Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
འགྲུབ་དང་མི་འགྲུབ་དངོས་གྲུབ་འབྱུང་མི་འབྱུང་། ༼མ༽ །ཤེས་ཕྱིར་ཚོད་འཛིན་རྟགས་ཀྱི་ཡི་གེ་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའགྲུབ་དང་མི་འགྲུབ་དངོས་གྲུབ་འབྱུང་མི་འབྱུང་། ༼མ༽ །ཤེས་ཕྱིར་ཚོད་འཛིན་རྟགས་ཀྱི་ཡི་གེ་ཡོད། །next

འགྲུབ་དང་མི་འགྲུབ་དངོས་གྲུབ་འབྱུང་མི་འབྱུང་། ༼མ༽ །ཤེས་ཕྱིར་ཚོད་འཛིན་རྟགས་ཀྱི་ཡི་གེ་ཡོད། །


CMR056_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། སྨུག་འཛིན་དཀར་པོ་ལྷ་ལྔའི་སྒྲུབ་པའི་རྟགས་ཡིག་བཞུགས་སོ། །ཛམ་དཀར་རྟགས་ཡིག་ནི། སྤྱིར་རྣམ་སྲས་གཙོ་བོ་ཡིན་རུང་། དེའི་སྒབ་འདྲེ་དཔེ་ཧར་ཡིན་པའི་ལོ་རྒྱུས་རྣམ་སྲས་བསྒྲུབ་པ་ལ་བར་དུ་གཅོད་ཅིང་ཐ་མ་སྲོག་འཕྲོག་པར་སྨོན་ལམ་བཏབ་ཚུལ་ལུས་ངན་པོའི་མདོ་ལས་གསུངས་ཤིང་། དེའི་མནན་ཐབས་མང་དུ་ཡོད་ཀྱང་དུས་ཀྱི་དབང་གིས་ནོན་དཀའ་བས་རྣམ་སྲས་བསྒྲུབ་པ་ལ་བར་ཆད་ཆེན་པོ་བྱུང་བ་མང་དུ་མཐོང་ཞིང་ཐོས། ཛམ་ནག་ལ་སྒབ་འདྲེ་བྱ་མཆུ་ཅན་ཐུ་མོ་ཞིག་ཡིན་སྐད། ཛམ་དམར་ལ་གནོད་སྦྱིན་འབྲེལ་ཕོངས་ཡོད་པ་དེ་ཧ་ཅང་མི་ཐུ་ཡང་མནན་པར་བསྒྲུབ་མི་རུང་། སྤྱིར་སྤྱན་རས་གཟིགས་ལ་སྒབ་འདྲེ་མེད་ཅིང་འདི་ལ་ཡང་མེད་པས་ཤིན་ཏུ་རྒྱུད་འཇམ་ནའང་། །སྒྲུབ་པའི་སྐབས་སུ་རྨི་ལམ་དུ་སྣོད་སྟོང་ཁུར་བའི་མི་དང་བུད་མེད་སྤྲང་པོས་ཟས་སློང་བ། ཁྱི་དང་རི་བོང་སོགས་བསེ་རག་གི་རྟགས་བྱུང་ན། གླུད་གཏོར་རམ་བགེགས་གཏོར་བཏང་ལ་སུམ་བྷ་ནི་དྲག་ཏུ་བརྗོད་དེ། དེ་ནི་གཡང་སྐྱབས་དུས་བསེ་རག་བཀར་བ་དང་དོན་གཅིག་པའོ། །རྟགས་ནི་རྒྱུན་བསྙེན་ནམ་ཕྱི་ནང་གསང་གསུམ་གང་འཐོར་བུ་སོགས་


CMR056_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

གང་བསྒྲུབ་ཀྱང་འདྲ་སྟེ། རང་གི་སྒྲིབ་པ་ཆེ་ཆུང་ལས་འཕྲོ་སྟོབས་ཀྱིས། དབང་པོ་རབ་དངོས་སམ། འབྲིང་ཉམས་ཀྱི་སྣང་བ་ཐ་མ་རྨི་ལམ་དུ་འབྱུང་སྟེ། འདིའི་རྒྱ་གཞུང་ལས། །རྟགས་ནི་ཁྲོམ་མང་པོ་འདུ་འཚོགས་པ་དང་། ཕྱག་འཚལ་བ་དང་། ཆར་ཆེན་པོ་བྱུང་བ་འགྲུབ་པ་ཡིན་ནོ། །འབྲུའི་གསེབ་ཏུ་ཉལ་བ། གོས་གསར་པ་གྱོན་པ་སོགས་རྨིས་སོ། །དེ་ལྟར་བྱུང་ན་ཟས་ནོར་ལྷུན་གྲུབ་ཏུ་གཤིས་ཀྱིས་འབྱུང་ངོ་། །ཞེས་པ་ཙམ་ལས་མ་གསུང་སྟེ། སོགས་རྨི་འོང་ཞེས་པ་སོགས་སྒྲ་དེ་ལས་གཞན་ནས་མ་བྱུང་བ་ལྟར་རྟགས་རྒྱས་པ་འབྱུང་ཚུལ་གསུང་པ་སྟེ། ཁྲི་ཆེན་པོ་ལ་སྡོད་པ་དར་བེར་གདུགས་སོགས་ཕུབ་པ། དར་ཆེན་འཕྱར་བ་ཆོས་སམ་ནོར་གྱི་གཏེར་རྙེད་པ། ནོར་བུ་ལ་སོགས་བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲིད་སྣ་བདུན་གྱི་གཟུགས་གསེར་དངུལ་ལས་བྱས་པ་རྙེད་པ་རི་རབ་ཀྱི་རྩེ་ཕྱིན་པ་ནེའུ་ལེ་གསོ་བ། མུ་ཏིག་དང་རིན་པོ་ཆེའི་ཆར་འབེབས་པ། ཆུ་གཏེར་བཏོན་པ། དེ་རྣམས་བསོད་ནམས་འཕེལ་རྟགས་སོ། །ཆར་འབེབས་པ་འབྲུག་ཆེན་པོ་གྲག་པ་དུང་འབུད་པ་རྔ་ཆེན་བརྡུང་བ་རོལ་མོ་འབུད་དཀྲོལ་བྱས་པས་སྐད་ཆེན་པོ་རིང་བོ་སྙན་པོ་བྱུང་བ་


CMR056_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་གྲགས་ཀྱི་ལྟས་སོ། །ལོ་ལེགས་ལ་འབྲུ་མང་པོ་ཕུལ་བ་བདག་བྱས་པ་ཇ་དང་ཟས་ཀྱི་རིགས་ཤ་ཁྲག་མ་ཡིན་པའི། དཀར་གསུམ་ཕུལ་བ་བདག་བྱས་པ་ལོངས་སྤྱོད་བལྟས་སོ། །མི་ཆེན་པོ་རེ་ཟུང་གིས་གུས་འདུད་བྱས་པ་དབང་འདུས་རྟགས། ནོར་ཕྱུགས་རྟ་དྲེལ་གྱི་ཁྱུ་ཚུར་ལ་གཤར་བ། ཚོང་པ་དང་ཚོང་དཔོན་ཆས་བཟང་ཚུར་བྱུང་བ། ནོར་ཕྱུགས་རྟ་དྲེལ་ལུག་ཁྱུ་བསྡུ་བ། བདག་བྱས་པ། སྒྲ་དང་ཨག་ཚོམ་རིང་དུ་སྐྱེས་པ་ནོར་འདུ་བའི་རྟགས། སྐྱེས་པའམ་བུད་མེད་ཀྱི་རྩྭ་དང་ཤིང་དང་ལོ་མ་བྱིན་པ་རྩྭ་ཐུ་བ་ནས་བརྔ་བ་ཡང་ནོར་གྱི་རྟགས། ཡུང་མ་མང་པོ་རྙེད་པ་རྐོ་བ་དངོས་གྲུབ་འཕེལ་བ། ཟས་རོ་མཆོག་ཅན་བྱིན་པ་ཟོས་པ་འཕྲལ་ཁ་ཟས་རྟགས། བུད་མེད་གཞོན་ནུ་རལ་པ་ཅན་ནི། བརྒྱན་ཅན་འདུ་བ་དེ་དག་གིས་ཟས་ནོར་གཏེར་བ་མཁའ་འགྲོ་བཞིའི་རྟགས། ཡང་ཉམས་རྨི་ལམ་དུ་གདུལ་བྱ་སོགས་གང་འོང་ལུང་སྟོན་པ་དང་། རྨི་ལམ་དུ་རང་ལ་མཛེ་བྱུང་བ་རྨིས་ན་ཤིན་ཏུ་ཕྱུག་པོའི་རྟགས། རྟགས་གང་བྱུང་བ་ལ་རློམ་སེམས་དང་ང་རྒྱལ་མི་བྱ་བར། དེ་ཙམ་ཆུང་ཚོད་ཡིན། སྒྲུབ་པ་འདི་ཙམ་བྱས་སྐབས་སུ་རྗེ་མ་ཁེང་པ་
ཡིན། བསྒྲུབ་དུས་རྟགས་གང་བྱུང་དེ་ཕྱིས་ནས་འབྲས་བུ་མི་འབྱུང་མི་སྲིད། ལ་ལ་ས་ཁམས་པའི་རིགས། རྟགས་ཡེ་ནས་མི་འབྱུང་བའི་རིགས་ལ་ཡང་ཡིད་ཆད་པར་མི་བྱ་ཞིང་། །བསྒྲུབས་པས་འབྲས་བུ་ཤུགས་ཀྱིས་འབྱུང་ངོ་། །ཞེས་པའང་ཀརྨ་བཱིརླ་ས་ག་རས་མཎྜལ་བཟང་པོ་དང་བཅས་ནས་རྩེ་གཅིག་ཏུ་གསོལ་བ་བཏབ་པས། ཤིང་སྦྲུལ་བདུད་རྩི་འཁྱིལ་བའི་ལོ་ས་ག་ཟླ་བའི་དམར་པོའི་ཚེས་བརྒྱད་ནོར་ལྷ་གནོད་སྦྱིན་རྒྱུ་བའི་དུས་དྲིན་ཅན་ཆོས་ཀྱི་རྗེ་རཱ་ག་ཨ་སྱའི་ཞལ་སྔ་ནས་ཉིད་ཀྱིས་བརྩལ་བ་ཕྱག་བྲིས་སུ་མཛད་ནས་གནང་བའོ། །


previousའགྲུབ་དང་མི་འགྲུབ་དངོས་གྲུབ་འབྱུང་མི་འབྱུང་། ༼མ༽ །ཤེས་ཕྱིར་ཚོད་འཛིན་རྟགས་ཀྱི་ཡི་གེ་ཡོད། །next