Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
ཕྱི་ནང་གསང་གསུམ་སྒྲུབ་པ་རྟགས་ཐོན་ནས། ༼ན༽ །ལས་ཚོགས་སྒྲུབ་པ་ཆེན་པོའི་ཟིན་བྲིས་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕྱི་ནང་གསང་གསུམ་སྒྲུབ་པ་རྟགས་ཐོན་ནས། ༼ན༽ །ལས་ཚོགས་སྒྲུབ་པ་ཆེན་པོའི་ཟིན་བྲིས་ཡོད། །next

ཕྱི་ནང་གསང་གསུམ་སྒྲུབ་པ་རྟགས་ཐོན་ནས། ༼ན༽ །ལས་ཚོགས་སྒྲུབ་པ་ཆེན་པོའི་ཟིན་བྲིས་ཡོད། །


CMR056_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། འཕགས་པ་སྨུག་འཛིན་དཀར་པོ་ལྷ་ལྔའི་ལས་ཚོགས་སྒྲུབ་པ་ཆེན་པོའི་ཟིན་བྲིས་བཞུགས་སོ། །སྣོད་མིན་ལ་བསྟན་པ་དང་འཆང་བཤད་མི་བྱ་བ་དམ་ཚིག་ཡིན་པས་གནད་ཆེའོ། །ལས་ཚོགས་སྒྲུབ་པ་ཆེན་པོ་ནི། ཕྱི་ནང་གསང་གསུམ་གྱི་སྒྲུབ་པ་སྔོན་དུ་སོང་ངམ། ཐ་ན་དྲིལ་སྒྲུབ་ལ་རྟགས་ཐོན་ནས་གའུ་ལྔ་རྫ་ལ་བྱས་ཏེ། ལེགས་པར་ཕབ་སྟེ་ཆུས་མི་འཇིགས་པ་བྱ། མཁའ་འགྲོ་ལྔའི་སྐུ་འདག་སྐུ་བྱས་ན་ཡང་སྤྲ་རྩི་དབྱིས་སོགས་ཆུས་མི་འཇིགས་པར་བྱ། བྲི་ན་གྲོ་ག་ལ་བྲིས་པས་ཆུས་མི་གནོད། མ་རྙེད་ན་ཤོག་གུ་ལ་བྲིས་རྗེས་མར་གྱི་ལེགས་པར་བྱུག་ན་ཆུས་མི་གནོད། གའུ་ལྔ་ལ་གཙོ་འཁོར་སོ་སོར་བཅུག །སྤྱིའི་གཡང་རྫས་ཚང་བ་རེ་དང་རྟའི་་་སྔོན་པོ་ཆུ་རིས་ཅན་གྱི། སྤྱིས་ལས་ཀྱི་མཁའ་འགྲོའི་རྐང་པ་ལ་དཀྲི། བྲིས་སྐུ་ལ་གླན། པདྨ་མཁའ་འགྲོའི་གའུར་ཀླུ་སྨན་སྣ་ཚོགས། རིན་ཆེན་མཁའ་འགྲོའི་གའུར་ཟས་སྣ་ཚོགས། རྡོ་རྗེ་མཁའ་འགྲོའི་གའུར་ཤེལ་གཡུ་དྲུག་དམར་དུམ་བུ་ཕ་བང་ལོང་རྡོ་བཅུག །དེ་ནས་གོང་ལྟར་


CMR056_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་སྟེང་ཕྱོགས་སོ་སོར་བཞག །མཆོད་གཏོར་སྔར་བཞིན་བཤམས། ནངས་སྔ་ཆུ་གཏོར་དང་། ཐུན་བཞིའམ་ལྔར་གཏོར་མ་ཐུན་གཏོར་འབུལ། དང་པོ་ཞག་བདུན་ནམ་ཉེར་གཅིག་ཙམ་གཙོ་བོའི་སྔགས་ཤམ་བུ་ཅན་འདོན་ནོ། །དེ་ཚེ་དམིགས་པ་གོང་གི་རྒྱུན་བསྙེན་དང་འདྲ། ཁྱད་པར་དེ་ཚེ་རང་གི་མདུན་བསྐྱེད་བསྐུལ་བའི་ཐུགས་ཀ་ནས་འོད་ཟེར་གྱིས་རྒྱལ་བ་སྲས་བཅས་ཀྱི་དངོས་གྲུབ་བསྡུས་ནས་རང་དང་གའུ་ལ་ཐིམ་པར་བསྒོམ། དེ་ནས་གཙོ་བོའི་སྔགས་ཤམ་བུ་མེད་པ་ལ་རྡོ་རྗེ་མཁའ་འགྲོའི་ཤམ་བུ་ཅན་བཏགས་ལ་ཞག་གསུམ་མམ་བདུན་བཟླས་ཚེ། བདག་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ཅུང་ཟད་སྔོ་བའི་མདངས་ཅན་འཕྲོས། མདུན་བསྐྱེད་གཙོ་བོའི་ཐུགས་ཀར་ཕོག །དེའི་ཐུགས་ན་འོད་ཟེར་རྡོ་རྗེ་མཁའ་འགྲོ་ལ་སོགས་པ་ལ་ཕོག་པས། ཐུགས་ཀའི་ཟླ་བའི་སྟེང་དུ་ཧ་སྔོན་པོར་སྔགས་ཀྱིས་བསྐོར་བ་ལ་ཕོག་པས་སྔགས་དྲག་ཏུ་གཡོན་དུ་འཁོར་བ་ལས་འོད་ཟེར་མཐིང་དམར་ལྕགས་ཀྱུའི་དབྱིབས་ཕྱོགས་བཅུར་འཕྲོས་པས། སྟེང་ལྷ་འོག་ཀླུ་བར་མི་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས་ཏེ། མོས་པ་རྣམ་བཞི་ཞེས་བྱ་བ་བདག་ལ་


CMR056_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་མའི་འདུ་ཤེས་ཀྱི་བྱམས་པ་དང་། བླ་མའི་འདུ་ཤེས་ཀྱི་གུས་པ་དང་། རྒྱལ་པོའི་འདུ་ཤེས་ཀྱི་སྐག་པ་དང་། སྤུན་གྲོགས་ཀྱི་འདུ་ཤེས་ཀྱིས་བརྩེ་བར་གྱུར་ནས། དེ་ཐམས་ཅད་ཀྱི་ཚེ་བསོད་ནམས་ལོངས་སྤྱོད་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཆི་ལི་ལི་བསྡུས་ནས་རང་དང་རྡོ་རྗེ་མཁའ་འགྲོའི་གའུ་ལ་ཐིམ་པར་བསྒོམ། །གཙོ་བོའི་སྔགས་ལ་རྡོ་རྗེ་མཁའ་འགྲོའི་ཤམ་བུ་སྦྱར་བ་བཟླས་སོ། ༈ །ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་གསེར་བཙོ་མ་ལྟ་བུ་མདུན་གྱི་གཙོ་བོ་ལ་ཐིམ། གཙོ་བོ་ལས་རིན་ཆེན་མཁའ་འགྲོར་ཐིམ་ཞིང་སྔགས་དྲག་ཏུ་འཁོར་བ་ལས། འོད་ཟེར་ལི་ཁྲི་ལྟ་བུ་དམར་སེར་ཕྱོགས་ཐམས་ཅད་དུ་འཕྲོས་པས་འཇིག་རྟེན་གྱི་བཟའ་བཏུང་བཟའ་བ་ཞིམ་པ་རོ་མཆོག་ཕུན་སུམ་ཚོགས་པའི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ལ་བདག་དང་རིན་ཆེན་མཁའ་འགྲོའི་གའུར་ཐིམ་པས་རྨ་གཡང་ཟས་ཀྱི་དངོས་གྲུབ་ཐོབ་པར་བསྒོམ་ཞིང། གཙོ་བོའི་སྔགས་ལ་རིན་ཆེན་མཁའ་འགྲོའི་ཤམ་བུ་ཅན་བཟླས་སོ། ༈ །ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་པདྨ་རཱ་ག་ལྟ་བུ་མདུན་བསྐྱེད་ལ་ཐིམ། མདུན་


CMR056_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་གཙོ་བོ་ལས་འོད་ཟེར་འཕྲོས་པས་པདྨ་ཊཱཀི་ལ་ཐིམ་པས། སྔགས་དྲག་ཏུ་འཁོར་བ་ལས། འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུར་འཕྲོས་པས། རྒྱལ་པོ་དང་བློན་པོ་དང་བཙན་ཕྱུག་དར་རྒྱས་ཅན་གྱི་མི་དང་། ཡུལ་མི་ཐམས་ཅད་དང་། ནོར་བུ་རིན་པོ་ཆེའི་བདག་བྱེད་པའི་ཀླུ་ས་བདག་ཡུལ་ལྷ་ཐམས་ཅད་གང་ལ་མོས་པ་རྣམ་བཞིས་དབང་དུ་འདུས་ནས་དེ་དག་གི་བསོད་ནམས་དཔལ་འབྱོར་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་བདག་དང་གའུར་བསྟིམ་ཞིང་། གཙོ་བོའི་སྔགས་ལ་པདྨ་མཁའ་འགྲོའི་ཤམ་བུ་ཅན་བཟླས་སོ། ༈ ་ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་ལྗང་ཁུ་དམར་མདངས་ཅན་འཕྲོས་གཙོ་བོ་ལ་ཐིམ། །གཙོ་བོའི་ཐུགས་ཀ་ནས་ལས་ཀྱི་མཁའ་འགྲོ་ལ་ཐིམ་པས་དེ་ཡི་ཐུགས་ཀ་ནས་འོད་ཟེར་ལྗང་དམར་ལྕགས་ཀྱུ་ལྟ་བུ་ཕྱོགས་ཐམས་ཅད་དུ་འཕྲོས་པས་ལྷ་འདྲེ་མི་གསུམ་མོས་པ་རྣམ་བཞིས་དབང་དུ་གྱུར་ཏེ། །ཟས་དང་ནོར་དང་རྟ་ཕྱུགས་གཡང་ཅན་གྱི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་དང་གའུ་ལ་ཐིམ་པར་བསྒོམ་ལ། གཙོ་བོའི་སྔགས་ལ་ཀརྨ་ཀིའི་ཤམ་བུ་དང་བཅས་པ་སྦྱར་ནས་བཟླས་སོ། །དེ་ལྟར་རེ་རེ་


CMR056_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞག་གསུམ་ལས་མི་ཉུང་བ་བདུན་རེ་ཙམ་བྱ་ཞིང་། གལ་གང་ཆེ་བ་ལ་རྟགས་ཐོན་པར་བྱའོ། །དེ་ཙམ་མི་ནུས་ན་སྤྱི་ལ་ཞག་བདུན་ཙམ་བྱའོ། །ཞག་རེ་ལ་ཐུན་ལྔ་ཙམ་བྱས་ནས། དང་པོ་གཙོ་བོའི་ཐུན་མཚམས་སུ་གཏོར་བསྔོས། དེ་བཞིན་དུ་རིམ་པར་མཁའ་འགྲོ་བཞི་ཞག་གཅིག་ལ་རྫོགས་པར་བྱའོ། །དེ་ནས་རི་ཕྱུག་པོ་གཞི་བདག་དཀར་ཕྱོགས་ཅན་ལ། ས་དཔལ་ཆུ་དཔལ་ལེགས་པར་དགོས་གསུངས་ནས། རང་རྟག་ཏུ་འདུག་སའི་རྒྱབ་རིའི་ཕྱོགས་གང་དུ་ས་དཔལ་ལེགས་པ་ཁ་ཤར་རམ་ལྷོར་གྱུར་པའི་རྩེ་ལྐོགས་སུ་ཕྱིན་ལ་གཞི་བདག་ལ་དཀར་གཏོར་རམ་གསེར་སྐྱེམས་ཕུལ་ལ་ཕྲིན་ལས་འདིའི་སྡོང་གྲོགས་གྱིས་ཞེས་བཀའ་བསྒོ་བྱས། ལྟོ་འཕྱེ་དང་མི་འགལ་བར་ས་རྐོས་ལ་དོང་གྲུ་གང་ལས་རིང་བ་དང་ཐུང་བ་མི་རུང་སྟེ། ཐུང་ན་ནུས་པ་མེད་པ་རིང་ན་རང་ལ་ལྡོག་གོ །དེར་གྲོ་གའི་སྒོམ་གྱིས་ཡོད་ན་རབ་མེད་ན་རྫ་འུ་འམ་གྲོད་པ་ཆུ་ཐུབ་པའི་ནང་དུ་རྡོ་རྗེ་མཁའ་འགྲོའི་གའུ་བཅུག །འབྲུ་སྣ་ཀླུ་སྨན་ལྕགས་མ་གཏོགས་པའི་རིན་པོ་ཆེ་རིགས་ཀྱིས་བཀང་སྟེ། སོལ་བའམ་གྲོ་གའམ་ཤུག་ཤིང་གིས་ལྕིབས་ལ་སྦས། དེ་སྟེང་ཆུ་མི་འགྲོ་


CMR056_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྡོ་ལེབ་ཀྱིས་བཀབ། བཀྲ་ཤིས་འདོད་གསོལ་སྨོན་ལམ་བྱ་སྟེ། ས་ལེགས་པར་བཅག་ནས། སྤང་དྲས་པ་ཡིན་ན་ལེགས་པར་བསྒྲིགས་ནས་མི་ཡིས་མི་རྙེད་པ་བྱས་ནས་རི་དེ་མཐོང་ཚད་དབང་དུ་འདུ་བར་གསུངས་སོ། ༈ །གཞན་ཡང་འདི་འདྲའི་གདམས་པ་ལའང་ཐབ་ཀའི་འོག་མེའི་འོག་ཏུ་བཅུག་ནས་དེ་ལྷར་བསྐྱེད་ནས་ཟས་རྣམས་མཆོད་པར་དམིགས་པའི་ལུགས་ཡོད་མོད་ཀྱང་། འདི་ནི་ཐབས་ཀྱི་དཀྱིལ་དུ་གསུངས་པས་རྒྱ་ཐབ་ཡིན་ན་དང་པོ་ནས་བཅུག་པོའི་བུ་ག་བཟོས་ལ་བཞག །ཐབ་གསར་དུ་བྱེད་ན་ཐབ་ཀྱི་ནང་ཞུགས་སུ་བཞག་ལ། ཧ་ཅང་མེས་མི་སྨུག་པར་རྡོའི་སྒྲོམ་ཆུང་ནང་དུ་ཟས་སྣ་འབྲུ་སྣས་བཀང་སྟེ་རིན་ཆེན་མཁའ་འགྲོའི་གའུ་བཅུག་པས་རྒྱ་གཞུང་ནས་ཟས་ནོར་ཐམས་ཅད་དབང་དུ་འདུ་བར་འགྱུར་རོ། །ལོ་ཀ་ཐམས་ཅད་དབང་དུ་བསྡུས་ན་དེ་ལྟར་བྱ་ཞེས་དངོས་གྲུབ་ཐམས་ཅད་འབྱུང་བར་གསུངས་ནས། གཙོ་བོར་ཐབ་དེ་ལ་འདུ་ལོང་དང་ཟས་ཀྱི་ལོངས་སྤྱོད་རྒྱུན་མི་ཆད་པར་ངེས་སོ། །དེ་ནས་གྲོ་གའི་སྣོད་དམ་རྫའི་བུམ་པ་སྣམ་གྱིས་བཀང་བ་རྫ་ནག་མིན་པར་པདྨ་མཁའ་འགྲོའི་གའུར་བཅུག་པ་འབྲུ་སྣ་དང་རིན་པོ་ཆེ་


CMR056_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཀླུ་སྨན་གྱིས་བཀང་བ་ཁ་ལེགས་པར་བསྡམ་སྟེ་ཀླུ་གཏོར་དཀར་གཏོར་དང་བཅས། ལུང་པའི་ཆུ་མགོའི་ཆུ་མིག་ཁ་བྱང་རྒྱུ་མིན་པ། ཀླུ་དཀར་ཕྱོགས་གནས་པའི་གདུག་པ་ཅན་མ་ཡིན་པར་ཕྱིན་དཀར་གཏོར་དང་ཀླུ་གཏོར་བཏང་། ལས་འདིའི་སྡོང་གྲོགས་གྱིས་ཞེས་བཀའ་བསྒོས་ལ། ཆུ་མིག་རང་ནས་ཕྱིར་ལ་ཁྲུ་བཅུ་འཇལ་མཚམས་སུ་ཆུའི་ནང་དུ་གྲམ་ཐུས་བྱས་ལ་མིས་མི་རྙེད་པར་སྦས་པས། ཆུ་དེ་འཐུང་ཚད་དབང་དུ་འགྱུར་རོ། །ཇོ་བོས་ཞལ་ནས་ཆུ་དེ་ཕྱིའི་རྒྱ་མཚོར་ཕྱིན་པ་དང་། ཀླུ་ཆེན་པོ་རྣམས་དགྱེས་ནས་ནོར་བུའི་ཚོགས་ཐམས་ཅད་ཁྱེར་ནས་འོང་བ་འགྱུར་རོ། །དེའི་ཚེ་གང་ཟག་དེའི་དབང་དུ་འདུས་པ་ཡིན་ཏེ། མང་པོས་བཀུར་བ་ལྟ་བུར་འགྱུར་གསུངས། ཀླུ་དང་གཞི་བདག་དབང་དུ་འདུས་པའི་མི་ཐམས་ཅད་རང་དབང་མེད་པར་འདུ་བ་རྟེན་འབྲེལ་གྱི་ཆོས་ཉིད་དེ། ཕོ་རིགས་མོ་རིགས་གང་དབང་དུ་འདུས་པ་དེའི་རིགས་མོས་ཤིང་འདུ་བར་ངེས་པར་གཅོད་གཞུང་ཀུན་ནས་གསུངས་པ་དང་མཐུན་ནོ། །༈ །ཡང་བྱེད་ལུགས་རིའི་རྩེ་དང་འདྲ་བར་ལས་ཀྱི་མཁའ་འགྲོའི་གའུ་རི་ཐང་མཚམས་ས་དཔལ་ལེགས་
སར་སྦས་པས། ཡུལ་མི་ཐམས་ཅད་དང་ཟས་ནོར་རྟ་ཕྱུགས་མྱུར་ཐབས་སུ་འདུ་འོང་བ་ཡིན་གསུངས་སོ། །གཙོ་བོའི་གའུ་གོང་དུ་བཤད་པ་ལྟར་རི་རྩེའམ་མཛོད་དམ་བང་བར་སྦས་ཏེ། སྔོན་དུ་གཙོ་བོའི་གའུ་ཡོད་ན་རྒྱབ་ཀྱི་གཙོ་བོ་དེས་བྱེད་ཀྱི་གཉིས་མི་དགོས་སོ། །ཟས་ནོར་ཐམས་ཅད་ཐོག་པ་མེད་པར་འཕེལ་བར་འགྱུར་རོ། །ཞེས་དང་། དེ་ལྟར་བྱས་ནས་གའུ་ཁྱིམ་ན་ཡོད་པས་རང་གི་ངང་གི་ཟས་ནོར་འདུ་བར་འགྱུར་རོ། །ཞེས་ཇོ་བོས་གསུངས་ཏེ། དེ་ལྟར་སྒྲུབ་པ་མ་ཐོན་ན་ཡང་གའུ་ལྔའམ་གཅིག་སུ་བསྡུས་པ་དེ་ལེགས་པར་རྫས་ཚང་བ་རབ་གནས་དང་བཅས་པ་ཡོད་ན་ངང་གིས་ལོངས་སྤྱོད་འདུ་བར་བཤད་དོ། །དེ་ཅིའི་ཕྱིར་ན་སྔགས་དང་རྫས་དང་རྟེན་འབྲེལ་གྱི་མཐུ་ལས་གྲུབ་པའི་ནོར་བུ་རིན་པོ་ཆེ་ཡིན་པས་སོ། །ལས་ཚོགས་སྒྲུབ་པ་ཆེན་པོའི་ཟིན་བྲིས་སོ། །ཨྠ྄ྀི།


previousཕྱི་ནང་གསང་གསུམ་སྒྲུབ་པ་རྟགས་ཐོན་ནས། ༼ན༽ །ལས་ཚོགས་སྒྲུབ་པ་ཆེན་པོའི་ཟིན་བྲིས་ཡོད། །next