Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡིད་ཆེས་དང་བ་བསྐྱེད་པར་བྱ་བའི་ཕྱིར། ༼ཝ༽ །སྒྲོལ་མ་དམར་མོའི་ལོ་རྒྱུས་ཕན་ཡོན་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡིད་ཆེས་དང་བ་བསྐྱེད་པར་བྱ་བའི་ཕྱིར། ༼ཝ༽ །སྒྲོལ་མ་དམར་མོའི་ལོ་རྒྱུས་ཕན་ཡོན་ཡོད། །next

ཡིད་ཆེས་དང་བ་བསྐྱེད་པར་བྱ་བའི་ཕྱིར། ༼ཝ༽ །སྒྲོལ་མ་དམར་མོའི་ལོ་རྒྱུས་ཕན་ཡོན་ཡོད། །


CMR056_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། དཔལ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་དང་སྒྲུབ་ཐབས་རྒྱ་མཚོ་དང་བརྒྱ་རྩ་གཅིག་ཤེས་ཀུན་གྲོལ་སོགས་ནས་བྱུང་བའི་སྒྲོལ་མ་དམར་མོ་རིག་བྱེད་མའི་ལོ་རྒྱུས་ཕན་ཡོན་དང་བཅས་པ་བཞུགས་སོ། ༈ །འོ་ད་ལམ་ཁྱེད་རྣམས་ལ་འཕགས་མ་རིག་བྱེད་མ་ཡི་དབང་བསྐུར་བ་ལ། ལོ་རྒྱུས་ཟུར་ཙམ་མ་བཤད་ན། ་ངེས་ཤེས་མི་སྐྱེ་བས་བྱིན་རླབས་འཇུག་དཀའ། དེ་ལ་ལྷ་མོ་འདི་ཡི་ངོ་བོ་ནི་སྒྲོལ་མའི་རིགས་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས། རིག་པའི་རྒྱལ་མོ་རྫུ་འཕྲུལ་ཅན། །དེ་ནི་སྒྲོལ་མ་ཞེས་ཀྱང་བསྟན། །བུད་མེད་གཟུགས་འཆང་ལྷ་མོ་ནི། །འགྲོ་བ་ཀུན་དུ་རྣམ་པར་རྒྱུ། །སྙིང་རྗེའི་བརླན་པའི་སེམས་ཀྱིས་ནི། །སེམས་ཅན་རྣམས་ལ་ཕན་དོན་དུ། །མི་མཇེད་འཇིག་རྟེན་ཁམས་གསུམ་གནས། །བུད་མེད་མིང་གིས་འཇུག་པར་བྱེད། །ས་བཅུ་ལ་ནི་རབ་གནས་ཐོབ། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །སེམས་ཅན་རྣམས་ནི་འདུལ་བྱེད་པ། །ལྷ་མོ་སྒྲོལ་མ་ཞེས་སུ་བསྟན། །འདི་ནི་འབད་མེད་འགྲུབ་པ་སྟེ། །སྲུང་དང་སྐྱོབ་དང་སྦ་བར་བྱེད། །ལོངས་སྤྱོད་དབང་ཕྱུག་འཕེལ་བར་བྱེད། །འདིས་ནི་ལྷ་མོ་སྒྲུབ་པར་བྱེད། །


CMR056_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་མཆོག་གི་ཆེད་དུ་ནི། །སྐྱེས་པ་ཉིད་ནས་རྩོམ་པར་བྱེད། །སྙིང་རྗེས་བརླན་པའི་ལུས་ཅན་ལ། །དེ་ཚེ་ལྷ་མོ་རྗེས་འབྲང་བ། །སྔགས་ཀྱི་གཟུགས་ཀྱིས་སེམས་ཅན་ལ། །བྱང་ཆུབ་ཚོགས་ཀྱི་བྱ་ཕྱིར་དུ། །རེ་བ་ཐམས་ཅད་དགའ་རྒྱས་ཕྱིར། །ཤར་གྱི་ཕྱོགས་སུ་གནས་པ་ཡིས། །བདག་ཉིད་རྣམ་པ་སྟོང་དང་ནི། །རྣམ་པ་མང་པོ་བྱས་ནས་ཀྱང་། །རྒྱ་མཚོ་བཞི་པ་མཐར་ཐུག་བར། །ས་རྣམས་ཀུན་ཏུ་རྣམ་པར་རྒྱུ། །ཞེས་གསུངས་པ་ལྟར་སྒྲོལ་མའི་སྤྲུལ་པ་འཇིག་རྟེན་ཁྱབ་པར་བཤད་པའི་ནང་ནས། འདི་ནི་རྒྱ་གར་ལྷོ་ཕྱོགས་ཀུ་རུ་ཀུལླེའི་རི་ཕུག་ན་བཞུགས་པའི་སྒྲོལ་མ་དེ་ཡིན་ཏེ། སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་ཀྱི་བསྟོད་པ་ནས་ཀྱང་རིག་བྱེད་མ་འདི་གསུངས་ལ། སྒྲོལ་མ་ཉེར་བ་གཅིག་གི་ནང་ནས་དབང་བྱེད་སྒྲོལ་མ་དམར་མོ་ཡིན་ལ། སྒྲོལ་མ་ལས་སྣ་ཚོགས་འབྱུང་བའི་རྒྱུད་ལས་ཀྱང་སྒྲོལ་མ་ཐམས་ཅད་ཀྱི་རྩ་བར་བཤད་པའི་ཕྱིར། །མི་ཏྲ་བརྒྱ་རྩ་ལས། གཙོ་མོ་ཀུ་རུ་ཀུལླེ་མའི་འཁོར་སྒྲོལ་མ་ཉེར་གཅིག་གིས་བསྐོར་བའི་དཀྱིལ་འཁོར་ཡང་གསུང་ཞིང་། རྗེ་ཆོས་ཀྱི་དབང་ཕྱུག་གིས་ཀུ་རུ་ཀུལླེའི་དཀྱིལ་འཁོར་ནས་རྒྱུད་སྡེ་


CMR056_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཀའི་དབང་དུས་གཅིག་ལ་བསྐུར་བའི་ཆོ་ག་ཡང་མཛད་དོ། །དེ་ལྟ་བུའི་ལྷ་མོ་འདི་ཡི་རྒྱུད་ཇི་ལྟར་བྱུང་བ་ནི། སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་གསུང་སྟེ། བསྐལ་པ་མང་པོའི་སྔོན་དུ། སྒྲོལ་མ་འབྱུང་བ་རྣལ་འབྱོར་རྒྱ་མཚོ་ཞེས་བྱ་བའི་རྒྱུད་ཤིན་ཏུ་རྒྱས་པ་ཞིག་བྱུང་། དེ་ནུབ་ནས་སྒྲོལ་མ་འབྱུང་བའི་ཏིང་ངེ་འཛིན་ཞེས་བྱ་བའི་རྒྱུད་ཆེན་པོ་གཅིག་བྱུང་ངོ་། །དེ་ཡང་ནུབ་པར་གྱུར་པ་དང་། བསྟན་པ་འདི་ལ་པོ་ཊ་ལ་ཡི་གནས་ན། འཕགས་པ་སྤྱན་རས་གཟིགས་ལ་འཁོར་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དང་་། ལྷ་དང་ཀླུ་ཡི་རིག་འཛིན་རྣམས་ཀྱིས་བསྐོར་ནས་བཞུགས་པའི་ཚེ། འཁོར་རྣམས་ཀྱིས་ཞུས་པའི་ངོར་ཀུ་རུ་ཀུ་ལླེའི་རྟོགས་པ་འདི་གསུངས་ཏེ། བསྟོད་དབྱངས་དང་མཆོད་པའི་ཁྱད་པར་དུ་མས་མཆོད་ཅིང་བསྟོད་པར་གྱུར་ཏོ། །འདི་ལ་སྡེབ་ཆེན་བཅུ་དྲུག་ཙམ་བཞུགས་པ་ཀྲིཥྛཔཎྜི་ཏ་དང་། ལོཙྪ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ་ཡིན་ཡང་བྱ་རྒྱུད་དུ་བཤད་དོ། །བླ་ན་མེད་པ་དཔལ་རྒྱུད་ཀྱི་རྒྱལ་པོ་སམ་བུ་ཏྲི་ལས། ཨོཾ་ཀུ་རུ་ཀུལླེ་ཧིསཱ་ཧཱ། ལས་ཐམས་ཅད་པའི་སྔགས་ཞེས་བྱ་སྟེ། དགྲ་དང་རྒྱལ་པོས་བཅིངས་བ་དང་།


CMR056_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པའི་དུག་གིས་འཚེ་བ་དང་། །རིམས་ནད་རྣམ་པ་སྣ་ཚོགས་དང་། །དུས་མིན་འཆི་དང་དུག་ལ་སོགས། །འཇིགས་པའི་གནས་ནི་གང་དང་གང་། །དེ་དང་དེ་ཡིས་སྦྱར་བར་བྱ། །ཤེས་རབ་དམན་ལ་བསྲུང་བ་ནི། །བྲིས་ཏེ་འཆང་བ་ཡིད་གཞུངས་འགྱུར། །འདི་ནི་འཇིགས་པ་ཐམས་ཅད་ལས། །བསྲུང་བ་དམ་པ་ཞེས་བྱར་བརྗོད། །འདི་ནི་སྲུང་བ་ཐམས་ཅད་ཀྱི། །རྣལ་འབྱོར་དེ་ཉིད་བླ་ན་མེད། །འོད་ཟེར་རབ་ཏུ་འབར་བ་ཡིས། །ཉི་མའི་དཀྱིལ་འཁོར་བསམ་པར་བྱ། །དེ་ཡི་དབུས་སུ་ཡི་གེ་ཧཱི། །འོད་ཟེར་དམར་པོ་འབར་བར་བསྒོམ། །དེ་ལས་བདག་ཉིད་བསྒོམ་བྱ་བ། །ཞལ་གཅིག་ཕྱག་ནི་བཞི་པ་སྟེ། ཕྱག་ན་གཞུ་དང་མདའ་དང་ནི། །ཨུཏྤལ་དང་ནི་ལྕགས་ཀྱུ་བསྣམས། །འདི་ནི་བསྒོམ་པ་ཙམ་གྱིས་ཀྱང་། །འཇིག་རྟེན་གསུམ་པོ་དབང་དུ་བྱེད། །འབུམ་ཕྲག་གཅིག་གིས་རྒྱལ་པོ་སྟེ། །སྐྱེ་དགུ་ཁྲི་ཕྲག་གཅིག་གིས་སོ། །བྱེ་བས་གནོད་སྦྱིན་ཕྱུགས་བདག་སྟེ། །འབུམ་ཕྲག་བདུན་གྱིས་ལྷ་མ་ཡིན། །ལྷ་རྣམས་འབུམ་ཕྲག་གཉིས་ཀྱིས་ཏེ། །སྔགས་པ་བརྒྱ་ཕྲག་གཅིག་གིས་སོ། །ཞེས་དང་། དཔལ་ཀྱེ་


CMR056_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་བརྟག་པ་གཉིས་པའི་རྒྱུད་ཀྱི་རྒྱལ་པོ་ལས། ཀུ་རུ་ཀུལླེའི་སྒྲུབ་ཐབས་བཤད་པར་བྱ་སྟེ། གང་དུ་བརྟག་པ་བཅུ་གཉིས་ལས། །རྒྱས་པར་གསུངས་པ་མདོ་རུ་བསྡུས། །ལས་བྱུང་བའི་ལྷ་མོ་ནི། །ཁ་དོག་དམར་ཞིང་ཕྱག་བཞི་མ། །མདའ་དང་གཞུ་ཡི་ལག་པ་ལ། །ཨུཏྤལ་ལ་དང་ལྕགས་ཀྱུ་འཛིན། །འདི་ནི་བསྒོམ་པ་ཙམ་གྱིས་ཀྱང་། འཇིག་རྟེན་གསུམ་པོ་དབང་དུ་བྱེད། །འབུམ་ཕྲག་གཅིག་གིས་རྒྱལ་པོ་རྣམས། །ཁྲིས་ནི་འཇིག་རྟེན་ཕལ་པ་ཉིད། །བྱེ་བ་ཡིས་ནི་གནོད་སྦྱིན་སོགས། །འབུམ་ཕྲག་བདུན་གྱིས་ལྷ་མ་ཡིན། །འབུམ་ཕྲག་གཉིས་ཀྱིས་ལྷ་རྣམས་ཉིད། །བརྒྱ་ཕྲག་གཅིག་གིས་སྔགས་པ་ཉིད། །ཅེས་གསུངས་སོ། །རྒྱུད་ལས་གསུངས་པའི་ལྷ་མོ་དེ་ཡི་མན་ངག་བཀའ་བབ་ཚུལ་ལས། སྲས་སྒྲ་གཅན་འཛིན་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་བྱས་ནས་འོད་མའི་ཚལ་དུ་བཞུགས་ཏེ། རྫིང་བུ་རིང་པོར་ལྷུང་བཟེད་བཀྲུ་བ་ན། གྲགས་འཛིན་མ་ཡི་བུ་ཡི་དགེ་སློང་དཀར་པོ་ཟེར་བ་དེ་ཡིན་བསམས་ནས། སྒྲ་གཅན་འཛིན་རྫིང་བུ་རིང་པོའི་ནང་དུ་འཕང་ངོ་། །དེར་ཀུ་རུ་ཀུལླེའི་སྔགས་བཟླས་པ་ཙམ་གྱིས་ཉེས་སྐྱོན་མེད་པར་བདེ་


CMR056_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཐར་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་སྟེ། བཅོམ་ལྡན་འདས་སྔགས་དེའི་ནུས་པ་བདག་གིས་མཐོང་གི་སྲོག་ཆགས་གཞན་སྲུང་བའི་ཕྱིར་བསྟན་དུ་གསོལ་ཞེས་ཞུས་པས་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་བསྐུར་ནས། སྔགས་འདི་དང་རྟོགས་པ་འདི་བྱང་ཆུབ་སེམས་དཔའི་ཉན་ཐོས་རྣམས་ཀྱིས་ཐོས་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསྟན་པ་བསྲུང་བའི་ཕྱིར་ནག་པོ་ཆེན་པོ་ལ་ཉིད་ཀྱིས་བསོད་སྙོམས་ཀྱིས་གསོས་པའི་སྲིན་མོ་འཕྲོག་མ་ལ་བྱིན་ནོ། །དེར་ནག་པོ་ཆེན་པོས་མོ་ལ་བརྩེ་བར་མི་བྱེད་ནས་མོ་ཡི་མུག་པར་གྱུར་པ་ལས། བཅོམ་ལྡན་འདས་ཀྱིས་ཀུ་རུ་ཀུལླེའི་རྟོགས་པ་འདི་མོ་ལ་གསུངས་པས། དེ་ནས་བཟུང་སྟེ་མོ་སྐལ་པ་བཟང་པོར་གྱུར་ནས། མགོན་པོ་ནག་པོས་མོ་ལ་གཅེས་པར་བྱེད་དོ། །ཡང་ཤིན་ཏུ་དགའ་བར་བྱེད་པ་ཞིག་ལ་བུ་སྣར་མ་བྱ་བ་སྟོབས་ཆེ་ཞིང་གཟུགས་བཟང་ཡང་བློ་རྟུལ་བར་གྱུར་ནས། བཅོམ་ལྡན་འདས་ལ། །ང་ཡི་བུ་འདི་ཤེས་རབ་ཆེ་བར་གྱུར་ན། ཁྱེད་ཀྱི་བསྟན་པ་སྲུང་ལགས་ཞུས་པས། བཅོམ་ལྡན་འདས་ཀྱིས་ཀུ་རུ་ཀུལླེ་འདི་གསུངས་པ་ཙམ་གྱིས། ཤེས་རབ་ཆེན་པོ་དང་ལྡན་ཏེ་


CMR056_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བཅུ་གཉིས་ཀྱིས་བསྟན་བཅོས་ཐམས་ཅད་དང་། བཟོའི་གནས་ཐམས་ཅད་ལ་མཁས་པར་གྱུར་ཏོ། །སེམས་ཅན་དབང་དུ་བྱེ་བར་འདོད་པས་སྔགས་འདི་དང་རྟོགས་པ་འདི་བསྒོམ་པར་བྱའོ། །ཤེས་རབ་ཆེན་པོ་འཕེལ་བར་བྱ་བའི་ཕྱིར་སྔགས་འདི་དང་རྟོགས་པ་འདི་ལ་བསླབ་པར་བྱ་བ་ཡིན་ནོ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ལས་མན་ངག་རྒྱ་གཞུང་བྱུང་ཚུལ་ནི། སྔོན་རྒྱལ་པོ་ལྷན་ཅིག་སྐྱེས་པའི་རོལ་པ་ཞེས་བྱ་བ་རྒྱལ་རིགས་ཆེ་ཞིང་མཐོ་བ་གཅིག་ཡིན་ཏེ། །འཁོར་གཡོག་དང་བཙུན་མོ་མང་དུ་ཡོད་པ་ལ། བཙུན་མོ་ཆེ་བ་དེ་ལ་རྒྱལ་པོ་མ་འཁོར་བས། གཡོག་མོ་གཅིག་ལ་རྒྱལ་པོ་དེ་དབང་དུ་བྱེད་པའི་རིག་པ་ཚོལ་ལ་ཤོག་ཟེར། །བྲན་མོས་ཚོང་དུས་རྣམས་སུ་བཙལ་ནས། །སྐུད་པ་ཚོང་བའི་ཚོང་དུས་སར་ཕྱིན་པས། བུད་མེད་དམར་སྨུག་ཤིན་ཏུ་མཛེས་མ་གཅིག་དང་འཕྲད་པ་ལ་དྲིས་པས། དེ་འདྲ་ཞིག་ཡོད་ཟེར་ནས་རིལ་བུ་གཅིག་བསྐུར་ནས་གང་དམིགས་པ་དེ་ལ་བྱིན་ཅིག་ཟེར་ནས། །ཁྲན་མོས་བཙུན་མོ་ལ་གཏད་པས། དུག་འདྲ་ཡིན་དོགས་ནས་ཉེ་ལོག་སུ་མཚོ་གཅིག་ཡོད་པ་ལ་བསྐུར་ནས། དེ་ནུབ་ནས་རྒྱལ་པོ་ནས་


CMR056_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་མགུར་སྤྱད་ནས་སྲས་ཤིག་འཁྲུངས་རྒྱུ་ཡོད་པར་གྱུར་པ་ལ། རྒྱལ་པོས་ང་དེར་མ་ཕྱིན་པས་ཆད་པ་གཅོད་ཟེར། བཙུན་མོས་ལོ་རྒྱུས་བཤད་པས་རྒྱལ་པོའི་རེ་ཞིག་བརྟགས་པ་བྱ་ཟེར་ནས་བུད་མེད་དེ་ཚོལ་དུ་བཏང་ནས་རྙེད་ནས་ཕོ་བྲང་དུ་སྤྱན་དྲངས་པས། རྒྱལ་པོས་བཅོམ་ལྡན་འདས་མའི་སྤྲུལ་པར་ཤེས་ཏེ། ཕྱག་འཚལ་ཞིང་རྗེས་སུ་བཟུང་བར་ཞུས་སོ། །སྒྲུབ་ཐབས་དང་མན་ངག་ལ་སོགས་གནང་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་སྟེ། མཁས་ཤིང་གྲུབ་པ་བརྙེས་པའི་སློབ་དཔོན་གྲུབ་ཆེན་ལྷན་ཅིག་སྐྱེས་པའི་རོལ་པ་ཞེས་གྲགས་ཏེ། སྒྲུབ་ཐབས་ཀྱང་མཛད་དོ། །ཡང་ལྷ་མོ་ཉིད་ཀྱིས་སློབ་དཔོན་ཀླུ་སྒྲུབ་ལ་པདྨ་གསུང་གི་ཆོས་སྐོར་ཐམས་ཅད་ཀྱི་དབང་ལུང་གནང་ནས། གསུང་གི་རིག་འཛིན་ནཱ་ག་ཛུ་ན་ཞེས་གྲགས་ཏེ། ལེའུ་བདུན་མ་ནས། དབང་གི་ལྷ་མོ་ནཱ་ག་ཛུ་ན་དང་། །ཞེས་སོགས་གསུངས་སོ། །དེ་ནས་རིམ་པར་བརྒྱུད་པས་ཌ་བྷི་ཧེ་རུ་ཀས་བསྟོད་པའི་རྒྱ་གཞུང་དང་། ཀྱེ་རྡོ་རྗེ་ལས་བྱུང་བའི་ཀུ་རུ་ཀུལླེའི་མན་ངག་ཆེན་པོ་ལྔ་ཞེས་པའི་རྒྱ་གཞུང་སློབ་དཔོན་ཆེན་པོ་ཞི་བ་འཚོས་མཛད་པ་དང་། ཀུ་རུ་ཀུལླེ་རིག་ལྡན་མའི་སྒྲུབ་


CMR056_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་མ་ཏང་གིས་མཛད་པ་དང་། ཀྱེའི་རྡོ་རྗེ་རིམ་པར་བདག་བྱིན་རློབས་པའི་ཀུ་རུ་ཀུལླེའི་སྒྲུབ་ཐབས་ལྷན་སྐྱེས་རོལ་པས་མཛད་པ་དང་། གསང་སྒྲུབ་ཌོམྦྷི་ཧེ་རུ་ཀས་མཛད་པ་དང། གཞན་ཡང་སྒྲུབ་ཐབས་རྒྱ་མཚོ་བརྒྱ་རྩ་སོགས་རྒྱ་གཞུང་མང་དུ་བཞུགས་སོ། །བོད་དུ་དཔལ་ལྡན་ས་སྐྱ་པའི་ཀུ་རུ་ཀུལླེའི་དང་། ཁྲོ་བོ་འདོད་རྒྱལ་དམར་པོ་དང་། །ཚོགས་བདག་དམར་པོ་གསུམ་དམར་པོ་རྣམ་གསུམ་ཞེས་གྲགས་ཏེ། འབུལ་སྡུད་ལན་གསུམ་བྱེད་ནས་ཕྱག་ཏུ་བཏང་བའི་དམ་བཅའ་ཁས་ལེན་མེད་པར་མ་གནང་བ་ཡིན་པར་པར་གདའ། དེ་ལ་རྗེ་དབང་ཕྱུག་རྡོ་རྗེ་ལ་ཨོ་རྒྱན་ཆེན་པོས། དབང་ཕྱུག་རྡོ་རྗེས་མདོ་སྔགས་བསྟན་པ་བཙུགས། །ཞེས་ལུང་བསྟན་པ་དང་མཐུན་པར། སྐུ་ཞབོས་འོག་མིན་གླིང་དང། ཐུབ་བསྟན་ཉིན་བྱེད་གླིང་གཉིས་ཀྱི་ཆོས་སྡེའི་མིང་གཉིས་ཕྱག་བྲིས་མཛད་ནས། རྗེ་ཆོས་ཀྱི་དབང་ཕྱུག་ལ་གདམ་བཅུག་པས་ཉིན་བྱེད་གླིང་གདམས། དེ་ལ་དང་པོ་བཙུགས་དུས་གྲྭ་པ་བཅུ་བཞི་ལས་མེད་པ་ལ། གྲོལ་གདན་བཅུ་བཞི་བཏིང་ནས་གྲལ་བཅུ་བཞི་འོང་བའི་རྟེན་འབྲེལ་གྱིས་མང་ཇ་དང་དུང་བཏང་དེར་དགེ་འདུན་འདུ་བའི་རྟེན་འབྲེལ་


CMR056_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཀུ་རུ་ཀུལླེའི་ཆོ་ག་ཞིག་གསར་དུ་བརྩམས་ནས་བཙུགས་པས་ཇེ་ཆེར་འཕེལ། བྱང་ངམ་རིང་དུ་གྲྭ་སྐོར་ལ་བྱོན་དུས་ལྷ་མོ་འདི་ཞལ་གཟིགས་ནས་བསྟོད་པ་ཡང་མཛད་དེ། ལོ་བཅུ་ལྷག་ཙམ་ནས་དགེ་འདུན་བདུན་བརྒྱ་ལྷག་ཙམ་འདུས་པས། ལྔ་བརྒྱ་ཙམ་བསམ་པ་ཡིན་ཏེ། བདུན་བརྒྱ་ལྷག་ཙམ་བྱུང་། ད་ཆོག་གསུངས་ནས་ཆོ་ག་ཡང་མ། བསྣབས་པས། ཕྱིས་ཀྱང་དེ་ཡི་ཚོགས་འཁོར་དེ་དར་བར་གདའོ། །བདག་གིས་ཀྱང་རང་ལོ་ཉི་ཤུ་བདུན་བརྒྱད་ཙམ་དུས་དབང་ལུང་གི་འགྲོ་དོན་ཅི་ཡང་མེད་སྐབས། བེ་རི་རྒྱལ་པོས་མི་བཟང་རྣམས་ཀྱིས་བླ་མ་རྣམས་ལ་སྡང་དྲགས་པས། དེ་ཡི་འཇིགས་པ་ཞི་བའི་ཕྱིར་ལྷ་མོ་འདི་ཡི་སྙིང་པོ་ཟླ་བ་གཅིག་ལ་འབུམ་ཕྲག་བརྒྱད་བཟླས་པས། རྨི་ལམ་དུ་གོས་ཆེན་དམར་པོ་བཟང་པོའི་ལྡིང་བ་གཅིག་བཏིང་བའི་སྟེང་དུ་བསྡད་པ་རྨིས་ཏེ། མི་བཟང་རྣམས་ཀྱང་བྱམས་པར་བྱུང་། དེ་ཕྱིན་རང་གི་དབང་ལུང་ཕྲན་བུ་གང་ཡོད་རྣམས་མཆོག་དམན་བར་མ་རྣམས་ལ་ཆེར་འཕེལ་བའི་རྟེན་འབྲེལ་བྱུང་བས་ཟབ་པར་ངེས་ཤེས་ཐོབ་པའོ། །རྗེས་ནས་ཞག་བདུན་ཕྲག་གཅིག་བསྙེན་པའི་ཁ་གསོས་དུས་དངོས་སམ་ཉམས་སྣང་མི་


CMR056_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་པ་གཅིག་ལ་འོད་དམར་པོ་སྡེར་མ་ཙམ་ཞིག་མདུན་གྱི་བར་སྣང་ལ་ལིང་ལིང་འཕར་བ་སོགས་ལྟས་བཟང་ཐོན་ཙམ་བྱུང་ངོ་། །དེ་དག་གསང་དགོས་མོད་ཀྱང་། རང་གི་རྗེས་འབྲང་རྣམས་ངེས་ཤེས་བསྐྱེད་ཅིང་ཉམས་ལེན་སྤྲོ་བར་སེམས་སོ། །འདི་ཡི་ཕན་ཡོན་ནི། ཀུ་རུ་ཀུལླེའི་རྟོགས་པ་ལྟར། གསང་སྔགས་ལྡན་པར་བཅོམ་ལྡན་འདས་མ་གང་ཞིག་སྒོམ་བྱེད་པ། །དེ་ནི་སྣ་ཚོགས་གཏེར་དང་གསེར་དངུལ་སྣ་ཆ་དང་། །གོས་ལ་སོགས་པའི་དོན་རྣམས་ཆེད་དུ་གང་བསམ་པ། །སེམས་ཀྱིས་ཐམས་ཅད་མ་ལུས་ཀུན་ལ་ལོངས་ཟློསྤྱོད་བྱེད། །ནགས་ཀྱི་གླང་པོ་རྟ་མཆོག་རིགས་དང་ལྡན་པ་དང་། །དུག་ཅན་གདེངས་ཀ་ཅན་གྱི་སྦྲུལ་མཆོག་དང་། །ཆུ་སྲིན་ཆུ་གླང་སྟག་དང་བསེ་དག་ཀྱང་། །རང་གི་སྔགས་ཀྱི་སྟོབས་ཀྱིས་བཀུག་ནས་ནི། །ཞོན་ཡང་ངོ་མཚར་མེད་པར་བྱས་པའི་མི་དག་གིས། །ལྟ་བར་གལ་ཏེ་གསང་སྔགས་གྲུབ་དེའི་མཐོང་བར་འགྱུར། །བདུད་རྣམས་བཅོམ་ནས་ནོར་གྱི་ཆར་རྒྱུན་འབེབས་པར་བྱེད། །དཔག་བསམ་ཤིང་དུ་གྱུར་ནས་འགྲོ་བ་ཀུན་གྱི་ཅི་འདོད་སྦྱིན་པར་བྱེད། །ནོར་གྱི་དབང་ཕྱུག་མ་ལུས་ཀུན་གྱི་ནོར་རྣམས་ཀུན་བཀུག་


CMR056_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །སེམས་ཅན་ཀུན་ལ་ཕན་ཕྱིར་སྦྱིན་པར་བྱེད། །ཅེས་དང་། གསང་སྔགས་འདི་དང་རྟོགས་པ་འདི་ཙན་དན་གྱི་དཀྱིལ་འཁོར་བྱས་ནས་ཀློག་པར་བྱེད་པ་དེའི་ལུས་ལ་དུག་གིས་གནོད་པ་མི་འབྱུང་དུག་གིས་འཆི་བར་མི་འགྱུར། ཤུ་བའི་འཇིགས་པ་མི་འབྱུང་། གཡེམ་པའི་འཇིགས་པ་མི་འབྱུང་། མཛེ་ནད་ཀྱི་འཇིགས་པ་མི་འབྱུང། ནད་ཀྱི་འཇིགས་པ་མི་འབྱུང་། ཀླུ་ཡི་འཇིགས་པ་མི་འབྱུང་། སྦྲུལ་གྱི་འཇིགས་པ་མི་འབྱུང་། སྟག་དང་གཅན་གཟན་གྱི་འཇིགས་པ་མི་འབྱུང་། མཚོན་གྱི་འཇིགས་པ་མི་འབྱུང་། དགྲ་ཡི་འཇིགས་པ་མི་འབྱུང་། དབུལ་བའི་འཇིགས་པ་མི་འབྱུང་། དུས་མ་ཡིན་པའི་འཆི་བའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །ཞེས་དང་། །དཔའ་བོ་གཅིག་སྒྲུབ་སོགས། རྒྱུད་གཞན་ནས། ཨོ་ཀུ་རུ་ཀུལླེ་ཧཱུྃསྭཱ་ཧཱ། རྗེ་བཙུན་སྒྲོལ་མའི་སྙིང་པོ་ནུས་པ་ཐོགས་པ་མེད་པ། ས་གསུམ་དུ་དབང་བྱེད་པ། ཞེས་དང་། དཔལ་སམ་བྷ་ཏྲི་ལས། ཧཱུྃལས་བྱུང་བའི་ལྷ་མོ་ནི། །སྒྲོལ་མ་འཁོར་བ་ལས་སྒྲོལ་མ། །དེ་ལྟར་བསྒོམ་པ་ཙམ་གྱིས་ནི། །སྒྲུབ་པོ་སངས་རྒྱས་ཐོབ་པར་འགྱུར། །དངོས་


CMR056_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་གཞན་པ་སྨོས་ཅི་དགོས། །ཞེས་གསུངས་པས། ཕན་ཡོན། བྱིན་རླབས་བསམ་ལས་འདས་ནའང་། །སྒྲོལ་མ་དམར་མོ་དབང་གི་མན་ངག་དམ་པ་འདི་རྣམས་ལ་ས་སྐྱ་པ་ཆེན་པོའི་ཤིན་ཏུ་བཀའ་དམ་པར་མཛད་ནས། སྣོད་ལྡན་གཅིག་བརྒྱུད་མ་གཏོགས་ཤིན་ཏུ་གསང་བ་གལ་ཆེ། ཞེས་དང་། ས་སྐྱ་པ་ཆེན་པོས་འདི་ཡི་སྒྲུབ་པ་མཛད་པས་རྒྱལ་པོའི་རྒྱལ་སྲིད་དང་བཅས་པ་དང་། བོད་ཁམས་ཐམས་ཅད་དབང་དུ་འདུས་པ་ཡིན་པས། འདི་ནི་དབང་དུ་བསྡུ་བའི་མན་ངག་རྣམས་ཀྱི་ནང་ནས་ཀྱང་། ཤིན་ཏུ་ཟབ་པ་རྒྱ་ཆེ་ཞིང་མན་ངག་གི་གདམས་པ་ཡིན་ནོ། །ཞེས་གསུངས་པ་དང་། འདི་ལ་ཤིན་ཏུ་དམ་པར་མཛད་ནས་རེ་རེ་ཙམ་ལས་སྤེལ་བའི་སྲོལ་མེད་གསུངས་པ་དང་། མི་ལ་མི་བཤད་པ་དང་། བསྙེན་པ་གྲངས་ངེས་བྱེད་པ་གནད་ཡིན་གསུངས་པ་དང་། ཀུ་རུ་ཀུལླེའི་རྟོགས་པ་ལས། །གལ་ཏེ་ཚངས་སྤྱོད་ཡིན་ན་ཡང་། །ལྷ་མཆོག་སྐྱེས་བུ་བུ་མོ་སྤྱོད། །ཅེས་དང་། ཌ་བྷི་ཧེ་རུ་ཀས་ལྷ་མོ་འདི་ལ་བསྟོད་པ་ལས། བདུད་ནག་ཕྱག་བཞི་མ་ལ་ཕྱག་འཚལ་ལོ། །ཞེས་ལྷ་མོ་དེ་ལ་བདུད་དུ་གསུངས་པ་དང་། །རྗེ་ཆོས་ཀྱི་དབང་ཕྱུག་གིས་ད་


CMR056_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་གསུངས་ནས་ཆོ་ག་བསྣུབས་པ་རྣམས་ཀྱི་དགོངས་པ་གང་ཞེ་ན། འདི་ནི་སེམས་ཅན་ཐམས་ཅད་དབང་དུ་བསྡུད་པ་འདོད་ཆགས་ཀྱི་ལྷ་ཡིན་པར་འདུག་སྟེ། །འདོད་ཆགས་ནི་བདུད་ཡིན་པས་བདུད་ནག་གསུངས་པ་དང་། འདི་ཧ་ཀྱང་བསྒྲུབ་དྲགས་ན་ནི། དགེ་འདུན་གྱི་སྡེ་ཆེན་པོ་འདུ་ནའང་། དེ་ཐམས་ཅད་ཧ་ཅང་གཟུགས་མཛེས་པ་ལ་ཆགས་པ་དང་སྲེད་པ་ཆེ་བའི་རྟེན་འབྲེལ་དུ་གྱུར་པར་དགོངས་ནས་ཆོ་ག་བསྣུབས་པར་གདའོ། །དབྱངས་ཅན་མ་ལྟར་བུད་མེད་ལ་འདོད་པ་སྐྱེ་ཟེར་བ་ནི་མ་ཡིན་ཏེ། ལྷ་མཆོག་སྐྱེས་པའི་བུ་མོ་ནི། །མི་ཡི་བུ་མོ་མ་ཡིན་པའོ། །འོན་ཀྱང་བག་ཆགས་ཀྱིས་སེམས་ཆགས་པ་ཆེ་བར་འགྱུར་བའི་དོན་ཡིན་པར་སྣང་ངོ་། །དེས་ན་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ནུས་པའི་དགེ་བའི་བཤེས་གཉེན་དང་། བསྟན་པའི་དོན་རྩེ་གཅིག་ཏུ་སེམས་དཔའ་ལ་ནི་གདམས་ངག་འདི་སྤེལ་རུང་གི །བསྟན་པའི་དོན་མེད་པའི་ལུང་རྟོགས་ཀྱི་ཡོན་ཏན་མེད་པའམ། ཡོད་ཀྱང་བསྟན་པའི་དོན་མི་སེམས་པ་ལ་ནི་སྤེལ་ན། རང་ཡང་དམ་ཚིག་ཉམ་ཞིང་ཕ་རོལ་པོ་དེ་ཡང་་ནན་སེམས་འདོད་ཆགས་རབ་ཏུ་འབར་བའི་རྒྱུར་འགྱུར་བས་མི་
སྤེལ་ལ། བསྟན་དོན་མི་སེམས་ལ་ཧ་ཅང་བསྒྲུབ་པ་སོགས་ཀྱང་མི་ལེགས་སོ། །འོན་ཀྱང་འདི་ཡི་དབང་ལུང་ཐོབ་ན་ནི་ཕན་ཡོན་བསམ་ལས་འདས་ཏེ། ཀུ་རུ་ཀུལླེའི་རྟོགས་པ་ཉིད་ལས། གང་གིས་རྡུལ་ཚོན་མཐོང་ཙམ་གྱིས། །སངས་རྒྱས་མྱུར་དུ་ཐོབ་པར་བྱེད། །ཅེས་གསུངས་སོ། །དེ་ལྟ་བུའི་དབང་ཞུ་བའི་ཕྱིར་དུ་ཙན་དན་དམར་པོའི་མཎྜལ་ལ་རིན་པོ་ཆེ་སྣ་ཚོགས་ཚོམ་བུ་བཀོད་དེ་ཕུལ་བའི་མོས་པས་མཎྜལ་འབུལ། ཞེས་པ་དགེ་སློང་རཱ་ག་ཨ་སྱས་ཤུགས་འཆང་རྟ་ལོ་རྒྱལ་ཟླ་བའི་ཡར་ཚེས་བརྒྱད་སྔོན་མ་ལ་སྦྱར་བ་མངྒ་ལཾ།།


previousཡིད་ཆེས་དང་བ་བསྐྱེད་པར་བྱ་བའི་ཕྱིར། ༼ཝ༽ །སྒྲོལ་མ་དམར་མོའི་ལོ་རྒྱུས་ཕན་ཡོན་ཡོད། །next