Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
   
   
སྡིག་ཅན་རྒྱལ་པོས་ཆད་པ་གཅོད་པའི་ཚེ། ༼ཅ༽ །བཙན་ཐབས་འཕོ་བ་བཙོན་ནས་ཐར་ཐབས་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྡིག་ཅན་རྒྱལ་པོས་ཆད་པ་གཅོད་པའི་ཚེ། ༼ཅ༽ །བཙན་ཐབས་འཕོ་བ་བཙོན་ནས་ཐར་ཐབས་ཡོད། །next

སྡིག་ཅན་རྒྱལ་པོས་ཆད་པ་གཅོད་པའི་ཚེ། ༼ཅ༽ །བཙན་ཐབས་འཕོ་བ་བཙོན་ནས་ཐར་ཐབས་ཡོད། །


CMR056_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། བཙན་ཐབས་འཕོ་བའི་གདམས་ངག་ཉེས་ཆེན་བཙོན་ནས་ཐར་ཐབས་བཞུགས་སོ། །སྣོད་མིན་ལ་ཤིན་ཏུ་སྦས་པའི་དམ་ཚིག་གོ །ན་མོ་གུ་རུ་ཌཱཀྐི་ནཱི་ཧཱུྃ། བླ་མ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །དགོངས་པ་འགྲོལ་ཞིང་བྱིན་གྱིས་བརླབ་ཏུ་གསོལ། །གསར་རྙིང་གསང་སྔགས་རྒྱུད་སྡེ་ཐམས་ཅད་ནས། །


CMR056_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྒོམ་འཕོ་བའི་གདམས་ངག་གསུངས་མོད་ཀྱང་། །བསྒོམ་ཡུན་ཐུང་བས་ཆོག་པའི་དོན་ཡིན་གྱིས། །གཏན་ནས་བསྒོམ་མི་དགོས་པ་མ་ཡིན་ནོ། །ཉམས་ལེན་ཤེས་ཀྱང་བརྟན་པ་མ་ཐོབ་དང་། །འཆི་བ་བྱུང་ན་ཞིང་ཁམས་བགྲོད་ཕྱིར་གསུངས། །དེ་ཡང་འཆི་རྟགས་ངེས་པར་ཚང་དགོས་ཏེ། །འཆི་རྟགས་ཚང་ཡང་འཆི་བསླུ་ལན་གསུམ་བྱ། །འཆི་རྟགས་མ་ཚང་འཆི་བསླུ་མ་བྱས་པར། །འཕོས་ན་རང་ཉིད་ལྕེབ་པའི་ཉེས་པ་འབྱུང་། །ལུས་ལྷ་ཐམས་ཅད་བསད་ཕྱིར་མནར་མེད་ལྟུང་། །དེ་དོན་རྡོ་རྗེ་གདན་བཞིའི་རྒྱུད་ཆེན་ལས། །དུས་ལ་བབ་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་ཕྱིར་རོ། །ལྷ་རྣམས་བསད་པ་ཙམ་གྱིས་ནི། །ངེས་པར་མནར་མེད་འགྲོ་བར་འགྱུར། །ཞེས་པའི་དོན་ཡང་དེ་ལ་དགོངས་པ་ཡིན། །ཐོག་མར་བུམ་ཅན་རླུང་གིས་དགའ་རབ་སྦྱངས། །དེ་བས་དུས་ལ་བབ་དུས་འཕོ་བྱ་བར། །རླུང་ལ་མ་བྱང་སྔགས་དམིགས་ཁོ་ན་ཡིས། །ཡུན་རིང་བཟུང་བས་ཚེ་ནི་ཐུང་འགྱུར་གྱིས། །འཕོ་བར་འདོད་ཀྱང་འཕྲལ་དུ་འཕོ་མི་ནུས། །དང་པོར་འཕོ་བར་རྟགས་ནི་ཐོན་ངེས་སྦྱངས། །དེ་ནས་བུམ་ཅན་རླུང་ལ་བྱང་བའི་མི། །


CMR056_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་ནད་མ་ཕོག་གོང་དུ་རང་འཕོས་ན། །མཚམས་མེད་བྱས་སམ་སྡོམ་པ་ཤོར་བ་སོགས། །ཚབས་ཆེན་སྡིག་དང་འདྲེས་པའི་སྐྱེས་བུ་ཡང་། །རབ་ཏུ་དག་པའི་ཞིང་ཁམས་ཐ་མ་ཡང་། །ལྷ་ལུས་སམ་ནི་མི་ལུས་ཆོས་ལྡན་སྐྱེ། །དེ་དོན་བླ་མེད་རྒྱུ་སྡེ་དུ་མ་ནས། །ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ནི་བྱེད་པ་དང་། །གདོལ་བ་སྨིག་མ་མཁན་ལ་སོགས། །ལམ་མཆོག་འདིས་ནི་བྱང་གྱུར་ཏེ། །བདེ་བའི་གནས་སུ་འགྲོ་བ་དང་། །སྲིད་པའི་ལམ་ལས་རིང་དུ་གྲོལ། །འཁོར་བའི་སྐྱོན་གྱི་མ་གོས་སོ། །གསུངས་པའི་དོན་ཡང་དེ་ལ་དགོངས་པ་ཡིན། །དེ་ཡང་བཙན་ཐབས་འཕོ་བ་ཞེས་བྱ་བ། །སྡིག་ཆེན་རྒྱལ་པོ་སོགས་ཀྱིས་བཟུང་བྱས་ཏེ། །གསོད་པར་ངེས་ཤིང་ཡུན་རིང་རྔན་གསོད་བྱེད། །ཙི་ཙི་ཛྭ་ལ་ལ་སོགས་ནད་ཀྱིས་ཐེབས། །འཆི་བར་ངེས་ཀྱང་ཡུན་རིང་མི་འཆི་ཞིང་། །གནད་གཅོད་སྡུག་བསྔལ་དྲག་པོ་མི་བཟོད་དམ། །འབྲོག་ཆེན་འཇིགས་པའི་ཡུལ་ཕྱོགས་སྟོང་པར་ལུས། །རྐང་པ་ཞ་སོགས་འགྲོ་བའི་ནུས་པ་མེད། །མུ་གེས་འཆིའམ་གཅན་གཟན་གྱིས་གསོད་སོགས། །འཆི་རྐྱེན་ངན་པ་འདི་དག་མི་བཟོད་


CMR056_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ན། །དེ་ཚེ་བཙན་ཐབས་འཕོ་བའི་གདམས་ངག་དགོས། །མི་བྱེད་ཀ་མེད་དེ་འདྲ་མ་གཏོགས་པ། །བཙན་ཐབས་འཕོ་བ་བྱ་བར་མི་རུང་གསུང་། །བདག་གི་འདྲེན་མཆོག་ཆོས་ཀྱི་དབང་ཕྱུག་གི །འཕོ་བ་བཙན་ཐབས་ལམ་ནི་མ་དགོས་ཙམ། །བྱུང་ན་ཀུན་ལ་སྙིང་གཏམ་བྱའོ་གསུངས། །གལ་ཏེ་འཕོ་བ་བཙན་ཐབས་དགོས་བྱུང་ན། །སྔོན་དུ་སྐྱབས་འགྲོ་བྱང་ཆུབ་སེམས་བསྐྱེད་དང་། །སྤྱི་བོར་བླ་མ་འོད་དཔག་མེད་བསྒོམ་ཞིང་། །མཎྜལ་འབུལ་དང་ལུས་ཀྱི་སྟོང་ར་སོགས། །འཕོ་བའི་དམིགས་པ་གཞུང་དང་མཚུངས་པ་ཡིན། །དེ་ནས་བུམ་ཅན་རླུང་ནི་དྲག་པོ་བཟུང་། །ཐིག་ལེ་སྤྱི་བོར་སྤུར་བའི་དམིགས་པ་བཅས། །ཁ་དང་སྣ་གཉིས་མཉམ་དུ་རླུང་ཕྱིར་འབུད། །ནང་ལ་མི་རྡུབས་ཕྱི་རུ་ལན་བརྒྱ་ཙམ། །དྲག་པོར་ཧ་ཧ་བརྗོད་ཅིང་རླུང་ཕྱིར་བཏང་། །དེ་རྗེས་ལག་གཉིས་རྩེའུ་ཆུང་དྲག་ཏུ་མནན། །ལག་གཡས་མགུལ་མདུད་ཤེད་ཀྱིས་རྒྱབ་ཏུ་ཕུལ། །དེ་མ་ཐག་ཏུ་དུས་ལ་འདའ་བ་ཡིན། །གལ་ཏེ་དེས་ཀྱང་འཕོ་བར་མ་ནུས་ན། །སྔོན་ལྟར་དེ་རྣམས་ལན་གཅིག་ཝིག་བྱས་ལ། །རྡོ་འམ་དབྱུག་པ་འཕྲད་དུ་བརྐྱང་བའི་སྟེང་། །གན་རྐྱལ་
ལོག་ནས་སྒལ་པ་དེ་ལ་བཀལ། །རྩེའུ་ཆུང་མགུལ་མདུད་དྲག་མནན་ཁ་སྣ་ནས། །རླུང་ནི་དྲག་ཏུ་ཕྱིར་ལ་འབུད་དེ་འཕོ། །དེ་ནི་མཉམ་མེད་དྭགས་པོའི་གདམས་པ་ཡིན། །དེ་ནི་སྣོད་མིན་རྣམས་ལ་བཀའ་རྒྱས་གདབ། །ཅི་ཕྱིར་སྡུག་བསྔལ་ཅུང་ཟད་བྱུང་བའི་དུས། །དེ་ལྟར་བྱས་འཕོས་ལྕེབ་དང་ཁྱད་པར་མེད། །དེ་ཕྱིར་ཤིན་ཏུ་གསང་ཞིག་རིགས་ཀྱི་བུ། །དེ་སྐད་རྟོགས་ལྡན་རཱ་ག་ཨ་སྱ་ཡིས། །རྟོགས་ལྡན་བརྩོན་འགྲུས་རྒྱ་མཚོ་དེ་ལ་གདམས། །དགོས་པ་མེད་ཀྱང་གསང་སྔགས་ཕྱག་ལེན་རྣམས། །གྲོང་འཇུག་མ་གཏོགས་ལག་ཏུ་ལེན་ཕྱིར་ཡིན། །ག་ཕུར་ཏིང་གང་ཟོས་ནས་འཆི་བ་སོགས། །བཙན་དུག་འགམ་དང་ཁྱད་པར་མེད་པའི་ཕྱིར། །འཕོ་བ་མ་ཡིན་ལྕེབ་པ་ཡིན་ཕྱིར་སྤངས། །དེ་སྐད་རྟ་ལོ་ཐ་སྐར་ཚེས་གཅིག་གི །ཕྱི་ཐུན་སྨྲས་བཞིན་ཀརྨ་བིརླས་བྲིས། །ས་མཱ་ཡ། རྒྱ་རྒྱ་རྒྱ།།


previousསྡིག་ཅན་རྒྱལ་པོས་ཆད་པ་གཅོད་པའི་ཚེ། ༼ཅ༽ །བཙན་ཐབས་འཕོ་བ་བཙོན་ནས་ཐར་ཐབས་ཡོད། །next