Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལོག་ལྟ་ཅན་རྣམས་ཆོས་ལ་འཛུད་པའི་ཕྱིར། ༼འ༽ །མན་ངག་ཤིན་ཏུ་གསང་བ་གཅིག་བརྒྱུད་གབ། །
   
   
   
   
   
   
   
   
   
   
   
   
   
   
   


 
previousལོག་ལྟ་ཅན་རྣམས་ཆོས་ལ་འཛུད་པའི་ཕྱིར། ༼འ༽ །མན་ངག་ཤིན་ཏུ་གསང་བ་གཅིག་བརྒྱུད་གབ། །next

ལོག་ལྟ་ཅན་རྣམས་ཆོས་ལ་འཛུད་པའི་ཕྱིར། ༼འ༽ །མན་ངག་ཤིན་ཏུ་གསང་བ་གཅིག་བརྒྱུད་གབ། །


CMR056_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། འཕགས་མ་སྒྲོལ་མ་རིག་བྱེད་མའི་མན་ངག་ཤིན་ཏུ་གསང་བ་ཟབ་གནད་བཀའ་རྒྱ་མ་བརྒྱུད་འཛིན་ལ་གཅིག་བརྒྱུད་བྱ་ཞིང་སྣོད་མིན་སོགས་མང་པོ་ལ་མི་སྤེལ་བ་དམ་ཚིག་གོ །དཔལ་ལྡན་བླ་མ་གར་དབང་རྡོ་རྗེ་འཆང་། །འོད་མཚན་ཅོད་པན་ཅན་དེ་ཡིད་མཚོར་གསལ། །རང་འདོད་སྐོར་ལས་མ་ཡིན་སེམས་ཅན་ཀུན། །བླ་མེད་བྱང་ཆུབ་མཆོག་ལ་འགོད་འདོད་བློས། །བྱམས་པའི་ལྕགས་ཀྱུ་སྙིང་རྗེའི་ཞགས་པ་ཡིས། །འགྲོ་ཀུན་དབང་བསྡུས་བྱང་ཆུབ་ལམ་འགོད་ནས། །སེམས་དཔའ་ཆེན་པོའི་སྤྱོད་པ་བླ་ན་མེད། །དཔེར་ན་འགྲོ་མགོན་ཆོས་རྒྱལ་འཕགས་པ་བཞིན། །འདི་འདྲའི་གདམས་ངག་མཆོག་དང་མི་ལྡན་ན། །


CMR056_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཞིན་ནོར་བུར་འབུ་སྲིན་མི་འཁོར་ཞིང་། །མི་གཙང་དྲི་མར་ཐམས་ཅད་འདུ་བ་ལྟར། །བྱང་ཆུབ་ལུང་བསྟན་མཚན་ལྡན་བླ་མ་ལ། །སྙིགས་དུས་མི་རྣམས་མི་དད་མ་འདུ་།ལྟར་སྣང་ལེགས་ཤིང་ལོངས་སྤྱོད་གང་ཆེར་འདུ། །བསྒྲུབ་བྱ་བླ་མེད་བྱང་ཆུབ་མི་སེམས་པར། །ཚེ་འདིས་འབྲུ་ནོར་མངའ་ཐང་སྙན་གྲགས་བསྒྲུབ། །དེ་ལ་དགའ་རབ་དང་ཕྱུག་རབ་ཏུ་དགའ། །དེ་ཡིས་འདོད་དོན་བསྒྲུབ་ལ་བརྩོན་བྱེད་ཚུལ། །ཐུབ་པས་མདོ་སྡེ་རྣམས་ནས་ལུང་དུ་བསྟན། །བདུད་ཀྱིས་བྱིན་རླབས་མངའ་ཐང་རབ་འཕེལ་ཚེ། །འདོད་པ་སེམས་ལ་ཁེང་བའི་དུས་མེད་པས། །གཞན་ཕྱོགས་བརླག་པའི་ཞེ་སྡང་མེ་ལྟར་འབར། །རང་ཕྱོགས་སྐྱོང་བའི་འདོད་ཆགས་ཆུ་ལྟར་འཁྲུགས། །གཏི་མུག་༈ རྨོངས་པས་བསྟན་དང་བསྟན་འཛིན་ལ། །ལོག་ལྟ་ངན་སེམས་མཚམས་མེད་སྡིག་ལ་སྤྱོད། །དེ་ཚེ་བདུད་རྒྱལ་སྡིག་ཏོ་ལྡན་པ་རྣམས། །དགའ་མགུ་ཡི་རང་དེ་ཡི་བསྟན་པ་་སྲུང། །འཇིག་རྟེན་ཐམས་ཅད་ལོག་ལམ་དེ་རུ་སྦྱོར། །བྱང་ཆུབ་སྐྱོན་མེད་ལམ་རྣམས་རིམ་བཞིན་ནུབ། །འདི་དག་བདུད་ཀྱི་སྨོན་ལམ་མཐུ་ལས་འབྱུང་། །དེ་ཚེ་སྒྲོལ་མ་མྱུར་


CMR056_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

མ་དཔལ་མོ་ཡི། །ཐུགས་རྗེས་བསྐུལ་ན་སྐལ་ལྡན་ལ་ལ་ཞིག །ལོག་ལམ་མི་ལྟུང་བྱང་ཆུབ་ལམ་དུ་འགྲོ། །དེ་ཕྱིར་གདམས་ངག་འདི་ནི་རྒྱལ་བ་དང་། །མཁས་གྲུབ་དུ་མས་ཐུགས་ལ་བརྟག་པའོ། །སྐལ་ལྡན་བྱང་ཆུབ་སེམས་ལྡན་མ་ལག་པ། །ཕར་ལ་བསྟན་ན་ལོག་ལམ་གྲོགས་སུ་འགྲོ། །དེ་ཕྱིར་གསང་བ་རྒྱ་ཡིས་གདབ་པའོ། །ཙན་དན་དམར་པོས་བྱུག་པའི་དཀྱིལ་འཁོར་སོགས། །མདུན་བསྐྱེད་རྟེན་རྣམས་གཞུང་གི་ཆོ་ག་ལྟར། །བདག་བསྐྱེད་ལ་བརྟེན་བསྙེན་པའི་གྲངས་ཐེམས་ནས། །མདུན་བསྐྱེད་ཆོ་ག་བཞིན་དུ་བསྐྱེད་པ་དང་། །མཆོད་བསྟོད་ཐུན་སོགས་ཐུན་གསུམ་ཐུན་བཞིར་འབད། །དེ་ཚེ་ཟབ་གསང་སྔགས་དང་དམིགས་པ་ནི། །བདག་བསྐྱེད་ཐུགས་ལས་འོད་ཟེར་དམར་པོ་འཕྲོས། །མདུན་བསྐྱེད་ཐུགས་ཀར་ཐིམ་པས་ཐུགས་བརྒྱུད་བསྐུལ། །མདུན་བསྐྱེད་འོད་ཟེར་ཉི་མ་ཤར་བ་བཞིན། །འཁོར་ཀུན་ཁྱབ་པས་གཙོ་འཁོར་ཐམས་ཅད་ཀྱི། །སྐུ་ལས་ལྷ་མོ་དམར་མོ་ཞལ་གཅིག་མ། །འཛུམ་མཛེས་ལྕགས་ཀྱུ་ཞགས་པ་ཐོགས་པ་ཡི། །ཞལ་གཅིག་ཕྱག་གཉིས་དར་དང་རིན་ཆེན་བརྒྱན། །དེ་འདྲ་


CMR056_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་ནམ་མཁའ་ཁྱབ་པར་འཕྲོས། །རྒྱལ་པོ་བློན་པོ་དགེ་བཤེས་ལ་སོགས་པ། །གང་འདོད་འགྲོ་བ་སྤྱིའམ་གཅིག་ཀྱང་རུང་། །སྙིང་ཁར་ལྕགས་ཀྱུ་བཏབ་ཅིང་མགྲིན་པ་ནས། །ཨུཏྤལ་དམར་པོའི་ཞགས་པས་བཅིངས་བཞིན་དུ། །རླུང་ལྟར་མགྱོགས་པའི་ཤུགས་ཀྱིས་བཀུག་ནས་ཀྱང་། །མདུན་གྱི་མཎྜལ་སྟེང་དུ་གན་རྐྱལ་འགྱེལ། །དེ་ལ་ལྷ་མོ་ལྕགས་ཀྱུ་ཅན་གྱིས་བསྐོར། །ཕོ་ཡི་སྙིང་ག་མོ་ཡི་གསང་གནས་སུ། །ལྕགས་ཀྱུ་བཏབ་པས་རྐྱེན་བྱས་བདག་ཉིད་ལ། །རང་དབང་མེད་པར་དད་ཅིང་ཆགས་སེམས་སྐྱེས། །བཀྲག་མདངས་བསོད་ནམས་འོད་ཟེར་དམར་པོ་རུ། །རང་ལ་ཐིམ་པའི་དམིགས་པ་སྐབས་སུ་བྱ། །ཨོ་ཀུ་རུ་ཀུལླེ་ཧྲཱིཿ སརྦ་ལོ་ཀ་པ་ཤཾ་ཀུ་རུ་ཧོ་སྭཱ་ཧཱ༔ དེ་ལྟར་ཞག་བདུན་བཅུའམ་ཉེར་གཅིག་ཙམ། །བསྒྲུབ་ཅིང་ཐུན་མཚམས་ཚོགས་གཏོར་མཆོད་པ་བྱ། །རྨི་ལམ་བུད་མེད་གཞོན་ནུ་མཛེས་མའི་ཚོགས། །བདག་ལ་དགའ་ཞིང་གུས་ཚུལ་བཀུར་སྟི་བྱེད། །མེ་ཏོག་དམར་པོའི་ཕྲེང་བ་རྒྱན་དང་གོས། །བདུད་རྩི་ལ་སོགས་དངོས་གྲུབ་རྫས་རྣམས་སྟེར། །སྐྱེ་བོ་མང་པོ་ཁྲོམ་དུ་འཚོགས་པ་ཡིས། །ཕྱག་དང་བཀུར་སྟི་ཡང་ཡང་


CMR056_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ནི། །དེ་ཡི་འགྲུབ་པའི་རྟགས་སུ་ཤེས་གསུངས་པ་སྟེ། །རོལ་མོ་སྐད་བཟང་སྒྲོག་པ་སྙན་གྲགས་ལྟས། །དེ་སོགས་རྟགས་ཡིག་གཞན་ལྟར་རིགས་པས་དཔྱད། །སྒྲུབ་པ་ཚར་ནས་བདག་འཇུག་བླངས་པ་དང་། །སིནྡྷ་ར་ནི་གནས་གསུམ་ཐིག་ལེ་བྱ། །བདུད་རྩི་འཐུང་ཞིང་གཏོར་མ་མི་འཆར་བྱ། །སྒྲུབ་རྫ་ས་མི་མངོན་བྱས་ལ་གསང་དམ་བཅས། །དེ་ནས་ཆོས་བཤད་དབང་བསྐུར་ལ་སོགས་པ། །དུས་ཀུན་གཙོ་མོ་རྐྱང་བའི་ང་རྒྱལ་བཟུང་། །རྒྱུན་དུ་དྲན་རྫོགས་བསྐྱེད་རིམ་བསྒོམ་པ་དང་། །བསྙེན་པ་གང་འགྲུབ་གཏོར་བསྔོས་ཁཱ་ཧི་སྦྱར། །ཡར་མར་ཚེས་བརྒྱད་སོགས་ལ་ཆོ་ག་ཡི། །དུས་མཆོད་བཟུང་ལ་ཚོགས་དང་གཏོར་མ་འབུལ། །འགྲུབ་སྦྱོར་ལ་སོགས་དུས་ཚོད་བཟང་པོ་ལ། །དབང་གི་སྦྱིན་སྲེག་སྤྱི་ལྟར་ཡང་ཡང་བྱ། །དེས་ནི་འཇིགས་པ་ཀུན་ལས་གྲོལ་བ་དང་། །མི་ཀུན་བྱམས་ཤིང་མི་ཁ་མེད་པ་དང་། །འགྲོ་དོན་འཕེལ་སོགས་གཞུང་གི་ཕན་ཡོན་དང་། །ཙན་དན་དམར་པོའི་མཎྜལ་ལ་བརྟེན་ནས། །སྒྲུབ་པ་འདི་ནི་སྒྲུབ་པའི་དངོས་གཞི་ཡིན། །སྒྲུབ་པ་ལས་སྦྱོར་གཉིས་ཀ་གཅིག་ཡིན་ནོ། །འདི་བྲིས་
སྦས་འོས་གསལ་བཀོད་ཉེས་པ་རྣམས། །ཡི་དམ་འཕགས་མ་འཁོར་དང་བཅས་ལ་བཤགས། །དགེ་བས་བྱང་ཆུབ་སེམས་ལྡན་དགེ་བཤེས་རྣམས། །མཛད་ཕྲིན་ནམ་མཁའི་མཐའ་ལས་ཁྱབ་གྱུར་ཅིག །ཅེས་པ་བརྩོན་འགྲུས་རྒྱ་མཚོས་ཕྱག་དང་མཎྜལ་བརྒྱ་རྩ་བརྒྱད་ཕུལ་ནས་རྩེ་གཅིག་ཏུ་གསོལ་བ་བཏབ་ནས། མེ་ཕོ་རྟའི་ལོ་འབུམ་འགྱུར་ཟླ་བའི་ཡར་ཚེས་བརྒྱད་ཀྱི་དགོང་མོ་དབང་གི་དུས་སུ་སྒྲོལ་མ་ཉིད་ཀྱིས་རིག་བདག་དང་དབྱེར་མེད་པའི་སྤྲུལ་སྐུ་རཱ་ག་ཨ་སྱ་རིན་པོ་ཆེའི་ཞལ་སྔ་ནས་བརྩལ་ཞིང་ཕྱག་བྲིས་སུ་མཛད་ནས་གནང་བའོ། །བསྟན་འཛིན་དམ་ཚིག་དང་ལྡན་པ་མང་པོ་ལ་ཕན་པར་སྨོན་ནོ། །ས་མ་ཡཱ༔ །ཨྠ྄ྀི།


previousལོག་ལྟ་ཅན་རྣམས་ཆོས་ལ་འཛུད་པའི་ཕྱིར། ༼འ༽ །མན་ངག་ཤིན་ཏུ་གསང་བ་གཅིག་བརྒྱུད་གབ། །next