Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
བསོད་ནམས་ལོངས་སྤྱོད་མངའ་ཐང་རྒྱས་པའི་ཕྱིར། ༼ཆ༽ །སྨུག་འཛིན་དཀར་པོ་ལྷ་ལྔའི་ལོ་རྒྱུས་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསོད་ནམས་ལོངས་སྤྱོད་མངའ་ཐང་རྒྱས་པའི་ཕྱིར། ༼ཆ༽ །སྨུག་འཛིན་དཀར་པོ་ལྷ་ལྔའི་ལོ་རྒྱུས་ཡོད། །next

བསོད་ནམས་ལོངས་སྤྱོད་མངའ་ཐང་རྒྱས་པའི་ཕྱིར། ༼ཆ༽ །སྨུག་འཛིན་དཀར་པོ་ལྷ་ལྔའི་ལོ་རྒྱུས་ཡོད། །


CMR056_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། རྒྱལ་བ་དཀོན་མཆོག་འབངས་ཀྱིས་བསྩལ་བའི་འཕགས་པ་སྨུག་འཛིན་དཀར་པོའི་ལྷ་ལྔའི་ལོ་རྒྱུས་དང་སྒྲུབ་ཐབས་ཀྱི་ཟིན་བྲིས་བཞུགས་སོ། །ན་མོ་


CMR056_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྱ་ཛམྦྷ་ལ་ཡེ། འདིར་ཇོ་བོ་ཆེན་པོ་དྷི་པཾ་ཀཱ་རའི་ལུགས་ཀྱི་སྒྲུབ་ཐབས་དང་རྒྱ་གཞུང་དང་། བསྟོད་པའི་རྒྱ་གཞུང་མང་ཉུང་གཉིས་ལ་བསྟེན་ཏེ། གྲུབ་མཐའ་སོ་སོའི་བླ་མ་རྣམས་ཀྱིས་མཛད་པ་མང་ཡོད་ཀྱི། རྗེ་དཀོན་མཆོག་འབངས་ཀྱིས་མཛད་པ་འདི་ནི། ཚིག་ཉུང་ལ་དོན་ཟབ་ཅིང་འཐུས་པར་འདུག་ནའང་། ཞལ་ཤེས་ཀྱི་རྒྱུན་མེད་ན་ནི་རྒྱུད་ཚིག་འདྲ་བ་ཅུང་ཞིག་རྟོགས་དཀའ་བར་མཐོང་ནས། རྒྱས་པར་ཕྱེ་སྟེ་བཤད་པར་བྱ་བ་ལ། ཐོག་མར་ལོ་རྒྱུས་ཀྱི་དོན་ལ། ཆོས་སྙིང་ནས་བྱེད་པ་ལ་ནོར་ལྷ་སྒྲུབ་མི་རུང་སྟེ། །ལོངས་སྤྱོད་ཆེ་བས་དགེ་སྦྱོར་ཆག་པ་དང་། གང་ལ་ནོར་ཡོད་དེ་ལ་སེར་སྣ་ཡོད་ཅེས་པ་ལྟར། སྐྱོང་བྲན་འཚོ་སྐྱོང་གིས་གཡེངས་བས་ལྷའི་བུའི་བདུད་ཡིན་ཞེས་འབྲུག་ལུགས་ཀྱིས་ཛམ་གཏོར་མི་གཏོང་། དེ་དང་ཚིག་མཐུན་པར་རྫོགས་ཆེན་གྱི་རྒྱུད་ལ་ལ་ནས་ཀྱང་འབྱུང་ངོ་། །རྒྱུད་ནས་བཀག་པ་ནི། འཇིག་རྟེན་གྱི་ནོར་ལྷ་དང་གནོད་སྦྱིན་གྱི་རིགས་སྒྲུབ་ན། དེ་བསྒྲུབས་ནས་དགེ་སྦྱོར་ཆག་པ་དང་། འགྲུབ་ན་ལོངས་སྤྱོད་ཀྱིས་གཡེང་ནས་དགེ་སྦྱོར་མི་འོང་པ་དང་། གདུལ་བྱ་བྱུང་བ་ཡང་འཇིག་རྟེན་ལྷ་འདྲེས་བསྡུས་པ་ཡིན་ན་


CMR056_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་འཚོ་ཡིན་པས་མ་བྱིན་བླང་དང་ཆ་འདྲ་བར་བཤད་པ་ལ་དགོངས་སོ། །སྤྱིར་ཛམ་བྷ་ལ་ཐམས་ཅད་ས་བཅུ་པར་གསུངས་པ་དང་། ཁྱད་པར་ཛམ་ལྷ་དཀར་པོ་འདི་ངོ་བོ་ཐུགས་རྗེ་ཆེན་པོ་དངོས་རང་ཡིན་པས། མཆོག་ཐུན་མོང་གཉིས་ཀ་འབྱུང་བ་དང་། བདེ་བ་ཅན་དུ་སྐྱེ་བ་སོགས་ཕན་ཡོན་ཆེ་ལ། ཐུབ་པས་སྤྱོད་པ་བཀའ་རྟགས་ཀྱི་ཕྱག་རྒྱ་ལ་ཡང་། ཛམ་བྷ་ལྷ་ལ་ཆུ་སྦྱིན་པ་དང་། འཕྲོག་མ་ལ་ཆངས་བུ་སྦྱིན་པར་མ་བྱས་ན། ཉན་ཐོས་ལ་མི་ཐེ་བར་གསུངས་པའི་ཕྱིར་དང་། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཛམ་བྷ་ལ་བསྒྲུབས་ནས་སྦྱིན་པའི་ཕར་ཕྱིན་རྫོགས་ཏེ་སངས་རྒྱས་པ་ཡིན་པས། ཛམ་བྷ་ལ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡབ་ཡིན་པར་གནོད་གནས་དབང་པོའི་རྟོགས་བརྗོད་ལས་གསུངས་པའི་ཕྱིར་དང་། ཛམ་བྷ་ལ་ལྷའི་བུའི་བདུད་ཡིན་ཆུ་སྦྱིན་མི་རུང་ཟེར་བ་ནི་ཐོས་པས་དམན་པའི་གཏམ་ངོ་ཚ་བའི་གནས་སུ་ཤེས་པར་བྱ་ཞིང་། དེ་ཡང་རྗེ་དྭགས་པོའི་ཞལ་ནས་ཀྱང་། འཚོ་བ་ནི་ནོར་སྒྲུབ་སླ་བ་འདྲ་ཡོད་ན་བྱ་གསུངས་པ་དང་། རྗེ་དུས་གསུམ་མཁྱེན་པས་ཀྱང་། བསྒོམ་པ་ལ་ཡང་ལྟོ་ཆེ་བར་བཟའ་དགོས་པར་གདའ་ཞེས་


CMR056_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་དང་། །རྗེ་མི་ལ་ལ་ཤ་བའི་ཤ་ཕུལ་བ་ཤ་ཚོད་བྱས་ནས་གསོལ་བས་སྒོམ་ཤེད་སྐྱེས་པར་གསུངས་པ་དང་། །དེ་ལ་རྒྱ་གར་སྐད་དུ། ཨཱརྱ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ། བོད་སྐད་དུ། འཕགས་པ་སྨུག་འཛིན་ཚུའི་དབང་པོ་ཞེས་བྱ་བ་ནི་སྤྱིར་ཛམྦྷ་ལ་སྤྱིའི་མཚན་ཡིན་ཏེ། ཛམྦྷ་ལ་ནི་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་གཟུགས་ཏེ༔ སེམས་ཅན་རྣམས་ཀྱི་ཚོགས་བསགས་པའི་རྟེན་དུ་གཟུགས་ཀྱི་སྐུར་བཞེངས་པ་སྟེ། དཔེར་ན་ཡུམ་ཆེན་མོ་སྟོང་པ་ཉིད་ལ་གཟུགས་དང་ཁ་དོག་མེད་ན་ཡང་། སེམས་ཅན་རྣམས་ཀྱི་ཚོགས་བསགས་པའི་རྟེན་དུ་ཡུམ་ཆེན་མོ་གསེར་གྱི་མདོག་ཅན་དང་། དཀར་མོ་དང་། རྡོ་རྗེ་ཕག་མོ་སོགས་ཀྱི་སྐུར་སྣང་བ་ལྟ་བུ་དེའི་དོན་དེ་གོ་བར་བྱའོ། །སངས་རྒྱས་རྣམས་ཀྱི་སྦྱིན་པའི་ཕར་ཕྱིན་ལ་ལྷའི་སྐུ་གཅིག་འབྱུང་བ་འཐད་དམ་ཞེ་ན། རྣམ་རྒྱལ་མའི་དཀྱིལ་འཁོར་སོགས་ལ་ཡང་ཕར་ཕྱིན་བཅུ་ལ་ལྷ་མོ་བཅུར་བཤད་ནས་དཀྱིལ་འཁོར་དུ་བཀོད་པ་ལ་ངེས་ཤེས་བསྐྱེད་དོ། །འོན་ཀྱང་རིགས་དང་སྐུ་མདོག་སོགས་ལ་སྤྱི་དང་མཐུན་པར། ཛཾ་ནག་རྡོ་རྗེ་སེམས་དཔའ། ཛི་སེར་རིན་ཆེན་འབྱུང་ལྡན། ་ཛཾ་དམར་སྣང་བ་


CMR056_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་ཀྱི་སྤྲུལ་པ་ཡིན་པར་བྱེད་ལ། ཛཾ་དཀར་འདི་ནི་སྤྱན་རས་གཟིགས་སོ། །ངོ་བོ་དེ་ལྟ་བུ་ལ་རྣམ་པ་སྐྱེ་རྒྱུད་ནི་ཡབ་རྣམ་ཐོས་སྲས་ལ་བུ་སྟོང་ཙམ་ལ་གཅིག་གིས་མ་ཚང་བ་སྟེ། ཐམས་ཅད་མི་མཐུན་པར་དབང་པོ་ཞེས་བྱ་བ། གཅིག་ནི་ཕྱོགས་སྐྱོང་ནང་གི་སྲིན་མོ་ཀུན་ཏུ་རྒྱལ་བ་མི་ལ་ཞོན་པ་དེ་ཡིན། མཆོག་ཏུ་གྱུར་པའི་སྲས་གསུམ་ནི་ཛཾ་སེར་ནག་གཉིས་གར་མཁན་མཆོག་དང་གསུམ་ཡོད་པའི་ལོ་རྒྱུས་མང་དུ་འབྱུང་། དེ་ལ་ཡུམ་ནོར་རྒྱུན་མའི་སྲས་ཇོ་སེར། ཀླུ་དགའ་བོའི་བུ་མོ་པདྨ་གཙུག་ཕུད་མ་ལ་ནེའུ་ལེའི་ཚུལ་དུ་སྲས་བྱུང་བ་ཇི་ནག་ཡིན་པའི་ལོ་རྒྱུས་གཏམ་རྒྱུད་སོགས་འབྱུང་མོད་ཀྱི། དོན་ལ་སེར་ནག་གཉིས་པོ་ཐུགས་རྒྱུད་ངོ་བོ་གཅིག་པར་སྣང་། དེ་ལྟར་ངོ་བོ་གཅིག་པ་དེ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་རིགས་བསྡུས་ནས་ཛཾ་བྷ་ལའི་དཀར་སེར་དམར་ལྗང་ཁྲ་བོ་སོགས་འབྱུང་བ་ཡིན་ནོ། །དེ་ལ་གནོད་གནས་དབང་པོའི་རྟོགས་བརྗོད་ལས་ཇི་བྷ་ལའི་དཀྱིལ་འཁོར་བཤད་པའི་ནང་དུ་གནོད་སྦྱིན་དངུལ་གྱི་མདོག་ཅན་ཞེས་དང་། ཀརྨ་པཀྵིའི་རྣམ་ཐར་ལས་ལྕང་ལོ་ཅན་དུ་གནོད་སྦྱིན་རྒྱལ་པོའི་བུར་སྐྱེས་གསུངས་པ་རྣམས་


CMR056_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཛཾ་དཀར་འདི་ཉིད་དུ་ངེས་ཤིང་འདི་ཞལ་གཟིགས་ཁོ་ནར་མ་ངེས་ཏེ་གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་ཞང་བློན་གྱི་འཁོར་ལ་ཡང་ཛཾ་དཀར་འབྲུག་ཞོན་འབྱུང་བའི་ཕྱིར་རྙིང་མའི་རྒྱུད་འགའ་ཞིག་ན་ཡོད་པར་འདུག །ནོར་ལྷ་གསེར་གཟུངས་སོགས་སུ་ཨཱརླ་ཛཾ་བྷ་ལ་གསུངས་པ་ནི་ཡེ་ཤེས་པ་འདི་དག་ཡིན་པ་ལ། སྡེ་བརྒྱད་ཉི་ཟླའི་ཛཾ་བྷ་ལ་བཤད་པ་ནི་ཛཾ་བྷ་ལའི་རིགས་ཐོབ་པའི་སྡེ་བརྒྱད་ཀྱང་ཡོད་པར་སྣང་སྟེ། ཛམྦྷ་ལ་དང་། མ་ཧཱ་ཀཱ་ལ་རེ་མ་ཏི་ཟེར་བ་རྣམས་སྤྱིའི་མིང་ཡིན་ཏེ་ཐམས་ཅད་གཅིག་པར་རང་ཡིན་པར་ངེས་སོ། །དེ་ལ་པཎྜི་ཏ་དྷི་པཾ་ཀ་ར་ཤྲཱི་ཛྙཱ་ནས་ཤར་རི་བོ་པོ་ཊ་ལའི་འགྲམ་དུ་ཚུར་བྱོན་པས་མི་གཅིག་བཀྲེས་ནས་འཆི་ཞིང་གདའ་སྐད། པཎྜི་ཏས་ཅི་ཉེས་བྱས་པས། མི་ན་རེ་བཀྲེས་ནས་འཆི་བ་ཡིན་སྐད། པཎྜི་ཏ་སྙིང་རྗེ་ཆེན་པོ་སྐྱེས་ནས་གྲོང་དུ་བསོད་སྙོམས་སློང་དུ་ཕྱིན་ན་ནི་ཤུལ་དུ་ཁོ་འཆི་བར་འདུག །ད་ང་རང་གི་ཤ་བཅད་ལ་སྦྱིན་སྙམ་ནས་སྤུ་གྲིས་ལྷུང་བཟེད་ནས་ཕྱུང་ནས་སྐུ་ཤ་བཅད་ནས་མི་དེ་ལ་བྱིན་ནས་མི་དེ་ན་རེ་ངས་མི་ཤ་མི་ཟ་ཟེར་ནས་ཟ་མ་ཉན། པཎྜི་ཏས་ཟོ་དང་ཡུག་གཅིག་སྲོག་ཐུབ་འོང་། དེ་ནས་གྲོང་ཁྱེར་དུ་བསོད་སྙོམས་བྱས་


CMR056_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འོང་གི་བྱས་པས་མི་དེ་ན་རེ། སྤྱིར་ཡང་མི་ཤ་མི་ཟ། དེ་ཡི་ནང་ནས་ཆོས་པའི་ཤ་མི་ཟ་ཟེར་ནས་འདོད་དུ་མ་གཏུབ། འཕགས་པའི་བདེན་པ་མ་མཐོང་བའི་མི་ལ་སོགས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྐྱེན་གྱིས་འཆི་བ་ལ། ང་སྐྱེས་ནས་འཆི་བ་ལ་དབང་མེད་སྨྲས་པ་དང་། ཇོ་བོའི་ཐུགས་ཀྱིས་མི་དེ་སེམས་ཅན་བཀྲེས་པའི་སྡུག་བསྔལ་གྱི་འཆི་བ་ལ་བསམ་ན་ང་ཡི་སྙིང་གི་གར་ཚུགས་གསུངས་ནས། རི་བོ་པོ་ཏ་ལ་ལ་དབུ་བསྟན་ནས་བཤུམ་ཞིང་བཞུགས་པ་དང་། ས་གཡོ་བ་དང་ནམ་མཁའ་ལ་སྒྲ་ཆེན་པོ་བྱུང་བས་སྤྱན་ཕྱེས་ནས་གཟིགས་པས་ཟླ་བ་རྒྱས་པའི་གདན་ལ། འཕགས་པ་སྤྱན་རས་གཟིགས་བྱོན་ནས་ཅི་ཉེས་གསུངས་པ། མི་གཅིག་བཀྲེས་ནས་འཆི་བར་འདུག་པ་ལ་སོགས་པའི་ལོ་རྒྱུས་རྒྱས་པར་ཞུས་པ་དང་། འཕགས་པས་སྤྱན་ཆབ་ཕྱུང་བས། གཡོན་ནས་ཇོ་མོ་སྒྲོལ་མ་བྱུང་། གཡས་ནས་ཛཾ་བྷ་ལ་དཀར་པོ་ལྷ་ལྔ་བྱོན། མདུན་གྱི་ནམ་མཁར་འོད་དཀར་པོ་རེ་འདུག་པར་གཟིགས་ནས་ཇོ་བོ་ཐུགས་རྗེ་ཆེན་པོ་ཐུགས་ཤིན་ཏུ་དགྱེས་པའི་བསྟོད་པ་མཛད་པས། ཛཾ་བྷ་ལའི་ཞལ་ནས། མུ་ཏིག་གི་ཆར་བབ་བོ། །


CMR056_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲེས་པ་བསལ་བ་དང་། ཇོ་བོ་ཐུགས་རྗེ་ཆེན་པོའི་བྱིན་བརླབས་རྗེས་སུ་གནང་བ་ཡང་མཛད་དོ། །ཇོ་བོའི་ཞལ་ནས་ནོར་བདག་འདི་བསྒྲུབ་པ་ལ་ཕན་ཡོན་གཉིས་ཡོད་དེ། ཚེ་འདི་ལ་ཟས་གོས་གྱིས་མི་ཕོངས་ལ། ཕྱི་མ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་སུ་སྐྱེ་བར་འགྱུར་བ་ཡིན་གསུངས། ཡང་ཇོ་བོའི་ཞལ་ནས། ནོར་བདག་འདི་བསྒྲུབ་པ་ལ། ནོར་བདག་གི་གའུ་འཛོམ་ན་ནོར་བསྒྲུབ་པ་རབ་འབྲིང་ཐ་མ་གསུམ་བྱའོ། །ཆུ་སྦྱིན་དང་གཏོར་མ་མ་ཆག་པར་ཐེང་ན་རྣམ་པར་མི་རྟོག་པའི་གཟུངས་སྔགས་བརྒྱ་རེ་འདྲེན་ནུས་ན། ཚེ་འདི་དང་ཕྱི་མ་གཉིས་ཀ་ལ་ཟས་ནོར་ལྷུན་གྲུབ་ཏུ་འོང་སྟེ་བསྒྲུབ་ནུས་མི་མི་གདའ་གསུངས། འདི་ཤིན་ཏུ་བཀའ་རྒྱས་བཏབ་བོ། །ནོར་སྒྲུབ་རིན་ཆེན་སྤུང་བ་ཞེས་བྱ་བ་མི་འདི་ཇོ་བོས་ལོཙཱ་བ་རྒྱ་བརྩོན་འགྲུས་སེང་གེ་ལ་གནང་། ལོ་ཙཱ་བའི་ཞལ་ནས་ཇོ་བོས་མགོན་པོ་ལྕམ་དྲལ་གྱི་གདམས་པ་ཐམས་ཅད་གཅིག་ཏུ་དྲིལ་བ་ལས་འདི་ལྷག་གོ །འདི་ལ་གང་ཟག་གཅིག་གིས་ཉམས་ལེན་བྱས་ན་ཚེ་འདི་ལ་དབུལ་བ་སེལ་བ་ཡིན་གསུངས་སོ། །ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེའི་ཞལ་ནས། ཇོ་བོའི་ཆོས་སྐོར་འདི་ལ་ཆོས་བཞི་ཡོད་


CMR056_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དེ། ནག་ཚོ་ལོ་ཙཱ་བས་ཞུས་པས་བཞི་ཀ་གནང་བ་ཡིན། སྲོག་མཐུ་དུག་གི་སྤུ་གྲི་དང་གཅིག །ཚེ་སྒྲུབ་བདུད་རྩི་འཁྱིལ་པ་དང་གཉིས། དབང་སྡུད་ཕོ་རྐྱང་མོ་རྐྱང་བཙན་ཐབས་སུ་སྒྲུབ་པ་དང་གསུམ། ནོར་སྒྲུབ་རིན་ཆེན་སྤུང་པ་དང་བཞི་ཡིན་ནོ་གསུངས། སྤྱིར་ཡེ་ཤེས་ཀྱི་ཛཾ་བྷ་ལ་འདིའི་ཕན་ཡོན་ནི་གནོད་གནས་དབང་པོའི་རྟོགས་བརྗོད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་བའི་རྩ་བ་མ་བསགས་པའི་སེམས་ཅན་རྣམས་ཀྱི་རྣ་བའི་ཁུང་བུར་ཐོས་ཤིང་དྲན་པར་མི་འགྱུར་རོ། །གཞན་ཡང་དགེ་བའི་རྩ་བ་མ་བསགས་པའི་སེམས་ཅན་རྣམས་ཀྱི་ཉན་པ་དང་འབྲི་བ་དང་འཛིན་པ་དང་ཀློག་པ་ཙམ་ཡང་ནུས་པར་མི་འགྱུར་རོ། །སེམས་ཅན་གང་གིས་སྙིང་པོ་འདི་འཛིན་པ་ང་ཡིས་རྗེས་སུ་བཟུང་བར་འགྱུར་ཞིང་ཕྱིར་མི་ལྡོག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ངན་འགྲོར་སྐྱེ་བར་མི་འགྱུར་རོ། །མཐོང་བ་ཙམ་གྱིས་ནད་འབྱུང་བར་མི་འགྱུར་རོ། །དབུལ་པོ་དང་ཡིད་མི་བདེ་བ་དང་ལུས་ཀྱི་ཟུག་རྔུ་འབྱུང་བར་མི་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་


CMR056_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྫོགས་པར་བྱེད་པར་འགྱུར་རོ། །མཁས་པ་ཐམས་ཅད་ཀྱི་མཆོད་པའི་གནས་སུ་འགྱུར་རོ། །ལྷ་ཐམས་ཅད་དང་ཀླུ་དང་གནོད་སྦྱིན་རྣམས་འདུས་པས་ཀྱང་སྔགས་འདི་འཛིན་པའི་ཡོན་ཏན་དང་ཕན་ཡོན་རྟོགས་པར་མི་ནུས་སོ། །ཞེས་དང་། གདུག་པ་རྣམས་ལ་གནོད་གནས་ཀྱིས། །ཕོངས་པ་རྣམས་ནི་གསོ་བར་བྱེད། །སེམས་ཅན་རྣམས་ཀྱི་གནས་ཡིན་ཞིང་། །འགྲོ་བ་རྣམས་ནི་ཡང་དག་གསུངས། །དབང་པོ་ཀུན་ཤེས་གོ་འཕང་ལྡན། །གནོད་གནས་རྒྱལ་པོར་བརྗོད་པའོ། །མདོར་ན་འདི་ལས་གཞན་པའི་དེ་བཞིན་ཚུགཤེགས་པ་ཐ་དད་མེད་ལ་དེ་བཞིན་གཤེགས་པ་གཞན་མེད་འདི་འཛིན་པས་དེ་བཞིན་གཤེགས་པ་ཉེ་བར་མཆོད་པའི་གནས་ཡོངས་སུ་བྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྟག་ཏུ་བྱིན་གྱིས་བརླབས་པའོ། །ཕ་རོལ་ཏུ་ཕྱིན་པའི་སྟོབས་དང་ས་ཐོབ་པར་འགྱུར་རོ། །ཞེས་དང་། ཛཾ་བྷ་ལའི་དཀྱིལ་འཁོར་མཐོང་བའི་ཕན་ཡོན་ཡང་། འདོད་དོན་ཐམས་ཅད་སྒྲུབ་པའི་ཐབས་གང་གིས་མཐོང་བ་ཙམ་གྱིས་ཀྱང་། དེ་ནི་སྐྱེ་བ་གཅིག་ནས་གཅིག །སྔོན་དུ་བསགས་པའི་


CMR056_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྣམས་ཀྱང་། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དེ་བཞིན་སྐྱེ་བ་འདི་ལ་ཡང་། །ཤིན་ཏུ་སྡིག་པ་མི་ཟད་བྱས། །གནོད་སྦྱིན་དབང་པོ་གཟི་བརྗིད་ཆེ། །གང་གིས་མཐོང་བ་ཙམ་གྱིས་ཀྱང་། །བྱང་ཆུབ་སེམས་དཔའ་ཐོབ་པ་དང་། །སངས་རྒྱས་དང་ནི་ཡང་དག་འཕྲད། །ཕྱིར་མི་ལྡོག་པའི་ས་ཡང་ནི། །ཡུན་མི་རིང་བར་ཐོབ་པའོ། །མཐོང་བ་ཙམ་གྱིས་ཕན་ཡོན་ནི། །ང་ཡི་བཤད་ཀྱིས་ཁྱོད་རང་ཉོན། །དབུལ་བ་དང་ནི་ཡིད་མི་བདེ། །སེམས་ནི་ནད་ཀྱིས་གཟིར་བ་དང་། །གདོན་དང་བྱེད་དང་སྒྱུར་བ་དང་། །དེ་ཡིས་འཇིགས་པར་མི་འགྱུར་རོ། །ལྷ་དང་ཀླུ་དང་དྲི་ཟ་དང་། །ལྷ་མིན་དང་ནི་མཁའ་ལྡིང་སོགས། །དེ་ལས་གཞན་ཡང་ཡིད་མི་བདེ། །རྟག་པ་ཉིད་དུ་བསྲུང་བའོ། །གནོད་སྦྱིན་དེ་ནི་མཐོང་ཙམ་གྱིས། །དཀྱིལ་འཁོར་སངས་རྒྱས་ཀྱིས་བསྟན་པ། །འདིར་ནི་ཡོན་ཏན་དེ་རྣམས་མཐོང་། །བསྒྲུབ་པར་གྱུར་ན་ལྟ་ཅི་སྨོས། །ཞེས་གསུངས་ཏེ། གནོད་གནས་དབང་པོ་ཞེས་པ་ནི་ཛཾ་བྷ་ལའི་མཚན་གྱི་རྣམ་གྲངས་ཡིན་ལ། དཀྱིལ་འཁོར་མཐོང་བ་ཞེས་པ་ནི་དབང་ཐོབ་པ་ཡིན་ཞིང་། ཛཾ་དཀར་ལྷ་ལྔའི་


CMR056_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཡིན་པས་འདི་བསྒྲུབས་ན་ཕན་ཡོན་འདི་རྣམས་འབྱུང་བར་ངེས་ལ། ཛཾ་ནག་སྲོག་བཟུང་ལས་ཀྱང་། ལན་གཅིག་བསྒྲག་པ་ཙམ་གྱིས་སྐྱེ་བ་ལྔ་བརྒྱ་ལ་དབུལ་བའི་སྡུག་བསྔལ་དང་བྲལ་བར་འགྱུར་རོ། །སྒྲ་ཐོས་པ་ཙམ་གྱིས་ལོངས་སྤྱོད་དང་ལྡན་པར་འགྱུར་རོ། །ཞེས་དང་། གཞན་ཡང་ནོར་ལྷ་གསེར་གཟུངས་རིགས་མི་འདྲ་བགཉིས་དང་། ཆུ་དབང་སྙིང་རྗེ་ཅན་གྱི་གཟུངས་ནོར་བུ་བཟང་པོའི་སྙིང་པོ་དང་། གར་མཁན་མཆོག་སོགས་ནོར་ལྷ་སྤྱི་རྒྱུད་རྣམས་ནས། སྔགས་ཀྱི་སྒྲ་བྱ་རི་དྭགས་ཀྱིས་ཐོས་ཀྱང་ངན་སོང་དུ་མི་སྐྱེ་བར་བདེ་བ་ཅན་དུ་སྐྱེ་བར་གསུངས་པ་དང་། ཕ་རྒྱུད་གསང་འདུས་རྩ་རྒྱུད་དང་མཁའ་འགྲོ་རྡོ་རྗེ་གུར་གྱི་རྒྱུད་དང་། ་མགོན་པོའི་རྒྱུད་སོགས་ནས་དངོས་གྲུབ་འདོད་པས་ཛམྦྷ་ལ་བསྒྲུབ་པར་བྱ་གསུངས་པས། སྒྲུབ་ཐབས་ཀྱི་དངོས་གཞིར་ཆུ་སྦྱིན་དུ་བྱ་གསུངས་པའི་དོན་དང་དགོངས་པ་ཐམས་ཅད་འདི་ལ་འདུས་པར་ཤེས་པར་བྱའོ། །ཁྱད་པར་དུ་ཆུ་སྦྱིན་ཕན་ཡོན་ཡང་ནོར་བུའི་རྒྱུད་ལས། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྤྱན་བཟང་པོའི་དབུལ་ཕོངས་དང་ནད་དང་ཚེ་ཐུང་བ་རྣམས། །དེ་ལས་ཐར་བ་དང་། བསོད་


CMR056_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་དང་། དཔལ་དང་གྲགས་པ་དང་ཚེ་རིང་བ་དང་། བདེ་བ་འདོད་པས། ཇི་ལྟར་བྱ་ཞུས་པས། བཀའ་སྩལ་བ། དེ་ལྟར་ཕུན་སུམ་ཚོགས་པར་འདོད་པས་བྱང་ཆུབ་སེམས་དཔའ་ནོར་བུ་བཟང་པོ་དང་། ཆུ་སྦྱིན་བཟང་མོའི་བུ་དང་། ཨཱརྱ་ཛཾ་བྷ་ལ་ཞེས་བྱ་བ་ཡོད་དེ། དེལ་ཆུ་སྦྱིན་པས་ནི་དེའི་ལྷག་པའི་དྲི་མ་གསུམ་ཡང་དག་ཅིང་མཉམ་པའི་ས་བཅུ་ལ་གནས་ནས་སླར་ཕྱིར་མི་ལྡོག་པར་འབྱུང་གང་གི་བྱེད་པ་པོ་་དེ་ཡང་རྒྱུ་ཕུན་སུམ་ཚོགས་པ་ཐོབ་པ་ནི་ལྟ་ཅི་སྨོས། འབྲས་བུ་ཡང་ས་བཅུ་ལ་གནས་པར་འབྱུང་གི །ཞེས་དང་། སངས་རྒྱས་བགྲངས་སུ་འདས་པ་ལ། །སྐྱེ་བ་བདུན་དུ་ཚོགས་བསགས་པས། །ཆུ་སྦྱིན་ཡོན་ཏན་བསམ་མཐའ་ཡས། །ཞེས་སོགས་གསུངས་པས། འདི་ནི་བླ་མ་སྤྱན་རས་གཟིགས། ཡི་དམ་པདྨ་ཧེ་རུ་ཀ་སྟེ་རྟ་མགྲིན། ཁ་ཊཾ་ནི་སངས་རྒྱས་ཌཀྐི་སྟེ། མཁའ་འགྲོ་སྡེ་ལྔ། ནོར་ལྷ་ཛཾ་བྷ་ལ་སྟེ་ཐམས་ཅད་གཅིག་བསྡུས་གྱི་ངོ་བོ་ཡིན་པས། རྟེན་སྐྱབས་གནས་དཀོན་མཆོག་ཀུན་འདུས་སུ་ཤེས་པར་བྱའོ། །ངོ་བོ་ཡེ་ཤེས་པའི་ཛཾ་ལྷ་དཀར་དམར་མཐིང་སེར་རྣམས་ཁྱད་མེད་ནའང་། རྣམ་པ་


CMR056_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་ཁྱད་ཆེ་བས། ཛཾ་དམར་ནག་ལ་ནི་སྒབ་འདྲེ་ཡོད་པས་མནན་དགོས་ལ། ཛཾ་དཀར་འདི་ལ་སྒབ་འདྲེ་མེད་པས་རྒྱུད་ཀྱང་འཇམ་པ་ཡིན་ནོ། །འདིའི་བརྒྱུད་པ་ནི་སྤྱན་རིས་གཟིགས། ཇོ་བོ་རྗེ། དྷི་པཾ་ཀ་ར། རྒྱ་བརྩོན་འགྲུས་སེང་གེ །ནག་ཚོ་ལོ་ཙཱ་བ། ཚུལ་ཁྲིམས་རྒྱལ་བ། རང་པ་ཕྱག་བོར་བ། པུ་ཏོ་བ། ཤ་ར་ཝ། ཡོན་ཏན་གྲགས་ཤ་ར་ཝ་ནས་དུས་གསུམ་མཁྱེན་པ་ལ་བརྒྱུད་ཡོད་སྙམ་པ་འདུག་སྟེ་བརྒྱུད་ཡོད་མེད་མ་ཤེས། ཤ་ར་ཝ་ནས་སུམ་སྟོན་བློ་གྲོས་གྲགས། ཆུ་མིག་པ་གྲགས་མཚན་ཁྲོ་སྟོན་བདུད་རྩི་གྲགས། མཆིམས་ནམ་མཁའ་གྲགས། མཆིམས་བློ་བཟང་གྲགས། ཆོས་རྒྱལ་རིན་ཆེན། མར་སྟོན་དཔལ་རིན། རོང་སྟོན་ཆོས་རྗེ། པཎ་ཆེན་ཤཱཀྱ་མཆོག་ལྡན། བཟོད་པ་བློ་རྒྱལ། ཀུན་མཁྱེན་སངས་རྒྱས་འཕེལ། ཀརྨ་ཕྲིན་ལས་ཆེན་པོ། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག་གོ །ཡང་མཆིམས་ནམ་མཁའ་གྲགས་ནས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། །སྤྱན་སྔ་བསོད་ནམས་འཕེལ། ཆོས་རྗེ་གཞོན་ནུ་སེང་གེ །རྩིབས་རི་བ་གཞོན་ནུ་སེང་གེ །ཆུང་བ་བློ་བཟང་པ།


CMR056_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེ་བཀའ་འགྱུར་བ། སྙག་ལ་པཎ་ཆེན་ངག་དབང་གྲགས་པ། རྗེ་གཙུག་ལག་ཕྲེང་བ། དཀོན་མཆོག་ཡན་ལག །དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །བླ་མ་ཝོལ་བ་པ། ངག་དབང་འཇིག་མེད་གྲགས་པ། དེ་ཡི་ཚ་བོ་རབ་འབྱམས་པ་ཝ་ཕྲུག །སྡེ་སྣོད་འཛིན་པ་ཀརྨ་རྣམ་དག །རཱ་ག་ཨ་སྱ་ལའོ། །ཡང་དཀོན་མཆོག་འབངས་དང་། གཙུག་ལག་ཕྲེང་བ་གཉིས་ཀ་ལས་ཆོས་རྗེ་ཝོལ་བས་གསན། དེ་ནས་སྟག་ལུང་ངག་དབང་རྣམ་རྒྱལ། བླ་མ་ཝོལ་བ་པ་ངག་དབང་འཇིགས་མེད་གྲགས་པ་ལ་བརྒྱུད་པ་ཡང་ཡོད་པར་འདུག །བླ་མ་ཝོལ་བ་པ་དེ་གྲུབ་ཐོབ་མངོན་ཤེས་ཅན་དང་གྲུབ་རྟགོས་ཅན་གཅིག་བཞུགས་ཏེ། ཝ་ཕྲུག་དེ་ལྕམ་སྲིང་བུ་རུ་འདུག་པ་ལ། ཉིན་བྱེད་གླིང་དུ་བཞག་པས་རབ་འབྱམས་པ་གྲགས་པ་ཐོན་པ་ཅིག་བྱུང་ཡང་ཀ་ཆས་བཀྲེས་པས། གོས་ལག་ཤིན་ཏུ་ངན་པ་གཅིག་འདུག་པས། ཞང་པོ་ཁྱོད་རང་གོས་ལག་རྟེན་གྱིས་ལ་མ་སྤེལ་གསུངས་ནས་གནང་། ཁོང་གིས་མཚམས་སོགས་མ་འགྲུབ་པས་རྒྱུན་བསྙེན་གཅིག་བྱས་པས། རིང་པོར་མ་འགོར་བར་སྡེ་པ་གཙང་པའི་བཀའ་འགྱུར་ཞུ་དག་ལ་ཁོང་


CMR056_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་དགོས་བྱུང་བས། ན་བཟའ་སོགས་ལོངས་སྤྱོད་རབ་ཏུ་མང་བ་བློ་བུར་དུ་བྱུང་། མཁས་པའི་གྲགས་པས་ཆོས་སྡེ་གཅིག་གི་བླ་མ་འོང་ཚུལ་གཙང་པས་གསུངས། དེར་ཁོ་རང་བྱ་བཏང་ལ་མོས་པ་ཞིག་ཡོད་པས། གདམས་པ་འདི་ཟབ་པ་ཞིག་འདུག་སྟེ། ད་ནི་མི་འདོན་ངས་ཆོས་རྣལ་མའི་སྒྲུབ་པ་གཅིག་འདོད་པ་ལ། འདི་བསྙེན་ན་རྣམ་གཡེངས་ལ་འབྱམས་པ་ཞིག་འོང་དོགས་གདའ་གསུངས། འབུལ་བ་རྣམས་ཁྱེར་ནས་གཙང་གི་རོང་དུ་གངས་ར་ལོ་ཆེན་ལ་སྒྲ་བསླབ། དེ་ཞོར་རྙིང་མའི་དབང་ལུང་མང་པོ་གསན་ནས་ལུང་ཡིག་པོ་ཏིར་ལོང་བ་བྱུང་ཞིང་། དབང་ལུང་ཐོབ་ཚད་ཀྱི་སྔགས་རྣམས་ལཉྩ་དང་ཝརྟུ་ལ་བྲིས་ནས་གླེགས་བམ་དུ་བྱས་ཏེ། སཾ་སྐྲྀ་ཏའི་སྐད་དག་ཆ་དང་བཅས་ཏེ་ཆག་མེད་དུ་ཀློག་པ་ཐུགས་དམ་མཛད་སྐད། དེ་ལ་བཀའ་བཅུ་པའི་ནང་ནས་ཡོན་ཏན་ཆེ་བར་གྲགས་པ། ཀརྨ་རྣམ་དག་དེ་མཆེད་གྲོགས་ཐུགས་ཡིད་གཅིག་འདྲེས་ཡིན་པས་ཞུས་པ་ན། ང་ལ་ཞང་པོས་མ་སྤེལ་གསུངས་པ་ཡིན་ཏེ། དེ་ཡང་ང་ལ་དངོས་གྲུབ་ཆོག་བྱུང་བས་ཁྱེད་ལ་སྤེལ་གསུངས་ནས་གནང་། བཀའ་གདམས་པའི་བླ་མ་རྣམས་ཀྱི་གསུངས་ལས། འདི་ལ་


CMR056_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པ་བརྒྱ་རེ་དང་ཆུ་སྦྱིན་མ་ཆག་པར་བྱས་པས་ཤིན་ཏུ་སྐྱིད་པར་བྱུང་གསུང་སྐད། ཁྱེད་རང་ཡང་དེ་ལྟར་མཛོད་ཅེས་ཞལ་ཤེས་འགའ་ཞིག་དང་བཅས་པ་གནང་ནས། ཐུགས་དམ་དེ་བཞིན་དུ་མཛད་པས། ཕྱིས་དེ་བཞིན་ཏུ་བྱུང་ནས་གདའ། དེས་བདག་རཱ་ག་ཨ་སྱ་ལ་རྙིང་མའི་དབང་ལུང་གསན་ཕྱིར་རྐང་གཏད་དུ་ཕེབས་བྱུང་བས་ལོ་གཅིག་བཞུགས་ནས་དབང་ལུང་ཕར་སྤེལ་ཚུར་སྤེལ་བྱས་དུས་ཞུས་པས། འདི་སྤེལ་ན་རང་གི་བསོད་ནམས་ལ་གནོད་པར་གསུང་རྒྱུན་ལ་འདུག་གསུངས་ནས་བཀའ་རྒྱ་དམ་པར་མཛད། འོ་ན་རིགས་པ་གསེར་གྱིས་བསླུས། ཡང་ན་རིག་པ་རིགས་པས་བསླུ་ཟེར་བ་ཡིན་པས་གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་ཛོ་དམར་དེ་ང་ལ་གནང་ན་འདི་ངས་སྤེལ་གསུངས་ནས་ཁོ་བོ་ལ་དབང་ལུང་ཕར་བརྗེ་ཚུར་བརྗེའི་ཚུལ་བྱས། བདག་གིས་འདིའི་དྲིལ་སྒྲུབ་ཞག་བདུན་བྱས་པས་རྨིས་ལྟས་གཞུང་ལྟར་ཐོན། ཆུ་གཏོར་དང་སྔགས་སོགས་ཆག་མེད་ནི་མ་གྲུབ་སྟེ། གཏོར་བསྔོས་ཁཱ་ཧི་ཆག་མེད་དང་། ཉ་མཚམས་བརྒྱད་གསུམ་ཆུ་གཏོར་དང་། གལ་ཆེ་སྐབས་སུ་རྣམ་པར་མི་རྟོག་པའི་སྔགས་བཟླས་པས་ཟབ་པར་
མཐོང་ངོ་། །རྗེས་ནས་ཁོང་དང་མཇལ་བ་ལ་སྔགས་སོགས་ཀྱི་ཞལ་ཤེས་དག་ཐེར་མཐའ་ཆོད་པར་བྱས་སོ། །དྲུང་རམ་པ་ཀརྨ་དར་རྒྱས་ལ་ཝ་ཕྲུག་པས་གསུངས་པ་ལྟར་བདག་རང་ལ་དངོས་གྲུབ་དེས་ཆོག །གྲུབ་མཐའ་ཀཾ་ཚང་པ་རྣམས་ལ་ཡབ་སྲས་ཀྱིས་མཛད་པ་འདི་ཕན་ཡོན་ཆེ་སྙམ་ནས་སྤེལ་བ་ཡིན་གྱིས་ནོར་ལྷའི་རིགས་སྤེལ་ཆེ་ན། ནོར་བུ་རིན་པོ་ཆེ་མི་ལ་བྱིན་ན་རང་དབུལ་པོར་འགྲོ་བ་དང་འདྲ་བར་བཤད་པར་འཚོ་ཤེས་པར་བྱ་ཞིང་། འདིའི་དབང་ལུང་སྤེལ་དུས་སློབ་དཔོན་ལ་གང་ཕུལ་བ་དེ་དངོས་གྲུབ་ཀྱི་ཐོག་མར་འབྱུང་བར་གསུང་ཞིང་། རིན་པོ་ཆེའི་རིགས་གཅིག་ཕུལ་ན་རྟེན་འབྲེལ་བཟང་བར་བཤད་དོ། དེ་ལྟར་བརྒྱུད་པ་དང་ལོ་རྒྱུས་མཐའ་ཆོད་པར་བཤད་པ་ནི་གཞུང་གི་ལོ་རྒྱུས་ཤོ་ལོ་ཀ་ཕྱེད་གསུམ་གྱིས་འབྲེལ་བ་ལགས་སོ། །སརྦ་མངྒ་ལཾ།། །།


previousབསོད་ནམས་ལོངས་སྤྱོད་མངའ་ཐང་རྒྱས་པའི་ཕྱིར། ༼ཆ༽ །སྨུག་འཛིན་དཀར་པོ་ལྷ་ལྔའི་ལོ་རྒྱུས་ཡོད། །next