Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འགུགས་དང་སྲུང་དང་ལོངས་སྤྱོད་འཕེལ་རྒྱས་སོགས། ༼ཡ༽ །ཙཀྲའི་སྒོ་ནས་མན་ངག་ལས་སྒྲུབ་གབ། །
   
   
   
   
   
   
   
   
   
   
   
   
   
   


 
previousའགུགས་དང་སྲུང་དང་ལོངས་སྤྱོད་འཕེལ་རྒྱས་སོགས། ༼ཡ༽ །ཙཀྲའི་སྒོ་ནས་མན་ངག་ལས་སྒྲུབ་གབ། །next

འགུགས་དང་སྲུང་དང་ལོངས་སྤྱོད་འཕེལ་རྒྱས་སོགས། ༼ཡ༽ །ཙཀྲའི་སྒོ་ནས་མན་ངག་ལས་སྒྲུབ་གབ། །


CMR056_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། འཕགས་མ་ཀུ་རུ་ཀུལླེའི་ཙཀྲའི་སྒོ་ནས་བསྒྲུབ་པའི་མན་ངག་གཅིག་བརྒྱུད་མ་གཏོགས་སྣོད་མིན་དང་མང་པོ་ལ་མི་སྤེལ་བ་དམ་ཚིག་གོ །ན་མོ་ཨཱརྱ་ཏཱ་རེ་ཡེ། ལྷ་མོའི་བསྙེན་པ་སྔོན་དུ་སོང་བའི་མིས། །འཁོར་ལོ་ལ་བརྟེན་བསྒྲུབ་པ་བྱ་བ་ནི། །ཤོག་བུ་རས་སམ་གྲོ་ག་གང་རུང་ལ། །སྐྱེས་པ་དབང་དུ་བསྡུས་ན་གུར་གུམ་དང་། །གྷི་ཝང་བསྲེས་ལ་བྲི་


CMR056_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་བ་ཡིན། །མ་རྙེད་དེ་ཉིད་ཙག་ལ་བསྲེ་རུང་ངོ་། །བུད་མེད་དབང་སྡུད་ཙནྡན་དམར་པོ་དང་། །རྒྱ་སྐག་བསྲེས་ལ་བྲི་བར་བྱ་བར་གསུངས། །ཐམས་ཅད་སྤྱི་ལ་རྫས་རྣམས་ཐམས་ཅད་དང་། །མཚལ་ལམ་ཙག་བསྲེས་ཡིག་འབྲུ་དམར་པོ་བྲིས། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་ལྟེ་བ་བཅས། །ལྟེ་བར་སོ་སོའི་མིང་ནི་ཁྲི་གསུངས་པ། །སྐྱེས་པ་བུད་མེད་གང་འདོད་མིང་ངམ་ནི། །སྤྱི་ལ་འཇིག་རྟེན་ས་ཕྱོགས་ཆེ་གེ་ཡི། །སྐྱེས་པ་བུད་མེད་བཙུན་པ་ཐམས་ཅད་ཀྱི། །སྤྱི་ཡི་མིང་བྲི་བ་ནི་མན་ངག་གོ། ཚིག་མཇུག་པ་ཤཾ་ཀུ་རུ་ཧོ་ཞེས་བྲི། །དེ་རྒྱབ་རྩིབས་བརྒྱད་འབྲུ་རེ་བྲི་བ་སྟེ། །ཨོ་ཀུ་རུ་ཀུལླེ་ཧཱུྃསྭཱ་ཧཱ། ཞེས་པ་བྲི་ཞིང་དེ་རྒྱབ་མུ་ཁྱུད་ལ། །ཨཱ་ལི་ཀཱ་ལི་བྲི་བར་བྱ་བ་སྟེ། ཐམས་ཅད་ཡིག་མགོ་ཕྱིར་བསྟན་གཡས་བསྐོར་རོ། །དེ་ནས་གདན་དམར་སྟེང་དུ་འཁོར་ལོ་བཞག །མཆོད་པ་ལྔ་བཤམས་བདག་མདུན་ཆོ་གའམ། །སྟོང་པའི་ངང་ལས་འཁོར་ལོ་བྲིས་ལྟར་བསྐྱེད། །བསྙེན་པ་བྱས་རྗེས་མདུན་བསྐྱེད་འཁོར་ལོར་བསྟིམ། །རྟེན་འབྲེལ་སྙིང་པོ་བརྒྱ་དང་རྩ་བརྒྱད་ཀྱིས། །བསྔགས་ནས་མེ་ཏོག་གཏོར་ཏེ་དྲིལ་བྱས་ལ། །


CMR056_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དར་དམར་གྱིས་བཏུམ་སྐུད་པ་དམར་པོས་དཀྲིས། །རང་ལུས་བཏགས་ལ་བདག་བསྐྱེད་བསྒོམ་བྱ་ཞིང་། །ཨོ་ཀུ་རུ་ཀུལླེ་ཧྲིསྭཱ་ཧཱ། ལོ་ཀ་སརྦ་པ་ཤཾ་ཀུ་རུ་ཧོ་སྭཱ་ཧཱ། མཚམས་སོགས་མི་དགོས་རྒྱུན་བསྙེན་བྱས་པས་ཆོག །ཟབ་ཅིང་ལག་ལེན་བདེ་བའི་མན་ངག་སྟེ། །འཁོར་ལོ་ལ་ནི་བརྟེན་ཏེ་སྒྲུབ་པ་ཞེས། །སྒྲུབ་པའི་རྣམ་གྲངས་གཙོ་བོ་གཅིག་ཡིན་ནོ། །གསེར་ལས་འཕངས་བའི་གདམས་པ་འདི་ཡིན་ཀྱི། །ས་སྐྱ་པ་ཡི་གདམས་ངག་གཙོ་བོ་སྟེ། །རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་གསུངས་པ། །གོ་བར་དཀའ་ཕྱིར་གསལ་བར་བཀོད་པ་ཡིན། །ཨྠ྄ྀི། ཟབ།།་ཡང་ན་འཁོར་ལོ་ལ་བརྟེན་བསྲུང་བའམ། །ཤེས་རབ་འཕེལ་བའི་གདམས་པ་བྱ་བ་ནི། །གོང་གི་རྫས་ཀྱིས་གྲོ་ཤོག་གཙང་མ་ལ། །འཁོར་ལོ་ལྟེ་བ་རྩིབས་དང་མུ་ཁྱུད་བཅས། །ལྟེ་བར་ཚེས་བརྒྱད་ཟླ་བའི་གཟུགས་བྲིས་དབུས། །བསྲུང་བྱའི་མིང་ལ་སྲུངས་ཤིག་བྱ་བའམ། །ཤེས་རབ་རྒྱས་པར་གྱུར་ཅིག་གང་འདོད་བྲི། །དེ་རྒྱབ་ཧཱིཙཡིག་དམར་པོ་བདུན་གྱིས་བསྐོར། །དེ་རྒྱབ་རྩིབས་བཞི་ཨུཏྤལ་འདབ་བཞིའི་ཚུལ། །ཤར་དུ་མདའ་དང་ལྷོ་རུ་གཞུ་ཡི་གཟུགས། །


CMR056_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སྦྱིན་ཕྱག་རྒྱའི་གཟུགས་ནི་ནུབ་ཏུ་སྟེ། །བྱང་དུ་ཨུཏྤལ་དམར་པོ་བྲི་བར་བྱ། །ཕྱི་ཡི་མུ་ཁྱུད་ཨུཏྤལ་ཕྲེང་བས་བསྐོར། །ཨུཏྤལ་དབུས་སུ་སྙིང་པོ་འབྲུ་རེ་རེ། །དེ་ནི་ཅི་མང་བྲིས་ཏེ་གྲངས་ཀ་མེད། །སྔོན་ལྟར་མདུན་བསྐྱེད་བསྟིམ་ཞིང་རབ་གནས་བྱ། །རང་ངམ་གཞན་ལ་བསྲུང་བར་འགྱུར་བ་དང་། །དེ་ཡི་ཤེས་རབ་འཕེལ་བར་།འགྱུར་བ་སྟེ། །གཞན་ཡང་བྱིས་སྦ་རྒན་པོ་དར་བབ་ལ། །སྲུང་འཁོར་གྱིས་ནི་རབ་ཏུ་བསྲུང་བར་འགྱུར། །ཤེས་རབ་དམན་ལ་བསྲུང་བ་ནི། །བྲིས་ཏེ་བཅང་བས་ཡིད་གཞུངས་འགྱུར། །བསྲུང་བའི་དོན་ཏེ་འཁོར་ལོ་ཕྲག་གཡས་བཏགས། །རྒྱུད་དུ་རྟོགས་པའི་དོན་དེ་ཕུག་ཆེའོ། །ཨྠ྄ྀི། ལོངས་སྤྱོད་འཕེལ་བ་འཁོར་ལོའི་ལས་སྦྱོར་ནི། །རབ་ཀྱིས་གསེར་ནི་སླད་མེད་བརྡུང་བ་ཡི། །བྱང་བུ་ལ་ནི་བཟོང་རིས་བྲི་བར་གསུངས། །མ་རྙེད་ཤོག་བུ་དག་ལ་གསེར་བྱུག་གམ། །ཤིང་ལེབ་ལ་ནི་གསེར་ཕྱུག་ལེགས་པར་དབུར། །ཕྱི་ཡི་མུ་ཁྱུད་ཨུཏྤལ་ཕྲེང་བས་བསྐོར། །དེའི་ནང་མུ་ཁྱུད་རྩ་སྔགས་དུ་ཤོང་མཐར། །ལོངས་སྤྱོད་དཔལ་འབྱོར་པ་ཤཾ་ཀུ་རུ་ཧོཿ །དེའི་ནང་གཞུ་ནི་གཞུ་རྒྱུད་འཐེན་


CMR056_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཟུགས། །དེ་ཡི་ནང་དུ་ཨུཏྤལ་བྲི་བ་ནི། །རྩེ་མོ་མདེའུ་ལྟར་ཆང་ཟུང་ཕྱིར་ཕུད་པ། །རྩ་བ་མདའ་ལྟར་གཞུ་རྒྱུད་ལ་སྦྱར་བྲི། །ཨུཏྤལ་ལྟེ་བར་ཡི་གེ་ཧཱུྃ་ལ་ནི། །ཨོཾ་ཀུ་རུ་ཀུལླེ་ཧཱུྃཧཱུྃ། །ཞེས་པའི་ཡི་གེ་བདུན་གྱིས་བསྐོར་བ་བྲིས། །ཚེས་བརྒྱད་དམ་ནི་ཚེས་པ་བཅུ་གཉིས་ལ། །བུམ་པར་རིན་ཆེན་སྣ་ལྔ་བཅུག་བྱས་ལ། །བདག་མདུན་བུམ་གསུམ་བཟླས་པ་ཅི་མང་བྱ། །མཆོད་བསྟོད་ཚོགས་ཀྱི་འཁོར་ལོ་རྒྱུས་པར་བྱ། །བུམ་པས་རང་ཉིད་ཁྲུས་བྱས་བདག་འཇུག་བླངས། །མེ་ལོང་ངོས་ལ་འཁོར་ལོར་ཁྲུས་གསོལ་བའི། །ཁྲུས་ཆུ་ཡང་ནི་རང་གི་ཅུང་ཟད་བཏུང་། །རྒྱ་ཤོག་སེར་པོར་རྒྱ་སྣག་གིས་བྲིས་པའི། །འཁོར་ལོ་གཅིག་ཀྱང་མྱུར་དུ་རབ་གནས་བྱ། །མདུན་བསྐྱེད་ལྷ་རྣམས་འཁོར་ལོ་དེ་ལ་བསྟིམ། །ཤོག་བུའི་འཁོར་ལོ་རང་ལ་བཏགས་བྱ་ཞིང་། །གསེར་གྱི་འཁོར་ལོ་ཁྱིམ་མམ་བང་བ་ཡི། །སྟེང་ནས་བླ་བྲེ་བཞིན་དུ་ཕུབ་ལ་བཞག །ཨོ་ཀུ་རུ་ཀུལླེ་བཱི༔ བཱ་སུ་སིདྡྷི་པུཊྚི་ཀུ་རུ་ཧོ་སྭཱ་ཧཱ། རྒྱུན་བསྙེན་བྱས་པས་ལོ་ནི་གཅིག་ཙམ་ནས། །ནོར་གྱི་བདག་པོ་རྒྱལ་པོ་དང་མཚུངས་གསུངས། །རྒྱུད་ནས་གསུངས་པ་འདི་ནི་གོ་བདེར་བཀྲལ། །


CMR056_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལ་ཐེ་ཚོམ་མེད་དེ་རྒྱལ་བས་གསུངས། །ཨྠ྄ྀི། དཔལ་ལྡན་ས་སྐྱ་པ་ཡི་སྙན་བརྒྱུད་ནི། །གཅིག་བརྒྱུད་མ་གཏོགས་མེད་པའི་གསང་སྒྲུབ་ནི། །ཀུ་རུ་ཀུལླེ་རྟ་མགྲིན་ཞལ་སྦྱོར་ལ། །འཁོར་དུ་མཁའ་འགྲོ་སྡེ་བཞིས་བསྐོར་བ་སྟེ། །འདི་ཡི་དབང་རྒྱུན་མེད་པས་འདོན་མི་རུང་། །དམིགས་པ་གཞུང་ལས་ལྷག་པའི་ཟབ་གནད་མེད། །སྔགས་ནི་གཞུང་ལས་ཟབ་པར་འདུག་པ་ནི། །འཁོར་ལོ་བྲིས་ཏེ་བསྐོར་བས་དོན་འགྲུབ་སྟེ། །གོང་དུ་རྣམ་འཇོམས་ཉེ་སྙིང་ཚར་གཅིག་དང་། །དེ་འོག་ཡིག་དྲུག་འཁོར་ལོ་ལྟར་བྲིས་ཏེ། །ཞི་བ་དབང་གི་ཕྲིན་ལས་ཡིན་པའི་ཕྱིར། །གཡོན་བསྐོར་མི་རུང་གཡས་སུ་འཁོར་བཅུག་གོ །ཨོ་ཀུ་རུ་ཀུལླེ་ཧཱུྃ༔ ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཨཱཧཱུྃ་ཧཱི༔ཧིཧ་རི་ནི་ས་ཧཱིཛཨཱ་ཎི་ཧཱུྃ་ཛ༔ ཨ་ཀར་ཡ་ཧཱུྃ་ཛ༔ བཱ་སུ་པ་ཤཾ་ཀུ་རུ་ཨང་ཀུ་ཤ་ཧྲཱིཿ པ་ཤཾ་ཀུ་རུ་ཧཱུཾ་ཧཱུཾ་ཛ་ཛ༔ འཁོར་ལོ་མེ་ཏོག་གླང་སྣ་དམར་པོ་དང་། །ཨུག་ཆོས་ཙནྡན་དཀར་པོ་རྒྱ་སྐག་དང་། །སིན་དྷུ་ར་རྣམས་འཁོར་ལོར་བྱུག་པར་བྱ། །སྙིང་དང་འདྲ་བའི་གདམས་ངག་ཟབ་མོའི་སྐོར། །སྙིང་གི་བུ་མཆོག་བཱིརླ་ས་ག་ར། །ཕན་སེམས་སྙིང་ལ་འཆང་
བརྒྱུ་བཅུ་གསུམ་བའི་ཨ་རཱ་གས། །སྙིང་རྗེན་དམར་པོ་ལག་པའི་མཐིལ་ན་བཞག །སྐལ་མེད་སྤེལ་ན་ཌཱཀྐིའི་ཆད་པས་བསྡིག །གཞན་ཕན་བྱང་ཆུབ་སྤྱོད་པའི་ལག་ཆ་མཛོད། །འདི་བྲིས་སྦ་། །འོས་གསལ་བཀོད་ཉེས་པ་རྣམས། །ཡེ་ཤེས་ལས་དང་འཇིག་རྟེན་ཌཱཀྐིར་བཤགས། །དགེ་བས་འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ། །མངྒ་ལཾ།།


previousའགུགས་དང་སྲུང་དང་ལོངས་སྤྱོད་འཕེལ་རྒྱས་སོགས། ༼ཡ༽ །ཙཀྲའི་སྒོ་ནས་མན་ངག་ལས་སྒྲུབ་གབ། །next