Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
   
རྣམ་གཡེང་དབང་གིས་མཚམས་སྒྲུབ་མ་ལྕོགས་ན། ༼ཇ༽ །རྒྱུན་ཁྱེར་མངོན་རྟོགས་ཟིན་བྲིས་ཟབ་མོ་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྣམ་གཡེང་དབང་གིས་མཚམས་སྒྲུབ་མ་ལྕོགས་ན། ༼ཇ༽ །རྒྱུན་ཁྱེར་མངོན་རྟོགས་ཟིན་བྲིས་ཟབ་མོ་ཡོད། །next

རྣམ་གཡེང་དབང་གིས་མཚམས་སྒྲུབ་མ་ལྕོགས་ན། ༼ཇ༽ །རྒྱུན་ཁྱེར་མངོན་རྟོགས་ཟིན་བྲིས་ཟབ་མོ་ཡོད། །


CMR056_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། འཕགས་པ་སྨུག་འཛིན་དཀར་པོ་ལྷ་ལྔའི་མངོན་རྟོགས་ལ་བརྟེན་པའི་རྒྱུན་བསྙེན་གྱི་གདམས་པའི་ཟིན་བྲིས་གསལ་བར་བཞུགས་སོ། །སྣོད་མིན་ལ་མི་བསྟན་མི་བཤད་པ་གནད་ཤིན་ཏུ་གལ་ཆེའོ། ན་མོ་པདྨ་ཀྲོ་དྷཨཱརྻ་


CMR056_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཛམ་བྷ་ལ་ཡ། དངོས་གཞིའི་གདམས་པ་ལ། །དང་པོ་རྒྱུན་ཁྱེར་མངོན་རྟོགས་ལ་བརྟེན་པ་དང་དང་གཅིག ཕྱི་སྒྲུབ་དང་གཉིས། ནང་སྒྲུབ་དང་གསུམ། །གསང་སྒྲུབ་དང་བཞི། དྲིལ་སྒྲུབ་དང་ལྔ། ལས་ཚོགས་སྒྲུབ་པ་ཆེན་པོ་དང་དྲུག །ལས་ཚོགས་འཐོར་བུ་སྒྲུབ་པ་དང་བདུན་ནོ། །དང་པོ་སྒྲུབ་པ་དང་མཚམས་མི་ལྕོགས་པ་དག་གིས། རྒྱུན་བསྙེན་དུ་སྒྲུབ་པ་རྒྱུན་ཁྱེར་འདི་བླ་མ་བརྒྱུད་པ་ཀུན་གྱི་ཐུགས་དམ་སྟབས་བདེ་བ་སྟེ། སྐྱབས་སེམས་སོགས་ད་ནངས་རང་གི་རྩ་བའི་ཡི་དམ་གྱི་གཞུང་དེས་ཆོག །དེ་ལ་སྤྱིར་སྒྲུབ་པ་ཀུན་གྱི་ཐོག་མར་སེམས་བསྐྱེད་པ་སྟེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེ་ཐོབ་པ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་དགོས། དེ་རྫོགས་པ་ལ་ལོངས་སྤྱོད་དགོས་པས། སྔོན་ཤཱཀྱ་ཐུབ་པ་ལ་སོགས་སངས་རྒྱས་རྣམས་ཀྱང་། དང་པོ་ཛམྦྷ་ལ་སྒྲུབ་པའི་དངོས་གྲུབ་ལ་བརྟེན་ནས་སྦྱིན་པ་རྒྱ་ཆེན་པོས་ས་དང་པོ་ཐོབ་པས། གནོད་གནས་དབང་པོའི་རྟོགས་བརྗོད་ལས་གསུངས་པ་ལྟར་འདིར་བསྒྲུབས་ནས་ཡར་དཀོན་མཆོག་མཆོད་པ་དང་། མར་སྦྱིན་པ་བཏང་བ་


CMR056_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བར་དུ་རང་གི་བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་འབྱུང་བའི་ཕྱིར་སྒྲུབ་སྙམ་པའི་སེམས་བསྐྱེད་ཤིན་ཏུ་གལ་ཆེའོ། །དེ་ལ་རྒྱུན་ཁྱེར་ཡི་དམ་སྤྱན་རས་གཟིགས་ཡིན་ན་སྤྲུལ་གཞི་ཡིན་པས་བསྐུལ་སླ་བས་ལེགས་ཏེ། ཡི་དམ་གཞན་བསྒོམས་ཀྱང་རུང་སྟེ་ཅུང་ཞིག་འགྱངས། འདི་བླ་མེད་ཀྱི་རྒྱུད་དུ་གཏོགས་པས་མངོན་རྟོགས་གཅིག་གིས་བདག་མདུན་དུས་གཅིག་བསྐྱེད་པའང་རུང་ལ། སོ་སོར་བཏོན་ནའང་ཆོག་སྟེ་མྱུར་བའི་གནད་དུ་བདག་མདུན་གཉིས་ཀ་དུས་གཅིག་ཏུ་ཛམ་དཀར་ལྷ་ལྔའི་མངོན་རྟོགས་ལྟར་བསྐྱེད་དེ། དེ་ལ་མངོན་རྟོགས་ནི། ཨོཾ་སྭ་བྷཱ་ཝས་སྦྱང་། རིན་ཆེན་སྣ་ཚོགས་སོགས་ནས། སེམས་ཅན་དབུལ་བའི་སྡུག་བསྔལ་ཞི་བར་མཛོད་བར་འདོན་ལ་ཡིག་བརྒྱ་བརྗོད། དེ་ནས་བདག་མདུན་གཉིས་ཀའི་ཐུགས་ཀར་ཟླ་བའི་གདན་ལ་ཛཾ་ཡིག །འཁོར་བཞིའི་ཐུགས་ཀར་ཧ་རི་ནི་ས་བཞི། དེ་ལ་ཡབ་ཀྱི་ཐུགས་ཀར་སྔགས་ཕྲེང་མུ་ཏིག་གི་ཕྲེང་བ་ལྟ་བུ་གཡས་སུ་འཁོར་བ། །ཡུམ་བཞི་ཐུགས་ཀར་ས་བོན་གྱི་མཐར་སོ་སོའི་སྔགས་ལ་འགོ་ཨོ་དང་མཇུག་ཏུ་ཧཱུྃ་ཕཊ་གཡོན་དུ་འཁོར་བར་བསྒོམས་ལ། དྷ་ཀའི་རང་རང་གི་སྐུ་མདོག་གི་འོད་ཟེར་དཔག་ཏུ་མེད་པ་


CMR056_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པས། སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་དང་། པོ་ཊ་ལ་དང་། ལྕང་ལོ་ཅན་དང་། ཨོ་རྒྱན་ཡུལ་སོགས་ནས་ལྷ་ཚོགས་རང་རང་འདྲ་བ་དཔག་ཏུ་མེད་པ་སྤྱན་དྲངས་ལ་བདག་མདུན་སོ་སོ་ལ་ཐིམ་པར་བསྒོམ་ཞིང་དེས་ཡེ་ཤེས་པ་གཞུག་པ་དང་དབང་བསྐུར་བ་གཉིས་ཀ་ཡིན། དེ་ནས་བདག་བསྐྱེད་ཀྱི་ཐུགས་ཀའི་སྔགས་འཁོར་ལ་དམིགས་ནས་ཅི་ལྕོགས་བཟླ་བ་བསྙེན་པ་དང་། དེ་ནས་བདག་གི་ཐུགས་ཀ་ནས་དང་པོ་འོད་ཟེར་ཁ་དོག་སྣ་ལྔའི་མདངས་ཅན་དང་ཕྱིས་ནས་སྔགས་ཕྲེང་དུ་བསྒྱུར་བ་རང་གི་ཞལ་ནས་མདུན་བསྐྱེད་གཙོ་བོའི་ཞལ་དུ་ཞུགས། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་ཐུགས་རྗེ་བསྐུལ་བས་སྔར་ལས་ཀྱང་སྔགས་ཕྲེང་མགྱོགས་ཤིང་དྲག་ཏུ་འཁོར་བ། བྱིན་རླབས་དངོས་གྲུབ་ཀྱི་ངོ་བོ་སྔགས་ཕྲེང་འཕྲོས་པ་ལྟེ་བ་ནས་ཚུར་བྱུང་རང་གི་ལྟེ་བ་ནས་ཞུགས་ཏེ་སྙིང་གའི་སྔགས་ཕྲེང་ལ་ཐིམ་པར་དམིགས་ནས་བཟླ་བ་སྒྲུབ་པ། དེ་ཡང་ཕར་ལ་མཆོད་པའི་ཚུལ་དང་། ཚུར་ལའང་དངོས་གྲུབ་ཀྱི་ཚུལ་དུ་སྟེ། སྔགས་ཕྲེང་བར་དུ་འཁོར་ཚེ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། འཁོར་འདས་ཀྱི་ཚེ་བསོད་ནམས་དཔལ་དང་འབྱོར་


CMR056_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཀྲ་ཤིས་བདེ་ལེགས་ལྷ་ཀླུ་མི་ཡི་རྒྱལ་པོའི་མངའ་ཐང་དང་་་་་མདུན་གྱི་ལྷ་ལྔའི་ཞལ་དང་ཕྱག་གི་ནེའུ་ལེ་ནས་རིན་པོ་ཆེ་དང་དགོས་འདོད་སྣ་ཚོགས་ཆར་ལྟར་བབས་ནས་ཅི་འདོད་པའི་དངོས་གྲུབ་ཐོབ་པར་བསྒོམ་པ་ཆོག་གསུངས། མཆན། ནོར་ལྷའི་རིགས་ཐམས་ཅད་དང་འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱི་ཕྱུ་གཡང་དངོས་གྲུབ་ཐམས་ཅད་འོད་ཟེར་གྱིས་རྣམ་པར་བསྡུས་ནས་སྔགས་ཕྲེང་ལ་ཐིམ་དེ། །ཕར་མཆོད་པ་ཕུལ་བས་དགྱེས་ཤིང་སྐུ་བཀྲག་མདངས་ཕུན་སུམ་ཚོགས་པ་དང་། ཚུར་འོང་དུས་ཀྱི་སྔགས་ཕྲེང་ལ་ཐིམ་པས་རང་གི་ཐུགས་ཀར་ཐིམ་པས་ཚེ་དང་བསོད་ནམས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་བསྒོམས་ལ་བཟླས་པ་ལས་སྦྱོར་ཡིན་པས། དེ་གསུམ་ལ་སྟོང་ངམ་བརྒྱའམ། ཐ་ན་ཕྲེང་སྐོར་གཅིག་ལ་དུམ་བུ་གསུམ་བྱས་ཀྱང་རུང་སྟེ་ཅི་འདོད་པ་ཡིན་ནོ། །དེ་ལ་དུས་ཚོད་མེད་དེ་རང་ནམ་འདོད་ཡིན་ནོ། །དེའང་བསྙེན་པ་ཚེ་གཙོ་བོའི་སྔགས་རྐྱང་པ་དང་། སྒྲུབ་པ་ལ་གཙོ་བོ་རྐྱང་པའི་སྔགས་ལ་ཤམ་བུ་བཏགས། །ལས་སྦྱོར་དུས་གཙོ་འཁོར་ལྔ་ཀ་དྲིལ་ལ་ཤམ་བུ་བཏགས་སོ། །དེ་ནས་ཕུག་གཏོར་གྲལ་བཅས་ཡོད་ན་གཏོར་བསྔོས་ནམ་བྱེད་སྐབས་སུ་ཆོས་སྐྱོང་རྣམས་ཀྱི་འོག །བཀའ་སྲུང་དང་


CMR056_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་པའི་གོང་དེར་གཏོར་བསྔོས་དང་བསྟོད་པ་རྒྱས་པ་གྲུབ་ན་ལེགས། མ་ལྕོགས་དུས་སྔགས་མཐར་ཁཱ་ཧི་དང་བསྟོད་པ་ཤོ་ལོ་ཀ་རེ་སྦྱར་བས་འཐུས། དེ་ལ་དུས་ནམ་ཡང་རུང་ངོ་། །དེ་ནས་ཆུ་སྦྱིན་ནི་ནམ་ཡང་མི་རུང་བ་མེད་དེ་རྒྱུད་སྡེ་རྣམས་ནས་ཉི་མ་རྩེ་ཤར་ལ་གསུངས་པས། ཆུ་སྦྱིན་བྱ་བ་གཞུང་ལྟར་བྱའོ། །རྒྱུན་ཁྱེར་གྱི་ལས་སྦྱོར་གཙོ་བོ་ནི་རྣམ་པར་མི་རྟོག་པའི་གཟུངས་ཡིན་ཏེ། འདི་ལྷ་མོ་ཀུན་འཁྱིལ་མ་མཆེད་གསུམ་གྱི་སྔགས་སུ་འདུག་པ་ནོར་གྱི་ལྷ་མོ་དང་ཟས་ཀྱི་ལྷ་མོ་དང་གོས་ཀྱི་ལྷ་མོ་དེ་གསུམ་ཡིན་་འདི་རྣམས་རྡོ་རྗེ་ལྡན་པས་བ་རི་བ་ལ་སྐྱེལ་དར་དུ་གནང་བའི་གསར་མའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་དང་། འབྲི་གུང་ཡང་ཟབ་ཀྱི་ཆོས་ཚན་སྒྲུབ་ཐབས་བཀའ་གཏད་ལས་ཚོགས་དང་བཅས་པ་འབྱུང་ཞིང་། དགོངས་འདུས་སོགས་སྤྱིའི་ལས་ཚོགས་མང་པོ་ལ་ཡང་བཀྲ་ཤིས་པ་དང་ཟས་འདུ་བའི་སྔགས་འདི་ཁོ་ན་གསུངས་པ་མང་བས། །འདི་ཤིན་ཏུ་ཟབ་པ་ཞིག་ལགས། འདི་ཛ་དཀར་གྱི་ལས་སྦྱོར་ལའང་དོན་ལྷ་མོ་གསུམ་ནི་རྡོ་རྗེ་མཁའ་འགྲོ་རིན་ཆེན་མཁའ་འགྲོ་པདྨ་མཁའ་འགྲོ་གསུམ་དང་ངོ་བོ་གཅིག་པ་ཡིན་པས་


CMR056_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །འདི་ནུབ་མོའི་ཆ་ལ་ངེས་པ་འདོན་ཚེ་དམིགས་པ་མི་བསྒོམ་པ་ཉམས་ལེན་ངང་ནས་བརྒྱ་རེ་མ་ཆག་པ་དང་གལ་ཆེ་དུས་མང་བར་བགྲང་བས་གསར་རྙིང་གཏེར་གསུམ་ཐམས་ཅད་ནས་ཟས་འདུ་བ་ལ་འདི་ལས་ལྷག་པ་མེད་པར་བཤད་པ་ཡིན་ནོ། །འདི་སྔགས་ཁ་རྐྱང་འདོན་པས་ཆོག་གིས། ཛཾ་ལྷའི་སྔགས་དང་སྦྲེལ་མི་དགོས། གལ་ཏེ་སྦྲེལ་ན་སྟོབས་ཆེ་ནའང་མི་རྣོ་བར་འགྱུར་རོ། །དེ་ལྟར་རྒྱུན་བསྙེན་དེ་ལ་བཅའ་ཚོགས་ཡེ་མི་དགོས་ཤིང་། གཏོར་མ་མེད་ན་ཐུད་དམ་མར་སོགས་དུམ་རེ་བསྔོས་ཏེ། འདིའི་གཏོར་མ་དངོས་གྲུབ་ཏུ་བྱའི། ནང་མི་མ་གཏོགས་ཕྱི་མི་ལ་མི་སྦྱིན། ཆིབས་པ་རྟ་དྲེལ་སོགས་ལ་བྱིན་ན་ལེགས་ཀྱི། ཁྱི་དང་། བོང་བུ་དང་། བྱ་དང་། བ་གླང་སོགས་ལ་མི་སྦྱིན་ནོ། །རྒྱུན་ཁྱེར་སྒྲུབ་པའི་ཟིན་བྲིས་སོ།། ༈ དེ་ལྟར་སྒྲུབ་རིང་ཆུ་སྦྱིན་གཏོར་མ་མ་ཆག་པར་བྱའོ། །ནུབ་མོ། ཏདྱ་ཐཱ། ཨོཾ་ཚོམ་མེ་ལེ་དུ་ཁ་ཧཱུྃ་ཕཊ། ཅེས་པ་རྣམ་པར་མི་རྟོག་པའི་སྔགས་བརྒྱ་རེ་ཙམ་བཟླས་ན་ཟས་འདུ་བར་འགྱུར་རོ། །རྟགས་རྣམས་རྫོགས་པ་དང་། དབང་སྡུད་ཀྱི་སྔགས་ནི། ཨོ་བ་ཤང་ནི་སྭཱ་ཧཱ། ཞེས་པ་འདི་གཙོ་བོའི་སྙིང་
པོའི་མཐའ་དང་། ཨོཾ་ཀརྨ་ཊཱཀི་ནཱི་ཧཱུཾ། པདྨ་ཊཱཀི་ནཱི་ཧཱུྃ། བཛྲ་ཌཱཀི་ནཱི་ཞེས་པ་རྣམས་ཀྱི་མཐར། པ་ཤང་དང་གང་དབང་དུ་སྡུད་པའི་མིང་ཡིག་སྤེལ་བའི་མཐར་སྭཱ་ཧཱ་སྦྱོར། མངྒ་ལཾ།།


previousརྣམ་གཡེང་དབང་གིས་མཚམས་སྒྲུབ་མ་ལྕོགས་ན། ༼ཇ༽ །རྒྱུན་ཁྱེར་མངོན་རྟོགས་ཟིན་བྲིས་ཟབ་མོ་ཡོད། །next