Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྟན་འཛིན་དགེ་འདུན་སྡེ་རྣམས་རྒྱས་པའི་ཕྱིར། ༼ཞ༽ །དགེ་འདུན་འདུ་ཆོག་འཕགས་ཚོགས་རྒྱ་མཚོ་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྟན་འཛིན་དགེ་འདུན་སྡེ་རྣམས་རྒྱས་པའི་ཕྱིར། ༼ཞ༽ །དགེ་འདུན་འདུ་ཆོག་འཕགས་ཚོགས་རྒྱ་མཚོ་ཡོད། །next

བསྟན་འཛིན་དགེ་འདུན་སྡེ་རྣམས་རྒྱས་པའི་ཕྱིར། ༼ཞ༽ །དགེ་འདུན་འདུ་ཆོག་འཕགས་ཚོགས་རྒྱ་མཚོ་ཡོད། །


CMR056_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། དཔལ་ལྡན་བླ་མ་དམ་པ་གར་དབང་རྡོ་རྗེ་འཆང་ཆེན་པོས་རྗེས་འབྲང་དགེ་འདུན་འདུ་བའི་ཆོ་ག་འཕགས་ཚོགས་རྒྱ་མཚོ་དབྱར་གྱི་ཆུ་བོ་ཞེས་བྱ་བ་བཞུགས་སོ། །ན་མོ་པདྨ་བཛྲ་དྷ་ར་ཡེ། གར་དབང་རྡོ་རྗེ་འཆང་ཆེན་མི་གཟུགས་ཅན། །དྷརྨ་ཤྭ་རའི་ཞབས་ལ་ཕྱག་འཚལ་ནས། །དགེ་འདུན་འདུ་བའི་ཆོ་ག་རྒྱུན་ཁྱེར་ནི། །ཉུང་དུ་ཚིག་གི་ཟབ་པ་རྒྱ་ཆེར་བྲི། །ཆོས་བདག་སྲུང་མས་བཀའ་གནང་བྱིན་གྱིས་རློབས། །དབེན་པའི་གནས་སུ་ཡར་ངོའི་ཚེས་བརྒྱད་ལ། །མགོ་


CMR056_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམ་རྒྱས་པར་ས་སྟེགས་སྤྱི་ལྟར་ལ། །བ་བྱུང་དྲི་བཟང་གླ་རྩི་གུར་གུམ་དང་། །ཛཱ་ཏི་ཆང་དང་བདུད་རྩི་ཙནྡན་དམར། །གཡོན་བསྐོར་བྱུག་སྟེ་རབ་ཀྱི་རྡུལ་ཚོན་བྲི། །ནང་དུ་པདྨ་འདབ་བརྒྱད་དེ་ཡི་ཕྱིར། །འདབ་མ་བཅུ་པོ་ཐམས་ཅད་དམར་པོའོ། །དེ་རྒྱབ་ཆོས་འབྱུང་གྲུ་གསུམ་གཉིས་བརྩེགས་བྲི། །དེ་རྒྱབ་རྒྱས་པར་གྲུ་བཞི་སྒོ་བཞི་སྟེ། །དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་སྤྱི་ལྟར་རོ། །བསྡུ་ན་ཆོས་འབྱུང་རྒྱབ་ཏུ་ཐོད་ར་དང་། །རྡོ་རྗེ་མེ་རིས་བསྐོར་བ་བྲི་བར་བྱ། །ཡང་ན་རས་བྲིས་ཤོག་བུར་བྲིས་ཀྱང་རུང་། །ཐ་མ་གཞི་ནི་དམར་པོའི་སྟེང་དུ་ནི། །མེ་ཏོག་དམར་རམ་འབྲུ་ལ་མཚོན་བྱུག་པས། །ཚོམ་བུ་ལྷ་གྲངས་བཀོད་པ་འཐུས་པ་ཡིན། །དབུས་སུ་ཟངས་བུམ་རབ་ཡིན་མ་རྙེད་ན། །བུམ་པ་གང་རུང་རྗེས་ལྡན་ཁ་རྒྱན་དང་། །མགུལ་ཆིངས་དམར་པོ་འབྲས་བུ་མེ་ཏོག་སོགས། །དམར་པོའི་ཤིང་གིས་ཁ་རྒྱན་བྱ་བ་སྟེ། །ཙནྡན་དམར་པོ་གུར་གུམ་ཨ་མྲྀ་ཏ། །དྲི་བཟང་ཆུ་ཡིས་སུམ་གཉིས་བཀང་བར་བྱ། །དེ་སྟེང་མེ་ལོང་ཆང་གིས་བརླན་པ་ལ། །སིནྡྷ་ར་བྱུག་ཆོས་འབྱུང་ལྟེ་བ་ལ། །པདྨ་འདབ་བརྒྱད་དབུས་སུ་ཡི་གེ་ཧཱུྃ། །འདབ་མ་བརྒྱད་ལ་ཨཱ་ལི་གཡོན་བསྐོར་དང་། །ཆོས་འབྱུང་ཟུར་གསུམ་ཨོཾ་ཨཱཿཧཱུྃ་བྲིས་ཏེ། །སྔགས་མགོ་ནང་བསྟན་དར་དམར་ཁ་ཁེབ་བྱ། །དེ་མདུན་གཡོན་ངོས་ནང་མཆོད་བདུད་རྩི་བཤམ། །གཡས་ངོས་གཏོར་མ་ཟུར་གཉིས་འབྲི་མོག་བྱུག །ཤ་དམར་བརྒྱན་ཞིང་དར་དམར་གདུགས་ཆུང་བཙུགས། །དེ་མཐར་མཆོད་པ་རྣམ་ལྔ་བསྐོར་བཤམས་དང་། །


CMR056_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འཁོར་དང་བཅས་བཤམས་ལ་བསྒྲུབ་དུས་སོ། །རྒྱུན་ཁྱེར་མཁའ་འགྲོ་གཏོར་མར་བསྔོ་ཆོག་ཅིང་། །མདུན་བསྐྱེད་དེ་ཡི་རྩེ་ལ་བསྒོམས་པས་རུང་། །བདག་འཇུག་མེད་ན་བུམ་པ་དབང་རྫས་བཤམས། །ཁྲུས་བྱས་གདན་དམར་སྟེང་དུ་ཕྱེད་སྐྱིལ་བཞུགས། །ནུབ་ཏུ་ཁ་གྲུ་གོས་ཟས་དམར་པོ་དང་། །ཙནྡན་དམར་པོ་ལ་སོགས་ཕྲེང་བ་བྱས། །དཔྲལ་བར་སིནྡྷ་རའམ་རྒྱ་སྐག་གིས། །ཐིག་ལེ་བྱ་བ་སྒྲུབ་པའི་སྟ་གོན་ནོ། །དེ་ནས་ཚིགས་བཅད་གྱེར་སྒོམ་སྦྲགས་པ་སྟེ། །ཌཱ་དྲིལ་ཡིན་གྱི་རྔ་བརྡུང་འགལ་བ་མེད། །ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཡཾ་རཾ་ཨོཾ་ཨཱཿཧཱུྃ། །ཞུ་བ་ལས་བྱུང་རླུང་མེ་ཐོད་སྐྱེད་སྟེང་། །ཨཱཡིག་ལས་བྱུང་མཚན་ལྡན་ཀཱ་པ་ལར། །གོ་ཀུ་ད་ཧ་ན་ལས་ཤ་ཆེན་ལྔ། །བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ། །དེ་སྟེང་ཧཱུཾ་ཨོཾ་ཛཾ་ཁཾ་ཧཱུྃ་ཡིག་རྣམས། །སངས་རྒྱས་ལྔ་ཡི་ངོ་བོར་གྱུར་པའི་སྟེང། །ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན། །དེ་ལས་འོད་འཕྲོས་རླུང་གཡོས་མེ་སྦར་བས། །ཐོད་པའི་རྫས་ཞུ་སྟེང་དུ་རྡོ་རྗེ་ལྷུང་། །ལན་གསུམ་དཀྲུགས་ནས་རྡོ་རྗེ་ཞུ་ནས་ཐིམ། །དྲི་མེད་ཤེལ་ལྟར་དྭངས་བའི་བདུད་རྩིར་གྱུར། །ལག་པ་གཡས་དང་གཡོན་གཉིས་ཀས་བྱ་ཁྱུང་གི་ཕྱག་རྒྱ་བསྟན་ཅིང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧི༔ ལན་གསུམ། ཧཱུཾ་ལས་རིན་ཆེན་སྣོད་དུ་ཨོཾ་


CMR056_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ལས། །གཏོར་མ་འདོད་པའི་ཡོན་ཏན་ཕུན་ཚོགས་པ། །ཨོཾ་ཨཱཧཱུྃ་གིས་ཟག་མེད་བདེ་བསྐྱེད་གྱུར། །ས་ཕྱོགས་འདིར་གནས་ས་བདག་ཡུལ་བདག་དང། །གནས་བདག་བགེགས་དང་འབྱུང་པོ་ཀུན་ལ་སྦྱིན། །སོ་སོར་ཚིམས་ནས་དགའ་མགུ་ཡི་རང་མཛོད། །བདག་གིས་གནས་འདིར་བྱང་ཆུབ་སྒྲུབ་པ་ལ། །ཀོ་ལོང་རུ་ང་འཕྲག་དོག་མ་མཛད་པར། །དཀར་ཕྱོགས་རྣམས་ཀྱིས་བདག་གི་སྡོང་གྲོགས་མཛོད། །ནག་ཕྱོགས་རྣམས་ནི་མ་འཚེ་གཞན་དུ་དེངས། །གལ་ཏེ་བསྒོ་བའི་བཀའ་ལ་མི་ཉན་ན། །རབ་འབར་ཡེ་ཤེས་རྡོ་རྗེ་མགོ་འགེམ་འགྱུར། །དེ་ཕྱིར་དོན་ཆུང་ཉེན་ཆེ་མ་བསྡོ་བར། །རང་ལུས་བསྲུང་ཞིང་བག་ཡོད་བྱ་བར་རིགས། །ཨོཾ་སརྦ་བྷུ་ཏ་བིགྷཱན་བྷ་ལི་ཏ་ཁཱ་ཧི་ཁཱ་ཧི། ཨུ་ཙ་ཏ་ཡ་ཕཊ། ཅེས་ཕྱི་རོལ་དོར། ཨཱཿ སྟོང་པའི་ངང་ལས་འོག་གཞི་རྡོ་རྗེའི་ས། །རབ་ཏུ་སྲ་མཁྲེགས་དུམ་བུ་གཅིག་གྱུར་པའི། །ལོགས་ཀུན་རྡོ་རྗེའི་རྭ་བ་ཟླུམ་པོའི་སྟེང་། །རྡོ་རྗེའི་མདའ་ཡི་དྲ་བ་ཕུབ་པའི་འོག །རྡོ་རྗེའི་བླ་བྲེ་བྲིས་ཤིང་ཕྱི་རོལ་ཀུན། །ཡེ་ཤེས་མེ་དཔུང་ཁ་དོག་ལྔ་ལྡན་གྱུར། །བསྐལ་པ་འཇིག་པའི་མེ་བཞིན་རབ་ཏུ་


CMR056_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

འབར། །ཕྱོགས་མཚམས་སྟེང་འོག་བར་མེད་དུམ་བུར་ཅིག །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨཱཿ རིན་ཆེན་སྣ་ཚོགས་ལས་གྲུབ་ཐོད་པའི་སྣོད། །དེ་ནང་ཧཱུྃ་ཡིག་ལས་བྱུང་རྡོ་རྗེ་ཡི། །ཕྱི་ནང་གསང་བའི་མཆོད་རྫས་དཔག་མེད་པ། །སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་ཐར་བཞིན། །སངས་རྒྱས་ཞིང་ཀུན་ཁྱབ་པའི་མཆོད་སྤྲིན་འཕྲོ། །དུས་ཀུན་རྒྱུན་མི་ཆད་པ་ནམ་མཁའི་མཛོད། །འཕགས་པ་ཀུན་གྱི་སྤྱན་སྔར་འབྱུང་བར་གྱུར། །ཨོཾ་བཛྲ་སྤ་ར་ཎ་ཁཾ། ་དུས་འདི་ནས་བཟུང་བླ་མེད་བྱང་ཆུབ་བར། །བླ་མ་དཀོན་མཆོག་གསུམ་དང་ཡི་དམ་ལྷ། །འཕགས་མ་སྒྲོལ་མའི་ཚོགས་ལ་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་རྒྱལ་བས་ཐུགས་བསྐྱེད་ལྟར། །བདག་གིས་བླ་མེད་བྱང་ཆུབ་སེམས་བསྐྱེད་དོ། །སྙིང་རྗེ་ཆེན་པོས་འགྲོ་ཀུན་དབང་བསྡུས་ནས། །བླ་མེད་བྱང་ཆུབ་ལམ་ལ་འགོད་པའི་ཕྱིར། །དབང་གི་ལྷ་མོ་བདག་གིས་བསྒྲུབ་པར་བྱ། །རང་ཉིད་སྐད་ཅིག་རིག་བྱེད་མར་གསལ་བའི། །ཐུགས་ཀའི་ཟླ་སྟེང་ཧྲིཝལས་འོད་འཕྲོས་པས། །འོག་མིན་མཁའ་སྤྱོད་བདེ་ཆེན་ཞིང་ཁམས་ནས། །ཀུ་རུ་ཀུལླེའི་ལྷ་ཚོགས་བཅོ་ལྔ་ལ། །སངས་རྒྱས་བྱང་


CMR056_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔག་མེད་བསྐོར་བ་དང་། །སྟེང་དུ་བླ་མ་འོད་དཔག་མེད་མགོན་བཅས། །ནམ་མཁར་སྤྱན་དྲངས་བཛྲ་ས་མཱ་ཛ། །སྒོ་གསུམ་གུས་པས་ཕྱག་འཚལ་ན་མོ་ཧཱུྃ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་འབུལ།། །ཐོག་མེད་དུས་ནས་བསགས་པའི་སྡིག་ཀུན་བཤགས། །འཕགས་རྣམས་ཚོགས་གཉིས་བསགས་ལ་རྗེས་ཡི་རང་། །རྒྱལ་ཀུན་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །དགེ་བས་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ། །དཀོན་མཆོག་གསུམ་ལ་རྟག་པར་སྐྱབས་སུ་མཆི། །སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་དོ། །སངས་རྒྱས་རིགས་ལྔའི་ཕྱི་ནང་གསང་བ་ཡི། །སྡོམ་པ་དམ་ཚིག་རྣམས་ཀྱང་བདག་པོ་བཟུང་། །འཁོར་བའི་སེམས་ཅན་ཐར་པའི་ལམ་ལ་བཀོད། །ཉན་རང་རྣམས་ཀྱང་ཐེག་ཆེན་ས་ལ་བཞག །ཀུན་ཀྱང་རྫོགས་བྱང་ཉིད་ལ་འགོད་པར་བགྱི། །ཚོགས་ཞིང་ལྷ་ཚོགས་རང་གི་སྙིང་ཁར་ཐིམ། །སེམས་ཅན་ཐམས་ཅད་བདེ་བའི་རྒྱུ་འབྲས་ལྡན། །སྡུག་བསྔལ་རྒྱུ་འབྲས་ཀུན་དང་བྲལ་གྱུར་ཅིག །དུས་རྣམས་རྟག་ཏུ་བདེ་བ་ཚད་མེད་པ། །


CMR056_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཕྱོགས་རིས་མེད་པར་བདག་སེམས་སྙོམས། །ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨཀོཉཧཾ། ཆོས་རྣམས་ཡེ་ནས་བརྗོད་བྲལ་སྟོང་པ་ཉིད། །ཨེ་ལས་ཆོས་འབྱུང་དཀར་པོ་ཆོས་དབྱིངས་ཁྱབ། །དེ་ནང་འབྱུང་བ་རིམ་བརྩེགས་རི་རབ་སྟེང་། །སྣ་ཚོགས་པདྨ་འབུམ་ལྡན་ཉི་མའི་སྟེང་། །སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུཾ་ཡིག་ལས། །རིན་ཆེན་སྣ་ཚོགས་ལས་གྲུབ་གཞལ་ཡས་ཁང་། །ནང་ནས་རིམ་བཞིན་དམར་ལྗང་སྔོན་པོ་དང་། །སེར་པོ་དཀར་པོ་རྩིག་པ་རིམ་པ་ལྔ། །དེ་སྟེང་གསེར་གྱི་ཕོ་གུ་ཕྲ་ཡིས་མཛེས། །རིན་ཆེན་བྲེ་ཕུལ་གསེར་གྱི་སྐེ་རགས་བཞི། །ཆུ་སྲིན་ཁ་ནས་དྲྭ་བ་དྲྭ་ཕྱེད་དང་། །རྔ་ཡབ་མེ་ཏོག་ཕྲེང་བ་མེ་ལོང་དང་། །ཟླ་བ་རླུང་གིས་བསྐྱོད་པས་རྣམ་པར་མཛེས། །བྱ་འདབ་ལས་འཕྱང་རིན་ཆེན་ཤར་བུ་དང་། །སྟེང་དུ་མདའ་ཡབ་པདྨ་ཕྱེད་པའི་དབྱིབས། །དེ་དག་བར་དུ་རྒྱལ་མཚན་བ་དན་དང་། །རྔ་ཡབ་གདུགས་དང་དར་དཔྱང་རྒྱན་གྱིས་སྤྲས། །ཕྱི་ཡི་སྣམ་བུར་མཆོད་པའི་ལྷ་མོའི་བསྐོར། །སྟེང་ནི་ཕྱུར་བུ་རིན་ཆེན་ཏོག་གིས་བརྒྱན། །གྲུ་བཞི་སྒོ་བཞི་སྒོ་ཁྱུད་མཚམས་དང་ཟུར། །ཟླ་ཕྱེད་ལ་གནས་རྡོ་རྗེ་ནོར་བུས་སྤྲས། །སྒོ་བཞིའི་


CMR056_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་སྟེགས་བུ་གྲུ་བཞིའི་སྟེང་། །རྟ་བབས་སྣམ་བུ་བཅུ་གཅིག་རྩེ་མོ་ལ། །པདྨ་ལ་གནས་རི་དྭགས་ཆོས་འཁོར་བཅས། །ཕྱི་ཡི་ས་གཞི་རིན་ཆེན་འདོད་ཡོན་གང་། །པད་འདབ་རྡོ་ར་ཡེ་ཤེས་མེ་རིས་བསྐོར། །ཡེ་ཤེས་དཀྱིལ་འཁོར་ཆེན་པོ་དེ་ཡིས་རྒྱབ། །ཕྱོགས་མཚམས་འཇིག་རྟེན་རབ་འཇིགས་དུར་ཁྲོད་བརྒྱད། །རི་བརྒྱད་མཚོ་བརྒྱད་ཤིང་བརྒྱད་མཆོད་རྟེན་བརྒྱད། །མེ་བརྒྱད་སྤྲིན་བརྒྱད་ཀླུ་བརྒྱད་ཞིང་སྐྱོང་བརྒྱད། །རྣལ་འབྱོར་བརྒྱད་དང་ཕྱོགས་སྐྱོང་ཆེན་པོ་བརྒྱད། །རོ་ལང་ཀེང་རུས་ཤ་ཟ་འབྱུང་པོས་གང་། །དེ་རུ་འཚོགས་ཀུན་ལོག་པར་མི་ལྟུང་བའི། །རང་བྱུང་ཧེ་རུ་ཀ་ཡི་གནས་མཆོག་གོ །ཕོ་བྲང་ནང་གི་ས་གཞི་ཤར་ཕྱོགས་དཀར། །ལྷོ་སེར་ནུབ་སྔོ་བྱང་ལྗང་དབུས་དམར་བའི། །དབུས་དང་ཕྱོགས་བཞི་ཕྱོགས་མཚམས་སྟེང་འོག་ཏུ། །པདྨ་དམར་དང་རོ་ཉི་ཟླ་བའི་གདན། །དབུས་དམར་ཧྲིཡིག་དམར་པོའི་འཕྲོ་འདུ་ལས། །སྐད་ཅིག་བཅོམ་ལྡན་འདས་མ་རིག་བྱེད་མ། །པདྨ་རཱ་གའི་མདོག་ཅན་གཟི་འོད་འབར། །ཞལ་གཅིག་ཕྱག་བཞི་དང་པོས་ཨུཏྤལ་གྱིས། །མདེལ་ཅན་མདའ་དང་མེ་ཏོག་དམར་པོ་ཡི། །


CMR056_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གཞུ་གཉིས་འགེངས་པ་སྙན་གྱི་ཐད་དུ་བཀང་། །གཡས་འོག་ལྕགས་ཀྱུ་དམར་པོ་གཡོན་འོག་ཏུ། །ཨུཏྤལ་དམར་པོའི་ཞགས་པ་འདེབས་པའི་ཚུལ། །དབུ་སྐྲ་དམར་སེར་གྱེན་བརྗེས་ཐོད་སྐམ་བརྒྱན། །སྤྱན་གསུམ་དམར་ཟླུམ་གཡོན་དུ་ཡོ་བར་གཟིགས། །ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་ཁྲོ་མོའི་སྐུ། །ཐོད་རློན་དོ་ཤལ་ཕྱག་རྒྱ་ལྔ་ཡིས་བརྒྱན། །རིན་ཆེན་དར་དཔྱངས་སྟག་གིས་ཤམ་ཐབས་ཅན། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་པད་ཉི་དང་། །དབང་ཕྱུག་ཨུ་མོ་སྒྲ་ཅན་སྙིང་གར་མནན། །ཡེ་ཤེས་རང་འོད་འཁྲུགས་པའི་ཀློང་ན་འགྱིང་། །དེ་ཡི་ཕྱོགས་བཞིར་ཤར་དུ་མཁའ་འགྲོ་མ། །ལྷོ་རུ་གསང་བའི་གོ་རི་ནུབ་ཏུ་ནི། །མཆུ་མ་བྱང་དུ་རྡོ་རྗེ་མཁའ་འགྲོ་མ། །མཚམས་བཞིར་བུམ་ཡེ་པའི་སྟེང་དུ་ཐོད་པ་བཞི། །དེ་རྒྱབ་ཕྱོགས་བཅུར་ཤར་དུ་གོ་རི་མ། །ལྷོ་རུ་ཙོ་རི་ནུབ་ཏུ་བེ་ཏ་ལི། །བྱང་དུ་གྷསྨ་རི་དང་དབང་ལྡན་དུ། །པུཀྐ་སི་དང་ཤར་ལྷོར་ཤ་ཝ་རི། །ལྷོ་ནུབ་ཙན་ལི་དང་ནུབ་བྱང་དུ། །ཌོམྦྷི་ནི་དང་སྟེང་དུ་མཁའ་སྤྱོད་མ། །འོག་ཏུ་ས་སྤྱོད་མ་རྣམས་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་ཨུཏྤལ་མདའ་གཞུ་འགེངས། །


CMR056_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་བསྐུམ་གར་སོགས་ཆ་ལུགས་གཙོ་མོ་འདྲ། །ཀུན་གྱི་གནས་གསུམ་ཨོཾ་ཨཱཧཱུྃ་གསུམ་འཕྲོས། །གཙོ་བོའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས། །དེ་ཡི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ཧཱུྃ། །འཁོར་ཀུན་ཐུགས་ཀར་མིང་ཡིག་དང་པོ་ལ། །ཐིག་ལེས་བརྒྱན་པ་རྣམས་ལས་འོད་ཟེར་འཕྲོས། །འོག་མིན་གནས་དང་རང་འདྲ་ཡེ་ཤེས་པ། །ནམ་མཁར་སྤྱན་དྲངས་བཛྲ་ས་མཱ་ཛ། །རང་གི་ཐུགས་ལས་སྤྲུལ་པའི་མཆོད་པ་ནི། །རྒྱ་མཚོས་མངོན་པར་མཆོད་དོ་པཱུ་ཛ་ཧོ། །ཛཧཱུྃ་བཾ་ཧོས་དམ་ཡེ་དབྱེར་མེད་འདྲེས། །སླར་ཡང་དབང་ལྷ་རིགས་ལྔ་འཁོར་དང་བཅས། །ནམ་མཁར་སྤྱན་དྲངས་སྣ་ཚོགས་མཆོད་པས་མཆོད། །བདག་ལ་ཡེ་ཤེས་ལྔ་ཡི་དབང་བསྐུར་སྩོལ། །གསོལ་བཏབ་མོད་ལ་རིགས་ལྔས་བྱིན་གྱིས་བརླབས། །ཡུམ་ལྔས་བདུད་རྩི་བུམ་པས་དབང་བསྐུར་བས། །དྲི་མ་ཀུན་དག་བདུད་རྩིས་སྐུ་ལུས་གང་། །ཆུ་ལྷག་ཡར་ལུད་གཙོ་བོར་འོད་།དཔག་མེད། །འཁོར་རྣམས་ཀུན་ལ་གཙོ་མོས་དབུ་བརྒྱན་གྱུར། །རང་གི་ཐུགས་ལས་སྤྲུལ་པའི་ལྷ་མོའི་ཚོགས། །ནམ་མཁའ་གང་བས་ཉེར་སྤྱོད་འདོད་ཡོན་ལྔ། །སྣ་ཚོགས་


CMR056_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པས་བདག་བསྐྱེད་ལྷ་རྣམས་མཆོད། །ཀུ་རུ་ཀུལླེ་སརྦ་པཱུ་ཛ་ཧོ༔ རྡོར་ཕྲེང་ནས་བསྟོད་པ་ནི། བརྩེ་བས་རྗེས་ཆགས་པདྨ་རཱ་གའི་མདོག །ཞལ་གཅིག་ཕྱག་བཞི་ཞབས་གཉིས་མཛེས་པའི་སྐུ། །མདའ་གཞུ་ཨུཏྤལ་དབང་གི་ལྕགས་ཀྱུ་འཛིན། །བཅོམ་ལྡན་རིག་བྱེད་མ་ལ་ཕྱག་འཚལ་བསྟོད། །ནང་མཆོད་མཐེབ་སྲིན་གྱིས་གཏོར་ཞིང་། །རྡོ་རྗེ་འཆང་ཆེན་ཡེ་ཤེས་མཁའ་འགྲོ་མ། །རྡོ་རྗེ་གདན་པ་རསྨི་རཀཱི་ཏི། །བིཀཱ་དེ་ཝ་པཎ་ཆེན་ཤཱཀྱ་ཤྲཱི། །པཎ་ཆེན་བྷཱུ་མི་ཤྲཱི་དང་བི་མ་ཤརའི། །རིག་འཛིན་པཎ་གྲུབ་ཞལ་དུ་ཨོཾ་ཨཱཧཱུཾ། །ཟངས་དཀར་ལོཙྪ་སྐྱི་སྟོན་འཇམ་དབྱངས་གྲགས། །ཀུན་མཁྱེན་དོལ་བུ་མ་ཏི་པཎྜིཏ། །གཞོན་ནུ་བློ་གྲོས་ངོར་ཆེན་རྡོ་རྗེ་འཆང་། །གུ་ཎ་ཤི་དང་དཔལ་འབྱོར་དོན་གྲུབ་དང་། །སྤྱན་སྔ་ཆོས་གྲགས་རིན་ཆེན་ཕུན་ཚོགས་པ། །ཆོས་རྒྱལ་ཕུན་ཚོགས་དཀོན་མཆོག་རཏྣ་དང་། །རྗེ་བཙུན་དཀོན་མཆོག་ཕྲིན་ལས་རྣམ་རྒྱལ་དང་། །ཀརྨ་ཆགས་མེད་བརྩོན་འགྲུས་རྒྱ་མཚོ་སོགས། །རྩ་བརྒྱུད་བླ་མའི་ཞལ་དུ་ཨོཾ་ཨཱཧཱུཾ། །ཡི་དམ་བཅོམ་ལྡན་འདས་མ་རིག་བྱེད་མ། །རྡོ་རྗེ་མ་སོགས་ལྷ་མོ་བཅུ་བཞིའི་བསྐོར། །རྒྱུད་ཀྱི་སྲུང་མ་མགོན་པོ་གྲི་ཐོད་


CMR056_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །ལྷ་མོའི་བཀའ་སྡོད་གནོད་སྦྱིན་མོ་ལ་སོགས། །ཡི་དམ་ཆོས་སྐྱོང་ཞལ་དུ་ཨོཾ་ཨཱཿཧཱུྃ། །བདུད་རྩིས་མཉེས་ནས་མཆོག་ཐུན་དངོས་གྲུབ་སྩོལ། །ཨོ་ཀུ་རུ་ཀུལླེ་ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཧཱུྃ། ཅེས་བདུད་རྩི་ལྕེ་ལ་བཞག་གོ །རང་གི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཡི། །ཐུགས་ཀར་ཉི་སྟེང་ཧཱི༔ཡིག་དམར་པོའི་མཐར། །སྔགས་ཕྲེང་གཡས་སུ་བཀོད་པ་གཡོན་དུ་འཁོར། །པདྨ་རཱ་གའི་ཕྲེང་བ་འཁོར་བ་བཞིན། །དེ་ལས་འོད་ཟེར་དམར་པོ་གློག་ལྟ་བུ། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ཁྱབ་པར་འཕྲོས། །སངས་རྒྱས་བྱང་སེམས་ཀུན་གྱི་བྱིན་རླབས་དང་། །ལྷ་མི་འགྲོ་བ་ཀུན་གྱི་ཚེ་བསོད་ནམས། །འཇིག་རྟེན་ཁམས་ཀྱི་རྩི་སྨན་རིན་ཆེན་ཚོགས། །ཉི་ཟླ་ནོར་བུའི་བཅུད་རྣམས་ཐམས་ཅད་བསྡུས། །བདག་ལ་ཐིམ་པས་བསོད་ནམས་གཟི་བརྗིད་སྟོབས། །ཡར་ངོའི་ཟླ་བཞིན་འཕེལ་ཞིང་རྒྱས་པར་གྱུར། །ཨོ་ཀུ་རུ་ཀུལླེ་ཧཱུྃསྭཱ་ཧཱ། །ཙནྡན་དམར་པོའི་ཕྲེང་བ་བགྲང་བྱ་ཞིང་། །འབུམ་ཕྲག་བཟླས་པ་གྲངས་ཀྱི་བསྙེན་པ་སྟེ། །དུས་ངན་བསོད་ནམས་དམན་ཕྱིར་བཞི་འགྱུར་གསུངས། །ཟླ་བ་དྲུག་གམ་ཟླ་གཅིག་དུས་བསྙེན་ཏེ། །རྟགས་ནི་རྨི་ལམ་དངོས་ཉམས་ཞལ་མཐོང་ངམ། །གསུང་ཐོས་


CMR056_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་སྟོན་ཁྲི་ལ་འདུག་པ་དང་། །དར་ཕྱར་རོལ་མོ་སྐད་བཟང་ཡུན་རིང་སྒྲོག །གོས་གདན་དམར་པོ་བཟང་པོའི་སྟེང་འདུག་སོགས། །སྤྱི་དང་མཚུངས་པར་རིགས་པས་ཤེས་པར་བྱ། །ཐུན་མཚམས་སམ་ནི་དུས་བཟང་མཆོད་པའམ། །བདག་ཉིད་འཇུག་གམ་སློབ་མ་རྗེས་འཛིན་དང་། །བསྒྲུབ་པའི་དུས་སུ་བདག་མདུན་བུམ་བསྐྱེད་བྱ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་སྭ་བྷ་ཝ་སོགས། ཧཱུྃ་ལས་མཚན་ཉིད་ཡོངས་རྫོགས་བུམ་པའི་ནང་། །ཨོ་ཏབྷེ་ཏབྷེ་མ་ཧཱ་ཏབྷེ་སྭཱ་ཧཱ། ལྷ་ཆུ་དལ་འགྲོས་བུམ་པར་འཁྱིལ་ནང་དང་། །མདུན་བསྐྱེད་དཀྱིལ་འཁོར་མི་དམིགས་ངང་ཉིད་ལས། །ཨེ་ལས་ཆོས་འབྱུང་དཀར་པོ་ཆོས་དབྱིངས་ཁྱབ། །དེ་ནང་འབྱུང་བ་རིམ་བརྩེགས་རི་རབ་སྟེང་། །སྣ་ཚོགས་པདྨ་འབུམ་ལྡན་ཉི་མའི་སྟེང་། །སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུཾ་ཡིག་ལས། །རིན་ཆེན་སྣ་ཚོགས་ལས་གྲུབ་གཞལ་ཡས་ཁང་། །ནང་ནས་རིམ་བཞིན་དམར་ལྗང་སྔོན་པོ་དང་། །སེར་པོ་དཀར་པོ་རྩིག་པ་རིམ་པ་ལྔ། །དེ་སྟེང་གསེར་གྱི་ཕ་གུ་ཕྲ་ཡིས་མཛེས། །རིན་ཆེན་བྲེ་ཕུལ་གསེར་གྱི་སྐེ་རགས་བཞི། །ཆུ་སྲིན་ཁ་ནས་དྲ་བ་དྲ་ཕྱེད་དང་། །རྔ་ཡབ་མེ་ཏོག་ཕྲེང་བ་མེ་ལོང་དང་། །ཟླ་བ་རླུང་གིས་བསྐྱོད་པས་རྣམ་པར་མཛེས། །བྱ་འདབ་ལས་འཕྱང་རིན་ཆེན་


CMR056_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་བུ་དང་། །སྟེང་དུ་མདའ་ཡབ་པདྨ་ཕྱེད་པའི་དབྱིབས། །དེ་དག་བར་དུ་རྒྱལ་མཚན་བ་དན་དང་། །རྔ་ཡབ་གདུགས་དང་དར་དཔྱང་རྒྱན་གྱིས་སྤྲས། །ཕྱི་ཡི་སྣམ་བུར་མཆོད་པའི་ལྷ་མོའི་བསྐོར། །སྟེང་ནི་ཕྱུར་བུ་རིན་ཆེན་ཏོག་གིས་བརྒྱན། །གྲུ་བཞི་སྒོ་བཞི་སྒོ་ཁྱུད་མཚམས་དང་ཟུར། །ཟླ་ཕྱེད་ལ་གནས་རྡོ་རྗེ་ནོར་བུས་སྤྲས། །སྒོ་བཞིའི་མདུན་དུ་སྟེགས་བུ་གྲུ་བཞིའི་སྟེང་། །རྟ་བབས་སྣམ་བུ་བཅུ་གཅིག་རྩེ་མོ་ལ། །པདྨ་ལ་གནས་རི་དྭགས་ཆོས་འཁོར་བཅས། །ཕྱི་ཡི་ས་གཞི་རིན་ཆེན་འདོད་ཡོན་གང་། །པད་འདབ་རྡོ་ར་ཡེ་ཤེས་མེ་རིས་བསྐོར། །ཡེ་ཤེས་དཀྱིལ་འཁོར་ཆེན་པོ་དེ་ཡིས་རྒྱབ། །ཕྱོགས་མཚམས་འཇིག་རྟེན་རབ་འཇིགས་དུར་ཁྲོད་བརྒྱད། །རི་བརྒྱད་མཚོ་བརྒྱད་ཤིང་བརྒྱད་མཆོད་རྟེན་བརྒྱད། །མེ་བརྒྱད་སྤྲིན་བརྒྱད་ཀླུ་བརྒྱད་ཞིང་སྐྱོང་བརྒྱད། །རྣལ་འབྱོར་བརྒྱད་དང་ཕྱོགས་སྐྱོང་ཆེན་པོ་བརྒྱད། །རོ་ལང་ཀེང་རུས་ཤ་ཟ་འབྱུང་པོས་གང་། །དེ་རུ་འཚོགས་ཀུན་ལོག་པར་མི་ལྟུང་བའི། །རང་བྱུང་ཧེ་རུ་ཀ་ཡི་གནས་མཆོག་གོ །ཕོ་བྲང་ནང་གི་ས་གཞི་ཤར་ཕྱོགས་དཀར། །ལྷོ་སེར་ནུབ་སྔོ་བྱང་ལྗང་དབུས་


CMR056_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

དམར་བའི། །དབུས་དང་ཕྱོགས་བཞི་ཕྱོགས་མཚམས་སྟེང་འོག་ཏུ། །པདྨ་དམར་དང་རོ་ཉི་ཟླ་བའི་གདན། །དབུས་དམར་ཧཱིཡིག་དམར་པོའི་འཕྲོ་འདུ་ལས། །སྐད་ཅིག་བཅོམ་ལྡན་འདས་མ་རིག་བྱེད་མ། །པདྨ་རཱ་གའི་མདོག་ཅན་གཟི་བརྗིད་འབར། །ཞལ་གཅིག་ཕྱག་བཞི་དང་པོའི་ཨུཏྤལ་གྱིས། །མདེལ་ཅན་མདའ་དང་མེ་ཏོག་དམར་པོ་ཡི། །གཞུ་གཉིས་འགེངས་པ་སྙན་གྱི་ཐད་དུ་བཀང་། །གཡས་འོག་ལྕགས་ཀྱུ་དམར་པོ་གཡོན་འོག་ཏུ། །ཨུཏྤལ་དམར་པོའི་ཞགས་པ་འདེབས་པའི་ཚུལ། །དབུ་སྐྲ་དམར་སེར་གྱེན་བརྫེས་ཐོད་སྐམ་བརྒྱན། །སྤྱན་གསུམ་དམར་ཟླུམ་གཡོན་དུ་ཡོ་བར་གཟིགས། །ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་ཁྲོ་མོའི་སྐུ། །ཐོད་རློན་དོ་ཤལ་ཕྱག་རྒྱ་ལྔ་ཡིས་བརྒྱན། །རིན་ཆེན་དར་དཔྱང་སྟག་གི་ཤམ་ཐབས་ཅན། །སྐྱིལ་ཀྲུང་ཕྱེད་པའི་གར་གྱི་པད་ཉི་དང་། །དབང་ཕྱུག་ཨུ་མ་སྒྲ་ཅན་སྙིང་གར་མནན།་།ཡེ་ཤེས་རང་འོད་འཁྲུགས་པའི་ཀློང་ན་འགྱིང་། །དེ་ཡི་ཕྱོགས་བཞིར་ཤར་དུ་མཁའ་འགྲོ་མ། །ལྷོ་རུ་གསང་བའི་གོ་རི་ནུབ་ཏུ་ནི། །མཆུ་མ་བྱང་དུ་རྡོ་རྗེ་མཁའ་འགྲོ་མ། །མཚམས་བཞིར་བུམ་


CMR056_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྟེང་དུ་ཐོད་པ་བཞི། །དེ་རྒྱབ་ཕྱོགས་བཅུར་ཤར་དུ་གོ་རི་མ། །ལྷོ་རུ་ཙོ་རི་ནུབ་ཏུ་བེ་ཏ་ལི། །བྱང་དུ་གྷསྨ་རི་དང་དབང་ལྡན་དུ། །པུཥ་སི་དང་ཤར་ལྷོར་ཤ་ཝ་རི། །ལྷོ་ནུབ་ཙནྡ་ལི་དང་ནུབ་བྱང་དུ། །ཌོམྦྷི་ནི་དང་སྟེང་དུ་མཁའ་སྤྱོད་མ། །འོག་ཏུ་ས་སྤྱོད་མ་རྣམས་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་ཨུཏྤལ་མདའ་གཞུ་འགེངས། །བརྐྱང་བསྐུམ་གར་སོགས་ཆ་ལུགས་གཙོ་མོ་འདྲ། །ལས་བུམ་ནང་དུ་ངོ་བོ་རྟ་མགྲིན་ལ། །རྣམ་པར་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་། །རྒྱ་གྲམ་སྡིགས་མཛུབ་ཁྲོ་ཆས་ཡོངས་སུ་རྫོགས། །ཀུན་གྱི་གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་འཕྲོས། །གཙོ་བོའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས། །དེ་ཡི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ཧཱུྃ། །འཁོར་ཀུན་ཐུགས་ཀར་མིང་ཡིག་དང་པོ་ལ། །ཐིག་ལེས་བརྒྱན་པ་རྣམས་ལས་འོད་ཟེར་འཕྲོས། །འོག་མིན་གནས་དང་རང་འདྲ་ཡེ་ཤེས་པ། །ནམ་མཁར་སྤྱན་དྲངས་བཛྲ་ས་མཱ་ཛ༔ འཕགས་བཞི་སྐྱེད་བྱེད་ཆོས་སྐུ་ཡུམ་ཆེན་མོ། །གཟུགས་ཀྱི་སྐུར་སྟོན་འཕགས་མ་རིག་བྱེད་མ། །གཤེགས་དང་བཞུགས་པའི་མཚན་མ་མི་


CMR056_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་ཡང་། །ཆུ་ཟླ་བཞིན་དུ་གནས་འདིར་སྣང་བར་མཛོད། །པདྨ་གར་གྱི་དབང་ཕྱུག་གསང་བའི་ཡུམ། །སོ་སོར་རྟོག་པའི་ཡེ་ཤེས་ངོ་བོ་ཉིད། །པདྨ་རིགས་ཀྱི་ལྷ་མོ་ཀུན་གྱི་གཙོ། །བདེ་ཆེན་དག་པའི་ཞིང་ནས་གཤེགས་སུ་གསོལ། །སྒྲོལ་མ་མྱུར་མ་སྤྱན་ནི་གློག་ལྟར་མྱུར། །འཇིག་རྟེན་དབང་ཕྱུག་ཡུམ་གཅིག་གསང་ཡེ་མ། །དབང་བྱེད་སྒྲོལ་མ་འཇིགས་པ་ཀུན་སྐྱོབ་མ། །པོ་ཊ་ལ་ཡི་གནས་ནས་གཤེགས་སུ་གསོལ། །ཌཱཀྐི་འབུམ་གྱི་གཙོ་མོ་མཛད་པའི་ཚེ། །པདྨ་མཁའ་འགྲོ་དབང་གི་ལྷ་མོ་མཆོག །གོ་རི་མ་སོགས་ལྷ་མོ་བཅུ་བཞིར་བཅས། །མཁའ་སྤྱོད་ཨོ་རྒྱན་གནས་ནས་གཤེགས་སུ་གསོལ། །འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་ཅན། །རྒྱ་གར་ཀུ་རུ་ཀུལླེའི་རི་བོ་ཡི། །ཕུག་པའི་དབུས་སུ་རྟག་ཏུ་གནས་བཅས་མ། །ལྷ་མོ་ཀུ་རུ་ཀུལླེ་གཤེགས་སུ་གསོལ། །ཕོ་བྲང་གཞལ་ཡས་པད་ཉི་བདུད་བཞིའི་སྟེང་། །རང་རང་གཙོ་འཁོར་སོ་སོའི་གདན་སྟེང་དུ། །བརྗིད་ཅིང་རྒྱས་པའི་ཚུལ་གྱིས་གཤེགས་སུ་གསོལ། །ཨོ་ཀུ་རུ་ཀུལླེ་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛ་ཛ༔ ཛཧཱུྃ་བཾ་ཧོ༔ པདྨ་ཀ་མ་ལཱ་ཡེ་ཧཱུཾ། ཨནྡྷཾ་པྲ་ཏིཙྪ་སྭཱ་ཧཱ། དབང་ལྷ་སྤྱན་


CMR056_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་དབང་བསྐུར་དྲི་མ་དག །ཆུ་ལྷག་ཡར་ལུད་རིགས་བདག་དབུ་བརྒྱན་གྱུར། །བདག་ལུས་ཞིང་གི་རྡུལ་སྙེད་རབ་སྤྲུལ་ཏེ། །ལུས་ངག་ཡིད་གསུམ་དང་བས་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ། །རབ་འབྱམས་རྒྱལ་བའི་ཞིང་ཁམས་ཐམས་ཅད་ནས། །བདག་པོའི་བཟུང་དང་མ་བཟུང་མཆོད་པའི་།ལྷ་ཡི་བདུད་རྩི་དཀར་སེར་ལྗང་དམར་དང་། །ཡན་ལག་བརྒྱད་ལྡན་ཁྲུས་ཀྱི་རྫིང་བུ་མཚོ། །པདྨ་ཀུ་མུཏ་ཏ་དང་ཨུཏྤལ་ཚལ། །ཧ་རི་སྦྲུལ་སྙིང་གླང་པོ་རྟ་མཆོག་སྟེ། །ཉི་ཟླ་ནོར་བུ་བརྒྱ་བྱིན་ཚངས་པའི་འོད། །གངྒའི་ཆུ་རྒྱུན་ཨོ་རྒྱན་མཆོད་སྦྱིན་ཆུ། །ལྷ་དབང་མི་དབང་ཞལ་ཟས་རོ་བརྒྱ་པ། །དྲི་ཟའི་རྒྱལ་པོ་བྱེ་བའི་རྒྱུད་མང་སྒྲ། །སུམ་རྩེན་བྱེ་བ་ཕྲག་བརྒྱའི་ལྟད་མོ་མཛེས། །ཚངས་པའི་རྒྱལ་པོ་སྟོང་གི་བསྟོད་དབྱངས་སྙན། །ཟག་མེད་ཚུལ་ཁྲིམས་དྲི་ཡིས་ཞིང་ཀུན་ཁྱབ། །ཡེ་ཤེས་བདུད་རྩིས་ཟག་མེད་བདེ་སྐྱིད་རོ། །དཔག་བསམ་ཤིང་ལས་འཕྱང་བའི་ལྷ་རྫས་གོས། །ཤེས་བྱེད་རྫ་ས་མཆོག་བརྒྱད་དང་རྒྱལ་སྲིད་བདུན། །ནོར་བུ་ཆ་བདུན་རྒྱལ་པོའི་ཉེར་སྤྱོད་ཚོགས། །བཀྲ་


CMR056_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་གྲུབ་པའི་རྟགས་མཚན་ངོ་མཚར་བརྒྱད། །གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱ་དང་། །ལྷ་ཀླུ་མི་ཡི་ལོངས་སྤྱོད་འདོད་ཡོན་ཚོགས། །ཐམས་ཅད་བློ་ཡིས་བླངས་ཏེ་འབུལ་ལགས་ན། །བདག་ལ་ཕན་ཕྱིར་ཉིད་ཀྱི་མཐུས་བཞེས་ཤིག །པདྨ་རིགས་ཀྱི་རྗེ་བཙུན་སྒྲོལ་མ་ལ། །དུག་ལྔ་ངོ་བོ་དག་པ་ཡི། །ཟུག་འཇུག་ཡེ་ཤེས་བདེ་བའི་མཆོད་པ་འབུལ། །ཀུན་ཏུ་བདེ་བས་མཆོད་པས་མཉེས་གྱུར་ཅིག །གཞན་ཡང་རླུང་མེ་ཐོད་སྐྱེད་ཀཱ་པ་ལར། །ཤ་ལྔ་བདུད་རྩི་ལྔ་དང་ཡེ་ཤེས་ལྔ། །ཞུ་ཞིང་ཁོལ་བའི་ཡེ་ཤེས་བདུད་རྩིའི་མཚོ། །འདོད་ཡོན་སྣ་ཚོགས་རླངས་པས་ཞིང་ཀུན་ཁྱབ། །དམ་རྫས་གཏོར་ཆེན་འབར་བའི་མཆོད་པ་འདི། །རིག་བྱེད་ལྷ་མོ་བཅོ་ལྔས་དགྱེས་པར་རོལ། །དངོས་བཤམས་ཡིད་སྤྲུལ་མཆོད་གཏོར་འདི་བཞེས་ལ། །བདག་གི་རླུང་སེམས་སྣང་བ་དབང་བསྡུས་ནས། །ཚེ་གཅིག་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །མཁས་གྲུབ་བཤེས་གཉེན་ཐམས་ཅད་དབང་བསྡུས་ནས། །ཐུབ་བསྟན་དར་ཞིང་རྒྱས་པར་མཛད་དུ་གསོལ། །རིགས་བཟང་བློ་གསལ་ཐམས་ཅད་དབང་བསྡུས་ནས། །བཤད་སྒྲུབ་བསྟན་པ་དར་


CMR056_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད་དུ་གསོལ། །ཚུལ་ཁྲིམས་ལྡན་པ་ཐམས་ཅད་དབང་བསྡུས་ནས། །དགེ་འདུན་སྡེ་ཆེན་ཚུགས་པར་མཛད་དུ་གསོལ། །རྒྱལ་པོ་རྒྱལ་ཕྲན་ཐམས་ཅད་དབང་བསྡུས་ལ། །ཡུལ་ཁམས་ཆོས་ལ་བསྒྱུར་བར་མཛད་དུ་གསོལ། །འབྱོར་ལྡན་ཁྱིམ་བདག་ཐམས་ཅད་དབང་བསྡུས་ནས། དགེ་འདུན་བཀུར་སྟི་འཕེལ་བར་མཛད་དུ་གསོལ། །ལྷ་ཀླུ་གཞི་བདག་ཐམས་ཅད་དབང་བསྡུས་ནས། །བཀྲ་ཤིས་བདེ་ལེགས་འཕེལ་བར་མཛད་དུ་གསོལ། །སྐྱེ་འགྲོ་ཕོ་མོ་ཐམས་ཅད་དབང་བསྡུས་ནས། །ལུས་སེམས་དགེ་ལ་སྦྱོར་བར་མཛད་དུ་གསོལ། །བདུད་རིགས་ལོག་ལྟ་ཅན་ཀུན་དབང་བསྡུས་ནས། །བསྟན་ལ་བར་ཆད་མེད་པར་མཛད་དུ་གསོལ། །འབྲུ་ནོར་ལོངས་སྤྱོད་མཁོ་དགུ་དབང་བསྡུས་ནས། །དཔལ་འབྱོར་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །ཨོ་བྷ་ག་ཝ་ཏེ་ཀུ་རུ་ཀུལླེ་ས་པཱ་རི་ཝཱ་ར། ཨི་དཾ་པུབྦེ་དྷཱུ་པེ་དཱི་པཾ་གནྡྷེ་བ་ལི་གྷིཏྟ་སརྦ་ཨརྒྱ། མ་ཀ་ར་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལན་གསུམ་དང་། སྤྲོ་ན། ཨ་ཀཱ་རོས་་དུར་ཁྲོད་ཞིང་སྐྱོང་ལ་བསྔོའོ། ཧྲཱིཿལས་བྱུང་བའི་དབང་གི་ཁ་དོག་ཅནཾ། །ཆོས་ཀུན་རོ་གཅིག་སྟོན་ཕྱིར་ཞལ་


CMR056_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མ། །དུས་གསུམ་མཁྱེན་ཕྱིར་སྤྱན་གསུམ་འགྲོ་ལ་གཟིགས། །བདུད་བཞི་རྩད་ནས་གཅོད་ཕྱིར་མཆེ་བཞི་གཙིགས། །རིགས་ལྔ་མཚོན་ཕྱིར་ཐོད་སྐམ་ལྔ་ཡིས་བརྒྱན། །ཚད་མེད་རྣམ་བཞི་མཚོན་པའི་ཕྱག་བཞི་ཡི། །དང་པོས་ཐབས་ཤེས་ཟུང་འཇུག་མདའ་གཞུ་འགེང་། །གཡས་འོག་བྱམས་པའི་ལྕགས་ཀྱུས་སྲིད་གསུམ་འགུགས། །གཡོན་འོག་སྙིང་རྗེས་ཞགས་པས་འགྲོ་བ་འཛིན། །སྲིད་པར་མི་འཁྲུལ་ཞབས་གཡས་བསྐུམ་པའི་ཚུལ། །ཞི་བར་མི་གནས་ཞབས་གཡོན་བརྐྱང་བའི་གར། །འཇིག་རྟེན་ཟིལ་གནོད་སྲིད་གསུམ་བདག་མོ་མཛད། །འདུ་བྱེད་དག་ཕྱིར་ཐོད་རློན་ཕྲེང་བ་དང་། །ང་རྒྱལ་རྣམ་དག་སྟག་གི་ཤམ་ཐབས་ཅན། །འདོད་ཆགས་རྣམ་དག་དར་དཔྱང་དམར་པོས་སྤྱིས། ཡོན་ཏན་ཀུན་རྫོགས་རིན་ཆེན་རུས་པས་བརྒྱན། །ཉི་མ་བྱེ་བའི་འོད་འཕྲོ་གཟི་བརྗིད་འབར། །བསྒོམ་པ་ཙམ་གྱིས་འཇིག་རྟེན་གསུམ་པོ་རྣམས། །དབང་དུ་སྡུད་མཛད་ལྷ་མོའི་སྐུ་ལ་བསྟོད། །ལྷ་མོའི་སྙིང་པོ་གསང་སྔགས་འབྲུ་བརྒྱད་པ། །ཁྲི་ཡིས་འཇིག་རྟེན་ཕལ་པ་ཐམས་ཅན་དབང་། །འབུམ་ཕྲག་གཅིག་གིས་མི་ཡི་རྒྱལ་པོ་རྣམས། །དེ་བཞིན་


CMR056_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ཕྲག་གཉིས་ཀྱིས་ལྷ་རྣམས་ཏེ། །འབུམ་ཕྲག་བདུན་གྱིས་ལྷ་མ་ཡིན་རྣམས་དང་། །བྱེ་བས་འཁོར་ལོས་སྒྱུར་རྒྱལ་གནོད་སྦྱིན་ཚོགས། །རིགས་དྲུག་སེམས་ཅན་ཐམས་ཅད་དབང་བསྡུད་པའི། །གསུང་མཆོག་ནུས་པར་ལྡན་ལ་ཕྱག་འཚལ་བསྟོད། །ལྷ་མོའི་ཐུགས་ནི་སྟོང་ཉིད་ཆོས་ཀྱི་སྐུ། །མཐའ་བཞི་སྐྱེ་འགག་གནས་བྲལ་ཊ་ཕྱག་རྒྱ་ཆེ། །ཉན་ཐོས་རང་རྒྱལ་སར་ནས་སེམས་དཔའི་ཚུལ། །དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །ཤེས་རབ་ཕ་རོལ་ཕྱིན་མ་ཡུམ་ཆེན་མོ། །ཟབ་ཅིང་རྒྱ་ཆེ་ལྷ་མོའི་ཐུགས་ལ་བསྟོད། །གང་ཞིག་འཕགས་མ་སྒོམ་བཟླས་བྱེད་པ་ན། །དུག་གི་ནད་དང་དུག་གིས་འཆི་བ་དང་། །ཤུ་བ་གཡེམ་པ་མཛེ་སོགས་ནད་ཀྱི་རིགས། །དུས་མ་ཡིན་པ་འཆི་བ་ཐམས་ཅད་ཞི། །ཀླུ་དང་དུག་སྦྲུལ་སྟག་སོགས་གཅན་གཟན་དང་། །དགྲ་དང་མཚོན་ཆ་དབུལ་ཕོངས་འཇིགས་པ་སྐྱོབ། །སྣ་ཚོགས་གཏེར་དང་གསེར་དངུལ་སྣ་ཆ་དང་། །གོས་ལ་སོགས་པའི་ནོར་རྣམས་གང་འདོད་པ། །ཐམས་ཅད་ཀུན་ལ་དབང་བསྒྱུར་ལོངས་སྤྱོད་པའི། །ཡོན་ཏན་ཀུན་འབྱུང་མ་ལ་ཕྱག་འཚལ་བསྟོད། །གླང་རྒོད་


CMR056_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་རྒོད་དུག་སྦྲུལ་ཆུ་སྲིན་དང་། །སྟག་དང་བསེ་དང་ཆུ་གླང་ལ་སོགས་པའི། །རིག་སྔགས་ཀྱིས་བཀུག་བཞོན་པར་བྱ་རུང་ཞིང་། །དྲག་ལྡན་ལྷ་ཀླུ་མི་ཡི་རྒྱལ་པོ་ཡང་། །གུས་ཤིང་འདུད་པས་མངག་གཞུག་ལས་བྱེད་པའི།་།ཕྲིན་ལས་ཐོགས་མེད་ལྷ་མོ་རིག་བྱེད་མ། །ཁྱེད་ཀྱིས་མཁའ་མཉམ་འགྲོ་བ་འདི་དག་ཀུན། །རང་དབང་མེད་པར་དབང་དུ་བསྡུས་ནས་ཀྱང་། །རྫོགས་པའི་སངས་རྒྱས་གོ་འཕང་ལ་བཞག་པར། །ཐུགས་བསྐྱེད་ཐུགས་དམ་སྨོན་ལམ་དེ་དག་ནི། །བདག་གིས་འདོད་དང་ཁྱོད་ཀྱིས་ཐུགས་དམ་ཅིག ། ཁྱོད་ཀྱིས་ཐུགས་བཞེད་ཕྲིན་ལས་བདག་གིས་བསྒྲུབ། །དེ་ཕྱིར་མ་གཅིག་བུ་བཞིན་བརྩེ་བས་དགོངས། །བདག་གིས་གང་གསོལ་ཕྲིན་ལས་མྱུར་འགྲུབ་མཛོད། །དེ་ནས་རྒྱས་པར་འདོད་ན། ཨོཾ། དགེ་བ་ཅན་ནི་གཟི་བརྗིད་ཆེ། །འཇིག་རྟེན་གསོ་བྱེད་སྙན་པ་ཆེ། །དབྱངས་ཅན་མ་ནི་སྤྱན་ཡངས་མ། །ཤེས་རབ་དཔལ་དང་བློ་འཕེལ་མ། །གསོ་བྱེད་མ་དང་རྒྱས་བྱེད་མ། །སྭཱ་ཧཱ་ཨོཾ་དང་འདོད་གཟུགས་མ། །སེམས་ཅན་ཀུན་ལ་ཕན་པར་བརྩོན། །གཡུལ་ལས་སྒྲོལ་བྱེད་རྒྱལ་བ་མོ། །ལྷ་མོ་ཤེས་རབ་ཕ་རོལ་ཕྱིན། །


CMR056_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མ་སྒྲོལ་མ་ཡིད་འོང་མ། རྡོ་རྔ་དུང་ནི་རྒྱས་པ་མོ། །རིག་པའི་ལྷ་མོ་ཚིག་སྙན་མ། །ཟླ་བའི་མདོག་ཅན་དཀར་མོ་ཆེ། །མི་ཕམ་གོས་ནི་སེར་མོ་ཅན། །སྒྱུ་མ་ཆེན་པོ་དཀར་ཆེན་མོ། །སྟོབ་མོ་ཆེ་ལ་ཕ་རོལ་ཕྱིན། །རྩུབ་མོ་ཆེན་མོ་གཏུམ་པ་ཆེ། །སྡང་བའི་སེམས་ཅན་བརླག་བྱེད་མ། །རབ་ཏུ་ཞི་བ་ཞི་བའི་གཟུགས། །རྣམ་པར་རྒྱལ་མ་འབར་བའི་འོད། །གློག་གི་ཕྲེང་བའི་རྒྱལ་མཚན་ཅན། །རལ་གྲི་འཁོར་ལོ་གཞུ་ཐོགས་མཚོན། །ཚོལ་བྱེད་རིག་བྱེད་ནག་མོ་ཆེ། །མཚན་མོ་ནག་མོ་མཚན་སྤྱོད་མ། །སྲུང་བྱེད་རྨོང་བྱེད་ཞི་བ་མོ། །མཛེས་མ་དགེ་བ་འགྲོ་ལྡིང་མ། །ཚངས་པ་མོ་དང་རིག་བྱེད་མ། །གསང་བ་མོ་ནི་བྲག་ཕུག་གནས། །བཀྲ་ཤིས་དོན་བྱེད་ཞི་བ་མོ། །སྐྱེས་གནས་རིག་བྱེད་ཡིད་འཕྲོག་མ། །ཐོད་པ་ཅན་ནི་ཤུགས་ཆེན་མ། །ཚངས་པ་བདེ་མ་གཞན་མི་རྒྱལ། །དང་པོ་ཆེན་པོར་སྙིང་རྗེར་གནས། །ཆུད་ཟོས་ལམ་ནི་རབ་ཟློག་མ། །མཆོག་སྟེར་དོན་བྱེད་བསྟན་པ་མོ། །བུད་མེད་གཟུགས་ལ་དཔག་མེད་གནོན། །རི་ཁྲོད་མ་དང་རྣལ་འབྱོར་མ། །གྲུབ་མོ་གཏུམ་མོ་བདུད་རྩིའི་མོ། །


CMR056_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་མ་ནོར་ཅན་བསོད་ནམས་མ། །སྐལ་ཆེན་སྐལ་བཟང་མཛེས་སྟོན་མ། །མཐར་བྱེད་སྐྲག་བྱེད་འཇིགས་བྱེད་མ། །དྲག་དང་བརྟུལ་ཞུགས་ཆེན་མོ་དག །འགྲོ་ལ་གཅིག་ཏུ་ཕན་བརྩོན་མ། །སྐྱབས་མེད་གུས་ལ་གསང་བ་མོ། །ངག་གི་དབང་ཕྱུག་ཞི་ཕྲ་མོ། །རྟག་པར་ཀུན་གྲོལ་རྗེས་འགྲོ་མ། །དོན་ཀུན་གྲུབ་བྱེད་བཟང་པོ་མ། །གཙང་བྱེད་གསོད་བྱེད་ནོར་གཏེར་མ། །མི་འཇིགས་བསོད་ནམས་གོ་ཏ་མ། །སྤྱན་རས་གཟིགས་དབང་གིས་གསུངས་པའི། །མཚན་བརྒྱ་རྩ་བརྒྱད་འདི་དག་གིས། །བཅོམ་ལྡན་འདས་མ་ཁྱོད་ལ་བསྟོད། །ཅེས་མཚན་བརྒྱ་རྩ་དེ་དག་གིས་བསྟོད་པ་དེ་རུང་སྟེ། ཚངས་པ་མོ་དང་རིག་བྱེད་མོ། །གསང་བ་མོ་ནི་བྲག་ཕུག་གནས། །ཞེས་གསུངས་སོ། །ཕྱག་འཚལ་ཉེར་གཅིག་ཡང་རུང་སྟེ། འདི་དབང་བྱེད་སྒྲོལ་མའོ། །ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སོགས་བྱའོ། །བདག་མདུན་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཡི། །ཐུགས་ཀར་ཉི་སྟེང་ཏིང་འཛིན་སེམས་དཔའ་ཧི། །དེ་མཐར་སྔགས་ཕྲེང་གཡོན་དུ་དྲག་ཏུ་འཁོར། །རང་གི་ཐུགས་ཀའི་སྔགས་ཕྲེང་འོད་ཟེར་ལས། །སྔགས་ཕྲེང་བྱི་རུའི་ཕྲེང་བ་ལྟ་བུར་ལང་། །སྣ་བུག་གཡོན་ནས་


CMR056_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཕར་སོང་མདུན་བསྐྱེད་ཀྱི། །ཤངས་བུག་གཡས་ཞུགས་ཐུགས་ཀའི་ཧཱུྃཡིག་ལ། །གཡོན་དུ་བསྐོར་བ་གཅིག་བྱས་ཐུགས་རྒྱུད་བསྐུལ། །སྐུ་ལས་འོད་ཟེར་གློག་འོད་ལྟར་བུར་འཕྲོས། །འཁོར་རྣམས་བསྐུལ་བས་འཁོར་ཀུན་འོད་ཟེར་ནི། །དམར་པོ་ལྕགས་ཀྱུ་ལྟ་བུར་ཕྱོགས་བཅུར་འཕྲོས། །སྣང་སྲིད་འཁོར་འདས་ཚེ་བསོད་དཔལ་གྲགས་རྣམས། །འོད་ཟེར་དམར་པོའི་རྣམ་པར་ཚུར་བསྡུས་ནས། །གཙོ་མོའི་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས། །སྔགས་ཕྲེང་གཙོ་མོའི་ཤངས་བུག་གཡོན་ནས་ཐིམ། །བདག་གི་སྣ་བུག་གཡས་ཞུགས་ཐུགས་ཀར་ཐིམ། །བྱིན་རླབས་སྣང་སྲིད་དབང་དུ་བསྡུས་པ་དང་། །ཕྲིན་ལས་འགྲོ་བ་འདུལ་བའི་དངོས་གྲུབ་ཐོབ། །བདག་མདུན་བར་དུ་མ་སྔགས་ཕྲེང་མགལ་མེ་ཡི། །འཁོར་ལོ་བཞིན་དུ་བར་མེད་འཁོར་བར་གྱུར། །ཨོ་ཀུ་རུ་ཀུལླེ་ཧཱུྃསྭཱ་ཧཱ། ཞེས་མདུན་བསྐྱེད་དམིགས་པ་དང་བཟླས་པ་ནི་སྒྲུབ་པའོ། །རང་གི་ཐུགས་ཀའི་སྔགས་ཕྲེང་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་བསྐྱེད་ཐུགས་ཀར་ཐིམ་པ་ཡི། །བུམ་པའི་ཐུགས་ཀའི་སྔགས་ཕྲེང་དྲག་ཏུ་འཁོར། །འོད་ཟེར་དམར་པོ་ཕྱོགས་བཅུར་ཁྱབ་པར་


CMR056_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས། །རྒྱལ་བ་སྲས་བཅས་དཔའ་བོ་རྣལ་འབྱོར་མ། །འཇིག་རྟེན་ལྷ་ཀླུ་འགྲོ་བ་ཐམས་ཅད་ཀྱི། །བྱང་སེམས་དཀར་དམར་བདུད་རྩི་སྤྱན་དྲངས་ནས། །ཐོད་པའི་བདུད་རྩི་དང་ནི་བུམ་ལྷར་ཐིམ། །ཟག་མེད་བདེ་བས་བུམ་ལྷ་ཐུགས་དགྱེས་ཏེ། །སྐུ་ལས་བདུད་རྩིའི་རྒྱུན་བབས་བུམ་པ་གང་། །ཨོཾ་ཀུ་རུ་ཀུལླེ་ཧཱུྃསྭཱ་ཧཱ། བུམ་སྔགས་བརྒྱ་རྩ་ལས་མི་ཉུང་བ་བཟླས་ཤིང་། ལས་བུམ་ཁྲོ་བོའི་སྐུ་ལས་བདུད་རྩིའི་ཆུ། །ཆུ་རྡུལ་ཕྲ་རགས་རྡོ་རྗེའི་རང་བཞིན་ཅན། །བགེགས་རིགས་ཀུན་འཇོམས་དག་བྱེད་བདུད་རྩིར་གྱུར། །ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་བརྒྱའམ་ཉེར་གཅིག་ལས་མི་ཉུང་བ་བཟླའོ། །ཨོ་ཀུ་རུ་ཀུལླེ་ས་པཱ་རི་ཝཱ་ར་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཨབྷཾ་སོགས། ་སྒྲོལ་མ་ལས་སྣ་ཚོགས་འབྱུང་བའི་རྒྱུད་ལས་ཀུ་རུ་ཀུལླེ་ལ་བསྟོད་པ་ནི། ཞིང་ཁམས་ཐམས་ཅད་ཡོངས་སུ་དག་པ་ལ། །རིན་ཆེན་མེ་ཏོག་མང་པོ་གཅལ་དུ་བཀྲམ། །དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། །ཡུམ་གྱུར་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །བཅོམ་ལྡན་བདུད་རྩི་ཐལ་མོ་ལེགས་སྦྱར་ནས། །བྱང་སེམས་སྤྱི་བོར་གཤེགས་བའི་མཐུ་སྟོབས་ཀྱིས། །བདུད་བཞི་རྩད་ནས་གཅོད་པའི་དགྲ་ཐབས་


CMR056_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

མཁན། །བཅོམ་ལྡན་ཁྲོ་བོ་ཆེན་པོར་ཕྱག་འཚལ་བསྟོད། །ཅེས་པ་གཅིག་ཤེས་ཀུན་གྲོལ་ནས་སོ། །དུང་ཆོས་ཀྱི་ཆུ་བུམ་པར་བླུགས་ལ། དུང་ཆོས་ནང་དུ་མེ་ལོང་གཟུགས་བརྙན་ལྟར། །ལྷ་ཚོགས་གསལ་བ་བུམ་ལྷ་ལ་ཐིམ་པས། །རྐྱེན་བྱས་བུམ་ལྷ་བྱང་སེམས་ངོ་བོར་ཞུ། །གསེར་འགྱུར་རྩི་ལྟར་བུམ་ཆུས་གང་རེག་ལ། །སྨིན་ཅིང་གྲོལ་བའི་ནུས་ལྡན་བདུད་རྩིར་གྱུར། །ལས་བུམ་ཁྲོ་བོས་བར་ཆད་བགེགས་བསྲུང་ཕྱིར། །བྱ་བ་མ་རྫོགས་བར་དུ་བཞུགས་པར་གསོལ། །དེ་ནས་སློབ་མ་བཞུགས་ནས། བགེགས་གཏོར་བཏང་། །རྒྱུ་མཚམས་གཅོད་སྲུང་འཁོར་བསྒོམ་པ་དང་། །མཎྜལ་དབང་བཤད་སྤྱི་ལྟར་བྱ། །བདག་འཇུག་ལ་ནི་མཎྜལ་བསྡུས་ཙམ་བྱ་སྟེ། བདག་བསྐྱེད་ཐུགས་ཀ་ནས་རང་ཐ་མལ་པའི་ལུས་སུ་ཐོན་ནས། ཤར་སྒོའི་དྲུང་དུ་འཁོད་ནས་བླ་མ་དང་མདུན་བསྐྱེད་དབྱེར་མེད་པ་ལ་ཞུ་བ་དང་། སློབ་མ་བཞུགས་ཀྱང་རང་གཙོ་རྐྱང་དུ་ཐོན་ནས་ཤར་སྒོའི་དྲུང་དུ་འཁོད་ནས་སློབ་དཔོན་གྱི་བྱ་བ་བྱེད་པའོ། །ཨོ་ཙཀྵ་བྷན་ཝ་མ་ཎ་ཡེ་སྭཱ་ཧཱ། མིག་དར་དང་། ཨོཾ་ཨ་ཁཾ་ཝི་ར་ཧཱུྃ། མེ་ཏོག་གཏད་ལ། སྐྱེ་དང་འཆི་དང་རྒས་པ་དང་། །ཆུ་སྲིན་ལ་སོགས་འཇིགས་པ་ལས། །སྲིད་པའི་མཚོ་ལས་བདག་གྲོལ་མཛོད། །ལན་གསུམ། དཀོན་མཆོག་གསུམ་ལ་


CMR056_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སྐྱབས་མཆི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །རྟག་ཏུ་སློབ་དཔོན་བདག་གྱུར་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང། །འགྲོ་ཀུན་སངས་རྒྱས་ས་ལ་འགོད། །ཚིག་རྗེས་མ་ལན་གསུམ་རེ་བྱ། གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན། །ཨོ་ཨཱཧཱུཾ། རྡོ་རྗེས་རེག །བླ་མེད་སྔགས་ཀྱི་དམ་ཚིག་རྣམས། །བསྲུང་ཕྱིར་དམ་ཚིག་བདུད་རྩི་འཐུང་། །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཁ། དུང་ཆོས་ཀྱི་ཆུ་སྦྱིན། མདུན་བསྐྱེད་སྐུ་ལས་འོད་འཕྲོས་པས། །སློབ་མའི་ལུས་གང་སྒྲིབ་པ་དག །ལུས་དེ་འོད་ཀྱི་ཕུང་པོར་གྱུར། །དེ་ནས་སྐད་ཅིག་ལྷ་མོའི་སྐུ། །དམར་མོ་ཞལ་གཅིག་ཕྱག་བཞི་མ། །མདའ་གཞུ་ལྕགས་ཀྱུ་ཞགས་པའི་ཕྱག །རྒྱན་ལྡན་གར་གྱི་རྣམ་པར་འགྱིང་། །ས་བོན་འོད་ཟེར་ལྷོ་ཕྱོགས་འཕྲོས། །ཀུ་རུ་ཀུལླེའི་རི་བོ་ནས། །ལྷ་མོའི་ཐུགས་རྒྱུད་བསྐུལ་བྱས་ནས། །སྐུ་ལས་འོད་ཟེར་དམར་པོ་དང་། །སྔགས་ཕྲེང་ཕྱག་མཚན་དཔག་མེད་པ། །སྤྱན་དྲངས་སློབ་མའི་ལུས་ལ་ཐིམ། །ཨོ་ཀུ་རུ་ཀུལླེ་ཧྲཱིཿཧྲཱིཿཧྲཱིཿཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཧྲཱིཿཧྲཱིཿཧྲཱིཿགུ་གུལ་དང་སྤོས་བསྲེག་རོལ་མོ་བྱ། རྡོ་རྗེ་སྤྱི་བོ་བཞག །


CMR056_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཏིཥྛ་བཛྲ། མེ་ཏོག་དོར་ཞིང་། པུཥྛ་པྲ་ཏིཙྪ་ཧོ༔ མིག་ཕྱེས་ལ། ཨོཾ་ཙཀ་པྲ་ཝེ་ཤ་ཡ་ཕཊ། དཀྱིལ་འཁོར་ལ་ལྟ་ཞིང་། ཨོཾ་བཛྲ་པུཥཱ་ཧོ། ཕྱག་འཚལ་ནས། ཨོཾ་ན་མོ་ཧཱུྃ། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམས་འཇོམས་པ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། གསུམ། དབང་རྫས་རིགས་ལྔ་ཡབ་ཡུམ་སྐད་ཅིག་གསལ། །འོད་དུ་ཞུ་བས་དབང་རྫས་སོ་སོ་ཡི། །རིགས་ཀྱི་བུ་ལ་རིགས་ལྔས་དབང་བསྐུར་རོ། །བུམ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཚྭ། བདུད་རྩིས་ལུས་གང་འོད་དཔག་དབུ་བརྒྱན་གྱུར། །དབང་རྫས་མེད་ན་ཕྱག་རྒྱའམ་ཡིད་ཀྱིས་བསྒོམ་ཞིང་། དབུ་རྒྱན། ཨོ་རཏྣ་མུ་གུ་ཧཱུྃ་ཨ་བྷི་ཥིཉྩ་མཱི། རྡོ་རྗེ། ཨོ་བཛྲ་ཨ་བྷི་ཥིཉྩལཾ། །དྲིལ་བུ། ཨོཾ་བཛྲ་གནྡྷེ་ཨ་བྷི་ཥིཉྩ་མཱི། རྡོར་དྲིལ་མཉམ་དུ། ཨོཾ་བཛྲ་ན་མ་ཨ་བྷི་ཥིཉྩ་མཱི། ཐོད་པར་གནས་པའི་བྱང་སེམས་དཀར་དམར་རྒྱུན། །མགྲིན་པ་ནས་ཞུགས་ལུས་གང་བདེ་སྟོང་འབར། །ཨོཾ་བཛྲ་པཉྩ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་མཱི། སིན་དྷ་ར་ལས་བཅོམ་ལྡན་འདས་མ་འཕྲོས། །ལྟེ་བར་ཐིམ་པས་གཏུམ་མོའི་མེ་འབར་བས། །སྤྱི་བོར་ཧཾ་ཡིག་ཞུ་ནས་


CMR056_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བཞི་མྱོང་། །ཨོཾ་བཛྲ་ཌཱཀྐི་ནི་པྲཛྙཱ་ཨ་བྷི་ཥིཉྩནྟཾམཱཾ། གང་ལ་ཐོགས་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །འདི་ནི་བདེ་བ་མཆོག་གྱུར་པ། །བདག་མེད་གཞན་ཡང་མེད་པ་ཡིན། །ཡི་གེ་སྔགས་རྣམས་རྣམ་པར་སྤངས། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །བདག་མེད་གཞན་ཡང་མེད་པ་ཡིན། །ཅེས་པ་ཚིག་དབང་དང་བཞིའོ། །ཕྱག་མཚན་བྱིན་ལ། ཐབས་དང་ཤེས་རབ་མདའ་གཞུ་ཡིས། །མི་ཤེས་མ་རིག་འབིག་པར་བྱེད། །མདའ་གཞུ་རྣ་བའི་དྲུང་དུ་བཀང་། །སློབ་མའི་ས་བོན་འོད་དམར་པོ། །མདའ་ལྟོང་ནས་ཞུགས་ཨུཏྤལ་གྱི། །མདེལ་རྩེ་ནས་ཐོན་འཇིག་རྟེན་གང་། །ལྷ་ཀླུ་གནོད་སྦྱིན་མི་ལ་སོགས། །འཇིག་རྟེན་ཐམས་ཅད་འོད་དམར་ཞུ། །མདེའུ་ནས་ཞུ་སྟོང་ནས་ཐོན། །རྣ་བ་གཡས་ནས་སྙིང་གར་ཐིམ། །སྣང་སྲིད་དབང་བསྡུས་དབང་ཐོབ་ཤོག །ཨོཾ་བཛྲ་ཌཱཀྐི་ནཱི་སརྦ་ཨབྷི་ཥིཉྩནྟཾ། སརྦ་ཏ་ཐཱ་ག་ཏ་ས་མ་ཡེ་ཧཱུྃ། ཨུཏྤལ་མཛེས་པ་ལྷ་མོའི་ཕྱག་མཚན་ཉིད། །དེ་རིང་བུ་ཁྱོད་ལ་ནི་སྦྱིན་པར་བྱ། །འཁོར་བའི་འདམ་ནས་འདྲེན་བྱེད་པ། །རྒྱལ་བའི་ཕྱག་མཚན་ལྕགས་ཀྱུ་ཟུང་། །ཨོཾ་བཛྲ་ཌཱཀྐི་ནཱི་སརྦ་ཨབྷི་ཥིཉྩམཱཾ།


CMR056_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

མཾ། སརྦ་ཏ་ཐཱ་ག་ཏ་ས་མ་ཡེ་ཧཱུཾ། རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རྡོ་རྗེ་རྒྱ་གྲམ་རྣམས། །མཁའ་འགྲོ་རྣམས་ཀྱི་ཕྱག་མཚན་ཏེ། །དེ་རིང་ཁྱོད་ཀྱི་བཟུང་བར་བྱ། །རྟག་ཏུ་མཁའ་འགྲོས་བྱིན་རླབས་གྱུར། །ཨོཾ་བཛྲ་ཌཱཀྐི་ནཱི་སརྦ་ཨ་བྷི་ཥིཉྩམཱཾ། སརྦ་ཏ་ཐཱ་ག་ཏ་ས་མ་ཡེ་ཧཱུྃ། མེ་ཏོག་དམར་པོའི་ཕྲེང་བ་ཕུལ་བའི་མོས་པས། བཅོམ་ལྡན་འདས་མ་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདས་མས་བདག་ལ་བྱིན་གྱིས་རློབས། གསུམ་མམ་གཅིག །སློབ་དཔོན་ཐུགས་ཀའི་སྔགས་ཕྲེང་སློབ་མ་ཡི། །ཞལ་དུ་ཞུགས་ནས་ཐུགས་ཀར་ཐིམ་པ་ལས། །འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་སེམས་ཀུན་གྱི་རྫུ་འཕྲུལ་མ་འདྲེས་ཆོས། །ཡེ་ཤེས་ཡོན་ཏན་ཉན་རང་འཇིག་རྟེན་སྐྱོང་། །པཎྜི་ཏ་དང་གྲུབ་ཐོབ་མཐུ་ནུས་ཀུན། །སྔགས་ཕྲེང་རྣམ་པར་སྤྱན་དྲངས་སློབ་མར་ཐིམ། །ཨོ་ཀུ་རུ་ཀུལླེ་ཧཱུྃསྭཱ་ཧཱ། ཞེས་ལན་གསུམ། རྗེས་ཟློས། སི་ར་གནས་གསུམ་དུ་སྲིན་ལག་གཡོན་པས་བྱུགས་ཤིང་། །སིནྡྷ་ར་ཡི་མཎྜལ་སྟེང་ཉིད་ནས། །ལྷ་མོ་འཁོར་བཅས་སློབ་མར་སིབ་སིབ་ཐིམ། །ཨོཾ་ཨཱཧཱུཾ། ཡེ་ཤེས་ཆེན་པོ་ཁྱོད་སོང་བས། །དེང་ནས་རྡོ་རྗེ་སྐྱེ་


CMR056_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད། །ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ལ། །བློ་གྲོས་ལྡན་པས་སྤྱོད་པར་གྱིས། །ཅེས་བརྗོད་ནས། གཙོ་བོས་ཇི་ལྟར་བཀའ་སྩལ་སོགས་ནས། དེ་ནས་བདག་ཉིད་དཀྱིལ་འཁོར་གྱི་ཤར་སྒོ་ནས། བདག་བསྐྱེད་ཀྱི་ཐུགས་ཀར་ཞུགས་པས་དབྱེར་མེད་པའི་ང་རྒྱལ་གྱིས། ཨོ་ཌཱཀྐི་ནཱི་ཀཱ་ཡ་ཝཱཀྐ་ཙིཏྟ་པྲ་བྷ་ཝ་ཨཱཏྨ་ཀོཉཧཾ། དེ་ནས་ཚོགས་འཁོར་བདུད་རྩི་ལྟར་བྱིན་གྱིས་བརླབས་ལ། གནས་འོག་མིན་ཆོས་དབྱིངས་ཞིང་ཁམས་ནས། །ཕ་བླ་མ་གར་དབང་རྡོ་རྗེ་འཆང་། །སྐུ་དམར་གསལ་དར་དང་རིན་ཆེན་བརྒྱན། །ཕྱག་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །གདན་པད་ཟླ་ཁྱུང་ཆེན་ཁྲི་ལ་བཞུགས། །འཁོར་རྩ་བརྒྱུད་བླ་མ་སྤྲིན་ལྟར་གཏིབས། །སྐུ་འཇའ་འོད་ཐིག་ལེ་ཤིགས་སེ་ཤིག །གསུང་གསང་སྔགས་ཆོས་སྒྲ་དི་རི་རི། །ཐུགས་བརྩེ་བའི་འཛུམ་མདངས་ཤིགས་སེ་ཤིག །ངེད་བུ་སློབ་ཚོགས་ཀྱི་དཔོན་ལ་བྱོན། །བཅུད་འཆི་མེད་བདུད་རྩི་ཚོགས་མཆོད་བཞེས། །དོན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གནོངས། །ཕ་ཁྱེད་དང་དགོངས་པ་མཉམ་པ་ཞིག །དུས་ད་ལྟ་ཉིད་དུ་བྱིན་གྱིས་རློབས། །ནུབ་བདེ་ཆེན་འབར་བའི་ཞིང་ཁམས་ནས། །དཔལ་རིགས་ཀྱི་མགོན་པོ་འོད་དཔག་མེད། །སྐུ་དམར་


CMR056_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་མཚན་དང་དཔེ་བྱད་འབར། །ཕྱག་ལྷུང་བཟེད་ཚེ་ཡི་བུམ་པ་བསྣམས། །གདན་མཛེས་བྱེད་རྨ་བྱའི་ཁྲི་ལ་བཞུགས། །འཁོར་སེམས་དཔའ་སེམས་མ་སྤྲིན་ལྟར་འཁྲིགས། །སྐུ་འོད་ཟེར་སངས་རྒྱས་ཞིང་ཀུན་གསལ། །གསུང་ཚངས་དབྱངས་དྲུག་ཅུ་སྙན་པའི་སྒྲ། །ཐུགས་འགྲོ་བ་ཀུན་ལ་རྟག་ཏུ་དགོངས། །ངེད་འདིར་འཚོགས་ཚོགས་ཀྱི་དཔོན་ལ་བྱོན། །ཚོགས་ཟག་མེད་བདུད་རྩིའི་མཆོད་པ་བཞེས། །དོན་འཆི་མེད་ཚེ་ཡི་དངོས་གྲུབ་གནོངས། །བདག་འཕོས་ཚེ་ཁྱོད་ཀྱི་ཞིང་ཁམས་སུ། །དེར་སྐྱེ་བར་ད་ལྟར་བྱིན་གྱིས་རློབས། །ལྷོ་ཀུ་རུ་ཀུལླེའི་རི་ཕུག་ནས། །ཡུམ་བཅོམ་ལྡན་ལྷ་མོ་རིག་བྱེད་མ། །སྐུ་པདྨ་རཱ་གའི་རི་བོ་འདྲ། །ཕྱག་མདའ་གཞུ་ལྕགས་ཀྱུ་ཨུཏྤལ་བསྣམས། །གདན་དབང་ཕྱུག་དགྲ་ཅན་ཞབས་ཀྱིས་མནན། །འཁོར་གནས་གསུམ་མཁའ་འགྲོ་སྤྲིན་ལྟར་གཏིབས། །སྐུ་རིན་ཆེན་རུས་རྒྱན་ཁྲ་ལ་ལ། །གསུང་རིག་སྔགས་འབྲུག་སྒྲ་འུ་རུ་རུ། །ཐུགས་སྣང་སྲིད་དབང་བསྡུད་ཧྲི་ལི་ལི། །མ་འདིར་གཤེགས་བུ་ཡི་ཚོགས་དཔོན་མཛོད། །ཚོགས་ཤ་ལྔ་བདུད་རྩི་ལྔ་པོ་བཞེས། །དོན་ཁམས་གསུམ་དབང་བསྡུད་


CMR056_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་གནོངས། །མ་ཁྱེད་ལྟར་སྣང་སྲིད་ཟིལ་གནོན་པར། །བུ་ད་ལྟ་ཉིད་དུ་བྱིན་གྱིས་རློབས། །ནུབ་ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་ནས། །འཁོར་གོའུ་རི་ལྷ་མོ་བཅུ་བཞི་པོ། །སྐུ་མཚལ་མདོག་རུས་རྒྱན་དར་དཔྱང་འཕུར། །ཕྱག་ཨུཏྤལ་མདའ་གཞུ་ཝངས་སེ་ཝང་། །གདན་པད་ཉི་བམ་གྱི་སྟེང་ལ་འགྱིང་། །འཁོར་ཌཱ་ཀི་བྱེ་བ་སྤྲིན་ལྟར་གཏིབས། །སྐུ་བྱིན་རླབས་མེ་དཔུང་འུ་རུ་རུ། །གསུང་ཕོ་ཕོ་ཨ་ར་ལི་ཡི་སྒྲ། །ཐུགས་བསྒྲུབ་པ་པོ་ལ་དུངས་སེ་དུང་། །ངེད་འདིར་འཚོགས་ཚོགས་ཀྱི་དཔོན་ལ་བྱོན། །ཚོགས་བདུད་རྩིར་བྱིན་རློབས་དགྱེས་པར་རོལ། །དོན་མཆོག་དང་ཐུན་མོང་དངོས་གྲུབ་གནོངས། །སྲིང་ཁྱེད་དང་སྐལ་པ་མཉམ་པ་ཞིག །དུས་ད་ལྟ་ཉིད་དུ་བྱིན་གྱིས་རློབས། །ཡུལ་ཉི་ཤུ་རྩ་བཞིའི་གནས་མཆོག་ནས། །རྒྱུད་བཀའ་ཡི་སྲུང་མ་གྲི་ཐོད་ཅན། །སྐུ་མཐིང་ནག་ཆར་སྤྲིན་གཏིབས་པ་འདྲ། །ཕྱག་ཟངས་གྲི་ཐོད་པ་ཟང་སེ་ཟང་། །གདན་པད་ཉི་བམ་ཆེན་གདན་ལ་བཞུགས། །འཁོར་ཌཀྐི་བྱེ་བ་བསམ་མི་ཁྱབ། །སྐུ་དུར་ཁྲོད་རྒྱན་ཆ་སྤུངས་སེ་སྤུང་། །གསུང་དྲག་སྔགས་འབྲུག་སྒྲ་དི་རི་རི། །ཐུགས་གསང་


CMR056_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བསྟན་པ་དུངས་སེ་དུང་། །འདིར་ཚོགས་ཀྱི་མཆོད་པ་བཞེས་ཕྱིར་བྱོན། །དགྲ་གདོན་བགེགས་ཚོགས་སུ་བསྟིམས་ལ་རོལ། །དོན་ཕྲིན་ལས་རྣམ་བཞིའི་དངོས་གྲུབ་གནོངས། །མི་བདག་གི་ཅི་བསམ་འགྲུབ་པ་ཞིག །དུས་ད་ལྟ་ཉིད་དུ་ཕྲིན་ལས་མཛོད། །དེ་ནས་ཚོགས་ཕུད་གཏོར་མ་བྲན། ཨོ་གུ་རུ་བཛྲ་དྷ་ར་ཨི་དཾ་བྷ་ལིཾ་ཏ་ཁཱ་ཧི། ཨོ་ཀུ་རུ་ཀུལླེ་ཧིས་པཱ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁཱ་ཧི། ༀ་མ་ཧཱ་ཀཱ་ལ་སརྦ་ཀི་ནཱི་ཨི་དཾ་བྷ་ལཾ་ཏ་ཁཱ་ཧི། ཚོགས་དྲངས་ལ། རྫས་ཤ་ཆེན་ལྔ་དང་བདུད་རྩི་ལྔ། །ཡེ་གདོད་ནས་རྣམ་དག་བདུད་རྩི་སྟེ། །དེ་མ་གཏོགས་འཁྲུལ་པས་གཙང་སྨེར་འཛིན། །ད་ཆོས་དབྱིངས་མཉམ་ཉིད་ཨ་ལ་ལ་ཧོ། །ཞེས་ཕུལ། ཧོ༔ སྤང་བྱ་དུག་ལྔའི་ཕ་རོལ་ན། །བླང་བྱའི་ཡེ་ཤེས་ལྔ་པོ་མེད། །ངེད་མ་བཅོས་ལྷུག་པའི་བདུད་རྩིའི་བླང་། །དོན་མཉམ་ཉིད་བདེ་ཆེན་ཨེ་མ་ཧོ། །ཞེས་བརྗོད་ནས་རོལ་ཏེ་ལྷག་མ་བྲན། ཨ་ཀཱ་རོས་བྱིན་གྱིས་བརླབས་ནས། །གནས་ཆེན་པོ་ཉི་ཤུ་རྩ་བཞི་དང་། །ཡུལ་ཆེན་པོ་སུམ་ཅུ་སོ་གཉིས་ན། །དོན་སངས་རྒྱས་དགོངས་པ་ཡིན་མོད་ཀྱང་། །སྐུ་ཆ་ལུགས་མཛད་པ་འཁོར་བའི་ཚུལ། །མདོག་དཀར་


CMR056_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

སེར་དམར་ལྗང་སྔོ་དང་སྨུག །རྒྱན་རུས་པ་མགོ་ཕྲེང་ཁྲག་ཞག་ཐིག །གོས་མི་ལྤགས་སྟག་ལྤགས་གླང་ཆེན་ཀོ །ཕྱག་གྲི་ཐོད་ཁ་ཊཾ་ཌཱ་མ་རུ། །སྐུ་རླུང་ནག་འཚུབ་ཅིང་མེ་དཔུང་འབར། །ལམ་བར་སྣང་ཁམས་སུ་སྐར་མ་བཞིན། །ཡར་མཐོ་རིས་གནས་སུ་ལྟད་མོ་ལྟ། །མར་ངན་སོང་སྐྱིད་སྡུག་ས་ལེར་མཐོང་། །གནས་ཚོགས་ཁང་དུར་ཁྲོད་གནས་བརྒྱད་ཉུལ། །ལས་འཇིག་རྟེན་བདེན་རྫུན་ཤན་ཡང་འབྱེད། །ཕོ་སྐྱེས་པ་ཀུན་གྱི་བླ་ཡིད་ཁྱེར། །མོ་མཛེས་མ་ཀུན་གྱི་བཀྲག་མདངས་ལེན། །སྒོམ་ཉམས་ལེན་མཁའ་གྱི་དྲོད་ཚད་ཉུལ། །ཆོས་གསང་སྔགས་བསྟན་པ་ཡིད་ལ་འཆར། །ལྷ་དཀྱིལ་འཁོར་ཀུན་གྱི་མཐའ་ལ་གནས། །ཚོགས་མཆོད་པ་ཀུན་གྱི་ལྷག་མ་སྡུད། །བཀའ་སྣང་སྲིད་ལྷ་འདྲེ་ཕོ་ཉར་འགྱེད། །གདོན་སྟོང་ཕྲག་བརྒྱད་ཅུ་རོལ་དུ་ཁྲིད། །ནད་བཞི་བརྒྱ་རྩ་བཞིའི་ས་བོན་འདེབས། །མི་དམ་ཉམས་རྣམས་ལ་ཆད་པ་གཅོད། །ཟས་བསྟན་དགྲའི་ཤ་ཁྲག་ཟས་སུ་ཟ། །ཁྱེད་དགའ་བའི་ལྷག་གཏོར་བཤམས་ནས་འབུལ། །ང་རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས། །རྐྱེན་བར་ཆད་ནད་རིམས་དལ་ཁ་ཟློག །སྔོན་ཁས་བླངས་


CMR056_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཕྲིན་ལས་མཛོད། །ཨོཾ་ཨུཙྪིཥྚ་བྷ་ལི་ཏ་ཁཱ་ཧི། ཞེས་ལྷག་གཏོར་ཕུལ། སྒྲུབ་པ་ཡིན་ན་གྲོལ་ཁ་བར་རྗེས་ཆོག་མི་བྱ། གྲོལ་ཁ་བདག་འཇུག་རྒྱས་པ་བླང་ལ། བུམ་ཆུ་བཏུང་བ་དང་ཁྲུས་བྱ། སིནྡྷར་གནས་གསུམ་དུ་བྱུག །མེ་ལོང་ལ་བལྟས་ནས་ཆོས་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་བསམ། བདུད་རྩི་བཏུང་བ་རྣམས་དངོས་གྲུབ་ལེན་ཆོག་ཡིན། དུས་མཆོད་སོགས་ལ་འཕྲལ་དེར་རྗེས་ཆོག་བྱ་སྟེ། ཨོ་ཀུ་རུ་ཀུལླེ་ས་པཱ་རི་ཝཱ་ར་ཨབྷཾ་སོགས། གཅིག་ཤེས་ཀུན་གྲོལ་ནས་གསུངས་པའི་བསྟོད་པ་དང་། གང་གི་དྲན་པ་ཙམ་གྱིས་ནི། །ལྷ་དང་ལྷ་མིན་མི་བཅས་རྣམས། །ངེས་པར་མངག་གཞུག་བྱེད་གྱུར་པའི། །སྒྲོལ་མ་དེ་ལ་ཕྱག་འཚལ་བསྟོད། །རབ་དཀར་ཆོས་སྤྱོད་བཅུ་དང་དགེ་བ་བཅུ། །མཁས་པའི་བྱ་བ་གསུམ་དང་ཐོས་བསམ་བསྒོམ། །བསླབ་པ་གསུམ་གྱི་དྲི་བསུང་རབ་འཕྲོ་བའི། །འདུས་པའི་པདྨོ་འདབ་སྟོང་ལྡན་གྱུར་ཅིག །ཅེས་ཆོས་ཀྱི་དབང་ཕྱུག་གིས་གསུངས་པ་དང་། སྤྲོ་ན་ཆོས་སྤྱོད་ནས། དགེ་འདུན་སྡེ་རྒྱས་སོགས༴ ཤོ་ལོ་ཀ་གཉིས་ཆོས་གྲགས་རྒྱ་མཚོས་གསུངས་པ་དང་། ལྷ་རྣམས་ནོངས་པ་གང་མཆིས་བཟོད་པར་གསོལ། །རང་གནས་གཤེགས་སམ་རྟེན་ལ་ཅི་བདེར་བཞུགས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་


CMR056_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །ཅེས་དང་། བདག་མདུན་ཐུགས་ཀའི་ཧཱུྃལས་འོད་ཟེར་འཕྲོས། །སྣོད་བཅུད་ལ་ཕོག་ཐམས་ཅད་འོད་དམར་ཞུ། །མེ་ལོང་ལ་ནི་ཧས་བཏབ་ཡལ་བ་བཞིན། །ཐམས་ཅད་བདག་ཐིམ་བདག་ཀྱང་ཧྲིལ་ཐིམ། །དེ་ཡང་རིམ་གྱིས་འདུས་ནས་སྟོང་པ་ཉིད། །སླར་ཡང་ཟུང་འཇུག་གཙོ་མོ་རྐྱང་པའི་སྐུ། །འཁོར་བ་ཇི་སྲིད་འགྲོ་བའི་དོན་བྱའོ། །དགེ་བས་བདག་གཞན་འབྲེལ་ཐོགས་ཐམས་ཅད་ཀུན། །བདེ་ཆེན་ཞིང་གི་དཔལ་ལ་སྤྱོད་པར་ཤོག །ཅེས་པ་ཀྱི་རྡོ་རྗེའི་བརྟག་པ་གཉིས་པ་དང་སཾ་བྷུ་ཊའི་རྒྱུད་གཉིས་ཀ་ལས་གསུངས་པའི་དོན་པཎྜིཏ་རྡོ་རྗེ་གདན་པ་ཆེན་པོས་དབང་རྡོ་རྗེ་ཕྲེང་བའི་གྲལ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་གསུངས་པ་དང་། སྒྲུབ་ཐབས་རྒྱ་མཚོ་བརྒྱ་རྩ་སོགས་རྒྱ་གཞུང་གཙོ་རྐྱང་ཤིན་ཏུ་མང་བ་དང་། །གཅིག་ཤེས་ཀུན་གྲོལ་ལས་བྱུང་བ་དང་། རྗེ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་ཆོ་ག་ཐམས་ཅད་ཀྱི་དོན་བསྡུས་ཏེ། འདོན་ཆ་ཚིགས་སུ་བཅད་པ་ཁྱེར་བདེ་བ་འདི་ནི་བླ་མ་ཀརྨ་བརྩོན་འགྲུས་རྒྱ་མཚོས་ནན་ཏན་ཆེན་པོས་བསྐུལ་བ་ལ་བརྟེན་ནས་དགེ་སློང་རཱ་ག་ཨ་སྱས་ཤུགས་འཆང་རྟའི་ལོ་རྒྱལ་གྱི་ཟླ་བའི་ཡར་ཚེས་བརྒྱད་ལ་ཡོངས་སུ་གྲུབ་པར་སྦྱར་བ་མངྒ་ལཾ།


previousབསྟན་འཛིན་དགེ་འདུན་སྡེ་རྣམས་རྒྱས་པའི་ཕྱིར། ༼ཞ༽ །དགེ་འདུན་འདུ་ཆོག་འཕགས་ཚོགས་རྒྱ་མཚོ་ཡོད། །next