Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
དཔེ་དང་དོན་གྱི་ཡེ་ཤེས་ངོ་སྤྲོད་ཕྱིར། ༼ག༽ །ཕྱག་ཆེན་ངོ་སྤྲོད་སངས་རྒྱས་ལག་གཏད་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔེ་དང་དོན་གྱི་ཡེ་ཤེས་ངོ་སྤྲོད་ཕྱིར། ༼ག༽ །ཕྱག་ཆེན་ངོ་སྤྲོད་སངས་རྒྱས་ལག་གཏད་ཡོད། །next

དཔེ་དང་དོན་གྱི་ཡེ་ཤེས་ངོ་སྤྲོད་ཕྱིར། ༼ག༽ །ཕྱག་ཆེན་ངོ་སྤྲོད་སངས་རྒྱས་ལག་གཏད་ཡོད། །


CMR056_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། །དཔེའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་དང་། དོན་གྱི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་རྟོགས་པའི་གདམ་པ་སངས་རྒྱས་ལག་གཏད་ཅེས་བྱ་བ་བཞུགས་སོ།། ༈ ན་མོ་གུ་རུ་བཛྲ་དྷ་ར་ཡེ། བླ་མ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །དཔེ་དང་དོན་གྱི་ཡེ་ཤེས་ངོ་སྤྲོད་བྲི། །ཆོས་བདག་མཁའ་འགྲོ་སྡེ་ལྔས་བཀའ་གནང་སྩོལ། །འགྲོ་བའི་མགོན་པོ་ས་སྐྱ་པཎྜི་ཏེས། །བཀའ་བརྒྱུད་ལུགས་ཀྱི་ཕྱག་ཆེན་བཀག་པའི་སྐབས། །ངེད་ཀྱི་ཕྱག་རྒྱ་ཆེན་པོ་ནི། །དབང་ལས་བྱུང་བའི་ཡེ་ཤེས་དང་། །རིམ་པ་གཉིས་ཀྱི་ཏིང་འཛིན་ཡིན། །གསུངས་པའི་དོན་གྱི་དགོངས་པ་འདི་ཡིན་ཕྱིར། །དཔེ་ཡི་ཕྱག་ཆེན་ཡེ་ཤེས་མ་མཐོང་ན། །དོན་གྱི་ཕྱག་རྒྱ་ཆེན་པོ་རྟོགས་མི་སྲིད། །དཔེ་ཡི་ཕྱག་རྒྱ་ཆེན་པོ་རྟོགས་པའི་ཐབས། །བླ་མེད་རྒྱུད་སྡེ་རྣམས་ནས་གསུངས་པ་ལྟར། །ཤེས་རབ་ཡེ་ཤེས་དབང་ནི་བསྐུར་བའི་ཚེ། །བླ་མ་ཆགས་ལམ་ཉམས་ལེན་རྣལ་འབྱོར་པས། །སློབ་མ་འདུལ་


CMR056_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་མ་ཞུས་ཁྱིམ་པ་ལ། །ཡོལ་བས་བར་བཅད་བླ་མའི་མདུན་དེ་རུ། །སློབ་མ་མུ་དྲ་དངོས་སུ་སྦྱོར་བའི་ཚེ། །མགྲིན་པ་སྙིང་ག་ལྟེ་བ་གསང་བ་རུ། །ཐིག་ལེ་བབ་ཚེ་དགའ་བཞིའི་ཡེ་ཤེས་འཆར། །ཐིག་ལེ་ཕྱེད་ཤོར་ཕྱེད་ཙམ་མ་ཤོར་སྐབས། །རླུང་རྣམས་དབུ་མར་ཚུད་པས་རྣམ་རྟོག་འགགས། །དེ་དུས་དེ་ངོ་ལྟོས་ཞེས་ངོ་སྤྲོད་པས། །དཔེ་ཡི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་རྟོགས། །དཔེར་ན་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ལ། །དེ་ལྟ་བུ་ཞིག་ཡོད་སྙམ་ངེས་ཤེས་འགྱུར། །དེ་ནས་རིམ་བཞིན་དབང་ནི་བཞི་པའི་དོན། །ཚིག་གིས་ངོ་ཟློསྤྲོད་བརྩོན་འགྲུས་ཆེར་གོམས་ནས། །དོན་གྱི་ཕྱག་རྒྱ་ཆེན་པོ་རྟོགས་པར་གྱུར། །འདི་ནི་བླ་མེད་རྒྱུད་ཀུན་དགོངས་པ་མཐུན། །དགེ་སློང་ཡིན་ཡང་དབང་ནི་བསྐུར་བའི་ཚེ། །དགའ་བའི་ཡེ་ཤེས་ངོ་ནི་འཕྲོད་པའི་ཕྱིར། །ཕྱག་རྒྱ་བསྟེན་ཀྱང་སྡོམ་པ་མི་འཆོར་ཞེས། །སྨྲ་བ་ཨ་ཙར་དམར་པོའི་ཆོས་ལོག་ཡིན། །མི་རུང་དུས་འཁོར་རྒྱུད་ནས་བཀག་པའི་ཕྱིར། །ཇོ་བོ་རྗེ་ཡིས་རྒྱ་ཆེར་བཀག་པར་མཛད། །འོ་ན་དཔེ་ཡི་ཡེ་ཤེས་ཀྱིས་རྟོགས་ན། །མཁས་གྲུབ་འགས་མཛད་ཆོས་དྲུག་རྒྱས་བཤད་ལས། །མ་དག་གསེར་ཕུར་ལ་


CMR056_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བརྡ་ཡིས་གསུང་། །དོན་དེ་བཙུན་ཆུང་མཛེས་ཤིང་གསང་ཐུབ་པར། །རྨ་གཉིས་གང་རུང་སྤྱོད་ཅིང་ཡེ་ཤེས་བཟུང་། །ཟེར་བ་འདུག་ཀྱང་འདི་ཉིད་མི་རུང་སྟེ། །འདུལ་ཁྲིམས་ཉིད་ལས་འགལ་ཚབས་ཆེ་ཕྱིར་རོ། །རྣལ་འབྱོར་གཟུགས་ངན་ཕྱག་རྒྱ་མི་རྙེད་པ། །དུད་འགྲོ་ཡིན་ཡང་ཕྱག་རྒྱ་བསྟེན་རུང་ཞེས། །འཇའ་ཚོན་སྙིང་པོའི་གཏེར་ཁ་ནས་བྱུང་བ། །ཀུ་ཀུ་རི་པའི་རྣམ་ཐར་གསལ་ན་ཡང་། །དེ་དག་རྣལ་འབྱོར་ཁྱིམ་པའི་ལུགས་སུ་སྣང་། །རབ་བྱུང་ཡིན་ན་སྡོམ་པ་འཆོར་ཕྱིར་སྤང་། །སློབ་བུ་འབྱོར་པར་ལྡན་ན་ཚོགས་འཁོར་བསྐོར། །མཎྜལ་བརྒྱ་རྩ་ཕྱག་དང་བསྐོར་བ་བྱ། །འབྱོར་པ་མེད་ན་ཕྱག་དང་མཎྜལ་ཆོག །ནམ་མཁའ་དྭངས་དུས་དབེན་པའི་གནས་གཅིག་ཏུ། །བླ་མའི་མདུན་དུ་སློབ་བུས་ཆོས་བདུན་བཅལ། །དངོས་སམ་ཡིད་ཀྱིས་གུས་པར་གསོལ་བ་བཏབ། །སློབ་བུས་རླུང་རོ་བུས་ལ་འཇམ་རླུང་བཟུང་། །སེམས་ནི་ཉམས་ལེན་ངང་ལ་བཞག་བཞིན་དུ། །ལག་པ་གཡས་གཡོན་གང་བདེ་གཅིག་གིས་ནི། །མགྲིན་པ་གཡས་གཡོན་འཕར་རྩ་གཉིས་པོ་དེ། །དང་པོ་དལ་བུས་དེ་ནས་དྲག་ཏུ་མནན། །ལན་རེ་ཙམ་


CMR056_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་བྱས་ཤིང་རྩ་མནན་ཡུན་ཐུང་ན་ཤིན་ཏུ་ལེགས། རྩ་མནན་ཡུན་རིང་ན་མི་རུང་སྟེ་གེགས་དང་གོལ་ས་ཡོད་ཚུལ་ཞལ་ལས་ཤེས། མཆན། དེ་ཚེ་རྟོགས་པ་སྔར་དང་མི་འདྲ་བར། །རྣམ་རྟོག་མི་འགྱུ་གནས་ཉམས་མེ་རེ་བ། །དེ་ཡི་ངོ་བོ་རང་གི་མཐོང་བཞིན་དུ། །བཟང་ངན་རྟོགས་པ་ཅི་ཡང་མེད་པ་འཆར།་།དེ་ནི་དཔེ་ཡི་ཡེ་ཤེས་ཕྱག་ཆེན་ཡིན། །རིགས་ཀྱི་བུ་ཁྱོད་ད་ལྟའི་རྟོགས་པ་འདི། །རྣམ་རྟོག་ཅི་ཡང་མེད་ཅིང་མི་རྟོག་པ། །རང་ངོ་རང་གིས་ཤེས་ཀྱང་དྲན་བསམ་མེད། །འདི་ནི་དཔེ་ཡི་ཡེ་ཤེས་ཞེས་བྱ་བ། །མི་རྟོག་ཕྱག་རྒྱ་ཆེན་པོ་ཡིན་ནོ་ཀྱེ། །ཅེས་བརྗོད་དེ་ཉིད་རྟོགས་སམ་མ་རྟོགས་དྲིས། །མ་རྟོགས་ལན་འགའ་བསླབ་ཅིང་ལེན་འགའ་ཝིག །རོ་རྐྱང་གཉིས་པོའི་ཡར་སྣེ་སྣ་བུག་སྟེ། །དེ་ནས་རླུང་ནི་རྒྱུ་བ་དང་བསྒྲགས་ཏེ། །རྣམ་རྟོག་སྣ་ཚོགས་ཕྱིར་ལ་འགྱུ་བ་ཡིས། །སེམས་ནི་མི་འདྲ་རླུང་ནི་རྟ་དང་འདྲ། །སྐྱ་མི་རྟ་བཟུང་མི་དེ་འགྲོ་རྒྱུ་མེད། །དེ་བཞིན་རླུང་བཟུང་ནས་ནི་སེམས་ཟིན་ཏེ། །ནཱ་རོ་པཎྜི་ཏ་ཡི་བཞེད་པ་ཡིན། །རླུང་ནི་དབུ་མར་ཚུད་པའི་དུས་ཀྱི་ཚེ། །མི་རྟོག་ཡེ་ཤེས་ཕྱག་རྒྱ་ཆེན་པོ་དེ། །མངོན་སུམ་འཆར་བ་བླ་མེད་རྒྱུད་ཀུན་མཐུན། །རོ་རྐྱང་གཉིས་


CMR056_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡར་སྣེ་རྩེའུ་ཆུང་གཉིས། །མནན་པས་རླུང་ནི་ཕྱི་རུ་རྒྱུ་བ་ཆད། །ནང་དུ་རྒྱུ་བས་དབུ་མར་ཡུད་ཙམ་ཞུགས། །དེ་ཚེ་མི་རྟོག་ཡེ་ཤེས་དངོས་སུ་འཆར། །མངོན་སུམ་ངོ་སྤྲོད་འདི་ཉིད་མ་ཐོབ་ན། །ཤེས་རབ་ཡེ་ཤེས་དབང་བསྐུར་ཐོབ་ན་ཡང་། །དབང་དོན་ཡེ་ཤེས་རྒྱུད་ལ་མི་སྐྱེ་བས། །ཚིག་རྒྱུད་ཙམ་ཡིན་དོན་ལ་ཐོབ་པ་མིན། །འདི་ནི་ད་ལྟ་ངོ་སྤྲོད་དུས་དང་ནི། །སྐབས་སུ་ལན་རེ་ཙམ་ལས་འགལ་བ་མེད། །མང་ན་སྐེ་ནད་འབྱུང་ཕྱིར་མང་མི་བྱ། །དེ་ཡང་རན་ཙམ་ཡུད་ཙམ་བྱ་བ་ལས། །དྲག་མནན་ཡུན་རིང་བརྒྱལ་ནས་འགྲོ་ཉན་ཡོད། །སྣོད་ལྡན་སློབ་མར་ངོ་སྤྲོད་མ་གཏོགས་པ། །གཞན་ལ་སྨྲས་ན་ཐུགས་ཀྱི་དམ་ཚིག་ཉམས། །ལས་ཀྱི་མཁའ་འགྲོས་སྙིང་ཁྲག་འཐུང་བར་བཤད། །དེ་ཕྱིར་ཤིན་ཏུ་གསང་བ་དམ་ཚིག་ཡིན། །ཨྠ྄ྀི། དེ་ནས་དོན་གྱི་ཡེ་ཤེས་ངོ་སྤྲོད་ནི། །རྩེ་གཅིག་རྟགས་ཐོན་ཉམས་ལེན་ཡུན་རིང་བསྐྱང་། །བོགས་སྐྱེད་ཆུང་བས་ངོ་བོ་མ་མཐོང་དང་། །བདེ་གསལ་མི་རྟོག་ཉམས་ནི་བཟང་དྲགས་པས། །དེ་ལ་ཆགས་ཞེན་གཞན་ལ་དག་མི་སྟེར། །ངོ་བོ་རྗེན་པར་མཐོང་བར་མ་གྱུར་ན། །ཐ་མལ་


CMR056_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་མངོན་སུམ་མཐོང་བ་དང་། །མི་རྟོག་གདིང་པོ་སྟོང་ཉམས་ཧད་པོ་རྣམས། །གང་ཡིན་མི་འབྱེད་ཚོད་མ་ཟིན་པ་དང་། །རིག་པ་རྣོ་ཞིང་ཤེས་རབ་ཆེ་བ་འགས། །ཉམས་རྟོགས་མཐོ་དམན་གོལ་ས་མང་བཤད་པས། །གོལ་སར་མ་ཤོར་འཁྲུལ་མེད་སླད་མེད་ཀྱི། །ཕྱག་རྒྱ་ཆེན་པོའི་ཡེ་ཤེས་དངོས་དེ་ལ། །ཅི་འདྲ་ཞིག་ནི་ཡོད་སྙམ་ལྟ་འདོད་ན། །ཕྱག་དང་མཎྜལ་ཕུལ་ནས་བླ་མའི་དྲུང་། །རྣམ་སྣང་ཆོས་བདུན་མ་གཡོ་ལེགས་པར་བཅའ། །མགྲིན་པ་ཅུང་བཀུག་མིག་འབྲས་གྱེན་དུ་ལྡོག །མཛོད་སྤུའི་ཐད་ཀྱི་བར་སྣང་སྟོང་པ་ལ། །རིག་པ་གཏད་ལ་ངོ་བོ་སྐྱོང་བར་གྱིས། །དེ་ཚེ་རྣམ་རྟོག་རགས་པ་ཐམས་ཅད་འགག །བདེ་དང་གསལ་དང་སྟོང་པའི་འཛིན་པ་མེད། །རང་ངོ་ཤེས་པའི་ངང་ལ་ཧད་དེ་བ། །འདི་བསམ་མེད་པར་དྲན་པ་གཏོར་བ་བཞིན། །དོན་གྱི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་དེ། །འདི་ཉིད་ཡིན་ནོ་སྐལ་ལྡན་རིགས་ཀྱི་བུ། །འདི་དོན་ཀྱི་རྡོ་རྗེའི་རྒྱུད་ནས་གསུངས། །ཆོས་ཀྱི་ཚད་ནི་འདི་ཡིན་ཏེ། །མིག་ཕྱེད་གྱེན་དུ་ལྡོག་པས་འགྲུབ། །ཅེས་པའི་དོན་ཡང་དེ་ལ་དགོངས་པ་ཡིན། །དེ་དོན་རྫོགས་ཆེན་རྣམས་ནས་གསུངས་པའི་


CMR056_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

དོན། །རྒྱུད་སྡེ་འོག་མ་ཀུན་ལས་གྲགས་ཡི། །ཡེ་ཤེས་རྩྭ་མཆོག་བྷ་སནྟུ་ཞེས་པ། །དབྱིབས་ནི་གཡེར་མ་ཁ་ཕྱེ་ལྟ་བུ་ཞིག །ལུས་ཅན་རྣམས་ཀྱི་སྙིང་གི་དཀྱིལ་དུ་ཡོད། །དུད་འགྲོ་ཐུར་དུ་ཁ་བསྟན་གཏི་མུག་ཆེ། །མི་ལ་ཕྲད་དུ་ཁ་བྱེ་ཤེས་རིག་བཀྲ། །སངས་རྒྱས་བྱང་སེམས་རྣམས་ཀྱི་རྩ་དེ་ནི། །གྱེན་དུ་ཁ་བྱེ་ཡེ་ཤེས་འཆར་བ་ཡིན། །རྩ་དེ་སྣེ་མོ་མིག་ལ་ཟུག་ཡོད་པ། །ལུས་གནད་བསྲང་སྟེ་མིག་ནི་གྱེན་ལྡོག་པས། །རྩ་དེ་འཐེན་ནས་གྱེན་དུ་ཁ་བྱེ་འགྱུར། །དེ་ཚེ་ཡེ་ཤེས་དངོས་སུ་འཆར་བ་ཡིན། །དེ་ཕྱིར་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི། །སྤྱན་འབྲས་གྱེན་དུ་ལྡོག་པ་དེ་ཡི་དོན། །དེ་ཕྱིར་སློབ་དཔོན་པདྨ་འབྱུང་གནས་ཀྱི། །རང་བྱུང་རྒྱལ་བ་ལུང་བསྟན་སྐབས་སུ་ཡང་། །སྤྱན་ནི་ཆོས་ཉིད་དོན་ལ་གཟིགས་ཞེས་གསུངས། །ངོ་བོ་རྗེན་པར་མ་མཐོང་གང་ཟག་གིས། །ཕྱག་རྒྱ་ཆེན་པོའི་ཡེ་ཤེས་འཆར་འདོད་ན། །དབེན་པའི་གནས་སུ་དེ་ལྟར་ཡང་ཡང་བལྟ། །ཉམས་དང་རྟོགས་པ་གང་ཡིན་མ་འབྱེད་ན། །དེ་ལྟར་བལྟས་ལ་དེ་ལ་ཨེ་མཚུངས་ལྟ། །མཚུངས་ན་རྟོགས་པ་དངོས་དེ་ཡིན་པའི་རྟགས། །དེ་དང་མི་


CMR056_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་ཇི་ལྟར་བཟང་ན་ཡང་། །རྟོགས་པ་མ་ཐོབ་ཉམས་ཀྱི་གཡོས་ཡིན་ནོ། །དེ་ནས་སློབ་མས་མཎྜལ་ཕུལ་བྱས་ལ། །སྣོད་ལྡན་ངོ་སྤྲོད་བསྟན་དུས་མ་རྟོགས་པ། །གཞན་ལ་བཤད་ན་གསང་བའི་དམ་ཚིག་ཉམས། །མཚམས་མེད་ལྔ་མཚུངས་མཁའ་འགྲོའི་བཀའ་ཆད་འབྱུང་། །ཡེ་ཤེས་ཕྱག་ཆེན་དངོས་སུ་རྟོགས་པའི་ཐབས། །གདམས་ངག་ཟབ་མོ་འདི་དང་མ་ལྡན་ན། །སྨྲ་བསམ་བརྗོད་དུ་མེད་པའི་ཡེ་ཤེས་དེ། །ཇི་བཞིན་བླ་མས་བརྗོད་དུ་ཡོད་པ་མིན། །སློབ་མས་གོ་ཡང་དངོས་སུ་མི་རྟོགས་སོ། །ཡེ་ཤེས་དངོས་སུ་ངོ་སྤྱོད་ཟབ་མོ་རྒྱ། །དེ་བཞིན་རྫོགས་ཆེན་ཐོད་རྒལ་སྐབས་སུ་ཡང་། །འཇའ་འོད་ཐིག་ལེར་ཆགས་ཞེན་མི་སྐྱེད་པར། །ངོ་བོ་བལྟས་པས་གསལ་སྟོང་ཟུང་དུ་འཇུག །ཁྲེགས་ཆོད་ཟུང་འཇུག་ཐེག་པ་དགུ་ཡི་རྩེ། །དེ་ལས་ཟབ་པའི་ཉམས་ལེན་གདམས་ངག་ནི། །གསར་རྙིང་བཀའ་གཏེར་བན་བོན་གང་ལའང་མེད། །དེ་ཕྱིར་སྙིང་ལ་ཆོངས་ཤིག་རིགས་ཀྱི་བུ། །དེ་སྐད་སྒོམ་ཆེན་རཱ་ག་ཨ་སྱ་ཡིས། །སློབ་བུ་བརྩོན་འགྲུས་རྒྱ་མཚོར་གདམས་པ་དེ། །འཕྲལ་དུ་ཡི་གེར་བཀོད་པའི་དུས་ཚོད་ནི། །རྟ་ལོ་ཐ་སྐར་ཟླ་བའི་ཚེས་གཅིག་
ཉིན། །དཔལ་རིའི་རྩེ་ཡི་མཚམས་ཁང་ཕུག་སྒོ་རུ། །དད་ལྡན་བླ་མ་བིརླ་སཱ་ག་རས། །ཕྱག་དང་མཎྜལ་བརྒྱ་རྩ་ཕུལ་ནས་བྲིས། །མངྒ་ལཾ།། །།


previousདཔེ་དང་དོན་གྱི་ཡེ་ཤེས་ངོ་སྤྲོད་ཕྱིར། ༼ག༽ །ཕྱག་ཆེན་ངོ་སྤྲོད་སངས་རྒྱས་ལག་གཏད་ཡོད། །next