Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
   
   
   
   
ཤེས་རབ་བརྩོན་འགྲུས་སྒྲུབ་རྫས་འཛོམ་པ་ལ། ༼ཐ༽ །གའུ་ལ་བརྟེན་གསང་བར་སྒྲུབ་པ་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཤེས་རབ་བརྩོན་འགྲུས་སྒྲུབ་རྫས་འཛོམ་པ་ལ། ༼ཐ༽ །གའུ་ལ་བརྟེན་གསང་བར་སྒྲུབ་པ་ཡོད། །next

ཤེས་རབ་བརྩོན་འགྲུས་སྒྲུབ་རྫས་འཛོམ་པ་ལ། ༼ཐ༽ །གའུ་ལ་བརྟེན་གསང་བར་སྒྲུབ་པ་ཡོད། །


CMR056_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། འཕགས་པ་སྨུག་འཛིན་དཀར་པོ་ལྷ་ལྔའི་གའུ་ལ་བརྟེན་པའི་གསང་སྒྲུབ་ཀྱི་ཟིན་བྲིས་བཞུགས་སོ།་་་སྣོད་མིན་ལ་བསྟན་པ་དང་འཆད་པར་མི་རུང་བས་མིག་འབྲས་བཞིན་གཅེས་པ་དང་འཚོ་ཤེས་པར་གྱིས་ཤིག །དེ་ནས་གསང་སྒྲུབ་ནི། རང་བཞིན་གྱི་ནོར་སྒྲུབ་པ་ལ་ནོར་བདག་གཅིག་པུ་བསྒྲུབས་པས་ཆོག་གསུངས་པའི་དོན་ཏེ་ཕྱུག་པོ་གཡང་ཆེན་གྱི་ཁང་པ་དང་ཞིང་མུའི་ས་དང་། དགེ་བའི་བཤེས་གཉེན་ཆེན་པོའི་


CMR056_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གཟིམ་ཁང་གི་ས་སོགས་ས་སྣ་བྱིན་བརླབས་གཡང་ཆགས་པ་ཅི་འཛོམ་དང་ས་སྦྱིན་བསྲེས་པར་འབྲང་རྒྱས་མཐེབ་ཆེན་ཙམ་དབྱིབས་དཔེའུ་རིས་ལྟར་བྱས་པ་དང་། །གཙོ་བོའི་སྔགས་ཤི་བུ་དང་བཅས་པའི་ཤོག་དྲིལ་དང་། འབྲུ་སྨན། རིན་པོ་ཆེ་སྣ་ཚོགས། མཁར་བའི་ཀོང་བུ་ཡུ་བའམ་ཟངས་སྦུགས་སུ་བཅུག་པ་ནང་གཞུག་བྱས་པའི་འདག་སྐུ་བཞེང་ངམ། རྒྱ་གཞུང་ལས་ཡང་ན་རས་བྲིས་སམ། རས་བྲིས་རིན་པོ་ཆེ་གོང་བཞིན་བྱའམ་གསུངས་པས། གསེར་དངུལ་གྱི་སྐུའམ་མ་རྙེད་ན་བྲིས་པས་ཆོག་པར་བཤད་པས་དཔེའུ་ཆུང་ལྟར་བྲིས་ལ། གའུ་རྫ་ཁོ་ནར་མ་ངེས་ཤིང་ཟངས་དང་ལི་ཡི་གའུ་གང་རུང་ལ། རྫ་ལ་བྱེད་ན་གྲུ་བཞིར་བྱ། དབུས་སུ་གཙོ་བོ་དང་ཕྱོགས་བཞིར་མཁའ་འགྲོ་བཞིའི་སྐུ་སྔགས་བཅས་གའུ་གཅིག་ཏུ་བཅུག་གོ །དེ་དང་མཉམ་དུ་གཞུང་ལྟར་གྱི་གཡང་རྫས་དེ་ཙམ་གྱིས་ཆོག་ལ། ཞིབ་པར་ནི་རྒྱ་གཞུང་ལས། གའུ་ནང་དུ། འབྲས་དང་། ནས་དང། གྲོ་དང་། ཏིལ་ལ་སོགས་པ་གཞུག །མདོར་ན་འབྲུ་སྣ་ཚོགས་གསག་གོ །མི་གཡང་ཅན་གྱི་ལག་ནས་སྐར་མ་བྲེ་དང་ལུག་གི་ཉི་མ་ལ་གསོག་གསུངས་ཏེ། ནམ་རྙེད་


CMR056_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཚག་བྱས་ལ་སྐར་མ་དང་ཉི་མ་དེ་ལ་གའུར་བཅུག་པས་འཐུས་ལ། གསེར་དངུལ་མུ་ཏིག་མུ་མེན་གཡུ་ཟངས་ལྕགས་ལ་སོགས་པ་མདོར་ན་རཏྣའི་རྒྱུན་དང་རིགས་ཐམས་ཅད་སྐར་མ་རྒྱལ་དང་ས་རི་ས་ག་གཟའ་སྤེན་པ་སོགས་ལ་བསགས། ཤ་རྙིང་མར་རྙིང་ཐུད་ཟོ་ཤེ་ལ་སོགས་པ་ཟས་ཀྱི་རིགས་ཐམས་ཅད་གསག་གོ །དེ་ཡང་མི་ཕྱུག་པོ་གཡང་ཅན་གྱི་ལག་ནས་སྐར་མ་བཟང་པོ་ལ་གསག་གོ །འབྲི་གཡག་ལ་སོགས་ཕྱུགས་གཡང་ཅན་སྣ་ཚོགས་ཀྱི་གཡང་སྤུ་བསགས། བོང་བུ་དང་ཕག་གི་སྤུ་མི་རུང་། རྟ་དྲེལ་མཛོ་སོགས་མི་རུང་བ་ཟུར་གཞུང་ན་སྣང་ཡང་མ་དག་པ་སྟེ། ཛམ་དམར་སོགས་གཞན་ནས་བཤད་པས་ལེགས། མདོར་ན་ས་སྟེང་གི་ཟས་སྣ་ཚོགས་ཚང་བ་མི་བཟང་པོའི་ལག་ནས་བསགས་ཏེ། སྐར་མ་ཡང་སོ་སོའི་གཡང་སྐར་ལ་བསགས་གསུངས་ཏེ། སོ་སོའི་གཡང་སྐར་ནི་མགོ་ལག་རྒྱལ་གསུམ་མི། བེས་རྫི་ནོར་གྱི་གཡང་སྐར་ལྟ་བུ་སྟེ། འགྲུབ་སྦྱོར་གང་ལའང་ལེགས་སོ། །ཛམ་ལྷའི་སྐུ་ཚད་སོར་བཞི་ལས་མི་ཆུང་བ་རཏྣ་ལྔ་བརྡར་ཕྱེ་བསྲེས་ལ་བཞེངས་གསུངས་སོ། །རྫས་དེ་ཚོས་གའུ་བཀང་ལ། རྒྱས་པར་དཀྱིལ་འཁོར་སྒོ་རྫོགས། འབྲིང་


CMR056_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འདབ་བཞི་རྡུལ་ཚོན་གྱིས་བྲི། ཐ་མ་ནས་ཀྱི་ཚོམ་བུ་ལྔའི་དབུས་སུ་མཉྫིའི་སྟེང་དུ་བཞག །དེའི་མདུན་དུ་གཏོར་མ་མཐར་མཆོད་པས་བསྐོར། བདག་བསྐྱེད་ལྷ་ལྔ་དང་། མདུན་བསྐྱེད་གའུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་དུ་ལྷ་ལྔ་བསྐྱེད་ཅིང་དམིགས་པ་རྒྱུན་ཁྱེར་དུས་ལྟར་ལས་མཚམས་བསྡམས་ངག་བཅད། །དཔྲལ་བར་སིནྡྷ་ར་བྱུག་ནས་གཙོ་བོའི་བསྙེན་པ་སྔགས་ཀྱི་སྤྲོ་བསྡུ་བྱ། གདན་མི་འགུལ་བར་བསྡད། ནངས་སྔ་ཆུ་སྦྱིན་བྱ། ཉིན་ཕྱེད། དགོང་ཀ །མཚན་དང་དུས་གསུམ་གཏོར་བསྔོས་ཐུན་གཏོར་བྱ། མཚན་མོ་རྣམ་པར་མི་རྟོག་པའི་སྔགས་བརྒྱ་ལས་མི་ཉུང་བ་བཟླས། དེ་མིན་མཚན་ལ་ཡང་བསྙེན་པ་བྱ། དེ་ལྟར་བསྒྲུབས་པས་རབ་ཞག་བདུན་འབྲིང་ཉེར་གཅིག །ཐ་མ་ཡང་ཟླ་བ་གཅིག་ནས་འགྲུབ་པའི་རྟགས་འབྱུང་གསུངས། རྟགས་བྱུང་ནས་གཙོ་འཁོར་དྲིལ་བའི་སྔགས་ཤམ་བུ་བསྒྲུབ་པའི་བཅུ་ཆ་གཅིག་བཟླས་སོ། དེ་ནས་མཆོད་གཏོར་རྒྱས་པར་ཕུལ་གའུ་འདི་ལྷ་བསྡུ་བ་དང་གཤེགས་པར་མི་བྱེད་པར་རིན་པོ་ཆེའི་ཕོ་བྲང་དུ་རྟག་ཏུ་བཞུགས་པར་མོས་ཏེ། བརྟན་བཞུགས་རབ་གནས་ཡེ་དྷརྨ་དང་
བཀྲ་ཤིས་བྱས་ལ་འབྲོག་པ་ཡིན་ན་ཀོང་ཚེ་ཡུས་པ་ཡིན་ན་བང་བའམ་མཛོད་ཕུགས་སུ་འབྲུ་སྣ་ཚོགས་དང་གཡང་རྫས་སྣ་ཚོགས་དང་བཅས་ཏེ་མིས་མི་མཐོང་བར་བཞུགས་སོ། །དེ་ལ་འབུལ་བ་ཆེན་པོ་དང་ཚོགས་ལེགས་པའི་ཕུད་ཀྱང་རྟག་ཏུ་འབུལ་ཏེ་ཛམ་ལྷ་དངོས་ཡིན་ནོ། །གཏོར་མ་དངོས་གྲུབ་ཏུ་རོལ་ལོ། །གསང་སྒྲུབ་བོ། །


previousཤེས་རབ་བརྩོན་འགྲུས་སྒྲུབ་རྫས་འཛོམ་པ་ལ། ༼ཐ༽ །གའུ་ལ་བརྟེན་གསང་བར་སྒྲུབ་པ་ཡོད། །next