Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཆོག་དང་ཐུན་མོང་དངོས་གྲུབ་ཀུན་འགྲུབ་ཕྱིར། ༼ཟ༽ །དངོས་གཞི་སྒྲུབ་པ་ཆེན་མོའི་ལོ་རྒྱུས་ཡོད། །
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཆོག་དང་ཐུན་མོང་དངོས་གྲུབ་ཀུན་འགྲུབ་ཕྱིར། ༼ཟ༽ །དངོས་གཞི་སྒྲུབ་པ་ཆེན་མོའི་ལོ་རྒྱུས་ཡོད། །next

མཆོག་དང་ཐུན་མོང་དངོས་གྲུབ་ཀུན་འགྲུབ་ཕྱིར། ༼ཟ༽ །དངོས་གཞི་སྒྲུབ་པ་ཆེན་མོའི་ལོ་རྒྱུས་ཡོད། །


CMR056_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། བཅོམ་ལྡན་འདས་སྒྲོལ་མ་དམར་མོའི་རིག་བྱེད་མའི་སྒྲུབ་ཐབས་ཆེན་པོ་ལོ་རྒྱུས་དང་བཅས་པ་ཡོད། གང་ཟག་གཅིག་ལ་འདི་བྱས་ན་དབང་དུ་འདུ་བ་སྟེ། གལ་ཏེ་དབང་དུ་མ་འདུས་ན་ནི་གང་ཟག་དེ་ཚེ་ཐུང་བར་འགྱུར་གསུངས་པའི་ཕྱིར་ཉེས་པ་ཡང་ཤིན་ཏུ་ཆེ་བར་བཤད་པས་ལག་ཏུ་བླངས་པ་ཧ་ཅང་མི་ལེགས་སོ། །སྒྲུབ་པ་རྩ་བ་དངོས་གཞི་འདི་ཡིན་ཤིན་ཏུ་གསང་བ་དམ་ཚིག་གོན་མོ་ཨརྱ་ཏཱ་རེ་ཡེ། བླ་མ་བ་རི་ལོཙྪ་རིན་ཆེན་གྲགས། །གསེར་ནི་དཔག་མེད་བསྣམས་ནས་རྒྱ་གར་བྱོན། །རྡོ་རྗེ་གདན་པ་ལ་སོགས་མང་པོ་བསྟེན། །ཁྱད་པར་པཎ་ཆེན་དོན་ཡོད་རྡོ་རྗེ་ལ། །འདི་ཡི་ཟབ་ཆོས་གདམས་པ་མང་པོ་ཞུས། །བོད་དུ་བྱོན་པས་ས་ཆེན་ཀུན་སྙིང་གིས། །ས་སྐྱའི་ཆོས་རྗེར་བསྐོས་ནས་ལོ་བཅུ་གསུམ། །ས་སྐྱའི་གདན་ས་མཛད་ཚེ་ས་སྐྱ་པས། །རྒྱུན་དུ་བཀུར་སྟི་ཞབས་ཏོག་རྒྱ་ཆེར་མཛད། །སྐུ་དྲིན་ཆེ་ཕྱིར་འདས་ཁ་གདམས་ངག་རྣམས། །ལྷག་མ་མེད་པར་ས་ཆེན་ཉིད་ལ་གནང་། །ས་ཆེན་ཉིད་ལ་གྲགས་པ་རྒྱལ་མཚན་ཞུས། །གཙང་གི་རི་བོ་གླང་ཆེན་འདྲ་བའི་སྣར། །ཚོགས་བདག་དམར་པོ་བསྒྲུབས་པས་ཞལ་གཟིགས་ནས། །སྣ་ལྗགས་རྩེ་ལ་ཁོང་བཞག་ནམ་མཁར་


CMR056_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར། །ལྟོས་ཤིག་ཟེར་བས་ནམ་མཁར་གླེད་ཡུ་འཁོར། །ཧ་ཅང་ལྟ་མ་ཕོད་ནས་ས་ལ་བཞག །ཅི་མཐོང་ཟེར་ནས་སྐྲག་ནས་ལྟ་མ་ཕོད། །ཤར་ཕྱོགས་རྒྱ་མཚོའི་འགྲམ་ན་གྲོང་ཁྱེར་ནི། །དཀར་དྭངས་རྩིག་གེ་འགའ་རེ་མཐོང་སྨྲས་པས། །དེ་ནི་ཤར་ཕྱོགས་རྒྱ་ནག་ཡུལ་ཡིན་ཏེ། །ཁྱོད་ཀྱི་ཚ་བོས་རིང་ལ་དབང་དུ་འདུ། །ཞེས་པ་ཚོགས་ཀྱི་བདག་པོས་ལུང་བསྟན་ཏེ། །ཁོ་རང་རིང་ལ་མངའ་ཐང་ཆེར་མ་འཕེལ། །དེ་ཕྱིར་འཇིག་རྟེན་ལྷ་ཡི་དངོས་གྲུབ་ནི། །སྒྲུབ་མཁན་དེ་ལ་མི་འོང་མི་རྒྱུད་ལ། །འོང་བ་ཡིན་ཞེས་ཀུན་གྱིས་སྨྲ་བ་ཡིན། །བདེན་པར་འདྲ་སྟེ་དུས་ཕྱིས་སྔགས་པ་ཞིག །དབང་ཕྱུག་ལན་མང་བསྒྲུབ་ཀྱང་དབུལ་ཞིང་ཕོངས། །བུ་ལ་ཕྱུག་པོའི་གནས་ཆེན་བཙན་གྲགས་ལྡན། །གཅིག་གིས་འཛམ་དཀར་བསྒྲུབ་པའི་མི་རྒྱུད་ལ། །ཤིན་ཏུ་ཕྱུག་ནས་བཀའ་འགྱུར་བཞེངས་པ་བྱུང་། །རྗེ་བཙུན་གྲགས་པས་ཚ་བོ་ས་པཎ་ལ། །ཁྱོད་རང་ཚེ་སྟོད་གདུལ་བྱ་ཕྲིན་ལས་ཆུང་། །རྒས་དུས་ཞྭ་ནི་ཁྲ་དང་འདྲ་བ་ལ། །ལྷམ་ནི་ཕག་སྣ་འདྲ་བ་གྱོན་པའི་མིས། །གདན་འདྲེན་འོང་བས་བྱོན་དང་གདུལ་བྱ་འོང་། །གསུངས་པ་བཞིན་དུ་རྒྱ་ནག་


CMR056_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གདན་འདྲེན་བྱུང་། །གདུལ་བྱ་ལོངས་སྤྱོད་བསམ་ལས་འདས་ན་ཡང་། །རྒྱལ་པོ་དབང་དུ་མ་འདུས་དབང་མ་ཞུས། །ཚ་བོ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡིས། །རྒྱལ་པོ་དབང་དུ་བསྡུད་ཕྱིར་འདི་བསྒྲུབས་པས། །རྒྱལ་པོས་དབང་ཞུས་ནུབ་གཅིག་དབང་ཡོན་ལ། །བོད་ཡུལ་ཁྲི་སྐོར་བཅུ་གསུམ་སྡེ་ཀུན་ཕུལ། །དེ་དུས་བོད་ཡུལ་ཐམས་ཅད་ས་སྐྱས་དབང་། །དགོན་སྡེ་བསམ་ལས་འདས་པ་དེ་དུས་བཏབ། །ས་སྐྱའི་ལྷ་ཁང་ཆེན་པོ་དེ་དུས་བཞེངས། །དེ་ཕྱིར་ད་ལྟའང་དབུས་གཙང་ཡུལ་དུ་ནི། །ཆོས་ལུགས་ཀུན་ལ་ས་སྐྱའི་དགོན་པ་མང་། །དེ་ལྟར་རྒྱལ་པོ་ལ་སོགས་སྟོབས་ཆེན་གཅིག །དབང་དུ་འདུས་ན་ཐམས་ཅད་དབང་འདུས་ཕྱིར། །འདི་ནི་གང་ཟག་གཅིག་གི་དབང་སྡུད་ཐབས། །དེ་ཡང་བསོད་ནམས་ཆེ་བའི་རྒྱལ་པོ་སོགས། །ཐོག་མ་ཉིད་དུ་དབང་དུ་འདུ་དཀའ་བས། །ཉེར་མཁོ་བསོད་ནམས་ཆུང་བའི་གང་ཟག་གཅིག །དང་པོ་དབང་བསྡུད་དེ་ཉིད་རྟགས་ཐོན་ནས། །དེ་ནས་བསོད་ནམས་ཆེ་བའི་རཱ་ཛ་སོགས། །དབང་དུ་བསྡུས་ཀྱང་སླ་བ་མན་ངག་གོ །དེ་ལ་དཔའ་བོ་གཅིག་སྒྲུབ་རྒྱུད་ཆེན་དང་། །རྒྱ་གཞུང་


CMR056_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་མན་ངག་ཀུན་གྱི་དོན། །བུད་མེད་ཟླ་མཚན་འགོས་པའི་གོས་སམ་རས། །ཡང་ན་གྲོ་ག་ལ་ཡང་རུང་བ་སྟེ། །ཙནྡན་དམར་པོ་གུར་གུམ་གི་ཝང་དང་། །རང་གི་སྲིན་ལག་ཁྲག་ཀྱང་བསྲེས་པ་ཡི། །འཁོར་ལོའི་ལྟེ་བར་ཧཱུྃ༔དང་དེ་ཡི་མཐར། །བདག་ཆེ་གེའི་དབང་དུ་ཆེ་གེ་མོ། །ཝ་ཤང་ཀུ་རུ་ཧོ་ཞེས་བསྐོར་བར་བྲི། །དེ་རྒྱབ་འཁོར་ལོ་རྩིབས་ནི་བཅུ་དྲུག་པོ། །ཨུཏྤལ་ལ་ཡི་འདབ་མ་ལྟ་བུ་ཡིན། །རེ་རེའི་ནང་དུ་བསྒྲུབ་བྱའི་མིང་རེ་བྲི། །ཀུ་རུ་ཀུལླེའི་ཡིག་འབྲུ་བཞི་རེས་བསྐོར། །དེ་རྒྱབ་མུ་ཁྱུད་རིམ་པ་གསུམ་པོ་ལ། །ཨོ་ཡིག་ཁོ་ན་དུ་ཤོང་བྲི་བར་བྱ། །མིང་ཡིག་དེ་ལ་བསྒྲུབ་བྱ་བཀུག་བསྟིམ་བྱ། །ཅི་བདེར་ལྟེབ་ལ་སྐུད་པ་དམར་པོས་དཀྲིས། །སྤྲ་ཚིལ་ལིང་ག་སོར་བརྒྱད་སྙིང་གར་བཅུག །དེ་ལ་བསྒྲུབ་བྱ་དངོས་སུ་དམིགས་པས་བསྐྱེད། །ཡང་ཡང་འགུགས་གཞུག་མང་པོ་བྱས་ལ་བསྟིམ། །བུ་མོ་གཙང་མས་བཀལ་བའི་སྐུད་པ་ནི། །དམར་པོ་ཟངས་མའི་ཁབ་ཀྱི་མིག་ལ་བརྒྱུད། །འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་ཡིས། །ཕུག་ཅིང་ཞགས་པས་དྲང་བར་བསྒོམ་བྱ་ཞིང་། །ཟངས་ཁབ་སྐུད་པས་ལིངྒའི་གསང་གནས་དྲང་། །


CMR056_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ས་ཡི་གྲུ་ཁུང་ཟླ་གམ་མམ། །ཡང་ན་ཟངས་སྡེར་ནང་བཞག་དཀྱིལ་འཁོར་དྲུང་། །ཚེས་གཅིག་ནས་བཟུང་བཅོ་ལྔའི་བར་དག་ཏུ། །གོས་དམར་གྱོན་ཞིང་ཙནྡན་ཕྲེང་བ་བགྲངས། །ཐུན་གསུམ་མམ་ནི་ཐུན་བཞི་སྔགས་ཀྱི་གྲངས། །ཁྲི་རེ་བཟླས་ཤིང་ཐུན་མཚམས་མདུན་བསྐྱེད་ལ། །ཙན་དན་དམར་པོ་བྱུག་པའི་མཎྜལ་དང། །དར་དམར་མེ་ཏོག་དམར་དང་ཚོགས་མཆོད་ཕུལ། །རང་ཉིད་ལྷ་མོའི་སྐུ་ལུས་སྟོང་པའི་ནང་། །ཧཱིདམར་ལས་བྱུང་ཨུཏྤལ་སྡོང་པོ་ནི། །རྩ་བ་གསང་བའི་གནས་ནས་སྐྱེས་པ་ལ། །འདབ་མ་བརྒྱད་པ་དམར་པོ་ཐུགས་ཀར་བྱེ། །དེ་དབུས་ཉི་སྟེང་ཧཱུྃལས་སྔགས་གཡོན་འཁོར། །འདབ་མ་བརྒྱད་ལ་དབྱངས་ཡིག་དམར་པོ་བརྒྱད། །ཨཱ་ཨཱི་ཨཱུ་རྀ་ལྀ་ཨེ་ཨོ་ཨོཾ། ཧཱི༔ལས་འོད་འཕྲོས་བསྒྲུབ་བྱ་གང་ཡིན་དེ། །ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྟེང་། །སྐྲ་གྲོལ་གཅེར་བུར་འདུག་པར་གྱུར་པ་ལས། །འོད་ཟེར་ཨུཏྤལ་སྤྱི་ཞགས་པ་མགྲིན་པར་བཏབ། །ལྕགས་ཀྱུས་སྙིང་ཁ་ནས་བཟུང་རླུང་གིས་ཁྱེར། །ཤིན་ཏུ་མྱུར་ཞིང་རིང་དྲགས་གདན་ཚུལ་གྱིས། །བཀུག་ནས་ལིངྒ་ལ་ཐིམ་རང་ཉིད་ཀྱི། །རྐང་


CMR056_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐད་དུ་གཞོགས་གཡོན་སར་བསྟན་ནམ། །གན་རྐྱལ་ཉིད་དུ་འགྱེལ་ཏེ་གནས་པ་ལ། །ཕྱག་གི་ལྕགས་ཀྱུས་ཕོ་ཡི་སྙིང་ག་དང་། །མོ་ཡི་གསང་བར་བཏབ་སྟེ་བཟུང་ནས་གནས། །དེ་ཡི་སྙིང་གར་པདྨའམ་ཨུཏྤལ་ནི། །འདབ་བརྒྱད་དམར་པོའི་སྡོང་བུ་སྐྱེས་མ་ཐག །རྩ་བ་ལྟེ་བའི་གནས་སུ་ཟུག་པ་ལ། །འདབ་བརྒྱད་ཁ་ནི་སྙིང་གར་བྱེ་བ་ཡིས། །དབུས་སུ་ཁོ་ཡི་མིང་གི་ཡི་གེ་ལ། །འདབ་བརྒྱད་དབྱངས་ཡིག་ཐུང་ངུ་བརྒྱད་བཀོད་དེ། །ཨ་ཨི་ཨཱ་རི་ལ་ཨེ་ཨོ་ཨཾ་ཨཱཿ རང་གི་ཐུགས་ཀའི་ཧྲིལས་འོད་ཟེར་ནི། །ལྕགས་ཀྱུ་དང་ནི་ཧཱུྃཡིག་རྣམ་པ་ཅན། །འཕྲོས་ཏེ་རང་གི་སྣ་བུག་གཡས་ནས་ཐོན། །མདའ་སྟོང་ནས་ཞུགས་མདའ་ཡི་རྒྱུད་ནས་སོང་། །མདེའུ་ཨུཏྤལ་ལྟེ་བའི་དབུས་ནས་ཐོན། །བསྒྲུབ་བྱའི་སྣ་བུག་ནས་ཞུགས་སྙིང་ཁར་སོང་། །ཁོ་ཡི་མིང་ཡིག་རེ་རེ་ནས་བླངས་ཏེ། །རང་གི་སྣ་བུག་གཡས་ཞུགས་ཐུགས་ཀར་ཐིམ། །ཡང་ན་སྔོན་ལྟར་རང་གི་ཐུགས་ཀ་ནས། །བུང་བ་དམར་པོ་རྒྱག་ཅིང་ཁྲོ་མོའི་ཚོགས། །འཕྲོས་ཏེ་མདའ་ཡི་རྒྱུད་ནས་སྣ་གཡས་ཞུགས། །ཁོ་ཡི་སྙིང་གའི་པདྨའི་བཅུད་རྣམས་འཇིབ། །མེ་ཏོག་སྡོང་པོ་རྙིད་ཅིང་


CMR056_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ནག་གྱུར། །རང་གི་ཕྱག་མཚན་མདའ་ལས་ཨུཏྤལ་གྱི། །མདའ་ཡི་ཚོགས་འཕྲོས་ཕོ་ཡི་སྙིང་ག་དང་། །མོ་ཡི་གསང་བའི་གནས་སུ་མདེའུས་ཕུད། །མདའ་སྒྲས་ཁོ་ཡི་སྙིང་གའི་བུང་བ་འདྲོག །ཁོ་ཡི་སྙིང་གའི་དབྱངས་ཡིག་རེ་རེ་ནས། །བུང་བས་ཁྱེར་ཏེ་སྣ་བུག་གཡོན་ནས་ཞུགས། །རང་གི་སྣ་བུག་གཡས་ཞུགས་ཧིལ་ཐིམ། །རང་བཞིན་ཡེ་ཤེས་ངོ་བོ་དབྱེར་མེད་གྱུར། །དེ་ལྟར་འོད་ཟེར་ཨུཏྤལ་དམར་པོ་ཡི། །མདའ་ཡི་དྲྭ་བ་མགལ་མེའི་འཁོར་ལོ་ལྟར། །དེ་ཡི་ནང་དུ་ཁོ་ཡི་རྣམ་ཤེས་ལུས། །ཚུད་པས་འགོ་འཁོར་སྨྱོས་ཤིང་དྲན་པ་མེད། །ཕོ་ཡི་སྙིང་ག་མོ་ཡི་བྷ་ག་ལ། །ཨུཏྤལ་མདའ་ཡིས་ཕོག་པས་ཐིག་ལེ་འཛག །བདག་ལ་རང་དབང་མེད་པར་ཆགས་པར་དམིགས། །ཨོ་ཀུ་རུ་ཀུ་ལླེ་ཧཱུྃཆེ་གེ་ཝ་ཤང་ཀུ་རུ་ཧོ། ཨ་ཀར་ཡ་ཧཱུྃསྭཱ་ཧཱ། རྨི་ལམ་བུད་མེད་ཚོགས་ཀྱིས་བསྙེན་བཀུར་དང་། །མེ་ཏོག་དམར་པོའི་ཕྲེང་བ་རྒྱན་གོས་སྟེར། །སྐྱེ་བོ་མང་པོའི་ཕྱག་འཚལ་བཀུར་སྟི་འབྱུང་། །དེས་ནི་འདུ་ཞིང་གལ་ཏེ་འདུ་དཀའ་ན། །ཐུན་མཚམས་སེང་ལྡེང་ཤུག་པ་དམར་པོ་ཡི། །དབང་གི་སྦྱིན་སྲེག་བྱས་པའི་


CMR056_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལ་ནི། །སྤྲ་ཚིལ་ལིང་ག་ཞུ་ལ་ཁད་དུ་གསོ། །སྔགས་བཟླས་རྐང་པ་མནན་པས་དེ་མ་ཐག །དབང་དུ་བསྡུས་ལ་ཐེ་ཚོམ་མེད་པར་གསུངས། །ཤིན་ཏུ་སྟོབས་ལྡན་དེས་ཀྱང་།འདུ་དཀའ་ན། །དཔྱིད་ཟླ་ར་བའི་ཚེས་བརྒྱད་གོས་དམར་གྱོན། །མྱོས་བྱེད་འབྲས་བུ་སྤོས་སོན་འཇའ་དང་ནི། །དེ་གཉིས་རྒྱ་གར་ཤིང་ཐོག་རྙེད་པར་དཀའ། །རྒུན་འབྲུམ་ལ་སོགས་ཤིང་ཐོག་དམར་པོའི་རིགས། །ཆང་གི་གླུམ་ནི་ཁ་རུ་མུར་བྱེད་ཅིང་། །དཔྲལ་བར་རྒྱ་སྐག་ཐིག་ལེས་རྒྱན་ནས་ཀྱང་། །ལིང་ག་འཁོར་ལོ་ཅན་དེ་རྐང་པས་མནན། །གོང་གི་སྔགས་ནི་མིང་སྤེལ་བཅས་པ་བཟླས། །དེ་ནི་སྤོག་ཆོག་ཤིན་ཏུ་ཟབ་པའོ། །གལ་ཏེ་ཆགས་ལམ་མ་བསྟེན་རྣལ་འབྱོར་པས། །དེ་ལྟར་ཕྱག་རྒྱ་ལ་སོགས་དབང་བསྡུས་ནས། །དེ་ནས་བྲལ་བར་འདོད་ཀྱང་མ་འབྲལ་ན། །ལིངྒ་ཙཀྲ་ཕྱུང་ལ་འོ་མས་བཀྲུ། །འཁོར་ལོ་གསར་པ་བྲིས་པའི་མིང་སྤེལ་བར། །ཆྒཻ་བཅིངས་བ་ལས་གྲོལ་བར་གྱུར་ཅིག ཅེས་བྲིས་རབ་གནས་བྱས་ལ་རང་གིས་བཟུང་། །ཨོ་ཀུ་རུ་ཀུལླེ་ཧྲཱིཿ ཆྒཻ་བཅིངས་བ་ལས་གྲོལ་བར་གྱུར་ཅིག་སྭཱ་ཧཱ། ཞེས་བཟླས་ཙཀྲ་དེ་ཉིད་རང་གིས་སྤང་། །ཙཀྲ་
སྲེ་མོང་ཚང་གི་ཁུང་དུ་སྦས། །དེ་ཡིས་གྲོལ་ནས་གཞན་དུ་དེང་བར་འགྱུར། །འདི་དག་བསྒྲུབ་པ་གཙོ་བོ་ཡིན་ན་ཡང་། །དཀའ་ཚེགས་ཆེ་ལ་སྟབས་ཀྱང་མི་བདེ་ལ། །སྒྲུབ་སྐོར་ཆ་ལག་ཚང་ཕྱིར་ཨ་རཱ་གས། །བྲིས་པས་ཉེས་བཤགས་དགེ་བས་འགྲོ་བ་ཀུན། །ཨརྱ་ཏཱ་རེའི་གོ་འཕང་ཐོབ་ཕྱིར་བསྔོ། །མངྒ་ལཾ།།


previousམཆོག་དང་ཐུན་མོང་དངོས་གྲུབ་ཀུན་འགྲུབ་ཕྱིར། ༼ཟ༽ །དངོས་གཞི་སྒྲུབ་པ་ཆེན་མོའི་ལོ་རྒྱུས་ཡོད། །next