Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
   
དགའ་བཞི་ཡེ་ཤེས་དངོས་སུ་ངོ་སྤྲོད་ཕྱིར། ༼ང༽ །གདམས་ངག་ཡེ་ཤེས་མཁའ་འགྲོའི་གསང་ཚིག་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགའ་བཞི་ཡེ་ཤེས་དངོས་སུ་ངོ་སྤྲོད་ཕྱིར། ༼ང༽ །གདམས་ངག་ཡེ་ཤེས་མཁའ་འགྲོའི་གསང་ཚིག་ཡོད། །next

དགའ་བཞི་ཡེ་ཤེས་དངོས་སུ་ངོ་སྤྲོད་ཕྱིར། ༼ང༽ །གདམས་ངག་ཡེ་ཤེས་མཁའ་འགྲོའི་གསང་ཚིག་ཡོད། །


CMR056_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། དགའ་བཞི་ཡེ་ཤེས་དངོས་སུ་ངོ་སྤྲོད་པའི་ཐབས་ཤེས་རབ་ཡེ་ཤེས་ཀྱི་ཉམས་ལེན། དངོས་གཞི་ཡེ་ཤེས་མཁའ་འགྲོའི་ཉམས་ལེན་གསང་ཚིག་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཛྙཱ་ན་ཌཀྐི་ཡེ། གནས་གསུམ་ཌཱཀྐིའི་ཞབས་ལ་ཕྱག་འཚལ་ལོ། །དགོངས་པ་གྲོལ་ཞིང་བྱིན་གྱིས་བརླབ་ཏུ་གསོལ། །འཁོར་བའི་གནས་སུ་སྐྱེ་བ་རྣམ་བཞི་རུ། །སྐྱེ་བའི་རྩ་བ་འདོད་ཆགས་ཁོ་ན་སྟེ། །དེ་མེད་འཁོར་བར་མི་སྐྱེ་མྱ་ངན་འདས། །རྟ་དང་རྒོད་དང་ལག་བཅང་གཉིས་གཉིས་འཁྱུད། །འདོད་པའི་འདོད་ཆགས་བཞི་པོ་འདུལ་བའི་ཕྱིར། །སྟོན་པས་རྒྱུད་སྡེ་རྣམ་བཞི་གསུངས་པ་ཡིན། །སྐྱེ་བོ་ཕལ་པས་མི་ཚངས་སྤྱོད་པ་ནི། །མི་དགེ་བཅུ་ཡི་གཅིག་ཡིན་ཡི་དྭགས་རྒྱུ། །དེ་ཡང་བཙུན་མ་མ་སྲིང་སྤྱོད་པ་དང་། །ཁ་དང་བཤང་ལམ་དུད་འགྲོ་སྤྱོད་པ་དང་། །གཞན་གྱི་བུད་མེད་སྤྱོད་པ་སྡིག་ཆེ་


CMR056_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །རབ་བྱུང་གིས་སྤྱོད་དེ་བས་འབུམ་འགྱུར་ལྗི། །དག་བདེན་བཞི་ཆོས་ཀྱི་འཁོར་ལོའི་དོན། །རབ་དུ་བྱུང་བས་བུད་མེད་སྤྱོད་པ་ནི། །སྡོམ་པ་འཆོར་བས་དགེ་འདུན་གྲལ་མི་ཚུད། །དེ་ནི་འདུལ་ཁྲིམས་སྡོམ་པའི་རྩ་བ་ཡིན། །རབ་བྱུང་ཁྱེའུ་ཁ་དང་བཤང་ལམ་སྤྱོད། །རྟེན་ནི་བུད་མེད་མིན་ཕྱིར་ཅུང་དྲགས་ཀྱང་། །བུད་མེད་ལ་སྤྱོད་པ་དང་འདྲ་བ་ཡིན། །མཆན། །ཉེས་པ་དག་ནི་ཡང་ལྗི་འདྲ་བ་ཡིན། །ཅི་ཕྱིར་རྨ་གསུམ་ཁྱད་པར་མེད་ཕྱིར་རོ། །ཚུལ་ཁྲིམས་ལྡན་པས་ཡིད་ལ་བུད་མེད་བསྒོམས། །ཆགས་པ་སྐྱེས་ཤིང་ཐིག་ལེ་ཉམས་པ་ཡང་། །ཚུལ་ཁྲིམས་གཙང་བར་མི་འགྱུར་སྡིག་ཆེ་ཞེས། །འཁྲིག་པ་བདུན་པོའི་མདོ་ལས་རྒྱ་ཆེར་བཤད། །ཁུ་བ་རང་གི་འབྱིན་ནམ་འབྱིན་བཅུག་པ། །དེ་ཡི་སྡོམ་པ་འཆོར་བ་མི་འགྱུར་ཏེ། །དགེ་འདུན་ལྷག་མའི་ལྟུང་བ་ཤིན་ཏུ་ལྡི། །གསོ་སྦྱོང་གིས་ཀྱང་དག་པར་མི་འགྱུར་ཏེ། །ལྟུང་བ་འཕེལ་བར་མི་འགྱུར་ཙམ་ཞིག་ནུས། །དེ་དག་མདོ་དང་འདུལ་བའི་དགོངས་པ་སྟེ། །ཐབས་ཀྱིས་མ་ཟིན་འདོད་ཆགས་རིང་ཁ་ལ། །རྣལ་འབྱོར་མཁའ་སྤྱོད་དབང་པོའི་ཞལ་ནས་ཀྱང་། །ཐབས་ཀྱིས་ཟིན་ན་དུག་ཀྱང་བདུད་རྩི་


CMR056_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག །དཔལ་ལྡན་ཀྱེ་ཡི་རྡོ་རྗེའི་རྒྱུད་ལས་ཀྱང་། །འདོད་ཆགས་ཉིད་ཀྱིས་འདོད་ཆགས་འཇོམས་པར་བཤད། །དེ་ལ་གང་ཟག་ས་ལམ་མཐོ་དམན་ཁྱད། །རྩ་རླུང་ལས་རུང་ས་ཐོབ་ཡན་ཆད་ཀྱིས། །བུད་མེད་བསྟེན་ཀྱང་སྡོམ་པ་འཆོར་བ་མིན། །དཔེར་ན་རྒྱ་བོད་མཁས་གྲུབ་ཐམས་ཅད་བཞིན། །བསྟན་ལ་མི་གནོད་རྫུ་འཕྲུལ་སྣ་ཚོགས་སྟོན། །རྫུ་འཕྲུལ་སྣ་ཚོགས་སྟོན་པར་མི་ནུས་ན། །རྩ་རླུང་ལས་སུ་རུང་ཀྱང་བསྟེན་མི་རུང་། །སངས་རྒྱས་བསྟན་ལ་གནོད་ལས་སྡིག་ཆེ་གང་། །བཙུན་པ་ཕན་ཚུན་ཁུ་བ་འབྱིན་པ་ནི། །དེང་སང་ཆོས་སྡེ་ཀུན་ལ་དར་ཆེ་ཞིང་། །སྡོམ་པ་ཤོར་བའི་གྲ་རུ་མི་འགྲོ་ཞིང་། །དམྱལ་བའི་སྡུག་བསྔལ་དཔག་མེད་མྱོང་གྱུར་པས། །བསླབ་པ་ཀུན་ལས་བཏུས་པ་རྒྱ་ཆེར་བཤད། །ཁྱེའུ་ལ་ནི་བུད་མེད་ཡིན་ལྟ་བ། །འདི་ནི་འདོད་ཆགས་ལོག་ལྟ་གཉིས་ཀ་སྟེ། །མཚམས་མེད་ལྔ་ལས་སྡིག་པ་ལྗི་བའི་ཚུལ། །མཉན་པས་བཞེད་ལྟར་མི་བསྐྱོད་རྒྱལ་བས་གསུངས། །དེ་མཐོང་ཐུགས་སྐྱོ་སྙིང་རྗེས་མ་བཟོད་ནས། །ཉིན་མཚན་མེད་པར་བཤུམ་གསུངས་འདུལ་ཊཱིཀ་གསལ། །དཔལ་ལྡན་དུས་ཀྱི་འཁོར་


CMR056_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་རྒྱུད་ལས་ཀྱང་། །ཐིག་ལེ་ལན་གཅིག་ཉམས་ན་སྐྱེ་བ་དེར། །མཆོག་གི་དངོས་གྲུབ་ཐོབ་པར་མི་འགྱུར་གསུངས། །རང་བྱུང་རྡོ་རྗེའི་དམ་ཚིག་རྒྱ་མཚོ་ལས། །བྱང་ཆུབ་ལྟསེམས་དཔའི་རྩ་ལྟུང་འདི་ཡིན་གསུངས། །ས་སྐྱ་པ་ཡིས་མིན་པར་བཞེད་ན་ཡང་། །རྩ་རླུང་ཉམས་སུ་ལེན་པའི་གང་ཟག་གིས། །རྩ་ལྟུང་ཡིན་པར་ཐམས་ཅད་ཞལ་མཐུན་ནོ། །ཁྱད་པར་སྒོམ་ཆེན་རྣམས་ཀྱིས་འདི་བྱས་ན། ་ཉོན་མོངས་མགོ་བོ་གཏན་ནས་མ་ནོན་རྟགས། །མཚང་དང་ངོ་ཚ་དེ་ལས་ཆེ་བ་མེད། །ཁྱད་པར་བླ་མ་ཡིན་པས་འདི་སྤྱོད་སྨྱོན། །གྲྭ་སློབ་མགོ་མི་ནོན་ཞིང་འཁྲུག་པའི་རྒྱུ། །བླ་མ་བླ་མར་མི་མཐོང་བཟའ་ཚང་མཐོང་། །དད་གུས་མི་སྐྱེ་འཁོར་སློབ་གྲོལ་མི་ནུས། །བྱིན་རླབས་བརྒྱུད་པ་ཆད་པའི་གེགས་ཆེན་ཡིན། །དེ་ཕྱིར་བུད་མེད་བསྟེན་པ་ལྟ་ཅི་སྨོས། །ཉེ་གནས་ལ་སོགས་གྲྭ་འཁོར་སུ་མཛེས་ཀྱང་། །དེ་ལ་མི་སྤྱོད་དམ་བཅའ་དྲག་པོ་བཟུང་། །འདོད་པའི་ཁམས་འདིར་འདོད་ཆགས་ཤུགས་ཆེ་བས། །ཉེས་ལྟུང་དྲན་དང་མི་སྡུག་བསྒོམ་པ་དང་། །ངོ་བོ་བལྟས་པས་ཞི་བར་མ་ནུས་ན། །རི་ཆོས་གཞུང་ཆེན་ནང་གི་དུག་འཇོམས་རྨ་བྱ་ཆེན་མོ་ལྟར་ཉམས་སུ་ལེན་


CMR056_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། ཁྱད་པར་དུག་ལྔའི་རྟོགས་པ་ནམ་ཤར་བའི་ཚེ་རང་སེམས་ངོ་བོ་སྐྱོང་བ་ལ་ནན་ཏན་བྱ། དུག་ལྔ་སེམས་ཀྱི་ཆོ་འཕྲུལ་ཡིན་པས་དེ་དུས་དུག་ལྔ་རང་སར་ཞི་བར་ཐེ་ཚོམ་མེད་དོ། །དེས་ཀྱང་ཉོན་མོངས་མ་ཞི་ན་སྣོད་ལྡན་གྱི་སློབ་མ་ལ་འདིའི་མན་ངག་འདི་བསླབ་པ་ཤིན་ཏུ་ཟབ་པ་ཡིན་ཞེས་གསུངས་པས་སྣོད་མིན་ལ་དཔེ་འདི་གར་ཐོད་ཐོད་དུ་མི་བསྟན་པ་དམ་ཚིག་ཤིན་ཏུ་གནད་ཆེའོ། མཆན། །དེ་ནས་འདོད་ཆགས་མ་སྤངས་ལམ་ཁྱེར་ནི། །ཚུལ་ཁྲིམས་མི་འཆལ་གཏན་ལ་མི་གནོད་ཅིང་། །ཉེས་ལྟུང་མི་འབྱུང་ཉམས་རྟོགས་བོགས་འདོན་ཐབས། །རང་ལུས་ཐབས་ལྡན་གདམས་ངག་ཉམས་སུ་ལེན། །མདོ་ལས་བུད་མེད་ཡིད་ལ་དྲན་པ་ཡི། །ཉེས་པ་བཤད་ཀྱང་འདི་གཉིས་མི་གཅིག་སྟེ། །ལྷ་རུ་གསལ་དང་སྔགས་ཀྱི་སྤྱོད་པ་དང་། །ཉམས་རྟོགས་བོགས་འདོན་གསུམ་གྱི་ཁྱད་པར་འཕགས། །འདི་ཉིད་གང་ལས་གསུངས་པ་ཡིན་ཞེ་ན། །གསང་བ་ནོར་བུ་ཐིག་ལེའི་རྒྱུད་ཅེས་པ། །འདི་ཉིད་ཁོ་ན་སྟོན་པ་གསེར་འོད་ཙམ། །ས་པཎ་གྱིས་བསྒྱུར་རྒྱུད་འབུམ་ཀུན་ན་ཡོད། །ཞི་ཁྲོའི་འོག་སྒོ་བདེ་ཆེན་རང་གྲོལ་དང་། །རཏྣའི་གཏེར་ཁ་ཟབ་ལམ་གསང་འདུས་དང་། །དབང་ནི་གསུམ་པའི་ཉམས་ལེན་ཞེས་བྱ་དང་། །པཎ་ཆེན་དྷ་ན་


CMR056_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱིའི་རྒྱ་གཞུང་ལས། །དོན་འདི་ཤིན་ཏུ་གསལ་བར་རྒྱ་ཆེར་བཤད། །དོན་ལ་གསང་སྔགས་དབང་བཞི་ཐོབ་ཕྱི་ནས། །ཤེས་རབ་ཡེ་ཤེས་དབང་དོན་བསྒོམ་རྒྱུ་ཡིན། །རྩ་བའི་ཉམས་ལེན་འདི་ཉིད་ཁོ་ན་ཡིན། །ཞག་རེ་ཆག་ན་དམ་ཚིག་ཉམས་པའི་ཕྱིར། །ཡི་དམ་ཞལ་སྦྱོར་བསྒོམ་པ་དེ་ཡི་གནད། །ལུས་དང་རྩ་ཡི་སྟོང་ར་བསྒོམ་པ་དང་། རི་ཆོས་གཞུང་ཆེན་ནང་གི་ཡང་གསང་སྒྲུབ་བདེ་ཆེན་རབ་འབར་ལས་བྱུང་བ་ལྟར་ཡིན་གསུངས། མཆན། རླུང་ལ་ཅུང་ཞིག་བྱང་བ་གལ་ཆེ་སྟེ། །དེ་མིན་ནད་དུ་འགྱུར་བའི་ཉེས་ཡོད་གསུངས། །འདི་ལ་དབང་པོ་རབ་དང་ཐ་མའི་ལུགས། །རབ་ལ་རང་ཉིད་ཡི་དམ་ཡབ་དང་ཡུམ། །ཞལ་སྦྱོར་བསྒོམ་པ་སོ་སོའི་མངོན་རྟོགས་བཞིན། །ཡབ་ཀྱི་གསང་བར་ཧཱུྃ་ལས་རྡོ་རྗེ་ནི། །རྩེ་ལྔ་བུ་ག་ཧཱུཾ་གིས་བཀག་པར་བསྒོམ། །ཡུམ་གྱི་གསང་བར་ཨཱལས་པདྨ་ནི། །དམར་པོ་འདབ་བཞི་བུ་ག་ཕཊ་ཀྱིས་བཀག །རྡོ་རྗེས་པདྨ་དྲག་ཏུ་དཀྲུགས་པ་ཡིས། །ཆགས་པའི་མེ་ཡིས་སྤྱི་བོར་ཧཾ་ཡིག་ཞུ། །དབུ་མའི་ལམ་ནས་སྤྱི་མགྲིན་རྩ་གནས་གང་། །ལུས་སེམས་ཡིད་ཙམ་དགའ་བའི་ཆགས་པ་སྐྱེས། །ངོས་མ་ཟིན་ན་འདོད་ཆགས་སྐྱེས་པ་སྟེ། །དེ་ཡི་ངོ་བོར་


CMR056_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་པས་སྟོང་པར་རྟོགས། །དེ་ནི་དགའ་བའི་ཡེ་ཤེས་ངོས་བཟུང་ངོ་། །དེ་ནས་རྡོ་རྗེས་པདྨ་དྲག་དཀྲུགས་པས། །བྱང་སེམས་མར་བབ་སྙིང་ཁའི་རྩ་འདབ་གང་། །ལུས་སེམས་དགའ་བདེ་མེར་གྱིས་གང་སྙམ་བྱེད། །ངོས་མ་ཟིན་ན་འདོད་ཆགས་ཆེར་གཡོས་ཡིན། །དེ་ཡི་ངོ་བོ་ལྟས་པས་སྟོང་པར་རྟོགས། །བདེ་སྟོང་དབྱེར་མེད་མཆོག་དགའི་ཡེ་ཤེས་ཡིན། །དེ་ནས་སྲུབ་དང་སྲུབ་པའི་སྦྱོར་བ་ཡིས། །བྱང་སེམས་ལྟེ་བའི་རྩ་འདབ་གང་བ་ཡི། །ཆགས་པ་ཆེར་སྐྱེས་རྣམ་རྟོག་རགས་པ་འགག །དགའ་རྒྱུདང་མི་དགའི་འཛིན་པར་སྟོར་སྙམ་བྱེད། །ངོས་མ་ཟིན་ན་འདོད་ཆགས་ཆེན་པོ་སྟེ། །ངོ་བོ་བལྟས་པས་བདེ་སྟོང་གཅིག་ཏུ་འདྲེས། །དེ་ནི་དགའ་བྲལ་དགའ་བའི་ཡེ་ཤེས་ཟེར། །དེ་ནས་སྤྱོད་པས་ཐིག་ལེ་མར་བབས་པས། །དགའ་བདེ་ཚད་མེད་བཟོད་བླག་མེད་པ་འབྱུང་། །ངོ་བོར་བལྟས་པས་བདེ་སྟོང་ཟུང་དུ་འཇུག །དེ་ནི་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སོ། །འདི་སྐབས་མེ་ཏྲི་པ་ཡིས་བཞེད་པ་ལས། །ཐིག་ལེ་ཕྱེད་ཤོར་ཕྱེད་ནི་ནང་གནས་སྐབས། །དེ་ཚེ་སྐད་ཅིག་སེ་གོལ་ཡུན་ཙམ་ལ། །ལྷན་ཅིག་སྐྱེས་དགའི་ཡེ་


CMR056_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་འཆར་བར་བཤད། །ཐིག་ལེ་ཕྱེད་དེ་ཉམས་ན་མི་རུང་བས། །མུ་སྟེགས་ལུགས་དང་མཚུངས་ཞེས་བཀག་པའང་ཡོད། །ནཱ་རོའི་ལུགས་ལ་རྡོ་རྗེའི་སྐེད་པ་རུ། །ཐིག་ལེ་བབ་ཚེ་ཡེ་ཤེས་འཆར་བར་བཞེད། །ཞི་ཁྲོའི་འོག་སྒོ་བདེ་ཆེན་རང་གྲོལ་ལས། །རྡོ་རྗེའི་རྩེ་ནས་ཐིག་ལེ་ལྡོག་དགོས་གསུངས། །དེ་ཡང་གོམས་ཆ་ཆེ་བའི་དབང་ཡིན་གྱིས། དང་པོ་ལྟེ་བ་ཙམ་ནས་མ་ལྡོག་ན། །མར་ལ་ཉེ་ན་ཐིག་ལེ་འཆོར་ཉེན་ཡོད། །སྐྱེས་པ་རྣམས་ནི་བུད་མེད་ལ་དགའ་བ། །དེ་ལ་དགའ་ནས་བདེ་བ་སྤྱོད་ཕྱིར་མིན། །དེ་ནི་ལོག་པར་ལྟ་བ་ཡིན་པ་སྟེ། །དེ་དོན་བྱམས་པས་ཐིག་ཆེན་རྒྱུད་བླ་མར། །ཁྱིས་ནི་རུས་པ་སྐམ་པོ་ཁར་བཅུག་ནས། །རང་གི་ཁྲག་ལ་དེ་རུ་མངོན་པར་ཞེན། །དེ་བསྲུང་གཞན་ལ་མངོན་པར་ལྡང་བ་ལྟར། །འཇིག་རྟེན་ལོག་པར་སྤྱོད་པའང་དེ་དང་མཚུངས། །གསུང་ཕྱིར་ཁྱེའུ་བུད་མེད་གཟུགས་མཛེས་པར། །དེ་ལ་སྤྱོད་པས་བདེ་བ་སྐྱེས་པ་དེ། །ལུས་ལ་བདེ་བ་བྱུང་བ་མིན། །ཁྱི་ཡི་ཀན་ནི་རུས་པས་གཤག་པ་ཡི། །ཁྲག་ནི་ཞིམ་པར་རུས་པར་མུར་སྙམ་མཚུངས། །རང་གི་དབུ་མའི་མར་སྣེ་དུང་ཅན་རྩ། །དེ་ཡི་སྣེ་མོ་རྡོ་


CMR056_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

རྗེར་ཟུག་པ་སྟེ། །དེ་ལ་བཤུད་ཅིང་དྲུད་པས་ཐིག་ལེ་བབ། །ཐིག་ལེ་བབ་པས་བདེ་བ་སྐྱེས་པ་ཡིན། །བདེ་སྟོང་ངོས་མ་ཟིན་ན་འདོད་ཆགས་ཏེ། །ངོ་བོ་བལྟས་པས་བདེ་སྟོང་གཅིག་འདྲེས་པ། །སྔགས་ནས་གསུངས་པའི་ཕྱག་རྒྱ་ཆེན་པོ་ཡིན། །བདེ་བ་མེད་པའི་སྟོང་པ་ཁ་རྐྱང་ནི། མདོ་ནས་བཤད་པའི་དབུ་མའི་ལྟ་བ་སྟེ། །སྔགས་ཀྱི་ཕྱག་ཆེན་མིན་པར་ས་པཎ་བཞེད། །ལུས་ཟུང་རྒྱས་དང་ན་སོ་གཞོན་པ་དང་། །དམིགས་པ་གསལ་ཞིང་ཆགས་པ་་་་དབང་པོ་ཐ་མ་ཆགས་པ་ཆེ་བའི་རིགས། མཆན། ཆེ་བའི་རིགས། །དམིགས་པ་ཁོ་ནས་ཐིག་ལེ་འབེབས་པར་ནུས། །ཐིག་ལེ་ཕེབས་ན་བདེ་བ་མི་སྐྱེ་མེད། །དེ་ཡིས་མི་ཕེབ་དྲང་སྲོང་འདུག་སྟངས་བྱ། །པུས་མོ་གཉིས་ལ་ལག་པས་དམ་དུ་འཁྱུད། །ལོང་བུའི་བར་དུ་བཛྲ་བཀྲོལ་བས་འབེབས། །ལུས་རྒུད་ཆགས་པ་ཆུང་བའི་གང་ཟག་ལ། །ཧ་ཏའི་སྙིང་ལག་ཌཀྐིའི་ལྔ་རུ་བསྐྱེད། །བཛྲ་ཤིནྟཾཉུག་ཅིང་བསོར་བས་འབེབ། །རྗེ་བཙུན་མི་ལ་རས་པའི་ཞལ་ནས་ཀྱང་། །འབེབས་པ་རུ་སྦལ་འགྲོས་ཀྱིས་འབེབས་གསུངས་པས། །རིམ་པར་རྩ་གནས་ཡེ་ཤེས་ངོས་ཟིན་བྱ། །བྱང་སེམས་གནས་


CMR056_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བཞིར་འབབ་ཚེ་དགའ་བཞི། མཆན། །བཛྲ་རྩར་སླེབ་སྐད་ཅིག་ཉིད་ལ་ལྡོག །འཆོར་དོགས་ཆུ་སྲིན་གྲེ་འགག་འཁྲུལ་འཁོར་ནི། །གསང་བཤང་བར་ནས་ཐིག་ལེ་རྒྱུ་བའི་རྩ། །མཛུག་མོས་དྲག་མནན་ཐེམ་བུས་བཀག་དང་མཚུངས། །སྲིན་ཞལ་ལྷོད་ཅིང་གྱད་བཞི་དྲག་ཏུ་བསྐུལ། །འོག་རླུང་གྱེན་འདྲེན་ལྟོ་བ་སྒལ་པར་སྦྱར། །འོག་སྒོ་གཉིས་ཀྱང་ཤུགས་ཀྱིས་བསྡམས་བྱས་ཏེ། །ལྕེ་ནི་ཡ་སྐན་ལ་སྦྱར་མིག་གྱེན་ལྡོག །རླུང་ནི་ཁོག་པའི་ནང་ནས་གྱེན་འདྲེན་ཕྱིར། །ཧཱུཾ་རིང་ཧི༔རིང་ཧཱུྃརིང་དྲག་ཏུ་སྦྱང་། །རིག་པ་ནམ་མཁའི་དབྱིངས་སུ་གཏད་བྱ་ཞིང་། །དམིགས་པ་གསང་བའི་རྩ་ནས་ཐིག་ལེ་རྣམས། །ཆུ་ཆེན་རྦ་རླབས་གྱེན་དུ་ལོག་པ་བཞིན། །ལྟེ་བར་ཕྱིན་པས་དགའ་བ་དང་པོ་དང་། །སྙིང་ཁར་གཉིས་པ་མགྲིན་པར་གསུམ་པ་དང་། །སྤྱི་བོར་སླེབས་པས་མས་བརྟེན་དགའ་བ་བཞི། །དེ་ཚེ་ཉམས་ལེན་རྩི་དང་མ་བྲལ་ན། །མས་བརྟེན་དགའ་བ་བཞི་ཞེས་མིང་དུ་འདོགས། །དེ་ནས་རིག་པ་ནམ་མཁའི་དབྱིངས་སུ་འཕང་། །ནམ་མཁའ་བཞིན་དུ་རྒྱ་བསྐྱེད་ངོ་བོར་ལྟ། །གོང་གི་འཁྲུལ་འཁོར་རྣམས་ཀྱང་དྲག་ཏུ་སྦྱང་། །ཐིག་ལེ་གཏོང་རེ་ན་ར་ཀན་དུ་


CMR056_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། །དེ་བསམ་ཤོར་ཡང་རྩ་ལྟུང་འབྱུང་བ་མིན། །ལྡོག་རྟགས་བཛྲ་སྲད་བུ་བཞིན་དུ་འགྱུར། །སེམས་ལ་བདེ་བ་འཆར་ཞིང་ཡིད་དགའ་འོ། །དེ་ནས་། སེང་གེ་རྣམ་རོལ་འཁྲུལ་འཁོར་རམ། །རྟ་རྒོད་སྤྲུགས་སེལ་ལྟ་བུའི་ལུས་སྤྲུགས་བྱ། །བྱང་སེམས་བདུད་རྩི་ལུས་ཀུན་གང་བར་དམིགས། ཐིག་ལེ་ཡུངས་ཀར་འབྲུ་ཙམ་མ་ཉམས་པར། །ཡས་བརྟེན་མས་རྟེན་དགའ་བཞི་ངོས་ཟིན་ན། །མཆན། །ཕན་ཡོན་ལུས་བདེ་ཁམས་དྭངས་རིག་པ་གསལ། །དཔའ་བོ་མཁའ་འགྲོ་ཐམས་ཅད་སྤྲིན་བཞིན་འདུ། །ཉམས་རྟོགས་ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ། །ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་འདུ། །རྩ་རླུང་ཐིག་ལེའི་ཡོན་ཏན་ཐམས་ཅད་ཐོབ། །དེ་དོན་འོག་སྒོ་བདེ་ཆེན་རང་གྲོལ་ལས། །དེ་ནི་རང་ལུས་ཐབས་ལྡན་ཞེས་བྱ་སྟེ། །དེ་སྐབས་ཀྱང་ནི་བདེ་བ་ཆེར་འཕེལ་ནས། །བདེ་སྟོང་ཟག་མེད་མཆོག་གི་ཏིང་འཛིན་ཐོབ། །ཁྱད་པར་འདུལ་བ་འཛིན་པའི་དགེ་སློང་གིས། །གཞན་ལུས་བསྟེན་ན་གཞན་གྱིས་སྒྲོ་སྐུར་འགྱུར། །དེ་ཕྱིར་རང་ལུས་ཐབས་ལྡན་འདི་ལ་འབད། །ཅེས་གསུངས་འདི་ནི་གནད་ཀྱི་མན་ངག་ལ། །རྩ་ནི་ཁྱིམ་དང་རླུང་


CMR056_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བདག་པོ་དང་། །ཐིག་ལེ་ནོར་གྱི་ཚུལ་དུ་གནས་པ་སྟེ། །རྩ་ཡི་སྟོང་ར་གསལ་ན་མོ་རིག་འདུ། །རྩ་ནི་ནང་གི་མཁའ་འགྲོ་ཡིན་པའི་ཕྱིར། །ཕྱི་ཡི་མ་མོ་མཁའ་འགྲོ་ཤུགས་ཀྱིས་འགྲུབ། །རླུང་ནི་ནང་གི་དཔའ་བོ་ཆོས་སྐྱོང་ཚོགས། །ཡིན་ཕྱིར་རླུང་ལ་བྱང་ན་ཕོ་རིག་འདུ། །ཐིག་ལེ་ནང་གི་བསོད་ནམས་ནོར་ཡིན་ཕྱིར། །མ་ཉམས་འཕེལ་ན་བསོད་ནམས་ལོངས་སྤྱོད་འདུ། །རྟེན་ནི་རྒྱུ་ཡི་བྱང་སེམས་དཀར་དམར་ལ། །བརྟེན་པ་ཡེ་ཤེས་ཐིག་ལེ་ཕྱག་ཆེན་གནས། །དཔེ་ནི་རྟེན་དང་བརྟེན་པའི་ཐིག་ལེ་གཉིས། རྟེན་རྒྱུའི་ཐིག་ལེ་བྱང་སེམས་བརྟེན་པ་ནི། ཡེ་ཤེས་ཀྱི་ཐིག་ལེ་ནི་ཕྱག་རྒྱ་ཆེན་པོའོ། །མཆན། ཉམས་ན་མཉམ་ཉམས་འཕེལ་ན་མཉམ་འཕེལ་ཡིན། །འདུལ་ཁྲིམས་བསྲུང་བས་མི་འཕེལ་སྐམ་པར་འགྱུར། །དེ་ལྟར་སྦྱོང་བས་མི་ཉམས་འཕེལ་བ་འགྱུར། །དོན་མེད་མི་བསམ་དོན་དེ་ཤེས་པར་བྱ། །བཟུང་བསམ་མེད་པར་བཏང་ན་རྩ་ལྟུང་ཆེ། །བཟུང་ཡང་མ་ཐུབ་ཤོར་བས་ཉེས་པ་ཆུང་། །དྭངས་སྙིགས་ཁྱད་པར་བཟུང་རྒྱུ་ཡོད་མེད་སོགས། །མཁའ་འགྲོ་སྙིང་ཐིག་ནང་ནས་གསུངས་པ་ལྟར། །མི་བསྐྱོད་རྡོ་རྗེའི་གསུངས་དང་དགོངས་པ་མཐུན། །དེ་ལྟར་


CMR056_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལུས་ཐབས་ལྡན་ཉམས་ལེན་ཚེ། །ཐིག་ལེ་ལྡོག་གམ་མ་ལྡོག་ལྟ་བའི་ཕྱིར། །ལྡོག་པའི་དམིགས་པ་འཁྲུལ་འཁོར་མང་བྱས་རྗེས། །ཆུ་སྲིན་གྲེ་འགག་བཏང་ལ་ལག་མཐིལ་བླུག །དཀར་པོ་ཞོ་འདྲའི་དཀྱིལ་དུ་ཡུངས་འབྲུ་ཙམ། །དངུལ་ཆུའི་མདོག་འདྲ་ལྡོག་པོ་ཐལ་ཐོར་ནི། །དྭངས་མའི་དྭངས་མ་བྱིས་སྦ་འབྱུང་བའི་རྒྱུ། །ཉམས་ན་སྐྱོན་ཆེ་བཟུང་ན་ཡོན་ཏན་འཕེལ། །དེ་འདྲ་གདའ་ན་གཏན་ནས་མ་ལྡོག་རྟགས། །ཨ་མྲྀ་ཏ་ཡི་སརྦ་པའི་སྔགས། །བཟླས་ཤིང་དྲོད་མ་ཡལ་བར་བཏུང་བར་བྱ། །དེ་ཡི་ཉམས་པའི་ཉེས་པ་མི་འབྱུང་སྟེ། །དམིགས་པ་མ་གསལ་ཆགས་པས་ཤོར་ན་ཡང་། །དེ་ཕྱིར་རྩ་ལྟུང་ཉེས་པ་མ་འབྱུང་བ། །དགྱེས་རྡོར་རྒྱུད་ལས་རྒྱ་ཆེར་གསལ་བར་བཤད། །དེ་ཡང་གྲོད་མ་ཡལ་བར་བཏུང་དགོས་ཀྱིས། །དྲོད་ཡལ་ནས་ནི་ནད་དུ་འགྱུར་བར་བཤད། །དེ་ལ་བཙོག་པའི་འདུ་ཤེས་མ་བཏུང་ན། །གསང་བའི་དབང་གི་དམ་ཚིག་ཉམས་པ་སྟེ། །ནང་གི་བདུད་རྩི་མཆོག་ནི་བྱང་སེམས་ཡིན། །དེ་ཡང་རྩ་ལྟུང་རྣམ་པ་གཉིས་སུ་འགྱུར། །དཀར་པོ་ཞི་བ་སྣབ་ཀྱི་དབྱིབས་འདྲ་བ། །དེ་ནི་དྭངས་མའི་


CMR056_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སྙིགས་མ་ཡིན་པ་སྟེ། །བཟུང་ན་ལུས་ཤ་རྒྱས་ཙམ་ཡོན་ཏན་ཡོད། །ཉམས་ཀྱང་ཉེས་པ་ཅུང་ཟད་ཆུང་བར་གསུངས། །སྙིགས་མའི་སྙིགས་མ་བ་གླང་ཁ་ཆུ་འདྲ། །ཉག་མ་ཡོད་། པའི་བརླན་ཅིག་འབྱུང་བ་ནི། །བཟུང་ནས་མི་ཟིན་བཏང་ན་ཉེས་པ་མེད། །བཟུང་བའི་དམིགས་པ་གསང་བའི་བུ་ག་ནས། །ཧཱུྃ་ཡིག་སུམ་བརྩེགས་ཁྲིག་གིས་བཀག་པ་དང་། །ལྡོག་པའི་དམིགས་པ་སྤྱི་བོའི་ཧཾ་ཡིག་ལས། །ཐིག་ལེ་ཐམས་ཅད་སྐར་མདའ་ཆད་པ་བཞིན། །ཡར་འཕྲོས་ཧཾ་ལ་སིབ་སིབ་ཐིམ་པར་བསྒོམ། །བཟུང་དང་ལྡོག་དང་བཀྲམ་པ་གསུམ་ཀ་ལ། །རིག་པ་ནམ་མཁའི་དབྱིངས་འཕང་ངོ་བོ་སྐྱོང་། །ནམ་མཁའ་བཞིན་དུ་རྒྱ་བསྐྱེད་བཞག་པ་ཟབ། །ཐིག་ལེ་འབེབས་པ་གནད་ཀྱི་གདམས་པ་ནི། །དབང་པོ་།དམན་པའི་ཐ་མལ་གང་ཟག་གིས། །ཡི་དམ་ཡུམ་ལ་ཆགས་པ་མི་སྐྱེ་བས། །དང་པོ་རང་ཉིད་ཡི་དམ་བསྒོམ་པ་དེ། །འོད་ཞུ་ངོ་བོ་ཡི་དམ་ཡིན་པ་ལ། །རྣམ་པ་ཨོ་རྒྱན་གཅེར་བུ་ཕྱག་གཉིས་པ། །ཡི་དམ་ཡུམ་དེ་འོད་དུ་ཞུ་བ་ལས། །ངོ་བོ་ཕག་མོ་རྣམ་པ་ཐ་མལ་གྱི། །བུད་མེད་རང་གི་ཡིད་མཐུན་གཅིག་ཏུ་བསྒོམ། །དབེན་པའི་གནས་སུ་རང་དང་


CMR056_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་དུ་འཁོད། །ཕན་ཚུན་གཟུགས་ལ་ལྟ་ཞིང་ཆགས་པར་བསྒོམ། །དེ་ཡི་ངོ་བོར་བལྟས་པས་སྣང་སྟོང་འཆར། །ལྟ་བས་ཚིམ་པའི་ཆགས་པ་སྦྱངས་བ་ཡིན། །དེ་ནས་རྒོད་ཅིང་ཆགས་པའི་གཏམ་སྨྲ་བསམ། །ངོ་བོར་བལྟས་པས་གྲག་སྟོང་ཉིད་དུ་འཆར། །རྒོད་པས་ཚིམ་པའི་ཆགས་པ་སྦྱངས་བ་ཡིན། །དེ་ནས་རྩེ་ཀྱུ་ལག་པ་སྦྲེལ་བ་དང་། །ལུས་ལ་བྱུག་ཅིང་འཕུར་དང་འོ་བྱེད་བསམ། །ངོ་བོར་བལྟས་པས་རེག་བྱ་མྱང་སྟོང་འཆར། །ལག་པ་བཅང་བས་ཚིམ་པའི་ཆགས་པ་སྦྱངས། །དེ་ནས་ཕན་ཚུན་ལུས་པོ་འཁྱུད་བྱས་ཏེ། །རྡོ་རྗེ་པདྨ་མཉམ་པར་སྦྱོར་བར་བསམ། །དེ་ནས་ཡུམ་གྱིས་མ་བཟོད་འགུལ་བསྐྱོད་བྱས། །བདེ་བའི་སྐད་འབྱིན་ཡབ་ཡུམ་བདེ་བ་རྒྱས། །རྩ་གནས་བཞི་ལ་དགའ་བཞི་ངོས་བཟུང་སྟེ། །ལྡོག་དང་བཀྲམ་པའི་དམིགས་པ་གོང་དང་མཚུངས། །ཁྱད་པར་ཡུམ་དེ་རང་གི་སྤྱི་བོར་བྱོན། །ཇེ་མཐོ་ཇེ་མཐོཨོ་ནམ་མཁའི་དབྱིངས་སོང་བ། །དེ་ཡི་བྷ་གར་རིག་པ་རྩེ་གཅིག་གཏད། །ཐིག་ལེ་ལྡོག་པའི་དམིགས་པ་དེ་རང་ཟབ། །གལ་ཏེ་རླུང་གི་ནུས་པ་མ་ཐོན་ན། །ཐིག་ལེ་དབབ་པའི་འདོད་ཆགས་བདེ་བ་


CMR056_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

དེས། །ལྡོག་པར་མ་ནུས་འཆོར་བར་འདུག་པ་ན། །རང་ཉིད་ཡུམ་དང་མཉམ་པོར་སྦྱོར་བསྒོམ་པ། །ཡུམ་གྱི་བྷ་གར་ཡི་དམ་དཀྱིལ་འཁོར་བསྐྱེད། །དེ་ལ་གསང་བའི་མཆོད་པ་ཕུལ་དམིགས་ཤིང་། །ཡི་དམ་རྩ་སྔགས་མཇུག་ཏུ་སྔགས་འདི་སྦྱར། །མ་ཧཱ་སུ་ཁ་གུ་ཧྱ་པཱུ་ཛ་ཧོཿ ཞེས་བརྗོད་གྲེ་འགག་བཏང་ལ་ལག་མཐིལ་ཟེད། །འདི་ལ་ཉ་ཕྱིས་སྣོད་དང་དུང་ལ་སོགས། །སྣོད་གཞན་མི་རུང་བརྟག་གཉིས་རྒྱུད་ལས་གསུངས། །དྲོད་མ་ཡལ་བར་ལྕེ་བཞག་མིད་བྱ་སྟེ། །འཁོར་ལོ་ལྔ་ཡི་རྩ་གནས་ཐམས་ཅད་ཀྱི། །དཔའ་བོ་མཁའ་འགྲོ་བདེ་བའི་མཆོད་པས་མཉེས། །བདག་ལུས་བདེ་ཆེན་ཡེ་ཤེས་འབར་བར་བསྒོམ། །དེ་ཡིས་བྱང་སེམས་ཉམས་པའི་ཉེས་པ་མེད། །དེ་པ་མཐུན། །ཧ་ལྟར་ཅུང་ཟད་གསོལ་བའི་ལྷག་མ་རྣམས། །དཔྲལ་མགྲིན་སྙིང་ཁ་ལྟེ་བར་ཐིག་ལེ་བྱས། །ཡི་དམ་རྩ་སྔགས་ཤམ་བུར་སྔགས་འདི་བཏགས། །ཀཱ་ཡ་བཛྲ་རཀྵ་རཀྟ་ཨོ། ཝཱཀ་བཛྲ་རཀྵ་རཀྟ་ཨཱཿཙིཏྟ་བཛྲ་རཀྵ་རཀྵ་ཧཱུཾ། སརྦ་བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་བརྗོད་གནས་བཞིར་ཨོ་དཀར་ཨཱཿདམར་པོ། །ཧཱུཾ་མཐིང་ཧྲི་ཡིག་ལྗང་གུ་བཞིར་གྱུར་


CMR056_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་རྡོ་རྗེ། །ཡེ་ཤེས་རྡོ་རྗེ་བཞི་ཡི་བཅུད་བསྡུས་བསྟིམ། །དེ་ནི་བྱང་སེམས་བསྲུང་བ་ཟབ་མོ་སྟེ། །ཁྲོ་ཆུ་ལ་སོགས་གཤིན་རྗེའི་རྒྱུད་ནས་གསུངས། །དེ་ནས་འདི་ཡི་ལས་ཚོགས་བཤད་པ་ནི། །དཔེར་ན་ཐ་མལ་བུད་མེད་གཞོན་ནུ་རྣམས། །རྡོ་ཇེ་སྦོམ་ཞིང་ཤུགས་དྲག་ལྡན་པ་དེས། །བསྣུན་ན་སྐྱེས་པ་གཞན་དག་མི་འདོད་ཅིང་། །རང་གི་མི་བདག་དེ་དང་འབྲལ་མི་ཕོད། །དེ་བཞིན་ཡེ་ཤེས་ལས་དང་འཇིག་རྟེན་གྱི། །མ་མོ་དང་ནི་མཁའ་འགྲོ་ཐམས་ཅད་དང་། །ཡི་དམ་ལྷར་བསྒོམ་སྦྱོར་བ་བྱེད་དམིགས་པའི། །རྣལ་འབྱོར་དེ་ལ་དགའ་བཞི་དངོས་གྲུབ་སྦྱིན། །དེ་དོན་ཐིག་ལེ་ནོར་བུའི་རྒྱུད་ལས་གསུངས། །ཁྱད་པར་མཁའ་འགྲོ་འབུམ་ཕྲག་མང་པོ་ཞིག །མ་འོངས་ཡིད་ཀྱིས་སྦྱོར་བ་བྱེད་སྒོམ་པའི། །ཆུང་མ་བྱེད་ཅིང་དངོས་གྲུབ་སྦྱིན་ནོ་ཞེས། །ཕྱག་ན་རྡོ་རྗེའི་སྤྱན་སྔར་དམ་བཅས་ནས། །ཀ་མ་རུ་ཡི་གནས་སྐོར་གནས་པར་བཤད། །ཀ་མ་རུ་ནི་ཀམ་པོ་གངས་ར་ཡིན། །དཔེར་ན་རང་ཉིད་རྒྱལ་བ་རྒྱ་མཚོར་བསྒོམ། །ཕག་མོ་ཡུམ་དང་སྦྱོར་


CMR056_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱེད་པ་ཆེ། །ཚིགས་པའི་སྒྲ་ནི་ཧ་ཧ་སི་སི་དོན། །ཀུན་ཏུ་ར་སོགས་སྒྲ་སྐད་བསྒྲགས་པ་ཡིས། །ཕྱོགས་བཅུ་སངས་རྒྱས་བྱང་སེམས་ཐམས་ཅད་བྱོན། །ཡབ་རྣམས་ཡབ་ཞལ་ཡུམ་རྣམས་ཡུམ་ཞལ་ཞུགས། །བྱུང་སེམས་ངོ་བོར་ཞུ་བས་རྩ་གནས་བརྒྱུད། །ཡབ་ཡུམ་སྐུ་ལུས་བདེ་བས་རབ་ཏུ་རྒྱས། །ཡབ་ཡུམ་བྱང་སེམས་དཀར་དམར་བྷ་གར་བབ། །ཧཱི༔ཡིག་དམར་པོར་གྱུར་པའི་འོད་ཟེར་གྱིས། །སེམས་ཅན་གཏི་མུག་ཅན་རྣམས་སྒྲིབ་པ་སྦྱང་། །འོད་ཟེར་ཚུར་འདུས་ཧྲུལ་ཐིམ་པ་ཡིས། །བདེ་གཤེགས་སྐུ་ཡི་རིགས་ཀྱི་སྤྱན་རས་གཟིགས། །ཆ་ལུགས་བདག་ཉིད་ཡབ་ཡུམ་འདྲ་བར་གྱུར། །དེ་ལས་རང་འདྲའི་སྤྲུལ་པས་འཇིག་རྟེན་གང་། །སེམས་ཅན་ཀུན་གྱི་གཏི་མུག་སྒྲིབ་པ་སྦྱོང། །མཛད་པ་བཅུ་གཉིས་སྒོ་ནས་འགྲོ་དོན་མཛད། །སངས་རྒྱས་ཀུན་གྱི་སྐུ་ཡི་བྱིན་རླབས་བསྡུས། །ཐམས་ཅད་ཚུར་འདུས་ཡུམ་གྱི་བྷ་གར་ཐིམ། །འོད་ཞུ་བྱང་སེམས་དཀར་དམར་བདུད་རྩིར་གྱུར། །དེ་ནས་འདྲེན་གྱིས་རླུང་ལ་འཁྲུལ་འཁོར་བཅས། །སྦུ་གུས་འོ་མ་འཇིབ་པ་ཇི་བཞིན་དུ། །རྡོ་རྗེའི་ལམ་ནས་ཡར་དྲང་བདག་ལུས་གང་། །སྐུ་


CMR056_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དངོས་གྲུབ་ཐོབ་བསྒོམ་མི་དམིགས་བཞག །དེ་བཞིན་བདག་ཉིད་རྡོ་རྗེ་སྤྱན་རས་གཟིགས། །ཡབ་ཡུམ་སྦྱོར་བས་ཐུགས་ཀྱི་དངོས་གྲུབ་བསྡུས། །རང་ཉིད་རིན་ཆེན་འབྱུང་ལྡན་སྤྱན་རས་གཟིགས། །ཡབ་ཡུམ་སྦྱོར་བས་ཡོན་ཏན་དངོས་གྲུབ་བསྡུས། །རང་ཉིད་པདྨ་རིགས་ཀྱི་སྤྱན་རས་གཟིགས། །ཡབ་ཡུམ་སྦྱོར་བས་གསུང་གི་དངོས་གྲུབ་བསྡུས། །རང་ཉིད་ལས་ཀྱི་རིགས་ཀྱི་སྤྱན་རས་གཟིགས། །ཡབ་ཡུམ་སྦྱོར་བས་ཕྲིན་ལས་དངོས་གྲུབ་བསྡུས། །དེ་བཞིན་རང་ཉིད་འཕགས་པ་སྤྱན་རས་གཟིགས། །སྒྲོལ་དཀར་དང་སྦྱོར་ཚེ་ཡི་དངོས་གྲུབ་བསྡུས། །སྒྲོལ་སྔོན་དང་སྦྱོར་འཇིགས་པ་བཅུ་དྲུག་ཞི། །ལོ་མ་ཅན་སྦྱོར་རིམས་ནད་ཞི་བར་བྱེད། །ལྷ་མོ་ཙན་དང་སྦྱོར་ནད་ཀུན་ཞི། །ཁྲོ་གཉེར་ཅན་དང་སྦྱོར་བས་འཇིགས་པ་སྐྱོབ། །དེ་བཞིན་རང་ཉིད་རྟ་མགྲིན་ཏིང་འཛིན་གྱིས། །ཀུ་རུ་ཀུལླེ་དང་སྦྱོར་སྦྱོར་མཚམས་གྱི། །འོད་ཟེར་སྤྲོ་བསྡུས་སྣང་སྲིད་དབང་དུ་བྱེད། །རང་ཉིད་བེར་ཆེན་མགོན་པོའི་ཏིང་འཛིན་གྱིས། །རང་བྱུང་མ་དང་སྦྱོར་བས་ལྷ་མོ་འགྲུབ། །ངེས་པར་ལྷ་མོ་བསྒྲུབ་པའི་རྣལ་འབྱོར་པས། །ཟླ་ངོ་རེ་ལ་ལན་རེ་མ་


CMR056_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ན། །དམ་ཚིག་ཆགས་པ་ལྷ་མོའི་རྒྱུད་ནས་གསལ། །དེ་བཞིན་བླ་མེད་ཡབ་ཡུམ་གང་དང་གང་། །གོང་ལྟར་ཐིག་ལེ་དབབ་ལྡོག་བཀྲམ་པ་དང་། །རྩ་གནས་བཞི་ལ་དགའ་བཞི་མྱོང་བ་སོགས། །ཐམས་ཅད་ཀུན་ལ་ཁྱད་པར་མེད་པ་སྟེ། །ཞལ་སྦྱོར་བསྒོམ་པའི་དོན་རྩ་དེ་རང་ཡིན། །ཡིད་ཀྱིས་རིག་མ་བསྟེན་པར་བསྒོམ་པ་ལ། །ཡིད་རིག་ཡེ་ཤེས་ཕྱག་རྒྱ་ཞེས་བྱའོ། །རང་ཉིད་སློབ་དཔོན་པདྨའི་ང་རྒྱལ་གྱིས། །ཨ་ཕྱི་ཚེ་རིང་མ་དང་བརྟན་མ་སོགས། །སྦྱོར་བར་བསྒོམས་པས་དེ་ཉིད་སྒྲུབ་ཐབས་ཟབ། །མཛའ་ལྟར་བསྟེན་པའི་མན་ངག་གནད་ཆེ་འོ། །དབང་ནི་གསུམ་པའི་ཉམས་ལེན་གཙོ་བོ་སྟེ། །འོན་ཀྱང་གསང་སྔགས་ཐོས་རྒྱ་ཆུང་བ་ཡི། །འདི་ཐོས་གསང་སྔགས་ཆོས་ལ་སྐུར་འདེབས་པས། །ཆོས་སྤང་ལས་ཀྱིས་ཁོ་ཉིད་དམྱལ་བར་འགྲོ། །རང་ཉིད་གསང་བ་ཐུགས་ཀྱི་དམ་ཚིག་ཉམས། །ཚེ་འདིར་མཁའ་འགྲོའི་བཀའ་ཆད་དྲག་པོས་མནར། །བཤགས་པ་མ་ཐེང་རྡོ་རྗེའི་དམྱལ་བར་འགྲོ། །བཤགས་པ་ཐེང་ན་དམྱལ་བར་མི་འགྲོ་ཡང་། །སྐྱེ་བ་ལྔ་བརྒྱ་སྨྱོ་འབོག་ནད་ཀྱིས་ཐེབས། །དེ་ཕྱིར་སྣོད་མིན་རྣམས་ལ་གསང་དམ་
བཅའ། །སྣོད་ལྡན་སྙིང་གི་བུ་ལ་མ་བསྟན་ན། །དགའ་བཞི་ཡེ་ཤེས་དངོས་སུ་མི་སྐྱེ་བས། །གསང་སྔགས་ཚིག་རྣམས་གོ་བ་སྐམ་པོར་ལུས། །བྱིན་རླབས་ཉམས་དང་རྟོགས་པའི་བརྒྱུད་པ་ཆད། །དེ་ཕྱིར་སྣོད་ལྡན་རྣམས་ལ་བསྟན་པར་བྱ། །དེ་སྐད་རྣལ་འབྱོར་རཱ་ག་ཨ་སྱ་ཡིས། །རྟ་ལོ་ཁྲུམས་ཟླའི་ཚེས་གཅིག་སྔ་དྲོར་སྨྲས། །རྡོ་རྗེ་འཛིན་པ་བརྩོན་འགྲུས་རྒྱ་མཚོས་བྲིས། །སྙན་བརྒྱུད་ཡི་གེར་བྲིས་པའི་ཉེས་མཆིས་ན། །ཌཱ་ཀི་བྱེ་བ་འབུམ་གྱི་དྲུང་དུ་བཤགས། །དགེ་བས་གསང་སྔགས་བསྟན་པ་མཐའ་རྒྱས་ཏེ། །དགེ་སློང་ཁྲིམས་ལྡན་རྡོ་རྗེ་འཛིན་པའི་ཚོགས། །སྐར་ཚོགས་ལྟ་བུར་བསྟན་པ་མཛེས་བྱེད་ཤོག །མངྒ་ལཾ། །


previousདགའ་བཞི་ཡེ་ཤེས་དངོས་སུ་ངོ་སྤྲོད་ཕྱིར། ༼ང༽ །གདམས་ངག་ཡེ་ཤེས་མཁའ་འགྲོའི་གསང་ཚིག་ཡོད། །next