Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
   
   
   
མཆོད་གཏོར་འཛོམས་ཤིང་རྫས་གཞན་མི་འཛོམ་ན། ༼ཏ༽ །གཏོར་མ་ལ་བརྟེན་ནང་ལྟར་སྒྲུབ་པ་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཆོད་གཏོར་འཛོམས་ཤིང་རྫས་གཞན་མི་འཛོམ་ན། ༼ཏ༽ །གཏོར་མ་ལ་བརྟེན་ནང་ལྟར་སྒྲུབ་པ་ཡོད། །next

མཆོད་གཏོར་འཛོམས་ཤིང་རྫས་གཞན་མི་འཛོམ་ན། ༼ཏ༽ །གཏོར་མ་ལ་བརྟེན་ནང་ལྟར་སྒྲུབ་པ་ཡོད། །


CMR056_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བ་རྒྱུད་ལས། འཕགས་པ་སྨུག་འཛིན་དཀར་པོ་ལྷ་ལྔའི་ནང་སྒྲུབ་གཏོར་མ་ལ་བརྟེན་པའི་ཟིན་བྲིས་བཞུགས་སོ། །ནང་སྒྲུབ་ནི། གཏོར་མ་དཔེའུ་རིས་ལྟར་བྱས་ལ། ཡོད་ན་ཙཀ་ལི་ཀློབཙུགས། མེད་ཀྱང་ཆོག །གཞིའི་སྟེང་དུ་འབྲུའི་ཚོམ་བུ་ལྔའམ་དབུས་སུ་མཉྫིའི་སྟེང་དུ་བཤམས། འབྱོར་ན་དེ་ལྷ་བསྐྱེད་རྟེན་བྱ། དེའི་མདུན་དུ་དེ་འདྲ་བ་གཅིག་གཏོར་བསྔོས་དུས་བསྔོ་རྒྱུ་དང་། དེ་མཐར་མཆོད་པ་སྐོར་བཤམ་བྱའོ། །གཏོར་མ་གཉིས་ལ་ཐུད་སོགས་དཀར་གསུམ་གྱིས་བརྒྱན། མངར་གསུམ་དང་། ཤིང་ཐོག་དང་། །ཇ་བཟང་པོ་སོགས་ཟས་སྣ་ཅི་འབྱོར་པ་བཟང་མེད་ཀྱང་ཆོག །མཚམས་བསྡམས་ངག་བཅད་ལ་རྒྱུན་བསྙེན་དུས་ལྟར་བདག་མདུན་ཛམ་ལྷར་བསྐྱེད། ཉིན་བཞི་མཚན་གཉིས་ཏེ་དུས་


CMR056_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཏུ་གཏོར་མ་འབུལ་ཏེ། རབ་ནི་གཏོར་མ་གསོ་བའི་མར་ཐུད་གྲོ་ཞུན་གྱི་རིལ་བུ། མེད་ན་ཟན་རིལ་གྱིས་གསོ་བ་དང་། འབྱོར་ན་ནི་དེ་དང་མཉམ་དུ་ཐུན་གཏོར་ལྕོག་རྡོག་འདྲ་བ་རེ་ཡང་བཤམས་ཏེ། གཏོར་བསྔོས་མཆོད་པ་དང་བསྟོད་པ་གཞུང་ལྟར་བྱ། སྤྲོས་པ་ལ་དགའ་ན་མཆོད་པ་རབ་འབྱམས་མ་དང་། ཁ་དོག་དབྱིབས་ལེགས་མ་རྒྱལ་སྲིད་སོགས་ཀྱིས་སརྦ་ཏ་ཐཱ་ག་ཏའི་ཚབས་སུ་ཨཱརྨ་ཛམྦྷ་ལ་བཅུག་པར་བྱ། བསྟོད་པ་རྒྱ་གཞུང་ཉིད་བྱ། དུས་དྲུག་མ་གཏོགས་པ་ཐམས་ཅད་དུ་གཙོ་བོའི་སྙིང་པོ་ཁོ་ན་བསྙེན། སྒྲུབ་པ་མ་ཚར་བར་དུ་མི་གཤེགས་མི་བསྡུ། མུན་རུབ་ནས་རྣམ་པར་མི་རྟོག་པའི་ངང་ལས་རྣམ་པར་མི་རྟོག་པའི་སྔགས་ཁོ་ན་དང་། །ཉལ་ཁ་གཏོར་བསྔོས་བྱ། །ནངས་སྔ་ཉི་ཤར་ལ་ཆུ་སྦྱིན་ཞིག་བྱ། དེ་ལྟར་དམིགས་པ་འདྲ་བ་ལས། གཏོར་མ་གཉིས་མེད་ན་རྩེ་མོ་ལྷ་དང་སྨད་མཆོད་པར་བསྐྱེད་དེ། གཏོར་མ་བདུད་རྩིའི་རང་བཞིན་དང་རང་གི་གང་འདོད་པའི་བཟའ་བཏུང་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་བསྒོམ་ཞིང་རང་གི་ཐུགས་ཀའི་འོད་ཟེར་གྱིས་བླ་མ་དཀོན་མཆོག་སངས་རྒྱས་བྱང་སེམས་ཐམས་ཅད་མཆོད་པས་


CMR056_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཛམ་དཀར་གྱི་སྐུར་གྱུར་པ་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་ལ་ཕོག་པས་མཐུ་སྟོབས་དངོས་གྲུབ་བདག་ལ་ཐིམ་ཞིང་ཐམས་ཅད་ཛམ་དཀར་དུ་གྱུར། རིགས་དྲུག་སེམས་ཅན་ཐམས་ཅད་ལ་འོད་ཟེར་ཕོག་པས་སྡིག་སྒྲིབ་དང་སྡུག་བསྔལ་བྱང་ནས་ཐམས་ཅད་ཛམ་དཀར་ཤ་སྟག་ཏུ་གྱུར། གནོད་བྱེད་གདོན་བགེགས་ཐམས་ཅད་ལ་ཕོག་པས་ལན་ཆགས་བྱང་གདུག་སེམས་ཞི་ནས་ཐམས་ཅད་ཛམ་དཀར་དུ་གྱུར་པས། གཏོར་མ་བདུད་རྩི་དང་སོ་སོའི་འདོད་ཡོན་སྣ་ཚོགས་སུ་གྱུར་པ་གསོལ་བས་ཐམས་ཅད་ཚིམ་པར་བསྒོམས་ཏེ་གཏོར་བསྔོས་མཇུག་ཏུ། དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །ལན་ཆགས་བུ་ལོན་བྱང་གྱུར་ཅིག །རྣམ་བཞིའི་མགྲོན་གྱི་ཚོགས་རྣམས་ལ། །ཚད་མེད་མཆོད་སྦྱིན་འདི་བསྔོས་པས། །བདག་དང་སེམས་ཅན་ཐམས་ཅད་ཀུན། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །ཅེས་བརྗོད་དོ། །རྒྱུན་དུ་ཡང་མར་ཐུད་ཞོ་སོགས་མདུན་དུ་ཕུལ་རྒྱུ་བྱུང་དུས་དམིགས་པ་སྐད་ཅིག་ལ་བསྒོམས་ནས། ཨ་ཀཱ་རོའམ་


CMR056_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས་སྔགས་ལ་ཁཱ་ཧི་སྦྱར། བསྟོད་པ་ནི་མི་དགོས་བསྔོ་བ་དེ་བྱས་ལ་གཤེགས་བསྡུ་མི་དགོས་དམིགས་མེད་ངང་དུ་བཞག་པས་ཆོག །སྒྲུབ་པ་ཚར་སྐབས་རྟེན་གཏོར་གནས་གསུམ་དུ་གཏུག་ཅིང་དབང་བླངས་ཏེ། ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་སོགས་བརྗོད་ཅིང་མདུན་བསྐྱེད་རང་ལ་བསྟིམ། རྒྱ་གཞུང་ལས་ལྷ་ལྔ་རང་གི་སྙིང་ཁར་བསྡུ། ནོར་རྫས་སྤྲིན་འདུས་པ་བཞིན་འོང་ངོ་གསུངས། རྒྱུན་དུ་གཏོར་མ་ཕུག་གཏོར་གྱི་གྲར་བཅས་ལ་ཟས་ཕུད་དང་ཇ་མར་སོགས་རང་ལ་བྱུང་བའི་ཕུད་དེར་ཕུལ་རྗེས་ནས་དངོས་གྲུབ་ཏུ་བླང་། གུང་ཚིགས་ཟས་སྣ་ལེགས་པོ་འདྲེན་པ་སོགས་བྱུང་ན་བདག་མདུན་སྐད་ཅིག་ལ་བསྒོམས་ནས། དང་པོ་གོང་ལྟར་གཏོར་མ་མགྲོན་བཞི་ལ་བསྔོས། དེ་ནས་ཟས་དེ་བདུད་རྩིར་གྱུར་པ་ལ་འཁོར་འདས་སྣོད་བཅུད་ཀྱི་དངོས་གྲུབ་ཐམས་ཅད་བསྟིམ། རང་ཛི་ལྷར་གསལ་བའི་ཐུགས་ཀར་ལྷ་ལྔ་སྐད་ཅིག་ལ་བསྐྱེད་ནས་དེ་ལ་མཆོད་པར་དམིགས་ཏེ་རོལ་བས་སྦྱིན་བདག་ཚོགས་རྫོགས་པ་དང་། ཟས་བསྒྲུབ་ཏུ་འོང་བས་རང་ལ་ཡང་ཁ་ཟས་བཟང་པོ་འབད་མེད་དུ་འབྱུང་ངོ་། །སྤྱིར་གཏོར་མ་མེད་པར་
སྒྲུབ་པ་ཐམས་ཅད་བཟའ་བ་བཀྲེས་ལ་གཏོར་སྒྲུབ་འདིས་ནི་ཁྱད་པར་དུ་ཟས་འདུ་ངེས་སོ། །ཡང་མཛོ་དང་བོང་བུ་དྲེའུ་ལ་སོགས་མིན་པའི་སེམས་ཅན་སྤུ་དཀར་པོ་ཅན་ལ་རྣམ་འཇོམས་གཟུངས་ཆུས་བྲན་ནས། མི་གཙང་བ་སྦྱངས་ནས་ལྷ་ལྔ་ལ་རྟེན་རྫས་སུ་བསྔོས་ཤིང་། ལྷ་ལྔ་མང་དུ་བསྟིམས་ལ་འདོད་གསོལ་བཀའ་བསྒོ་བྱས་ཤིང་གཏོར་རྒྱན་གྱིས་བསྲུང་བྱ་ལ་ནོར་བུའི་དབྱིབས་ཅན་བྱུག །གཏོར་ཟན་བྱིན་ནས་བཀྲ་ཤིས་བརྗོད་དེ། །འཚོང་བ་དང། བཤའ་བ་མ་བྱས་ན་ནོར་འཕེལ་བའི་རྟེན་འབྲེལ་ལེགས་སོ། །ནང་སྒྲུབ་ཟིན་བྲིས། །ཨྠ྄ྀི། མངྒ་ལཾ།།


previousམཆོད་གཏོར་འཛོམས་ཤིང་རྫས་གཞན་མི་འཛོམ་ན། ༼ཏ༽ །གཏོར་མ་ལ་བརྟེན་ནང་ལྟར་སྒྲུབ་པ་ཡོད། །next