Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
   
   
དབུལ་ཕོངས་སྒྲུབ་པའི་ཡོ་བྱད་མི་འཛོམ་ན། །༼ཉ༽ །ཆུ་ལ་བརྟེན་ནས་ཕྱི་ལྟར་སྒྲུབ་པ་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདབུལ་ཕོངས་སྒྲུབ་པའི་ཡོ་བྱད་མི་འཛོམ་ན། །༼ཉ༽ །ཆུ་ལ་བརྟེན་ནས་ཕྱི་ལྟར་སྒྲུབ་པ་ཡོད། །next

དབུལ་ཕོངས་སྒྲུབ་པའི་ཡོ་བྱད་མི་འཛོམ་ན། །༼ཉ༽ །ཆུ་ལ་བརྟེན་ནས་ཕྱི་ལྟར་སྒྲུབ་པ་ཡོད། །


CMR056_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། འཕགས་པ་སྨུག་འཛིན་དཀར་པོ་ལྷ་ལྔའི་ཕྱི་སྒྲུབ་ཆུ་ལ་བརྟེན་པའི་ཟིན་བྲིས་བཞུགས་སོ། །ཕྱི་སྒྲུབ་ལ་རབ་ཛཾ་ལྷའི་སྐུ་ཟངས་གཞོང་ནང་དུ་བཞག །སྐུ་མ་རྙེད་ན་རྡོ་དཀར་པོ་ལ་སྐུ་བརྐོས་ན་ལེགས། དེ་མ་འབྱོར་ན་ཤིང་ལེབ་ཆུང་ངུ་ལ་རབ་དངུལ། མ་རྙེད་ན་ཡང་ན་ཚོན་གྱི་ཛམ་དཀར་གཙོ་བོ་བྲིས། དེ་ཆུ་ཡིས་མི་འཇིགས་པ་ལ་དབྱིས་སམ་མ་འབྱོར་ན་མར་བྱུགས་ལ་ཟངས་ཀྱི་གཏོར་འགུའི་ཡ་གབས་སམ། །ཟངས་སྡེར་རམ། ཟངས་ཐེབ་ནང་དུ་བཞག་གོ །དེ་ཡང་མེད་ན་བསྒོམ་པ་རང་གིས་འཐུས་ཏེ་བླ་མ་རྣམས་ཀྱིས་མི་མཛད་ཀྱང་རྒྱ་གཞུང་ནས་སྐུ་དེ་དགོས་པར་བཤད་དོ། །བདག་བསྐྱེད་ནི་རྒྱས་པར་གཏོར་མ་བརྒྱ་རྩའི་བདག་བསྐྱེད་བྱ། བསྡུ་ན་རང་གཞུང་གི་ཚིག་གཉིས་དེས་ཆོག །ཆུ་བླུག་པའི་སྣོད་རབ་བུམ་པ་ཡོད་ན་ལེགས་ཏེ་རྒྱ་གཞུང་ནས་བཤད། །


CMR056_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་གཏོར་འགུས་ཆོག་སྟེ་ཕྱག་ལེན་ལ་བུམ་པ་མི་མཛད། རིང་ཁ་སར་ཎིས་ཕྱག་གི་བུམ་པ་ནས་ཆུ་བླུགས་པས། ཡེ་ཤེས་ཀྱི་བདུད་རྩི་དང་མུ་ཏིག་གི་ཕྲེང་བར་བསྒོམས་ལ། །ལྷ་ལྔ་ཞལ་སྐྱེམས་པར་བཞུགས་པ་ལ་ཆུ་རྒྱུན་ཕུལ་བས་མཉེས་ནས། མུ་ཏིག་གི་ཕྲེང་བ་ཕུལ་བས་སྐུའི་རྒྱན་དུ་བཀླུབས་པས་མཉེས་ཏེ། གཙོ་བོའི་ཞལ་ནས་མུ་ཏིག་གི་ཆར་པ་བབས་པས་རང་གནས་ཁེངས། ཕྱག་གི་ནེའུ་ལེ་བཙིར་བའི་ཁ་ནས་རིན་པོ་ཆེའི་ཆར་སྣ་ཚོགས་དང་གང་འདོད་པའི་ལོངས་སྤྱོད་ཐམས་ཅད་སྐྱུག་པའི་ཚུལ་གྱིས་ཆར་སྐྱོགས་ལྟར་བབས་པར་བསྒོམ། ཆུ་སྦྱིན་རེ་རེ་ལ་གཙོ་བོ་རྐྱང་པའི་སྔགས་དེ་བརྒྱ་དང་བརྒྱད་བཟླས། ཟན་གྱི་ཛཾ་ལུམ་རིལ་བུ་ཡོད་ན་རྩ་སྔགས་ལ་བྷ་ལིཾ་ཏ་ཁཱ་ཧི་བཏགས་ལ་ལན་གསུམ་དང་། །ཨགྷཾ་སོགས་སྔགས་མཆོད་དང་། བསྟོད་པ་ཤོ་ལོ་ཀའམ་རྒྱས་པ་གང་འདོད་བྱ། ཆུ་ཐིག་སྲིན་ལག་གི་རྩེར་བླངས་ནས་ལྕེ་ཐོག་ཏུ་བཞག་ལ་དངོས་གྲུབ་ཐོབ་པར་བསམ། དེ་ལྟར་ར་དུ་ཐོན་བཏང་ལ་ཐུན་མཚམས་སུ། མདུན་གྱི་ལྷ་ལྔ་རང་གི་སྙིང་གར་ཐིམ་པར་བསམ། ཆུ་དེ་ཡིག་བརྒྱ་བཟླས་ཤིང་ཕྱོགས་བཞིར་གཏོར།་་་ཕྱོགས་ཀུན་ཝ་ཤ་གི་རྟེན་འབྲེལ་ཡིན་


CMR056_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། མཆན། བསོད་ནམས་རི་བོ་སོགས་བསྔོ་བ་བྱ། འབད་དང་སྩོལ་བ་སོགས་ཀྱི་བཀྲ་ཤིས་ཀྱང་བྱ། དེ་ལྟར་ཆུ་སྦྱིན་མགོ་བཙུགས་ནས་མ་ཚར་བར་ངག་བཅད། ཐུན་མཚམས་སུ་ངག་བཏང་། རྡོག་མཚམས་གཅིག་གིས་ཆོག །སྔ་དྲོ་ཐུན་གསུམ། ཕྱི་དྲོ་ཐུན་གསུམ་དང་དྲུག་གམ། །སྔ་དྲོ་གཉིས་ཕྱི་དྲོ་གཉིས་ཏེ་བཞི་བྱའོ། །གཏོར་ཆུ་མང་དྲགས་ན་ཕུད་གཏོར་ལྷག་མ་འཐུང་ཆུ་བྱས་ན་ཤིན་ཏུ་དངོས་གྲུབ་མྱུར། ཛཾ་བྷ་ལའི་གཏོར་ཆུ་དེ་ཆུ་གཞན་ལ་བསྲེས་ནས་གཏོར་མ་བརྒྱ་རྩའམ། ཡི་དྭགས་ཆུ་སྦྱིན་བྱས་ན་ཕན་ཡོན་ལྷག་པར་ཆེ་ཞིང་དངོས་གྲུབ་མྱུར་་་་་ཆུ་དེ་ཆུ་ཆེན་ནང་དུ་བླུགས་ན་ཆུ་རྒྱུད་ཝ་ཤང་གི་རྗེས་རྟེན་འབྲེལ་དང་བསོད་ནམས་ཆུ་བོའི་རྒྱུན་བཞིན་འཕེལ་ལོ་ཞེས་གསུངས། མཆན། བར་རྒྱུད་ནས་གསུངས། མངོན་རྟོགས་སྔགས་བརྒྱ་རྩ་སྔགས་མཆོད་པ་བསྟོད་པ་རྣམས་ཚར་གཅིག་ཏུ་རྩི་བའི་ལོ་གྲངས་སུམ་འགྱུར་རམ། བརྒྱ་སྟོང་ཁྲི་སོགས་གང་འགྲུབ་གྲངས་དང་། ཞག་བདུན་ཕན་ཆོད་ཅི་འགྲུབ་དུས་དང་དངོས་གྲུབ་ཀྱི་ལྟས་དང་དངོས་ཉམས་རྨི་ལམ་དུ་འབྱུང་བ་རྟགས་ཀྱི་བསྙེན་པ་གང་རུང་བྱ་སྟེ། མཚན་མོའི་ཆ་ལ་ནི་རྣམ་པར་མི་རྟོག་པའི་སྔགས་
ནུས་ཚད་བཟླས་པ་ལས་སྦྱོར་ཏེ། གཞན་སྔགས་ལ་ཤམ་བུ་མི་དགོས། གཏོར་ཆུ་བྱོ་དུས་སྣོད་ཁ་ཚུར་བསྟན་ནས་བྱི་བ་གལ་ཆེའོ། །དེས་ནི་ནོར་རྫས་འཕེལ་བར་གསུངས་སོ། །ཕྱི་སྒྲུབ་འདི་སྟབས་བདེ་བས་ཀུན་ལ་ཕན་ཆེའོ། །ཨྠ྄ྀི། ཟབ་རྒྱ་མངྒ་ལཾ།


previousདབུལ་ཕོངས་སྒྲུབ་པའི་ཡོ་བྱད་མི་འཛོམ་ན། །༼ཉ༽ །ཆུ་ལ་བརྟེན་ནས་ཕྱི་ལྟར་སྒྲུབ་པ་ཡོད། །next