Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་སྐོར་ལས་དངོས་གྲུབ་འབྱུང་འདོད་ན། ༼ཛ༽ །སྤྲོས་མེད་ཛམ་དམར་ཟིན་བྲིས་གུད་དུ་སྦས། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་སྐོར་ལས་དངོས་གྲུབ་འབྱུང་འདོད་ན། ༼ཛ༽ །སྤྲོས་མེད་ཛམ་དམར་ཟིན་བྲིས་གུད་དུ་སྦས། །next

གནམ་ཆོས་སྐོར་ལས་དངོས་གྲུབ་འབྱུང་འདོད་ན། ༼ཛ༽ །སྤྲོས་མེད་ཛམ་དམར་ཟིན་བྲིས་གུད་དུ་སྦས། །


CMR056_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། གནམ་ཆོས་སྐོར་ནས་བྱུང་བའི་སྨུག་འཛིན་དམར་པོའི་ཟིན་བྲིས་བཞུགས་སོ། ༈ །ན་མོ་ཨཱརྱ་ཛཾ་བྷ་ལ་ཡེ། གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས། ཛཾ་ལྷ་རིགས་དགུའི་སྒྲུབ་པ་གསུངས། །རྒྱུད་སྡེ་གསང་སྔགས་བླ་མེད་སྡེ། །རཏྣ་རྩལ་ཆེན་འདུས་རྒྱུད་ལས། །ནོར་ལྷ་སྤྱི་ཡི་རྒྱུད་ཆེན་པོ། །ལེའུ་བརྒྱ་དང་རྩ་བརྒྱད་གསུངས། །དེ་ཡི་དོན་དང་དགོངས་པ་ལགས། །པད་འབྱུང་ཛམ་ལྷ་སོ་སོ་ཡི། །སྐུ་རུ་བཞེངས་ནས་དངོས་སུ་གསུངས། །བརྒྱུད་པ་ཉེ་ཞིང་འགྲུབ་རྟགས་མྱུར། །རིགས་དགུའི་ནང་ནས་དམར་པོ་འདི། །དཀྱིལ་འཁོར་འཁོར་ལོ་གཏོར་མ་སོགས། །སྒྲུབ་རྫས་མི་དགོས་སྟབས་བདེ་བ། །ཤིན་ཏུ་སྤྲོས་མེད་ཨ་ཏིའི་ལུགས། །དྲན་པ་ཙམ་གྱིས་རྫོགས་པ་ཉིད། །ལྟ་བ་གྱད་ཀྱི་ལྷ་ཞེས་བྱ། །རང་ལུས་ཡེ་ནས་དམ་ཚི་ལྷ། །རང་སེམས་ཡེ་ནས་ཡེ་ཤེས་ལྷ། །ཡིན་ལ་ཡིན་བཞིན་གསལ་བཏབ་ནས། །གདོད་ནས་


CMR056_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཡེ་དབྱེར་མི་ཕྱེད། །ཡེ་ཤེས་སྤྱན་འདྲེན་མི་དགོས་ཏེ། །ཆུ་ཟླ་མེ་ལོང་གཟུགས་བཞིན་དུ། །གར་དམིགས་དེ་རུ་ཡེ་ཤེས་པའི། །ལྷ་ནི་དེ་རུ་སྣང་བ་སྟེ། །ནམ་མཁས་གར་ཁྱབ་སྣང་སྲིད་ཀུན། །རྒྱལ་བའི་སྐུ་གསུང་ཐུགས་ཀྱིས་ཁྱབ། །རྣམ་པར་རྟོག་པ་མི་མངའ་ཕྱིར། །གཤེགས་དང་བཞུགས་པའི་མཚན་མ་མེད། །དེ་འདྲ་ཨ་ཏི་རྫོགས་ཆེན་ལུགས། །གསར་མའི་བླ་མེད་རྒྱུད་དང་མཐུན། །བདག་མདུན་སྐད་ཅིག་དྲན་རྫོགས་ལ། །མངོན་རྟོགས་གཅིག་གིས་དུས་གཅིག་བསྐྱེད། །སོ་སོའི་ཐུགས་ཀར་ཟླ་བའི་སྟེང་། །བྱི་རུ་ལྟ་བུ་ཛཾ་ཡིག་དམར། །སྔགས་ཕྲེང་གཡས་སུ་འཁོར་བ་ལས། །འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། །རྒྱལ་བ་ཀུན་གྱི་དངོས་གྲུབ་བསྡུས། །ཐམས་ཅད་འོད་ཞུ་བདག་ལ་ཐིམ། །འོད་ཀྱིས་རེ་ག་པས་ཐམས་ཅད་མཉེས། །ཟག་མེད་བདེ་བས་སྐུ་ལུས་ཚིམ། །འོད་ཟེར་འགྲོ་དྲུག་ཀུན་ལ་ཕོག །སྡིག་སྒྲིབ་།དག་ནས་ཛ་དམར་གྱུར། །ཀུན་ཀྱང་བུང་བ་ཚང་ཞིག་ལྟར། །འུར་འུར་དིར་དིར་སྔགས་སྒྲ་སྒྲོག །དེ་ནི་བདག་བསྐྱེད་དམིགས་པའོ། །རང་གི་ཐུགས་ལས་སྔགས་ཕྲེང་


CMR056_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས། །ཞལ་ནས་ཐོན་ནས་མདུན་བསྐྱེད་ཀྱི། །ཞལ་ཞུགས་ཐུགས་རྒྱུད་རབ་ཏུ་བསྐུལ། །སྔགས་ཕྲེང་ལྟེ་བ་ནས་ཚུར་བྱོན། །རང་གི་ཐུགས་ཀར་ཐིམ་པ་དེས། །ཕར་མཆོད་ཚུར་ལ་དངོས་གྲུབ་བསྡུ། །མགལ་མེའི་འཁོར་ལོ་འཁོར་བ་བཞིན། །དམར་དང་ཀྱིལ་ཀྱིལ་འཁོར་བར་བསྒོམ། །ཕྱག་གཡོས་བྷནྡྷའི་ནོར་བུ་ལས། །འོད་འཕྲོས་ཟས་ཀྱི་དངོས་གྲུབ་རྣམས། །འོད་ཀྱིས་བསྡུས་ནས་རང་ལ་ཐིམ། །ཟས་བཅུད་ཐོད་པའི་ནང་ཐིམ་པས། །ལོངས་སྤྱོད་ཆར་ལྟར་འབེབས་པར་དམིགས། །བར་མའི་ལྕགས་ཀྱུ་ཞགས་པ་ལས། །འོད་ཟེར་དམར་པོ་ལྕགས་ཀྱུ་དང་། །ཞགས་པའི་དབྱིབས་ཅན་ཕྱོགས་བཅུར་འཕྲོས། །གང་འདོད་ཐམས་ཅད་བཀུག་ཅིང་བསྡུས། །གཡས་འོག་ནོར་བུ་རིན་ཆེན་ལས། །འབྲུ་ཡི་ཆར་པ་འབེབས་པ་དང་། །གཡོན་གྱི་ནེའུ་ལེ་གཉིས་འཛིན། །རིན་ཆེན་རྣམ་པ་སྣ་ཚོགས་དང་། །གང་འདོད་དངོས་གྲུབ་སྐྱག་པ་ཡིས། །རང་གནས་ཁྲ་ཆེམ་གང་བར་དམིགས། །མཐར་ནི་མདུན་བསྐྱེད་བདག་ལ་ཐིམ། །བདག་ཀྱང་མི་དམིགས་སྟོང་པའི་ངང་། །གཏོར་བསྔོས་ལ་སོགས་བྱ་བ་ནི། །གནམ་ཆོས་ཛམ་ལྷ་སྤྱི་ཡི་


CMR056_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ལས་བྱང་འདི་ཉིད་འདོན་པ་སྟེ། །སྒེའི་མལ་དུ་ཛི་དམར་འཛུད། །བསྐྱེད་ཆོག་བྱ་བར་མ་གསུངས་ཏེ། །སྤྱན་འདྲེན་བརྗོད་པས་རང་བཞིན་གྱིས། །གནས་དང་ལྕང་ལོ་ཅན་སོགས་དང་། །བདེ་བ་ཅན་སོགས་ཞིང་ཁམས་ནས། །ཛམ་དམར་བྱོན་ནས་མདུན་བཞུགས་པར། །གཞུང་ཚིག་ལྟར་དུ་དངོས་འབྱོར་དང་། །ཡིད་སྤྲུལ་བཀྲ་ཤིས་རྒྱལ་སྲིད་དང་། །འགྲོ་བའི་དཔལ་འབྱོར་བློས་བླང་འབུལ། །བསྟོད་པ་བརྗོད་ནས་རང་ཉིད་ལ། །སྐུ་གསུང་ཐུགས་བཅས་ཐིམ་པར་བསྒོམ། །ཆུ་སྦྱིན་ཀྱང་ཟངས་གཞོང་དུ། །སྐད་ཅིག་བསྐྱེད་དེ་སྔགས་ཀྱིས་འབུལ། །བསྟོད་པ་ལས་བྱང་ཤོ་ལོས་བསྟོད། །རྟགས་ནི་ནོར་ལྷ་སྤྱི་དང་འདྲ། །བརྩོན་འགྲུས་རྒྱ་མཚོས་བསྐུལ་བྱས་ནས། །རཱ་ག་ཨ་སྱས་ཟིན་བྲིས་བྱས། །ཐེམ་མེད་ཡིན་ཡང་གཅིག་བརྒྱུད་ནང་འདིར་བྲིས། །བསྟན་འཛིན་དབུལ་སེལ་ནོར་བུ་རིན་པོ་ཆེ་ཡིས་ཟས་གོས་ནོར་གསུམ་སྙན་གྲགས་དཔལ་འབྱོར་ལོངས་སྤྱོད་མངའ་ཐང་སིདྡྷི་ཕ་ལ་ཧོ༔ ཨྠ྄ྀི། འདི་འདྲའི་མན་ངག་འཇིག་རྟེན་གསུམ་ན་དཀོན། སྣོད་མིན་དམ་ཚིག་མེད་ལ་གབ་པ་ཅེས། མངྒ་ལཾ།།


previousགནམ་ཆོས་སྐོར་ལས་དངོས་གྲུབ་འབྱུང་འདོད་ན། ༼ཛ༽ །སྤྲོས་མེད་ཛམ་དམར་ཟིན་བྲིས་གུད་དུ་སྦས། །next