Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉམ་ཆུང་ཆོས་པར་དོ་བསྡོ་ཕོད་བཙུགས་ན། ༼ཨ༽ །པཀྵིའི་གིང་ནག་ཁྲེས་པོའི་ཁ་སྲུང་ཡོད། །
   
   
   
   
   
   
   
   


 
previousཉམ་ཆུང་ཆོས་པར་དོ་བསྡོ་ཕོད་བཙུགས་ན། ༼ཨ༽ །པཀྵིའི་གིང་ནག་ཁྲེས་པོའི་ཁ་སྲུང་ཡོད། །next

ཉམ་ཆུང་ཆོས་པར་དོ་བསྡོ་ཕོད་བཙུགས་ན། ༼ཨ༽ །པཀྵིའི་གིང་ནག་ཁྲེས་པོའི་ཁ་སྲུང་ཡོད། །


CMR056_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། མགོན་པོ་བེར་ཅན་གྱི་ལས་མཐའ་མགོན་པོ་ཉིད་ཀྱིས་གྲུབ་ཆེན་ཀརྨ་པཀྵི་ལ་ཕུལ་བའི་གིང་ནག་པོའི་ཁྲེས་པོ་ཁ་སྲུང་ཞེས་བྱ་བའི་ཟིན་བྲིས་བཞུགས་སོ། ༈ །ན་མོ་ལོ་ཀི་ནཱ་ཐ་ཡེ། འཇིག་རྟེན་མགོན་པོ་


CMR056_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་བྱེད་བེར་ནག་ཅན། །བདུད་རྒྱལ་ཐོད་ཕྲེང་ཅན་ལ་ཕྱག་འཚལ་ལོ། །མན་ངག་ཟིན་བྲིས་བྲི་ལ་བཀའ་གནང་སྩོལ། །གྲུབ་ཆེན་པཀྴི་དབུས་སུ་མ་ཕེབས་གོང་། །མཚུར་ཕུའི་གདན་ས་སྒྲོག་ཅིང་འཇིག་ལ་ཐུག །དེ་དུས་པཀྴི་སྤུངས་རིར་བཞུགས་པའི་སྐབས། །ཆོས་སྐྱོང་བེར་ནག་ཅན་དེ་དངོས་སུ་བྱོན། །མཚུར་ཕུའི་གདན་ས་མེད་པས་འབྱོན་དགོས་ཟེར། །མི་འགྲོ་གསུངས་ཀྱང་ཅིས་ཀྱང་འབྱོན་དགོས་ཟེར། །སོང་ཡང་ཡོན་བདག་གཅིག་ཀྱང་རྙེད་ས་མེད། །ང་རྒྱལ་བྱེད་པར་ཆོག་པའི་མཐུ་ནི་མེད། །ཁྲེས་པོ་ཁ་སྲུང་གཅིག་ནི་ངས་མི་ཤེས། །གསུངས་པས་ཁྲེས་པོ་ཁ་སྲུང་ང་ཡིས་ཤེས། །ང་ནི་ལྷ་འདྲེ་ཀུན་གྱི་གཙོ་བོ་ཡིན། །ང་ལ་ལྷ་འདྲེ་ཀུན་གྱི་སྲོག་སྙིང་ཡོད། །ཁྱོད་ཀྱི་ཡོན་བདག་ང་ཡིས་བྱེད་པ་ཡིན། །ང་ཡི་སྲོག་སྙིང་ཁྱེད་ལ་འབུལ་ཟེར་རོ། །ཁྱོད་ཀྱི་སྲོག་སྙིང་ང་ལ་དགོས་པ་མེད། །དེ་བས་སྐད་ཅིག་ཉིད་ལ་རྟགས་འོང་པའི། །ཁྲེས་པོ་ཁ་སྲུང་ཡོད་ན་འདོད་གསུངས་པས། །དེ་ཡང་ང་ལ་ཡོད་པས་འབུལ་ལོ་ཟེར། །འོ་ན་ཁྱོད་ཀྱི་རོགས་ལ་ང་འགྲོ་ཟེར། །དེ་དུས་གདམས་ངག་འདི་ནི་ཕུལ་བར་བཤད། །


CMR056_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་འདི་ནི་སུལའང་མ་གནང་སྟེ། །ན་བུན་དབང་རྡོར་བ་དང་ཤེས་རབ་འོད། །འདི་གཉིས་ང་ལ་དྲིན་ཆེ་གསུངས་ནས་གནང་། །གཞུང་གི་དཔེ་འདི་པོད་གཞུང་ཀུན་ལ་ཡོད། །འོན་ཀྱང་ཕྱག་ལེན་མི་གསལ་སྡུམ་སྡུམ་འདྲ། །དེ་ཕྱིར་ཡོད་པ་ཙམ་ལས་ཕན་མ་ཐོགས། །འདི་ཉིད་ཉམས་སུ་ལེན་པའི་ཟིན་བྲིས་ནི། །འདི་ཡི་རྟེན་རྫས་སྔར་ནས་བསགས་དགོས་ཏེ། །སྨྱུག་རྒོད་གཙང་མ་གཅིག་ལ་རྟེན་མདའ་བཟོས། །དེ་ལ་ཕོ་རོག་དང་རུ་གཡས་པ་བསྒྲོན། །དེ་ལ་མེ་ཡི་མི་བཤུལ་སྒྲོ་རྒོད་བྱ། །དེ་ལ་གྲི་ལྕགས་ལས་བྱས་མདེའུ་སྦྱར། །མདའ་མགུལ་ནག་པོ་མདའ་ལྟོང་དམར་པོ་བྱ། །བདུད་མདའ་ལྟོང་དམར་ཞེས་བྱའི་དོན་ཡིན་ནོ། །མདའ་བཟོས་ཚར་ནས་མི་བསིལ་མི་བསྒྲིལ་ལོ། །དར་ནག་སོ་མ་ཁ་གང་མ་ཉམས་པར། །གསེར་རམ་མཚལ་གྱིས་ཧཱུྃ་ཡིག་ནག་པོ་ནི། །ཁོང་གསེང་ཡོད་པ་དཀྱིལ་བྲིས་མདའ་ལ་བཏགས། །ཁྱི་ནག་སྙིང་དང་ལུག་ནག་སྙིང་གཉིས་ལ། །རྩ་སྦུབ་ཤིང་གིས་བརྒྱངས་ནས་ལེགས་པར་སྐམ། །རྩ་སྦུབ་གཉིས་སུ་དེ་ཝ་རཀྟ་དང་། །ཤ་ས་ན་དང་ཧུ་ར་ཧེར་ནི་དང་། །ཡབ་ཡུམ་ཞལ་སྦྱོར་སྔགས་རིང་ལ་སོགས་


CMR056_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པ། །གསེར་རམ་མཚལ་ལམ་རྒྱ་སྣག་གིས་བྲིས་པའི། །ཤོག་དྲིལ་རྩ་སྦུབ་ནང་བཅུག་ལ་ཆས་བསྒར། །དམ་པོར་བཏུམ་ལ་མགོ་མཇུག་མ་ལོག་པར། །གཉིས་ཀ་མདའ་ཡི་མགུལ་དུ་བཏགས་པར་བྱ། །དར་ནག་གམ་ནི་ཤོག་གུར་ཙཀ་ལི་ལ། །མགོན་པོའི་སྐུ་དང་ལས་མཁན་ཤན་པ་བཞི། །འོག་གི་མངོན་རྟོགས་བཞིན་བྲིས་དེ་ཡི་རྒྱབ། །བཟླ་བྱའི་སྔགས་རིང་བྲིས་ལ་བཏགས་པར་བྱ། །དེ་ནི་སྔར་ནས་རང་གིས་འཚགས་བྱ་སྟེ། །བསྐང་གསོལ་ནམ་བྱེད་མི་གཤེགས་དེ་ལ་བསྟིམ། །ཁྱད་པར་འཁོར་གྱི་དྲེགས་བྱེད་ཕོ་ཉའི་ཚོགས། །གིང་ཀ་ར་ཡི་ཚོགས་བཅས་ཐིམ་པར་དམིགས། །མུ་ཟི་ནག་པོ་གུ་གུལ་ནག་པོ་དང་། །ཁྱི་ནག་ཁྲག་བསྲེས་སྣག་བརྡར་གཙང་མ་གཅིག །དྲི་མ་མ་སོང་ཤོག་གུར་བཏུམ་ལ་འཚགས། །མགོན་པོའི་བསྙེན་པ་སྔོན་དུ་སོང་བའི་མིས། །ལིང་ག་སྤྱི་མཐུན་མིང་དང་བཅས་པ་བྲིས། །ཐ་མ་བཟླ་བྱའི་སྔགས་རིང་མགོ་ནང་བསྟན། །སྔགས་མཇུག་ཕྱིར་ཕུད་ཐ་མ་ཛཁྲམ་བསྐོར། །རྐུན་མ་ལ་སོགས་གདམས་ངག་ཞལ་ལས་ཤེས། །ཞེ་སྡང་མ་ཡལ་འཕྲལ་དུ་བྱས་ན་མྱུར། །ཕུང་རེ་ཡོད་ན་ཤིན་ཏུ་


CMR056_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པའོ། །མེད་ན་རེ་བ་ནག་པོའི་གདན་གྱི་སྟེང་། །ནས་ཀྱིས་མཎྜལ་ཟུར་གསུམ་བྲི་བར་བྱ། །དེ་ཕྱིར་ལིངྒ་མགོ་ཕྱིར་བསྟན་ལ་བཏིང་། །མཉྫི་འམ་ནི་ཨོ་ཆུང་བྱས་པའི་སྟེང་། །དཀར་རྒྱན་མེད་པའི་དམར་གཏོར་གཅིག་བཅའ་བཞག །དེ་ཡི་མཉམ་དེར་སྔོན་གྱི་མདའ་དར་བཙུགས། །ཡི་དམ་གཏོར་བསྔོས་ཐམས་ཅད་ཆག་མེད་རིགས། །དེ་ནི་སྔ་བར་ཐམས་ཅད་ཚང་བར་བསགས། །དེ་ནས་ཕུགས་གཏོར་ལ་སོགས་བྲན་བྱས་ལ། །གསོལ་ཀ་རྒྱས་པ་བསྐང་བ་བསྡུས་པར་བཅས། །དེ་ཚེ་བདག་མདུན་མ་མགོན་བསྒོམ་པ་སོགས། །སྤྱན་འདྲེན་དམིགས་པ་དང་བཅས་ཕྲེང་བསྐོར་བསྙེན། །དཀར་གཏོར་བསྔོས་ཤིང་མགོན་པོའི་གཏོར་འབུལ་གྱི། །བཀུག་གཞུག་སྐབས་དེར་ལིང་ག་བཀུག་གཞུག་ནི། །གསུམ་མམ་བདུན་བྱ་འགུགས་སྔགས་ཉེར་གཅིག་བརྗོད། །ལྷ་དབྱེའི་གཏོར་མ་བྱིན་ལ་ལྷ་དབྱེའི་སྔགས། །གསུམ་མམ་བདུན་བརྗོད་ལྷ་དང་བྲལ་བར་བསམ། །དེ་ནས་གཏོར་འབུལ་བསྐུལ་པ་མི་བྱ་བར། །བདག་བསྐྱེད་མ་མགོན་སྟོང་པ་ཉིད་དུ་བསྡུ། །མདུན་སྐྱེད་ལྷ་ཚོགས་སྔོན་ལྟར་བཞུགས་པར་བསམ། །འདི་སྐབས་མདུན་བསྐྱེད་དེ་


CMR056_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མདའ་དར་ཡིན། །དེ་ནས་རང་ཉིད་སྐད་ཅིག་དྲན་རྫོགས་སུ། །མགོན་པོའི་བཀའ་སྡོད་ལས་ཀྱི་ཤན་པ་ནི། །མདོག་ནག་སྤྱན་གསུམ་རལ་པ་བར་སྣང་གཟིང་། །གཅེར་བུ་རྒྱན་མེད་ཉ་སུག་ཧྲིང་ངེ་བ། །གཡས་ཀྱི་ལྕགས་ཀྱུས་དགྲ་བོའི་སྙིང་ནས་འདྲེན། །ཁ་གདང་མཆེ་གཙིགས་ཞེ་སྡང་མེ་ལྟར་འབར། །ཁ་ནས་དགྲ་བོའི་སྙིང་རྗེན་རློན་པ་འཆའ། །སྐོམ་དུ་དགྲ་བོའི་སྐེ་ཁྲག་དྲོད་མོ་འཐུང་། །ཁ་ནས་ནད་ཀྱི་ཚྭ་ཚྭ་མེ་སྟག་འཕྲོ། །ལུས་ལ་ནད་ཀྱི་རླངས་པ་རླུང་དམར་འཚུབ། །ནད་རིགས་སྨྱོ་འབོག་ཆོ་འཕྲུལ་གཏོང་བར་བྱེད། །འབྱུང་པོ་ཐམས་ཅད་ལས་ལ་འབྱེད་པར་བསམ། །རང་གི་ངག་ནས་སྔགས་འདི་དྲག་བརྗོད་པས། །མདུན་གྱི་ལྷ་ཚོགས་ཀུན་གྱིས་རབ་བུ་བཀྱག ། ལྷ་ཚོགས་སྐུ་ལས་འཕྲོ་བའི་འོད་ཟེར་གྱིས། །ལིང་ག་དགྲ་བོ་དངོས་སུ་དབྱེར་མེད་ཅིང་། །རེ་བ་ནས་ཀྱི་མཎྜལ་ཟུར་གསུམ་ནི། །དགྲ་བོ་ཡུལ་ཁང་དགྲ་དང་དབྱེར་མེད་བསམ། །ནད་ཡམས་སྨྱོ་བརྒྱལ་ལྟས་ངན་བརྒྱད་ཅུའི་ཚོགས། །ཆར་བཞིན་བབས་ནས་སྔངས་སྐྲག་སྨྱོ་བརྒྱལ་བསམ། །སྔགས་འདི་ཤུབ་བུར་མ་ཡིན་དྲག་ཏུ་བཟླས། །བཟླ་


CMR056_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རོགས་མང་པོ་ཡོད་ན་འུར་འདོན་བཅུག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཱ། ཨ་ཀརྨ་ཡ་ཨ་ཀཎ་ཡ་འདིར་ཤོག་འདིར་ཤོག་གནོད་བྱེད་ཀྱི་སྙིང་ལ་ཨ་ཀརྨ་ཡ། གནོད་པར་བྱེད་པའི་དགྲ་བོ་འདིའི་ཚད་དང་མཚན་མ་བོར། ཚད་དང་ཉི་ཟེར་བཙུགས། དུས་དང་དུས་ཚོད་བཙུག །ལས་དང་རྟགས་ཐོན་དུས་ལ་བབ། །ཨོ་གིང་ཀ་ར་གིང་ཀ་ར། དགྲ་བོའི་སྙིང་ལ་གིང་ཀ་ར་གིང་ཀ་ར། སྲོག་ལ་གིང་ཀ་ར་གིང་ཀ་ར། ཨོ་ཏིག་ཏིག་སྲོག་རྩ་ཆོད་ཆོད་རྦད་རྦད། གཏུབ་གཏུབ། རྦད་རྦད། ཆོད་ཆོད། ལྡིབ་ལྗིབ། ནོན་ནོན། །ཞེས་པའི་སྔགས་དེ་བསྒྲུབ་མི་གཅིག་ཡིན་ན། །བརྒྱ་རེའི་མཚམས་དང་ཡང་ན་སྟོང་རེའི་མཚམས། །མདའ་དར་དེ་ལ་ཕུ་ཡིས་བཏབ་ལ་སྔགས། །མང་ན་ལག་འགྲིམ་མི་བྱ་ཕུ་འགྲིམ་བྱ། །མཆོད་གཡོག་པ་ཡིས་འཛིན་ན་ལག་ལྕིབས་དགོས། །དེ་རྗེས་མདེལ་དེ་ཤོག་བུའི་ལིང་གའི་སྟེང་། །བརྒྱབ་པའི་ཚུལ་དུ་གཏུག་གཏུག་ལན་དགུ་བྱ། །དམར་གཏོར་དེ་ནི་སྔགས་ཀྱིས་མི་བསྔོ་བར། །ཡིད་ཀྱིས་ལས་མཁན་གིང་ཀ་ར་ལ་བསྔོ། །དེ་ལྟར་སྔ་དྲོ་ནས་བཟུང་སྲོད་ཀྱི་བར། །ཇི་ལྟར་ནུས་པ་སྔགས་དང་དམིགས་པ་སྤྲད། །


CMR056_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སྲོད་ལ་བབ་ཚེ་མགོན་པོའི་དམར་གཏོར་ལ། །གང་ཞིག་བླ་མ་ལ་སྨོད་བསྐུལ་པ་དང་། །བཙན་བདུད་ཀླུ་གསུམ་མགོན་པའི་བསྐུལ་པ་འདོན། །དེ་ནས་སྔོན་འགྲོ་དཀར་གཏོར་གསེར་སྐྱེམས་འབུལ། །དེ་ནས་ལིང་ག་ཤིང་གི་སྐམ་པར་བཅུག །རེ་བ་ནས་དང་དམར་གཏོར་དང་བཅས་ཁྱེར། །དེ་རྗེས་མགོན་པོའི་དམར་གཏོར་དར་ནག་ཁྱེར། །ནམ་ཕྱེད་མི་ཡིས་མི་མཐོང་དགྲ་ཡི་ཕྱོགས། །མཁའ་འགྲོ་གཟའ་སོགས་གདོང་ནི་མ་ཐུག་པར། །གོམ་པ་དྲུག་ཅུ་རེ་བཞིའི་ཕ་རོལ་འགྲོ། །མ་མགོན་ལྷ་ཚོགས་མཚན་དང་སྔགས་ནས་འབོད། །ལས་མཁན་གིང་ཀ་ར་ཡང་ལན་གསུམ་འབོད། །དགྲ་བོ་རྨེ་ཞེས་བྱ་བ་ལ་སྨྱོ་འབོག་ནད་ཡམས་ལྟས་ངན་བརྒྱད་ཅུའི་ཆར་པ་ད་ལྟ་ཉིད་དུ་ཕོབ་ཅིག །བརྗོད་དེ་རྗེས་ལིང་ག་ས་ལ་དྲག་ཏུ་བརྡབ། །གིང་ཀ་ར་རྒྱུག་བརྗོད་པ་དེ་བཞིན་ཏུ། །ལིང་གའི་སྟེང་དུ་དམར་གཏོར་ཆུང་བ་བརྒྱབ། །དེ་རྗེས་རེ་བ་ནས་དང་བཅས་པ་བརྡབ། །དེ་སྟེང་མདའ་དར་དེ་ཉིད་ལན་དགུ་བརྡེབ། །དེ་རྗེས་གོང་གི་སྔགས་རིང་བརྗོད་བཞིན་དུ། །མགོན་པོའི་དམར་གཏོར་བརྒྱབ་ཅིང་དར་ནག་བརྡབ། །དེ་སྟེང་ཆོས་


CMR056_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

གོས་སམ་རང་གི་དུག་པོ་ནི། །མགོ་མཇུག་བསྒྱུར་ནས་ལན་དགུ་བརྡབ་པར་བྱ། །རང་གིས་བསྒོམ་པའི་གིང་ནི་ནག་པོ་དང་། །མགོན་པོ་འཁོར་བཅས་དགྲ་ཡུལ་སོང་བར་བསམ། །རང་ཉིད་སྐད་ཅིག་རྣམ་འཇོམས་བསྐྱེད་རིམ་བྱ། །ལིངྒ་ཚུར་ཁྱེར་ཕྱི་མིག་མི་བལྟ་འོང་། །ལིང་ག་དེ་ཉིད་གཏོར་སྒམ་འོག་ཏུ་བཅུག །གདམས་ངག་འདི་ཉིད་སྔ་དྲོ་བྱས་པ་ན། །ཕྱི་དྲོ་དགྲ་ལ་རྟགས་དང་ཆོ་འཕྲུལ་ནི། །འབྱུང་བར་མགོན་པོ་ཉིད་ཀྱིས་དམ་བཅས་སོ། །ཕ་རོལ་བསོད་ནམས་ཆེ་དང་སྲུང་ཟློག་མང་། །དེ་ལ་འཕྲལ་དུ་རྟགས་མཚན་མ་བྱུང་ན། །ཉི་ནག་མེ་གདོང་དྲག་སྔགས་ཐེབ་པའི་དུས། །དགྲ་ཕྱོགས་གཏོར་མ་འཕེན་པར་རུང་བའི་དུས། །སྔོན་ནས་བརྩིས་པ་སྔོན་ལྟར་ཉིན་བསྒྲུབ་རེ། །ལན་གསུམ་བསྐྱལ་ན་ཐེ་ཚོམ་མེད་པར་འབྱུང་། །ལྟས་ངན་བྱུང་དང་ནད་ཡམས་སྨྱོ་འབོག་དང་། །གྲི་རུ་འཆི་འམ་གཟའ་སོགས་ཧུར་ཐུམ་འཆི། །དེ་དག་གང་བྱུང་ཕ་རོལ་པོ་དེ་ཡི། །ཆག་སྒོ་སྲུང་ཟློག་བསོད་ནམས་ཁྱད་པར་ཡིན། །རྟགས་ཤིག་མི་འབྱུང་སྲིད་པར་མི་འགྱུར་རོ། །རྗེས་ནས་ཞུ་བཤགས་ཕུལ་ཞིང་དུམ་བྱས་ན། །ལིང་ག་རྣམ་འཇོམས་གཟུངས་


CMR056_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཆུས་བཀྲུ་བར་བྱ། །མ་དུམ་ད་རུང་བསྒྲལ་བར་མ་ནུས་ན། །ལིང་ག་དེ་ལ་དྲག་པོའི་སྦྱིན་སྲེག་བྱ། །སྦྱིན་སྲེག་ཁ་བསྒྱུར་སྔགས་དམིགས་ཞལ་ལས་ཤེས། །སྲོག་དང་ཆོ་འཕྲུལ་སྨྱུག་འབོག་ལ་སོགས་པ། །གཅིག་ཆོག་ཉིན་གཅིག་བསྒྲུབ་པའི་རླུང་སྒྲུབ་འདི། །སྔོན་ཆད་ཟིན་བྲིས་གསལ་པོ་མེད་ན་ཡང་། །སྙིགས་དུས་མགོན་པོ་བེར་ནག་ཅན་འདི་ལ། །མཐུ་དང་ནུས་པ་མེད་ཅེས་ཀུན་གྱིས་སྨད། །དཀོན་མཆོག་དབུ་འཕང་ཆུང་བས་དམའ་བར་འགྱུར། །དེ་ལ་སྙིང་གིས་བཟོད་ཐབས་མ་བྱུང་ནས། །ཤུགས་འཆང་ཅང་ཤེས་རྒྱལ་པོ་མེ་འབར་ལོ། །ཞེ་སྡང་མེ་ཁྱི་དམར་པོའི་ཟླ་བ་ཡི། །གནམ་གང་མགོན་པོ་ལན་གསུམ་རྒྱུ་བའི་ཉིན། །སྔགས་རྒན་རཱ་ག་ཨ་སྱས་སྨྲས་པ་ལྟར། །རུ་པ་སྔགས་ནག་བརྩོན་འགྲུས་ཞེས་བྱས་བྲིས། །བརྩེ་བ་བྲལ་བའི་བསྟན་བཅོས་འདི་ཉིད་ཀྱིས། །སེམས་ཅན་གནོད་པར་བྱུང་ན་མཐོལ་ལོ་བཤགས། །དགེ་བས་མགོན་པོ་བེར་ཅན་སྐོར་གསུམ་ལ། །གཤེ་སྐུར་མེད་པ་ཀུན་གྱིས་བསྟོད་ཅིང་བསྔགས། །འཛམ་གླིང་འདི་ན་འགྲན་ཟླ་བྲལ་བར་ཤོག །མངྒ་ལཾ།


previousཉམ་ཆུང་ཆོས་པར་དོ་བསྡོ་ཕོད་བཙུགས་ན། ༼ཨ༽ །པཀྵིའི་གིང་ནག་ཁྲེས་པོའི་ཁ་སྲུང་ཡོད། །next