསྐལ་པར་ཡང་ཐུབ་བོ༔ དེ་ལྟར་ངན་སོང་གསུམ་ལ་སྡུག་བསྔལ་མངོན་དུ་གྱུར་པ་དང་༔ ལྷ་དང་མི་དང་ལྷ་མ་ཡིན་གསུམ་ལ་ཡང་གནས་སྐབས་བདེ་བ་བག་ཙམ་ཡོད་དེ༔ མི་རྟག་འགྱུར་བའི་སྡུག་བསྔལ་དཔག་ཏུ་མེད་དོ༔ མདོར་ན་རིགས་དྲུག་གར་སྐྱེས་ཀྱང་སྡུག་བསྔལ་ཁོ་ན་ཏེ༔ རིག་འཛིན་ནཱ་གརྫུ་ནས༔ འཁོར་བ་ཁབ་ཀྱི་རྩེ་ཙམ་ནའང་༔ བདེ་བ་ནམ་ཡང་ཡོད་མ་ཡིན༔ མི་གཙང་བ་ལ་དྲི་ཞིམ་མེད༔ འཁོར་བའི་གནས་ན་བདེ་བ་མེད༔ མེ་ཡི་རང་བཞིན་ཚ་བ་ཡིན་པ་ལྟར༔ འཁོར་བའི་རང་བཞིན་སྡུག་བསྔལ་ཡིན་


CMR055_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཚོན༔ ཞེས་གསུངས་སོ༔ དེ་ལྟར་སྡུག་བསྔལ་དེ་ལས་སྐྱོབ་པའི་སྐྱབས་གནས་ཞིག་ཚོལ་དགོས་པ་ལས༔ ལྷ་གཞན་གྱིས་འཁོར་བའི་སྡུག་བསྔལ་ལས་སྐྱོབ་མི་ནུས་ཏེ། རྒྱལ་མཚན་དམ་པའི་མདོ་ལས༔ འཇིགས་པས་སྐག་པའི་མི་རྣམས་ནི༔ ཕལ་ཆེར་རི་དང་ནགས་ཚལ་དང་༔ ཀུན་དགའ་དང་ནི་མཆོད་གནས་ཀྱིས༔ ལྗོན་ཤིང་དག་ལ་སྐྱབས་འགྲོ་བ༔ སྐྱབས་དེ་གཙོ་བོ་མ་ཡིན་ཞིང་༔ སྐྱབས་དེ་མཆོག་གྱུར་མ་ཡིན་པས༔ སྐྱབས་དེ་ལ་ནི་བསྟེན་ནས་ནི༔ འཇིགས་པ་ཀུན་ལས་མི་གྲོལ་ལོ༔ ཞེས་གསུངས༔ འོ་ན་སུས་སྐྱོབས་ན༔ འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས༔ འཇིགས་གྱུར་འཇིགས་པ་སེལ་མཛད་ཕྱིར༔ སྐྱབས་མེད་སྐྱོབ་པའི་སངས་རྒྱས་དང་༔ ཆོས་དང་ཚོགས་མཆོག་དགེ་འདུན་ལ༔ རྟག་པར་སྐྱབས་སུ་འགྲོ་བར་གྱིས༔ གང་དག་དེ་ལ་སྐྱབས་སོང་བ༔ འཇིགས་པ་ཀུན་ལས་ཐར་བར་འགྱུར༔ ཞེས་དང་༔ ཡོན་ཏན་བཀོད་པའི་མདོ་ལས༔ གང་ཞིག་སངས་རྒྱས་དག་ལ་སྐྱབས་སོང་ན༔ ལྷ་དང་དྲི་ཟ་ལྷ་མ་ཡིན༔ ཀླུ་དང་གནོད་སྦྱིན་ལ་སོགས་པ༔ འཇིགས་པ་ཀུན་ལས་ཐར་བར་འགྱུར༔ ཞེས་


CMR055_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགསུངས་པའི་དོན༔ ཕྱིའི་དཀོན་མཆོག་གསུམ་ནི་སངས་རྒྱས་ཆོས་དང་དགེ་འདུན་གསུམ༔ ནང་གི་དཀོན་མཆོག་གསུམ་ནི་བླ་མ་ཡི་དམ་མཁའ་འགྲོ་གསུམ༔ གསང་བ་རྩ་རླུང་ཐིག་ལེ་གསུམ༔ དེ་ཁོ་ན་ཉིད་ཀྱི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཡིན་ཏེ༔ དེ་ཐམས་ཅད་ངོ་བོ་ནི་བླ་མ་ཨོ་རྒྱན་རིན་པོ་ཆེ་ལ་འདུས་པ་ཡིན་ཏེ༔ ཐུགས་སངས་རྒྱས་གསུང་དམ་ཆོས་སྐུ་དགེ་འདུན་ནོ༔ ཡོན་ཏན་ཡི་དམ་ཕྲིན་ལས་མཁའ་འགྲོ་ཆོས་སྐྱོང་སྟེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་རང་བཞིན་ཡིན་ནོ༔ དེས་ན་མདུན་གྱི་ནམ་མཁར་པདྨའི་སྡོང་པོ་འདབ་མ་ལྔར་གྱེས་པ་རྒྱ་ཁྱོན་བསམ་ལས་འདས་པའི་ལྟེ་བའི་ཟེའུ་འབྲུར༔ རྩ་བའི་བླ་མ་དང་དབྱེར་མེད་པའི་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ༔ ཞལ་གཅིག་ཁྲོ་འཛུམ་གྱི་སྤྱན་རང་ལ་གཟིགས་པ༔ དབུ་ལ་པད་ཞུ་པདྨ་མཐོང་གྲོལ་གསོལ་བ༔ ཕྱག་གཡས་པས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་བྷན་དང་ཚེ་བུམ་ལྟེ་བར་འཛིན་པ༔ སྐུ་ལ་ཟ་འོག་གི་བེར་དང་ཆོས་གོས་གསེར་གྱི་ཧ་རིས་ཅན་གསོལ་བ༔ གྲུ་མོ་ན་ཁ་ཊཾ་རྩེ་གསུམ་པ་བརྟེན་


CMR055_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ༔ སྐུ་གཟི་བརྗིད་འོད་དུ་འབར་བའི་སྤྱི་གཙུག་ནས་ཡར་ལ༔ གྲུབ་ཆེན་སྐྱེའུ་པ༔ རྫ་དྲ་པ༔ སངས་རྒྱས་པ༔ རྡོ་རྗེ་འཆང་ཆེན་པོ་ཀུན་ཏུ་བཟང་པོ་རྣམས་ཐོ་བརྩེགས་ལ༔ རྒྱ་གར་གྱི་རིག་འཛིན་བརྒྱད་དང་༔ དགའ་རབ་ཤྲཱི་སེང་རྗེ་འབངས་ཉི་ཤུ་རྩ་ལ༔ གཏེར་སྟོན་བརྒྱ་རྩ་བརྒྱད་ལ་སོགས་པ་སྤྲིན་ལྟར་གཏིབས་པར་བསྒོམ༔ གཡས་ཀྱི་འདབ་མ་ལ་ཨོ་རྒྱན་རིན་པོ་ཆེ་བླ་མ་དམ་པ་དེའི་ཐུགས་མི་ཟད་རྒྱན་གྱི་འཁོར་ལོའི་ངོ་བོ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྒྱལ་བ་རིགས་ལྔ་སངས་རྒྱས་སྟོང་ལ་སོགས་པས་བསྐོར་བ་ཐམས་ཅད་སྤྲུལ་སྐུའི་ཆ་ལུགས་མཚན་དང་དཔེ་བྱད་ཀྱིས་སྤྲས་པ༔ རྒྱབ་ཏུ་བླ་མའི་གསུང་མི་ཟད་རྒྱན་གྱི་འཁོར་ལོའི་ངོ་བོ་ཐེག་པ་ཆེན་པོའི་མདོ་རྒྱུད་ཐམས་ཅད་གླེགས་བམ་གསེར་གདོང་ཁྲ་ཆེམ་མེར་བཞུགས་པ༔ གཡོན་དུ་བླ་མའི་སྐུ་མི་ཟད་རྒྱན་གྱི་འཁོར་ལོའི་ངོ་བོ་འཕགས་པ་བྱམས་པ་ལ་དགེ་སློང་གི་དགེ་འདུན་དང་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཆ་ལུགས་དབུ་རེག་ཞབས་རྗེན་ཆོས་གོས་གསུམ་དང་ལྡན་པ༔ མདུན་གྱི་འདབ་མ་ལ་བླ་མའི་ཡོན་ཏན་གྱི་ངོ་བོ་ཡི་དམ་ཐུགས་རྗེ་ཆེན་


CMR055_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་རྒྱུད་སྡེ་དྲུག་གི་ལྷ་ཚོགས་ཐམས་ཅད་ལོངས་སྤྱོད་རྫོགས་སྐུའི་རྣམ་པར་བཞུགས་པ༔ མེ་ཏོག་པདྨའི་འོག་པད་སྡོང་གི་ཕྱོགས་མཚམས་ཐམས་ཅད་དུ་དཔལ་མགོན་མ་ནིང་ནག་པོ་དང་༔ ལྷ་མོ་རེ་མ་ཏི་ལ་ཡེ་ཤེས་ཀྱི་ཆོས་སྐྱོང་༔ གནས་དང་ཡུལ་གྱི་དཔའ་བོ་ཌཱཀི་ཐམས་ཅད་ན་བུན་འཐིབས་པ་ལྟར་བཞུགས་པར་སྒོམས༔ གང་ཞིག་སངས་རྒྱས་ཡིད་བྱེད་པ༔ དེ་ཡི་མདུན་ན་ཐུབ་པ་བཞུགས༔ ཞེས་གསུངས་པས༔ སྤྱན་འདྲེན་མི་དགོས་དམ་ཡེ་དབྱེར་མེད་དུ་སྒོམས༔ དེ་ཡི་མདུན་དུ་རང་གི་གཙོས་བྱས་སེམས་ཅན་ཐམས་ཅད་སྐྱབས་ཞུ་བའི་མོས་པས༔ རང་གི་རམ་བུ་སེམས་ཅན་ཐམས་ཅད་ཀྱིས་དི་རི་རི་བཀྱག་པར་བསྒོམས་ནས༔ བཀའ་གཏེར་སྤྱིའི་སྐྱབས་འགྲོ༔ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ༔ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ༔ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ༔ མ་ནམ་མཁའ་དང་མཉམ་པའི་


CMR055_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ༔ ཞེས་དད་གུས་ཚད་མེད་ཅིང་ཅི་མཛད་ཁྱེད་ཤེས་ཀྱི་བློས་སྐྱབས་འགྲོ་ཅི་མང་བྱའོ༔ འདི་སྐབས་དམིགས་པ་དང་བཅས་ཚར་གསུམ་མམ་རྗེས་ཟློས་བཅོལ་ལ༔ དེ་ནས་སྐྱབས་ཡུལ་གཞན་ཐམས་ཅད་འོད་དུ་ཞུ་ནས་བླ་མ་ཨོ་རྒྱན་རིན་པོ་ཆེ་ལ་ཐིམ༔ དེ་འོད་དུ་ཞུ་ནས་རང་ལ་ཐིམ་པས༔ སྐྱབས་གནས་བླ་མ་དཀོན་མཆོག་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་ཁྲུག་གིས་འདྲེས་པར་བསྒོམས་ལ༔ སེམས་རང་ལུགས་སུ་ཡིད་ལ་ཅི་ཡང་མི་བསམ་པར་ཀློད་དེ་ལྷོད་ལ་ཞོག་ཅིག༔ དེའི་དོན་མ་དྲོས་པས་ཞུས་པའི་མདོ་ལས༔ བྱང་ཆུབ་སེམས་དཔའ་ཆོས་བདག་མེད་པ༔ སེམས་ཅན་མེད་པ་སྲོག་མེད་པ་གང་ཟག་མེད་པར་ཤེས༔ གཟུགས་སུ་མ་ཡིན་པ༔ མཚན་མ་ཡང་མ་ཡིན༔ ཆོས་སུ་མ་ཡིན་པར་དེ་བཞིན་དུ་ཡང་དག་པར་རྗེས་སུ་མཐོང་བ་དེ་ལྟ་བུ་ནི༔ ཟང་ཟིང་མེད་པའི་སེམས་ཀྱིས་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ནོ༔ དེ་བཞིན་གཤེགས་པའི་ཆོས་ཉིད་གང་ཡིན་པ་དེ་ནི༔ ཆོས་ཀྱི་དབྱིངས་སོ༔ ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་སྟེ༔ དེ་ལྟར་ཆོས་ཐམས་


CMR055_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་དབྱིངས་སུ་སོང་བ་མཐོང་སྟེ༔ དེ་ལྟར་མཐོང་བ་དེ་ལྟ་བུ་ནི་ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་ལ་སྐྱབས་སུ་སོང་བ་ཡིན༔ གང་ཆོས་ཀྱི་དབྱིངས་འདུས་མ་བྱས་པར་སྒོམ་པ་དང་༔ ཉན་ཐོས་ཀྱི་ཐེག་པ་ལྟར་འདུས་མ་བྱས་པར་བསྟན་པ་དང་༔ ་འདུས་བྱས་དང་འདུས་མ་བྱས་པ་གཉིས་སུ་མེད་པ་འདི་ལྟ་བུ་ནི༔ ཟང་ཟིང་མེད་པའི་སེམས་ཀྱིས་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ནོ༔ ཞེས་གསུངས་པ་དང་༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ དཀོན་མཆོག་གསུམ་རང་གི་སེམས་སུ་གྲུབ་པར་ཤེས་པ་ནི་དོན་དུ་གཉེར་བའི་སྐྱབས་འགྲོའོ༔ ཞེས་དང་༔ སེམས་དེ་དཀོན་མཆོག་གསུམ་གྱི་རང་བཞིན་དེ་དང་༔ གཅིག་དང་དུ་མ་དང་བྲལ་ཞིང་མཐའ་གང་ལ་ཡང་མི་གནས་པས༔ གཉིས་མེད་རང་གྲོལ་དུ་རྟོགས་པ་ནི་ཡང་དག་བླ་ན་མེད་པའི་སྐྱབས་འགྲོའོ༔ ཞེས་གསུངས་པས་སོ༔ དེ་ལྟར་ངེད་རང་རྣམས་ནམ་འཆི་ཆ་མེད༔ ཤི་ནས་གར་འགྲོ་ལས་དབང་ཆེ་བས༔ བར་དོ་དང་ངན་སོང་གི་འཇིགས་སྐྲག་དེས་ན་སྡིག་པ་ལ་དུག་ལྟར་འཛེམ་དགོས༔ རིགས་དྲུག་གར་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན༔ དེ་ལས་སྐྱོབ་པ་ནི་


CMR055_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དཀོན་མཆོག་གསུམ་ཡིན་པས་དེ་ལ་སྐྱབས་ཞུ་བའི་དམིགས་ཐུན་དང་བཅས་པ་དེས་ཆོས་འབྲུ་དང་པོ་སོང་བ་ཡིན་པས༔ དམིགས་ཐུན་དེ་རྩེ་གཅིག་ཏུ་སྒོམས་ཤིག༔ ཅེས་མ་གསལ་ན་ཝིག་ནས་ཉི་མ་གསུམ་ཙམ་ལ་དལ་ཁོམ་དང་བསྟུན་ནོ༔ ཆོས་ཐུན་དང་པོའོ༔ རྡ་ཡིག་ཡོད། དེ་ནས་ཆོས་ཐུན་གཉིས་པ་ནི༔ གཞུང་ལས༔ མི་ལུས་རིན་ཆེན་གཙང་མ་འདི་ད་རེས་མིན་པ་ཐོབ་དུས་མེད༔ ཅེས་གསུངས་པའི་དོན་བཤད་ན༔ སྙིང་རྗེ་པདྨ་དཀར་པོའི་མདོ་ལས༔ མིར་སྐྱེས་པའང་རྙེད་པར་དཀའ༔ དལ་བ་ཕུན་སུམ་ཚོགས་པའང་རྙེད་པར་དཀའ༔ སངས་རྒྱས་འཇིག་རྟེན་དུ་འབྱོན་པའང་རྙེད་པར་དཀའ༔ དགེ་བའི་ཆོས་ལ་འདུན་པའང་རྙེད་པར་དཀའ༔ ཡང་དག་པའི་སྨོན་ལམ་ཡང་རྙེད་པར་དཀའ༔ ཞེས་དང་༔ འཕགས་པ་སྡོང་པོ་བཀོད་པའི་མདོ་ལས༔ མི་ཁོམ་བརྒྱད་ལས་ལྡོག་པའང་རྙེད་པར་དཀའ༔ མིར་གྱུར་པ་ཡང་རྙེད་པར་དཀའ༔ དལ་བ་ཕུན་སུམ་ཚོགས་པའང་རྙེད་པར་དཀའ༔ སངས་རྒྱས་འབྱུང་བའང་རྙེད་པར་དཀའ༔ དབང་པོ་མ་ཚང་བ་མེད་པའང་རྙེད་པར་དཀའ༔ སངས་རྒྱས་


CMR055_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོས་ཉན་པའང་རྙེད་པར་དཀའ༔ སྐྱེས་བུ་དམ་པ་དང་འགྲོགས་པའང་རྙེད་པར་དཀའ༔ ཡང་དག་པའི་དགེ་བའི་བཤེས་གཉེན་རྣམས་ཀྱང་རྙེད་པར་དཀའ༔ ཡང་དག་པའི་རྗེས་སུ་བསྟན་པ་ཉེ་བར་བསྒྲུབ་པའང་རྙེད་པར་དཀའ༔ ཡང་དག་པར་འཚོ་བའང་རྙེད་པར་དཀའ༔ མིའི་འཇིག་རྟེན་ན་ཆོས་དང་མཐུན་པའི་ས་ལ་ནན་ཏན་བྱེད་པའང་རྙེད་པར་དཀའ༔ ཞེས་དང་༔ ཉི་མའི་སྙིང་པོའི་མདོ་ལས༔ སྟོན་པའི་བསྟན་པའང་རྙེད་པར་དཀའ༔ དལ་བ་འདི་འདྲ་རྙེད་པར་དཀའ༔ དགེ་བྱེད་རབ་ཏུ་རྙེད་པར་དཀའ༔ དེ་ལྟར་ཁྱོད་ཀྱིས་གུས་བྱས་ཏེ༔ བྱང་ཆུབ་ཏུ་ནི་འདུན་པ་བསྐྱེད༔ ཅེས་དང་༔ གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས༔ སངས་རྒྱས་འབྱུང་བ་བརྒྱ་ལམ་རྙེད་པར་དཀའ༔ མིར་སྐྱེ་བ་ཡང་ཤིན་ཏུ་རྙེད་དཀའ་སྟེ༔ གྲོགས་པོ་གང་དག་དད་དང་ཆོས་ཉན་པ༔ འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་མི་འགྱུར༔ ཞེས་དང་༔ དཀོན་བརྩེགས་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས༔ སངས་རྒྱས་འབྱུང་བ་རབ་ཏུ་རྙེད་པར་དཀའ༔ ཕ་དང་མ་དག་ཆོས་ལ་གནས་པ་དང་༔ དལ་དང་འབྱོར་དང་ཆོས་


CMR055_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་གྲོགས་པོ་དང་༔ མཐུན་པར་གནས་པ་བསྟན་ལ་རབ་དད་དཀོན༔ དེ་རྙེད་ནས་ནི་བྱང་ཆུབ་མ་ཐོབ་བར༔ མཁས་པས་ཆོས་ནི་ནམ་ཡང་མི་གཏོང་ངོ་༔ ཞེས་གསུངས་ཏེ༔ མདོ་ལས༔ དམྱལ་བ་ཡི་དྭགས་དུད་འགྲོ་དང་༔ ཀླ་ཀློ་ཚེ་རིང་ལྷ་དང་ནི༔ ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ༔ ལྐུགས་པ་འདི་དག་མི་ཁོམས་བརྒྱད༔ ཅེས་པ་དེ་རྣམས་སྤངས་པ་དལ་བ་བརྒྱད་དང་༔ མི་ཉིད་དབུས་སྐྱེས་དབང་པོ་ཚང་༔ ལས་མཐའ་མ་ལོག་གནས་ལ་དད༔ སངས་རྒྱས་བྱོན་དང་དེས་ཆོས་གསུངས༔ བསྟན་པ་གནས་དང་དེ་རྗེས་འཇུག༔ གཞན་ཕྱིར་སྙིང་ནི་བརྩེ་བའོ༔ ཞེས་རང་གཞན་གྱི་འབྱོར་པ་ལྔ་ལྔ་སྟེ་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་གཙང་མ་འདི་ཐོབ་དཀའོ༔ འདི་ལྟ་བུ་ཐོབ་པའི་དུས་འདིར་སྐྱེ་བ་གཏན་གྱི་སོ་ནམ་ཚོགས་བསགས་པ་ལ་འབད་དགོས་ཏེ༔ དེ་ཡང་ལུས་ལ་སྙིང་པོ་ལེན་པའི་ཐབས༔ རབ་ཏུ་བྱུང་བ་ཡིན་ན་རང་གི་གང་ཞུས་པའི་སྡོམ་པ་དང་དམ་ཚིག་བསྲུང་བ་གལ་ཆེ་སྟེ༔ པདྨ་གསུང་གི་རིག་འཛིན་ནཱ་གརྫུ་ནས༔ ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ༔ ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་ཐུབ་པས་གསུངས༔ ཞེས་


CMR055_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཆོས་ཀྱི་གཞི་ཡིན༔ དེ་ལ་སྐྱབས་གསུམ་འཛིན་པའི་སྡོམ་པ་ནི་ཁྱིམ་པ་དང་རབ་བྱུང་གཉིས་ཀའི་ཐུན་མོང་ཡིན་པས༔ ཐོག་མར་སྐྱབས་སྡོམ་གྱི་བསླབ་པ་བསྲུང་བ་གལ་ཆེ་སྟེ༔ སངས་རྒྱས་ལ་སྐྱབས་སུ་སོང་ནས་ཕྱི་རོལ་མུ་སྟེགས་པའི་ལྷ་ལ་ཕྱག་མི་འཚལ༔ ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེའི་བསམ་སྦྱོར་དྲག་པོ་མི་བྱ༔ དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོགས་མུ་སྟེགས་ཅན་མི་བསྟེན༔ དེ་གསུམ་ནི་ཁྱད་པར་གྱི་བསླབ་བྱ་གསུམ་ཡིན་ལ༔ སངས་རྒྱས་ལ་སྐྱབས་སུ་སོང་ནས་སངས་རྒྱས་ཀྱི་སྐུ་སཱཙྪདུམ་བུ་ལ་ཡང་གུས་པ༔ ཆོས་ལ་སྐྱབས་སུ་སོང་ནས་ཡི་གེ་འབྲུ་རེ་རེ་ལ་ཡང་གུས་པ༔ དགེ་འདུན་ལ་སྐྱབས་སུ་སོང་ནས་ལྷན་པ་སེར་པོ་བཏབ་པ་ཡན་ལ་གུས་པ༔ དེ་གསུམ་ནི་ཆ་མཐུན་གྱི་བསླབ་བྱ་གསུམ་ཡིན་ཞིང་༔ ནང་ནུབ་སྐྱབས་འགྲོ་ལ་བརྩོན་པ་བཟའ་གཏུང་ཕུད་ཀྱིས་དཀོན་མཆོག་གསུམ་མཆོད་པ༔ ནད་དང་སྡུག་བསྔལ་ཅི་བྱུང་ཡང་དཀོན་མཆོག་གསུམ་ལས་གཞན་པའི་སྐྱབས་མི་ཚོལ་བ་དང་གསུམ་ནི་ཐུན་མོང་གི་བསླབ་བྱ་གསུམ་སྟེ༔ འདི་དགུ་མ་བསྲུངས་ན་ནང་པ་སངས་རྒྱས་པའི་གྲར་མི་ཚུད༔ དཀོན་


CMR055_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་བྱིན་རླབས་ཀྱང་མི་འཇུག་པས་བསྲུང་བ་གལ་ཆེ༔ འདི་ལ་སེམས་ཅན་ལ་དོན་མེད་པའི་གནོད་འཚེ་ནི་དུག་ལྟར་སྤུངས་དགྲ་ལྟ་བུ་མ་རུངས་པ་ལའང་༔ ནམ་ཞིག་སྐྱེ་བ་ཕྱི་མ་ཚུན་ཆོད་ལ་བདག་གི་ཕན་འདོགས་སྙམ་པའི་གཏིང་ནས་བསམ་པ་མ་ངན་པར་བྱ༔ སེར་མོ་བ་ཤིན་ཏུ་མ་རུངས་ཞིག་ལའང་༔ འདིའི་གོས་འདི་དགེ་འདུན་གྱི་ན་བཟའ་ཡིན༔ བསྟན་པ་ནུབ་པའི་ཚེ་སེར་གོས་ཐམས་ཅད་བསྡུས་ནས་ལྷ་རྣམས་ཀྱིས་མཆོད་པ་བྱེད་པར་བཤད་ན༔ འདི་གྱོན་པ་ལ་ཡོན་ཏན་སྣ་གཅིག་མེད་པ་མི་སྲིད༔ རང་སྣང་བ་མ་ལོག་ན་བསོད་ནམས་འཕེལ་ཏེ༔ བཅོམ་ལྡན་འདས་སེང་གེ་ཡི་དམ་བརྟན་དུ་སྐྱེས་པ་ན་རྔོན་པས་ཆོས་གོས་གྱོན་ཏེ༔ དུག་མདའ་རྒྱབ་པ་ལ་སེམས་དད་ནས་ལེན་མ་བྱས་པས་བསོད་ནམས་རྒྱ་ཆེན་པོ་ཐོབ་པ་དང་འདྲ༔ ཁོ་རང་ཡང་རེ་ཞིག་ངན་སོང་དུ་ལྟུང་ཡང་༔ སངས་རྒྱས་མོས་པའི་བསྟན་ཞུགས་སུ་གྲོལ་བ་ཐུབ་པའི་སྨོན་ལམ་ཡིན་པས་མཐའ་ཡོད༔ དེས་ན་སྐྱེ་བོ་ཕལ་པའི་དོ་ཟླ་མིན་སྙམ་པ་གལ་ཆེ༔ བསླབ་བྱ་གཞན་བདུན་པོ་བསྲུང་སླའོ༔ ཁྱིམ་པ་རྣམས་ནི་བསྙེན་གནས་ཡན་ལག་བརྒྱད་པ་འདི་བསྲུང་བ་གལ་ཆེ་སྟེ༔ མདོ་


CMR055_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་འཇིག་རྟེན་བཞག་པ་ལས༔ བརྒྱ་བྱིན་གྱིས་སྨྲས་པ༔ ཟླ་བ་ཡར་གྱི་ཚེས་བརྒྱད་དང་༔ ཆོ་འཕྲུལ་གྱི་ནི་ཟླ་བ་ལ༔ བསྙེན་གནས་ཡན་ལག་བརྒྱད་བསྲུངས་ན༔ དེ་ནི་ང་དང་འདྲ་བར་འགྱུར༔ ཞེས་སྨྲས་པ་ལ༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ ཀོའུ་ཤི་ཀ་དེ་སྐད་མ་ཟེར་ཅིག༔ ཟླ་བ་ཡར་གྱི་ཚེས་བརྒྱད་དང་༔ ཆོ་འཕྲུལ་གྱི་ནི་ཟླ་བ་ལ༔ བསྙེན་གནས་ཡན་ལག་བརྒྱད་བསྲུངས་ན༔ དེ་ནི་ང་དང་འདྲ་བར་འགྱུར༔ ཞེས་དང་༔ བྱམས་པས་ལུང་བསྟན་པའི་མདོ་ལས༔ བྱམས་པ་ཉིད་ཀྱིས་གསུངས་པ༔ ཤཱཀྱ་ཐུབ་པའི་བསྟན་པ་ལ༔ གང་ལ་གང་གིས་ཆོས་ཉན་ཅིང་༔ བསྙེན་གནས་ཡན་ལག་བརྒྱད་བསྲུང་ན༔ ང་ཡི་འཁོར་དུ་སྐྱེ་བར་འགྱུར༔ ཞེས་གསུངས་པ་དང་༔ མདོ་ཏིང་འཛིན་རྒྱལ་པོའི་ལེའུ་སོ་དྲུག་པ་ལས༔ བསྐལ་པ་བྱེ་བ་གངྒའི་བྱེ་སྙེད་དུ༔ དངས་པའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་༔ གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས༔ སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས༔ གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང་༔ བདེ་གཤེགས་བསྟན་པ་འགགས་པར་གྱུར་པའི་ཚེ༔ ཉིན་


CMR055_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ༔ བསོད་ནམས་འདི་ནི་དེ་ལས་ཁྱད་པར་འཕགས༔ ཞེས་དང་༔ ཟླ་བ་སྒྲོན་མའི་མདོ་ལས་དེང་སང་ཡན་ལག་བརྒྱད་པའི་ཚུལ་ཁྲིམས་ཉིན་ཞག་གཅིག་བསྲུང་ན༔ མཚོན་གྱི་བསྐལ་པའི་ནང་དུ་སྐྱེ་བར་མི་འགྱུར༔ གང་གིས་བསྐལ་པ་གངྒའི་བྱེ་སྙེད་དུ༔ དང་པའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་༔ གདུགས་དང་རྒྱལ་མཚན་མར་མེའི་ཕྲེང་བ་ཡི༔ སངས་རྒྱས་བྱེ་བ་ཁྲག་ཁྲག་བསྙེན་བཀུར་བས༔ གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང་༔ སངས་རྒྱས་བསྟན་པ་འགགས་པར་གྱུར་པའི་ཚེ༔ ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ༔ བསོད་ནམས་དེ་ནི་དེ་ལས་ཁྱད་པར་འཕགས༔ ཞེས་དང་༔ ཁང་བུ་བརྩེགས་པའི་མདོ་ལས༔ དེང་སང་ཡན་ལག་བརྒྱད་པའི་ཚུལ་ཁྲིམས་ཉིན་ཞག་གཅིག་བསྲུང་ན༔ མཚོན་གྱི་བསྐལ་པའི་ནང་དུ་སྐྱེ་བར་མི་འགྱུར༔ གོང་གི་ཕྱི་དྲོའི་ཁ་ཟས་ཉི་མ་གཅིག་བསྲུངས་ན༔ མུ་གེའི་བསྐལ་པ་ལས་ཐར་བར་འགྱུར་རོ༔ ཞེས་གསུངས་པས་བསྙེན་གནས་བསྲུང་བར་བྱ་ཞིང་༔ གལ་ཏེ་དགེ་བསྙེན་དང་༔ དགེ་བསྙེན་མ་ཞུས་པས་བསྙེན་གནས་དུས་བཟང་དུས་བསྲུང་ན༔


CMR055_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་སྦྱོང་དུ་འགྱུར་བས་ཉེས་བྱས་ཕྲ་མོ་ཉམས་པ་དག་པ་ཡིན་ལ༔ དགེ་ཚུལ་སློང་བར་མ་རབ་བྱུང་སོགས་ཀྱིས་ནི་བསྲུང་བར་མ་བཤད་དེ༔ གདནོ་གཅིག་པར་བཞེས་པ་དང་དེ་གཉིས་དོན་མི་གཅིག་གོ༔ དེ་ལ་རབ་ཏུ་བྱུང་ནས་སྡོམ་པ་གང་ཞུས་བསྲུང་བ་དང་བྱང་སྡོམ་ཞུས་ནས་དེའི་བསླབ་བྱ་བསྲུང་བ་དང་༔ སྔགས་སྡོམ་ཞུས་ནས་དེའི་དམ་ཚིག་བསྲུང་བ་རྣམས་ནི་ཚུལ་ཁྲིམས་ཡིན་ལ༔ སྔགས་སྡོམ་ནང་ན་འོག་མ་གཉིས་ཀྱང་དོན་གྱིས་ཚང་བར་ཡོད་དེ༔ གཞན་གནོད་གཞི་དང་བཅས་པ་སྤངས་པས་སོ་ཐར་ཚང་༔ གཞན་ཕན་གཞི་དང་བཅས་པ་བསྒྲུབས་པས་བྱང་སྡོམ་ཚང་༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི་སྔགས་སྡོམ་སྟེ༔ དེ་རྣམས་མ་བསྲུངས་ན་མི་ལུས་ཐོབ་པ་ཆུད་ཟོས་ཡིན༔ བསྲུངས་ན་མི་ལུས་ལ་སྙིང་པོ་ལོན་པ་ཡིན༔ རང་གསང་སྔགས་པ་ཡིན་ནོ་སྙམ་དུ་སྤྱོད་པ་རྩིང་མི་རུང་སྡོམ་པ་དང་དམ་ཚིག་བསྲུང་བ་གལ་ཆེ་སྟེ༔ འཇམ་དཔལ་རྩ་རྒྱུད་ལས༔ ཟློས་པ་འདི་ལ་ཚུལ་ཁྲིམས་ཉམས༔ དེ་ལ་གྲུབ་པ་མཆོག་མེད་ཅིང་༔ གྲུབ་པ་འབྲིང་ཡང་ཡང་མེད་དེ༔ གྲུབ་པ་ཐ་མའང་ཡོད་མ་ཡིན༔ ཚུལ་ཁྲིམས་འཆལ་ལ་ཐུབ་


CMR055_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས༔ གསང་སྔགས་འགྲུབ་པར་མ་གསུངས་ཏེ༔ མྱ་ངན་འདས་གྲོང་འགྲོ་བ་ཡི༔ ཡུལ་དང་ཕྱོགས་ཀྱང་མ་ཡིན་ནོ༔ བྱིས་པ་ངན་པ་འདི་ལ་ནི༔ སྔགས་འགྲུབ་པ་ནི་སོད༔ སྐྱེ་བོ་ཚུལ་ཁྲིམས་འཆལ་འདི་ལ༔ དེ་ལ་བདེ་འགྲོ་ག་ལ་ཡོད༔ མཐོ་རིས་སུ་ཡང་མི་འགྱུར་ཞིང་༔ བདེ་བ་མཆོག་ཏུ་མི་འགྱུར་ན༔ རྒྱལ་བས་གསུངས་པའི་སྔགས་རྣམས་ནི༔ འགྲུབ་པར་འགྱུར་བ་སྨོས་ཅི་དགོས༔ ཞེས་གསུངས་སོ༔ དེ་ཡང་ཐོབ་དཀའི་མི་ལུས་ཐོབ་པ་དོན་དང་ལྡན་པའི་ཐབས་བྱང་ཆུབ་སེམས་བསྐྱེད་གལ་ཆེ་སྟེ༔ གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས༔ བྱང་ཆུབ་སེམས་ལས་མ་གཏོགས་པ༔ སངས་རྒྱས་ཀྱིས་སྔགས་ཐབས་མ་གཟིགས༔ བྱང་ཆུབ་སེམས་བསྐྱེད་ཙམ་གྱིས་ནི༔ བསོད་ནམས་ཕུང་པོ་གང་ཐོབ་པ༔ གལ་ཏེ་དེ་ནི་གཟུགས་མཆིས་ན༔ ནམ་མཁའི་ཁམས་ནི་ཀུན་བཀང་སྟེ༔ དེ་ནི་དེ་བས་ལྷག་པར་འགྱུར༔ ཞེས་པ་དང་༔ དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས༔ བྱང་ཆུབ་སེམས་ཀྱི་བསོད་ནམས་གང་༔ གལ་ཏེ་དེ་ལ་གཟུགས་མཆིས་ན་ནམ་མཁའི་ཁམས་ནི་ཀུན་བཀང་སྟེ༔ དེ་ནི་དེ་བས་ལྷག་པར་


CMR055_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར༔ ཞེས་དང་༔ གང་གཱའི་བྱེ་མའི་གྲངས་སྙེད་ཀྱི༔ སངས་རྒྱས་ཞིང་རྣམས་མི་གང་གིས༔ རིན་ཆེན་དག་གིས་ཡོངས་བཀང་སྟེ༔ བདེ་བར་གཤེགས་ལ་ཕུལ་བ་བས༔ གང་གིས་ཐལ་མོ་སྦྱར་བགྱིས་ཏེ༔ བྱང་ཆུབ་ཏུ་ནི་སེམས་བཏུད་ན༔ མཆོད་པ་འདི་ནི་ཁྱད་པར་འཕགས༔ དེ་ལ་མཐའ་ནི་མ་མཆིས་སོ༔ ཞེས་གསུངས་པ་དང་༔ ངེས་པ་དང་མ་ངེས་པ་ལ་འཇུག་པ་ཕྱག་རྒྱ་ཆེན་པོའི་མདོ་ལས། འཇམ་དཔལ་གང་དང་གང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚེ༔ སེམས་དེ་ལས་མི་དགེ་བའི་ལས་རྣམ་པར་མ་སྤངས་བ་ཞིག་མེད་ལ༔ དེས་སངས་རྒྱས་ཀྱི་ཆོས་རྣམས་མ་བཟུང་བ་གང་ཡང་མེད་པའི་ཕྱིར༔ འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ནི་རྒྱུ་དང་འབྲས་བུའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ནོ༔ ཞེས་དང་། སྡོང་པོ་རྒྱན་པའི་མདོ་ལས༔ བྱང་ཆུབ་ཀྱི་སེམས་ནི་ཉོན་མོངས་པ་ཐམས་ཅད་མེད་པར་བྱེད་པ་ལ་གསེར་འགྱུར་གྱི་རྩི་ལྟ་བུའོ༔ སྒྲིབ་པའི་བུད་ཤིང་ཐམས་ཅད་སྲེག་པར་བྱེད་པས་མེ་ལྟ་བུའོ༔ ཞེས་དང་༔ གཞན་ཡང་བླ་མེད་རྒྱུད་སྡེ་དུ་མ་ནས་ཀྱང་གསང་སྔགས་ཀྱི་རྩ་བ་སེམས་བསྐྱེད་ཡིན་ཞིང་


CMR055_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མེད་ན་དབང་གི་སྣོད་དུ་ཡང་མི་རུང་ན་ཉམས་ལེན་ལྟ་ཅི་སྨོས༔ དེས་ན་བྱང་ཆུབ་སེམས་བསྐྱེད་དགོས༔ སེམས་བསྐྱེད་པའི་རྟེན་ལ་བསོད་ནམས་དགེ་བའི་རྩ་བ་ཅུང་ཟད་ཅིག་དགོས་ཏེ༔ དེ་ལ་སླ་ཞིང་ཕན་ཡོན་ཆེ་བ་མཎྜལ་ཡིན་ཏེ༔ གསང་སྔགས་སྔ་འགྱུར་གྱི་རྒྱུད་ལུང་ལས༔ ཕན་ཡོན་རྒྱ་ཆེར་བསྐྱེད་པ་ཡི༔ མཎྜལ་ཕུལ་བའི་དགེ་བ་གང་འཕགས་པས་ཀྱང་ནི་བརྗོད་མི་ལོང་༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེས༔ དུས་ཁྱད་པར་ཅན་ནམ༔ བླ་མ་དཀོན་མཆོག་སོགས་རྟེན་ཁྱད་པར་ཅན་གྱི་དྲུང་དུ༔ གུས་པ་དང་ལྡན་པས་མཎྜལ་ཚར་གཅིག་ཕུལ་བའི་བསོད་ནམས་ཀྱི་ཕུང་པོ་ནི་བསྐལ་པ་དཔག་ཏུ་མེད་པའི་བདེ་བར་གཤེགས་པའི་ཚོགས་དང་བཅས་པ་ལ་ཕྱི་ནང་གི་མཆོད་གསོལ་རྒྱ་ཆེན་པོ་བྱས་པ་བས་ལྷག་པའི་བསོད་ནམས་ཀྱི་དཔལ་འབྱོར་ཐོབ་པར་འགྱུར་རོ༔ ཅི་བསམ་པའི་དོན་ཐམས་ཅད་འགྲུབ་བོ༔ བསྐལ་པ་ནས་བསྐལ་པར་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ཐམས་ཅད་བྱང་ཞིང་དག་པར་འགྱུར༔ མཎྜལ་ཚར་གཅིག་ཕུལ་ནས་ཡིད་དད་པས་སྨོན་ལམ་ཇི་ལྟར་བཏབ་པ་ཐམས་ཅད་འབད་མེད་དུ་འགྲུབ༔ ཆོས་སྤྱོད་གཞན་ཐམས་


CMR055_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་གཅིག་ཏུ་དྲིལ་བའི་བསོད་ནམས་ལས༔ མཎྜལ་ཕུལ་བའི་བསོད་ནམས་ཁྱད་པར་ཆེ་ཞིང་༔ ཏིང་ངེ་འཛིན་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ༔ ཚེ་ཕྱི་མ་ལ་སོགས་པའི་མཐར་ཐུག་རང་ཉིད་ཇི་ལྟར་འདོད་པའི་ལོངས་སྤྱོད་དང་༔ དཔལ་འབྱོར་ཐོབ་ཅིང་ཞིང་ཁམས་བགྲོད་པར་འགྱུར༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་དགོངས་པར་འགྱུར་བ་ལ་སོགས་པའི༔ བསོད་ནམས་ཀྱི་ཕུང་པོ་གང་གིས་ཀྱང་དཔག་པར་མི་ནུས་སོ༔ ཞེས་གསུངས་སོ༔ དེ་ལྟར་མཎྜལ་འབུལ་བའི་དུས་ལ་ངེས་པ་མེད་དེ༔ སྔ་འགྱུར་རྒྱུད་ལུང་ལས༔ ལྷ་དང་བླ་མ་ནམ་དྲན་དུས་ཉིད་དམ༔ ཚོགས་པ་རྒྱ་མཚོའི་དབུས་དང་ཆོས་འཕེལ་ཚེ༔ ཆོས་སྤྱོད་ཀུན་རྫོགས་གཙོ་བོར་མཎྜལ་འབུལ༔ ཞེས་གསུངས་པ་ལྟར་རོ༔ མཎྜལ་དངོས་སུ་མ་འབྱོར་ན་ཡིད་ཀྱིས་འབུལ་བར་བྱ་སྟེ༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ གདུང་ཤུགས་མོས་གུས་ཕུ་དུད་ལྡན་པས་མཎྜལ་དངོས་སུ་འབྱོར་བའམ༔ མ་འབྱོར་ཡང་ཡིད་ཀྱིས་སྤྲུལ་པར་དམིགས་ཤིང་འབུལ་བར་བྱ༔ ཞེས་གསུངས་ཏེ༔ དངོས་སུ་མཆོད་པ་དང་ཡིད་ཀྱིས་སྤྲུལ་ནས་མཆོད་པ་གཉིས་ཀྱང་བསོད་ནམས་


CMR055_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་སྟེ༔ རྒྱལ་བ་བྱམས་པས༔ རབ་དྭངས་སེམས་དང་ལྡན་པ་ཡིས༔ ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར༔ སངས་རྒྱས་རྣམས་ལ་གོས་ལ་སོགས༔ མངོན་སུམ་མངོན་སུམ་མིན་པར་མཆོད༔ ཅེས་གསུངས་སོ༔ དེས་ན་མདུན་དུ་སྒྲུབ་པའི་མཎྜལ་ཡོད་ན་བཟང་ཞིང་ལེགས་པ་ཞིག་ལ་ཚོམ་བུ་ལྔ་བཀོད་དེ་སྟེགས་མཐོ་བ་ལ་བཞག༔ མེད་ན་མདུན་གྱི་ནམ་མཁར་དམིགས་པས་ཆོག་ལ་མཆོད་པའི་མཎྜལ་ཡང་ཡོད་ན་དངོས་སུ་འབུལ༔ མེད་ན་ལག་པའི་ཕྱག་རྒྱུ་ཙམ་ལ་བརྟེན་ནས་ཡིད་ཀྱིས་དམིགས་ཏེ་འབུལ་བས་ཆོག་མཎྜལ་འབུལ་བ་དང་སེམས་བསྐྱེད་ལེན་པ་ཡོད་ན་བླ་མ་དང་རྟེན་ཁྱད་པར་ཅན་གྱི་དྲུང་དུ་བྱ༔ མ་འཛོམས་ན་ཡིད་ཀྱིས་དམིགས་པས་ཆོག་སྟེ༔ སངས་རྒྱས་ཐམས་ཅད་ལ་རྡོ་རྗེའི་སྤྱན་དང་སྙན་མངའ་བས་དང་༔ འཇིག་རྟེན་ཐམས་ཅད་ལ༔ སེམས་ཅན་སོ་སོ་ནས་སངས་རྒྱས་ཀྱི་སྤྱན་གྱིས་ཉིན་མཚན་དུས་དྲུག་ཏུ་གཟིག་གས་པ་དང་༔ ཐུགས་ཀྱིས་འཁོར་འདས་ཐམས་ཅད་ཁྱབ་པར་བཞུགས་པས༔ ཡིད་ཀྱིས་གང་དུ་དམིགས་པ་དེར་སངས་རྒྱས་དངོས་སུ་བཞུགས་པ་ཡིན་ནོ༔ དེས་ན་སེམས་བསྐྱེད་ཞུ་ཡུལ་དང་དེའི་རྟེན་མཎྜལ་


CMR055_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཚོགས་བསགས་པའི་རྟེན་མདུན་གྱི་ནམ་མཁར་རིན་པོ་ཆེ་དང་པདྨ་དང་ཟླ་བའི་གདན་ལྔ་ཚོམ་གྱི་དབུས་མར་ཨོ་རྒྱན་ཆེན་པོ་དང་བླ་མ་དང་ཐ་དད་མེད་པ་ལ་རིག་འཛིན་གྲུབ་ཐོབ་ཐམས་ཅད་ཀྱིས་བསྐོར་བ༔ གཡས་སུ་ཤཱཀྱ་ཐུབ་པ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བསྐོར་བ༔ རྒྱབ་ཏུ་མདོ་རྒྱུད་ཀྱི་ཆོས་ཐམས་ཅད་གླེགས་བམ་གྱི་ཚུལ་དུ་རི་རབ་ཙམ་པ༔ གཡོན་དུ་བྱང་ཆུབ་སེམས་དཔའ་བྱམས་པ་ལ་ས་དང་ལམ་ལ་གནས་ཤིང་ཕྱིར་མི་ལྡོག་པའི་སེམས་དཔའ་དང་༔ གསང་སྔགས་རིག་འཛིན་རྒྱ་མཚོས་བསྐོར་བ༔ མདུན་དུ་ཐུགས་རྗེ་ཆེན་པོ་ལ་རྒྱུད་སྡེ་དྲུག་གི་ལྷ་ཚོགས་ཀྱིས་བསྐོར་བ༔ གདན་གྱི་བར་མཚམས་སུ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་ཐམས་ཅད་སྤྲིན་འཁྲིགས་པ་ལྟ་བཞིནབསྒོམས༔ ད་དུང་དངོས་སུ་མི་བཞུགས་སྙམ་པའི་རྣམ་པར་རྟོག་པ་དག་པའི་ཕྱིར༔ ཕྱོགས་བཅུའི་ཞིང་ཐམས་ཅད་ནས་ཀྱང་ཁ་བ་བུ་ཡུག་ལྟར་བྱོན་ནས་དབྱེར་མེད་དུ་ཐིམ་པར་དམིགས༔ དེའི་དྲུང་དུ་ཕྱི་གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱ་ལྷ་མིའི་ལོངས་སྤྱོད་དང་བཅས་པ༔ ནང་རང་གི་ལུས་རྩ་རླུང་གི་ཁམས་དག་པའི་ཞིང་ཁམས་མཆོད་པའི་


CMR055_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་དང་བཅས་པ༔ གཞན་ཡང་ལོངས་སྤྱོད་དགེ་རྩ་ཅི་ཡོད་པ་ཐམས་ཅད་བླ་མ་དཀོན་མཆོག་གི་དྲུང་དུ༔ མཎྜལ་གཅིག་ཏུ་བསྡུས་ཏེ་འབུལ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སྙམ་པ་གྱིས་ལ་འདི་ཡི་རྗེས་ཟློས་མཛོད༔ ལི་ཡི་མཎྜལ་རིན་ཆེན་བསྒྱུར་བྱས་ནས༔ ནས་རྣམས་ཀུན་ཀྱང་གསེར་གཡུར་བསྒྱུར་ནས་ཀྱང་༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་གཅིག་ལ༔ དད་པས་འབུལ་ལོ་ཐུགས་རྗེས་བདག་གཞན་གཟིགས༔ ས་གཞི་སྤོས་སོགས་བྱ༔ ད་སྐྱབས་ཡུལ་ཕྱི་ནང་གསང་བའི་བླ་མ་དཀོན་མཆོག་གི་དྲུང་དུ༔ དུས་ད་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་ཞིང་༔ ཕ་མ་སེམས་ཅན་ཐམས་ཅད་བདག་ཁོ་ནས་བླ་ན་མེད་པའི་སངས་རྒྱས་ཀྱི་ས་ལ་བཀོད་པར་བྱའོ༔ སྙམ་པའི་བསམ་པ་རྣམ་པར་དག་པས་འདིའི་རྗེས་ཟློས་ལན་གསུམ་མཛོད༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ཐོབ་བྱའི་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ དེས་བྱང་ཆུབ་སེམས་བསྐྱེད་ཀྱང་ཐོབ་པ་ཡིན༔ དེ་ནས་མདུན་དུ་བསྐྱེད་པའི་ལྷ་ཚོགས་ཐམས་ཅད་རང་ལ་ཐིམ་པར་བསྒོམས་ལ༔


CMR055_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་མ་བཅོས་པར་ཀློད་ལ་ཞོག་ཅིག༔ སེམས་བསྐྱེད་ཆེན་པོའི་མདོ་ལས༔ འོད་སྲུང་ཆོས་ཐམས་ཅད་ནམ་མཁའ་ལྟར་མཚན་ཉིད་མེད་ཅིང་ཡེ་ནས་འོད་གསལ་བ་རྣམ་པར་དག་པ་དེ་ལ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱའོ༔ ཞེས་དང་༔ ཡབ་སྲས་མཇལ་བའི་མདོ་ལས༔ སྟོང་ཉིད་ཆོས་ལ་བསྟེན་བགྱིད་ཅིང་༔ སངས་རྒྱས་སྤྱོད་ཡུལ་གང་མོས་པ༔ དེ་དག་སྟོན་པ་མཆོད་པ་སྟེ༔ མཆོད་པ་འདི་ནི་བླ་ན་མེད༔ ཅེས་དང་༔ བདུད་རྩི་གསང་བའི་རྒྱུད་ལས༔ མཉེས་པའི་དོན་གྱི་མཆོད་པ་སྟེ༔ སྤོས་སོགས་ཕུལ་བས་མཉེས་པ་མེད༔ རང་སེམས་ལས་སུ་རུང་བ་དག༔ མཉེས་པའི་མཆོད་པ་ཆེན་པོའོ་ཞེས་གསུངས་པས༔ སེམས་མ་བཅོས་པར་བཞག་པ་དེ་མཎྜལ་དང་མཆོད་པའི་རྒྱལ་པོ༔ དོན་དམ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡང་ཡིན་པས༔ དེ་ལྟར་མཎྜལ་དང་སེམས་བསྐྱེད་ཀྱི་དམིགས་རིམ་དེ་ཐུན་དུ་ཆོད་ལ་ཅི་མང་དུ་སྒོམས་ཤིག༔ དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དེའི་བསླབ་པ་བསྲུང་དགོས་ཏེ༔ འདི་སྨོན་འཇུག་གཉིས་ཀ་སྟབས་གཅིག་ཏུ༔ བླངས་པ་ཡིན་པས་གཉིས་ཀའི་བསླབ་པ་བསྲུང་དགོས་དེ་


CMR055_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཉམས་སུ་ལེན་བདེ་ཕྱིར་བསྡུས་ཏེ་བཤད་ན༔ མ་དྲོས་པས་ཞུས་པའི་མདོ་ལས༔ བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན༔ རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་འཛིན་ཏོ༔ ཆོས་གཅིག་པོ་དེ་གང་ཞེ་ན༔ སེམས་ཅན་བློས་ཡོངས་སུ་མི་གཏོང་བའི་སེམས་སོ༔ ཞེས་གསུངས་པས་སེམས་ཅན་ཐམས་ཅད་བློས་གཏོང་བ་ནི་ཁྲ་དང་སྤྱང་ཀི་ལ་ཡང་མེད་དེ༔ རང་ལ་གནོད་པ་ཚན་ཆེན་བྱེད་པའི་སེམས་ཅན་ཡང་བློས་མི་གཏོང་བར༔ ནམ་ཞིག་འདི་བདག་གིས་སངས་རྒྱས་ཀྱི་ས་ལ་དགོད་པར་བྱ་སྙམ་དུ་བྱ་བ་གལ་ཆེའོ། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གིས་སྐུར་པ་མི་གདབ༔ གཞན་གྱི་ཆོས་དང་བསོད་ནམས་བྱས་པ་ལ་འགྱོད་པ་མི་བསྐྱེད༔ བླ་མ་དང་སྐྱེས་བུ་དམ་པ་ལ་བསླུ་བའི་བསམ་སྦྱོར་སྤང་༔ སེམས་ཅན་ལ་གཡོ་སྒྱུའི་མགོ་མི་བསྐོར་བ་ནི་ནག་པོའི་ཆོས་བཞི་སྤངས་བ་ཡིན་ལ༔ དཀར་པོའི་ཆོས་བཞི་སོགས་རྣམ་གྲངས་མང་དུ་ཡོད་ཀྱང་༔ མདོར་བསྡུས་ན་དགེ་བའི་བྱ་བ་ཅི་བྱེད་ཀྱང་༔ ཐོག་མར་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཕྱིར་དུ་བྱའོ་སྙམ་པའི་སེམས་


CMR055_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད༔ མཇུག་ཏུ་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་མྱུར་དུ་ཐོབ་ནས༔ སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག་སྙམ་པ་འདི་ལ་འདུས་པ་ཡིན་ནོ༔ སྐབས་སུ་སེམས་བསྐྱེད་ཀྱི་ཕན་ཡོན་དྲན་པར་བྱ་ཞིང་ཡང་ཡང་བསྒོམ་དགོས་པས༔ རྒྱལ་བ་བྱམས་པའི་ཞལ་ནས༔ རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི༔ སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ༔ དཀར་པོའི་ཆོས་ཐམས་ཅད་འཕེལ་བར་བྱེད་པ་ཞིང་ས་ལྟ་བུའོ༔ འཇིག་རྟེན་ཐམས་ཅད་བརྟེན་པ་ས་ལྟ་བུའོ༔ དབུལ་བ་ཐམས་ཅད་ཡང་དག་པར་གཅོད་པས་རྣམ་ཐོས་ཀྱི་བུ་ལྟ་བུའོ༔ རེ་བ་ཐམས་ཅད་སྐོང་བས་དཔག་བསམ་གྱི་ཤིང་ལྟ་བུའོ༔ དོན་ཐམས་ཅད་འགྲུབ་པས་ཡིད་བཞིན་ནོར་བུ་ལྟ་བུའོ༔ ཞེས་སོགས་དང་༔ བྱམས་པས་ཞུས་པའི་མདོ་ལས༔ བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན༔ ངན་སོང་ཐམས་ཅད་སྤངས་ཤིང་༔ སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ༔ མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ༔ ཆོས་གཅིག་པོ་དེ་གང་


CMR055_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན་འདི་ལྟ་སྟེ༔ ལྷག་པའི་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་ཀྱི་སེམས་སོ༔ ཞེས་དང་༔ བསོད་ནམས་ཐམས་ཅད་བསྡུས་པའི་མདོ་ལས༔ སྲེད་མེད་ཀྱི་བུ་དཔེར་ན་ཆུ་ཀླུང་དང་ཆུ་མིག་དང་ཆུ་བྲན་དང་འབབས་ཆུ་ཐམས་ཅད་ནི་རྒྱ་མཚོ་ཆེན་པོའི་ཁོང་དུ་འདུ་ཞིང་རྗེས་སུ་ཞུགས་པར་རིགས་པར་བྱའོ༔ དེ་བཞིན་དུ་བསོད་ནམས་བྱ་བའི་དངོས་པོ་གང་ཅི་ཡང་རུང་བ༔ སྦྱིན་པ་ལས་བྱུང་བ་དང་ཚུལ་ཁྲིམས་དང་བསྒོམ་པ་ལས་བྱུང་བ་དང་༔ ཟག་པ་དང་བཅས་པ་དང་༔ ཟག་པ་མེད་པ་དང་༔ འཇིག་རྟེན་དང་འཇིག་རྟེ་ལས་འདས་པའི་བསོད་ནམས་ཇི་སྙེད་དེ་དག་ཐམཾས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་ཁོངས་སུ་འདུ་ཞིང་རྗེས་སུ་ཞུགས་པ་དག་གོ༔ སྲེད་མེད་ཀྱི་བུ་དེའི་ཕྱིར་བསོད་ནམས་ཐམས་ཅད་ཡོངས་སུ་བཟུང་བར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ༔ ཞེས་དང་༔ ཕལ་པོ་ཆེ་ལས༔ སེམས་དེ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག་ཅིག༔ ཅེས་བྱ་བར་བསྐྱེད་པ་དེ༔ དེ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་


CMR055_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྣམས་དང་ཉེ་བ་ཡིན༔ དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་དེ་བཞིན་ཉིད་མཉམ་པ་ཡིན༔ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དང་འགྲོགས་པ་ཡིན་ནོ༔ ཞེས་དང་༔ སངས་རྒྱས་ཕལ་པོ་ཆེ་ལས༔ གང་ཞིག་ཕྱོགས་བཅུའི་རྒྱལ་བ་བལྟ་བར་འདོད་པ་དང་༔ གང་ཞིག་སྦྱིན་གཏོང་བསོད་ནམས་མི་ཟད་མཛོད་འདོད་དང་༔ འགྲོ་བ་ཀུན་གྱི་སྡུག་བསྔལ་མི་ཟད་གྲོལ་འདོད་ན༔ དེས་ནི་ཡོན་ཏན་མི་ཟད་བྱང་ཆུབ་སེམས་བསྐྱེད་བྱ༔ ཞེས་དང་༔ ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས༔ འོད་སྲུང་ལྷག་པའི་བསམ་པ་ལ་ཞུགས་པ་ལས༔ བྱང་ཆུབ་འགྲུབ་པར་དཀའ་བ་མ་མཆིས་སོ༔ དེ་ཅིའི་ཕྱིར་ཞེ་ན༔ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་སེམས་བསྐྱེད་པ་ལ་རགས་ལས་ཏེ༔ བྱང་ཆུབ་ཏུ་སེམས་བསྐྱེད་མ་ཐག་ཏུ༔ སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་བཟུང་བར་འགྱུར་རོ༔ ཞེས་དང་༔ དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས༔ འོད་སྲུང་དཔེར་ན་འཛམ་བུ་གླིང་དང་གླིང་བཞི་པ་དང་༔ སྟོང་དང་པོ་དང་༔ སྟོང་གཉིས་པ་དང་༔ སྟོང་གསུམ་གྱི་སྟོང་ཆེན་པོ་


CMR055_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་འཕགས་པ་དགྲ་བཅོམ་པ་ཤ་སྟག་ཏུ་གྱུར་ཏེ༔ དགྲ་བཅོམ་པ་དེ་དག་ཐམས་ཅད་ལ་ཉི་མ་རེ་རེ་བཞིན་ལྷའི་ཞལ་ཟས་དང་༔ ཆོས་གོས་དང་མལ་ཆ་དང་ན་བའི་གསོས་སྨན་ལ་སོགས་པ་རྣམས་ཀྱིས་བསྙེན་བཀུར་ན་བསོད་ནམས་ཆེའམ༔ བཅོམ་ལྡན་འདས་དེ་ནི་བསོད་ནམས་རིམ་པ་བཞིན་དུ་ཆེ་ཞིང་བསམ་གྱིས་མི་ཁྱབ་བོ༔ འོད་སྲུང་དེ་བས་ཀྱང་གང་ཟག་གཅིག་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་བཀོད་ན་བསོད་ནམས་ཁྱད་པར་ཅན་དུ་ཆེ་ཞིང་དཔག་ཏུ་མེད་དོ༔ དེ་ཅིའི་ཕྱིར་ཞེ་ན༔ དཀོན་མཆོག་གསུམ་གྱི་གདུང་རྒྱུད་མི་འཆད་པའི་ཕྱིར་རོ༔ ཞེས་དང་༔ སངས་རྒྱས་ཕལ་པོ་ཆེ་ལས༔ དཔེར་ན་དངུལ་ཆུའི་རང་བཞིན་གསེར་དུ་སྣང་བ་ཞེས་བྱ་བ་ཡོད་དེ༔ དེ་སྲང་གཅིག་གིས་ཀྱང་ལྕགས་སྲང་སྟོང་གསེར་དུ་འགྱུར་རོ༔ དངུལ་ཆུ་དེ་ལྕགས་སྲང་སྟོང་པོ་དེས་ཟད་པར་བྱ་བའམ༔ ལྕགས་སུ་བསྒྱུར་བར་མི་ནུས་སོ༔ དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ཡེ་ཤེས་ཀྱིས་ལས་དང་ཉོན་མོངས་པའི་སྒྲིབ་པའི་ལྕགས་ཐམས་ཅད་ཟད་པར་བྱས་ཏེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཁ་དོག་ཏུ་བྱེད་དོ༔ བྱང་


previousཤོག་ལྷེབ་ ༢༤༩ ནས་་ ༣༠༠ བར།next