Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མི་ངན་ཨར་བས་ཆོམ་ཕྲོགས་བྱས་པ་ན། ༼ཧ༽ །གློ་བུར་ཐན་འགྱེད་དུག་མདའ་ནག་པོ་ཡོད། །
   
   
   
   
   
   
   
   
   


 
previousམི་ངན་ཨར་བས་ཆོམ་ཕྲོགས་བྱས་པ་ན། ༼ཧ༽ །གློ་བུར་ཐན་འགྱེད་དུག་མདའ་ནག་པོ་ཡོད། །next

མི་ངན་ཨར་བས་ཆོམ་ཕྲོགས་བྱས་པ་ན། ༼ཧ༽ །གློ་བུར་ཐན་འགྱེད་དུག་མདའ་ནག་པོ་ཡོད། །


CMR056_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་མཚམས་ཀྱི་ཞལ་གདམས་ལས། གློ་བུར་ཐན་འགྱེད་དུག་མདག་ནག་པོ་ཞེས་བྱ་བ་བཞུགས་སོ། །མགོན་པོ་བེར་ནག་ཅན་གྱི་དབང་ལུང་མ་ཐོབ་པ་དང་བསྙེན་སྒྲུབ་ཚུལ་བཞིན་མ་ཐོན་ན་ལས་ཚོགས་འདི་དག་སྒྲུབ་ཀྱང་མི་


CMR056_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པས་སྣོད་མིན་ལ་གསང་བ་གལ་ཆེ། ན་མོ་མ་ཧཱ་ཀཱ་ལ་ཡེ། རྡོ་རྗེ་བེར་ཅན་ཞབས་ལ་ཕྱག་འཚལ་ལོ། །གསར་རྙིང་གཉིས་ནས་གསུངས་པའི་མགོན་པོ་འདི། །རྣོ་བའི་མདེའུ་གནམ་ཆོས་ནས་གསུངས་པ། །ཞལ་ཤེས་ཀྱིས་བརྒྱན་གསལ་བར་འདིར་བཀོད་བྱ། །མ་མགོན་དམ་ཅན་རྒྱ་མཚོའི་བཀའ་གནང་སྩོལ། །མ་མགོན་ཡི་དམ་ཆོས་སྐྱོང་དབྱེར་མེད་དུ། །རྟག་ཏུ་ཆོས་སྐྱོང་བྱེད་པའི་རྣལ་འབྱོར་པས། །གློ་བུར་དགྲ་ལ་ཀ་ཆ་ཤོར་བའམ། །དོ་བསྡོ་ཕོད་བཙུགས་སྨ་འབེབ་བྱེད་བྱུང་ཚེ། །མྱུར་དུ་མ་རུངས་ཆོ་འཕྲུལ་དྲག་པོ་ཡིས། །སྐྲག་ཅིང་བསྔངས་ནས་འགྱོད་ཚང་སྐྱེད་བྱས་ཏེ། །སེར་ཆགས་ཡོངས་ཀྱི་བསྟན་ལ་ཕན་པའི་ཐབས། །ལོང་བྱུང་མགོན་པོ་ཚར་གཅིག་བཏང་ན་རབ། །ལོང་མ་བྱུང་ན་དྲན་རྫོགས་བདག་མདུན་བསྒོམ། །རང་གི་ཐུགས་ལས་འོད་ཟེར་མཐིང་ནག་ནི། །ཚ་ཞིང་རྩུབ་པའི་མདུན་བསྐྱེད་ལ་ཕོག་པས། །གནད་ལ་ཕོག་བཞིན་ཁྲོས་འཁྲུག་རབ་ཏུ་རྔམ། །འཁོར་ཚོགས་བཅས་པའི་སྐུ་ཡི་འོད་ཟེར་གྱིས། །ལྟས་ངན་ཆོ་འཕྲུལ་མི་རུང་སྣ་ཚོགས་པ། །མིང་འབོད་སྒོ་བརྡུང་ལྕམ་གདུང་ཆག་པ་དང་། །གཉིད་མི་ཁུག་དང་སྐྲ་


CMR056_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

འཐེན་འགྲམ་ལྕགས་རྒྱག །ཀ་ཆ་གང་ཡིན་ཚུར་གཏོད་མི་གཏད་ན། །སྲོག་གཅོད་སྙིང་ཕྱུང་ཟེར་ནས་འབོད་པ་དང་། །གཏིང་ནས་ཐིབ་གནོན་ས་ཡི་གྲིབ་གནོད་འབྱུང་། །སྤྲུལ་པའི་ལས་མཁན་ཨ་ཙར་ནག་པོ་འགས། །མཐེ་བོང་སྙིང་ཁར་བཙུགས་ནས་གཟེར་བཅུག་ཅིང་། །རྐང་ལག་བཞི་ནས་བཟུང་སྟེ་སྤྲུག་སྡེབ་བྱེད། །བདག་ཚམདུན་ཀུན་གྱིས་དྲག་སྔགས་འབྲུག་སྒྲོག་བསམ། །ཨོཾ་མ་ཧཱ་ཀཱ་ལ་ཡ། རེ་མ་ཏི་དགྲ་བོ་ཧྥེ་ལ་ཐན་ཕོབ་ཕོབ། །རྒྱུག་བློ་རྒྱུག་ཧྲིང་བྷོ། ཨ་གཙྪ་ཡ། ཨ་གཙྪ་ཡ། ཧཱུཾ་ཡ་ཛ་བྷོ་རྒྱུག་ཧྲིང་བྷོ། ཕོབ་ཕོབ་མྱུར་དུ་ཕོབ། རྒྱུག་རྒྱུག་མྱུར་དུ་རྒྱུག ཕོབ་རྒྱུག་ཧྲིང་བློ། ཞེས་སྔགས་རིང་ཅི་ལྕོགས་བཟླས་བྱས་ལ། །དོ་དགོང་དམར་གཏོར་གཅིག་བཤམས་འགུགས་གཞུག་བྱ། །གང་ཞིག་བླ་མ་ལ་སྨོད་ཅེས་པ་དང་། །དམག་གི་རྒྱལ་མོ་བཞི་ཡི་བསྐུལ་པ་བྱ། །རྡུལ་དུ་བརླག་པ་ཞེས་བྱ་མི་སྦྱར་བར། །ཆོ་འཕྲུལ་འབེབས་པའི་ཕྲིན་ལས་མཛོད་ཅེས་སྦྱར། །མཚན་མོ་གཏོར་མ་ཁོ་ཡི་ཕྱོགས་སུ་འཕང་། །གར་སོང་མི་ཤེས་ཕྱོགས་བཅུར་འཕེན་རྡེབ་བྱེད། །དེ་ནས་ཕྱོགས་བཞིར་གཙང་སར་འཕེན་པར་བྱ། །
སྲོག་ལ་མི་གནོད་ཆོ་འཕྲུལ་སྣ་ཚོགས་སློང་། །དོ་གལ་ཆེ་ན་ལན་འགའ་ཝིག་པར་བྱ། །དེ་ནས་སྲོག་ལས་གཏོར་ནག་པར་བུ་དང་། །ཐན་སྲོག་འབྲེལ་མ་ཁྲེས་པོ་ཁ་སྲུང་དང་། །ཆོ་འཕྲུལ་རྐྱང་པ་གནམ་ཆོས་ལུགས་དང་གསུམ། །བརྒྱུད་པ་འཛིན་ངེས་བསྟན་ལ་ཕན་ངེས་པའི། །སྙིང་གི་བུ་ལ་གཅིག་བརྒྱུད་མ་གཏོགས་པར། །གཞན་ལ་སྤེལ་ན་མནར་མེད་དམྱལ་བར་ལྟུང་། །དམ་ལ་འདས་ན་མ་མགོན་བཀའ་སྲུང་གིས། །སྡོང་གྲོགས་མི་མཛད་བཀའ་ཡིས་ཆད་པ་ཆོད། །དེ་སྐད་རྣལ་འབྱོར་རཱ་ག་ཨ་སྱ་ཡིས། །མེ་རྟ་མེ་ཁྱི་གནམ་གང་དགོང་མོའི་ཐུན། །བཀའ་སྲུང་གསོལ་མཆོད་ཚར་སྐབས་སྨྲས་པ་སྟེ། །རུ་པ་ཞེ་སྡང་ལྡན་པའི་བཙུན་པས་བྲིས། །བརྩེ་བྲལ་བསྟན་བཅོས་ཉེས་པ་ལྷ་ལ་བཤགས། །དགེ་བས་སྒྲུབ་བརྒྱུད་བསྟན་པར་མཉེས་པར་ཤོག །མངྒ་ལཾ།།


previousམི་ངན་ཨར་བས་ཆོམ་ཕྲོགས་བྱས་པ་ན། ༼ཧ༽ །གློ་བུར་ཐན་འགྱེད་དུག་མདའ་ནག་པོ་ཡོད། །next