Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞིང་བཅུ་ཚང་བའི་བསྟན་དགྲས་དོ་བསྡོས་ན། ༼ཀཾ༽ །མ་མགོན་གཏོར་ནག་སྲོག་གི་པར་བུ་ཡོད། །
   
   
   
   
   
   
   


 
previousཞིང་བཅུ་ཚང་བའི་བསྟན་དགྲས་དོ་བསྡོས་ན། ༼ཀཾ༽ །མ་མགོན་གཏོར་ནག་སྲོག་གི་པར་བུ་ཡོད། །next

ཞིང་བཅུ་ཚང་བའི་བསྟན་དགྲས་དོ་བསྡོས་ན། ༼ཀཾ༽ །མ་མགོན་གཏོར་ནག་སྲོག་གི་པར་བུ་ཡོད། །


CMR056_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། གྲུབ་ཆེན་པཀིའི་ཡབ་ཆོས་མགོན་པོ་པར་ནག་གི་སྐོར་ལས། གཏོར་ནག་སྲོག་གི་པར་བུའི་ཟིན་བྲིས་ཡོད། ༈ ན་མོ་ཤྲཱི་མ་ཧཱ་ཀཱ་ལ་ཡེ། མ་མགོན་འཁོར་བཅས་ཞབས་ལ་ཕྱག་འཚལ་ལོ། །དགོངས་པ་གྲོལ་ཞིང་བཀའ་གནང་བསྩལ་དུ་གསོལ། །རུ་པ་སྔགས་འཆང་བརྩོན་འགྲུས་རྒྱ་མཚོ་བ། །ཆོས་འཁོར་གཉེན་པོ་འཇིག་ལ་ཐུགས་པའམ། །ཁ་ཙམ་མ་ཡིན་སྒོ་གསུམ་རྩེ་གཅིག་ཏུ། །དམ་ཆོས་ཚུལ་བཞིན་བསྒྲུབ་པའི་གང་ཟག་ལ། །དམ་ཉམས་དགྲ་བོས་བར་ཆད་བྱས་གྱུར་ན། །དེ་འདུལ་ཆོས་ཀྱི་བཀའ་སྲུང་གནོངས་ཤིག་ཅེས། །ཕྱག་དང་མཎྜལ་ཕུལ་ནས་ཞུས་པའི་ལན། །བཀའ་སྲུང་གཙོ་བོ་མ་མགོན་ལྕམ་དྲལ་ལས། །མར་ཇོ་རས་ཆེན་སོགས་ནས་བརྒྱུད་པ་ཡི། །ཕྱི་སྒྲུབ་པར་བུ་ནང་སྒྲུབ་ཛ་རྡུང་བསྐོར། །གསང་སྒྲུབ་ཕུར་བུ་གསུམ་ལ་ཆ་ལག་བཅས། །རྒྱ་ཆེར་བྱུང་བ་ཡབ་རྐྱང་ཁོ་ནའི་ལུགས། །དཔེ་ཆ་ལུང་རྒྱུན་ལ་སོགས་མང་མཆིས་ཀྱང་། །དཀའ་ཚེགས་ཆེ་ཕྱིར་ཕྱག་ལེན་བྱེད་མཁན་མེད། །ཡབ་ཡུམ་ཞལ་སྦྱོར་པར་ནག་ཅེས་གྲགས་པར། །དྲག་པོའི་ལྷ་རྒྱུད་གསང་བ་ནང་ནས་གསུངས། །ཨུ་རྒྱན་


CMR056_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ཐུགས་ལ་མངའ་བ་ལགས། །དྲག་སྔགས་བཀའ་བབས་དྷ་ན་སཾ་སྐྲྀ་ཏས། །བེ་རོ་ཙ་ན་ལ་གནང་བཀའ་གཏེར་བརྒྱུད། །དེང་སང་ཀཿཐོག་ཕྱོགས་སུ་དར་བ་ལ། །མགོན་པོ་ཚོགས་བདག་ཅེས་བྱ་མཐུ་ཆེན་སྐད། །ཨོ་རྒྱན་ཆེན་པོ་སྲིན་ཡུལ་འབྱོན་ཀ་རུ། །རྒྱལ་པོས་རྫོང་བ་བྱས་ནས་གཟིམ་པའི་ནུབ། །མི་ནག་གཅིག་བྱུང་རྒྱལ་པོར་འདི་སྐད་ཞུས། །བསྒྲུབ་མི་དགོས་པའི་དྲག་སྔགས་བཅའ་ཆོག་གཅིག །སློབ་དཔོན་ལ་ཡོད་མི་ཞུ་ཅི་ཡིན་གསུངས། །སློབ་དཔོན་ལ་ནི་གནང་བར་ཞུས་པའི་ཚེ། །མ་མགོན་པར་ནག་གདམས་པ་བག་ཙམ་ཞིག །ངས་ཀྱང་སྲིན་པོ་འདུལ་ཕྱིར་མཁོ་བ་ཡིན། །གསུངས་ནས་མ་གནང་སློབ་དཔོན་བཞུད་པའི་རྗེས། །གསེར་དངུལ་རིན་ཆེན་བཀང་སྟེ་རྗེས་བསྙེག་ཚེ། །ཆུ་བོ་རི་སློབ་ཕྱག་འཚལ་མཎྜལ་ཕུལ། །སྤྱན་ཆབ་ཕྱུང་ཞིང་ཞུས་པས་འདི་ཉིད་གནང་། །ཁྱེད་རང་རིགས་ལ་མ་སྤེལ་སྐུ་སྲུང་གྱིས། །འདས་ཁོ་གཏེར་དུ་སྦོས་དང་སྲས་རྒྱུད་ལ། །ཕན་པར་འདུག་གསུངས་མཆོད་རྟེན་ནག་པོར་སྦས། །རྒྱལ་པོ་འདས་ཤིང་སློབ་དཔོན་གཤེགས་པའི་རྗེས། །སྲས་པོ་གསུམ་ཡོད་ཆེ་བ་དུག་


CMR056_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བཀྲོང་། །འབྲིང་བ་བློན་པོས་ངོ་ལོག་བྱས་ནས་བཀྲོང་། །ཆུང་བ་འཇིགས་ཡོན་སད་ན་ལེགས་དེ་ཡིས། །རྒྱལ་ས་མ་ཟིན་གྲབ་བྱུང་གཉིད་མ་ཁུག །མཚན་མོ་མཆོད་རྟེན་ནག་པོའི་རྩ་བ་དེར། །མེ་འབར་འོད་འཁྱུགས་ཆོ་འཕྲུལ་འབྱུང་བར་མཐོང་། །འདི་ན་ཡབ་དང་སློབ་དཔོན་གྱིས་སྦས་པའི། །ཕུང་འཚེང་ནུས་པའི་གཏེར་གཅིག་ཡོད་པར་ངེས། །རྒྱལ་ས་མི་ཟིན་ད་ནི་གཏེར་འདོན་ཟེར། །ནོར་གཏེར་གདའ་ན་ས་མཐར་ཁྱེར་ནས་འབྲོས། །ཆོས་གཏེར་གདའ་ན་ཉམས་ལེན་ཆོས་ཤིག་བྱེད། །མཐུ་གཏེར་གདའ་ན་མཆེད་ཡའི་ཤ་ལེན་བསམ། །བརྐོས་པས་མ་མགོན་པར་ནག་དྲག་སྔགས་དང་། །མགོན་པོ་དབྱུག་བརྡུང་དབྱུག་པར་བཅས་པ་ཐོན། །ཆོས་བློན་ཐུགས་མཐུན་བསྡུས་ནས་ལྐོག་ཏུ་ནི། །བསྒྲུབས་པས་ཟླ་གཅིག་གོང་དུ་ཁོང་གི་དགྲ། །ཞང་ནི་དབུ་རིང་ཕ་ཚན་བཅས་པ་བརླག །དེ་ནས་ཡབ་ཀྱི་ཁྲི་ནོན་རྒྱལ་ས་ཟིན། །འཛམ་གླིང་སུམ་གཉིས་དབང་བསྒྱུར་རྒྱལ་པོར་གྱུར། །ཁོང་ལ་སྲས་གསུམ་ཡོད་པའི་ཐ་ཆུང་དེ། །རྒྱལ་ས་མ་ཐོབ་མགོན་པོའི་སྒྲུབ་པ་བྱས། །ན་བཟའ་ཉི་མའི་སྲབ་མདར་འགེབ་པ་དང་། །འཇའ་ལ་འཇུས་


CMR056_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནམ་མཁར་དངོས་སུ་བྱོན། །མཚན་ཡང་ལྷ་རྟགས་ནམ་མཁའི་ལྷ་བཟུང་ཞེས། །འདི་ཉིད་འབྲི་ཆུའི་འགྲམ་ཕེབས་བཞུགས་པའི་རྒྱུད། །སྔགས་པ་སྐུ་ཚེ་རིང་བ་བཅུ་གསུམ་དང་། །ཐུང་ཤོས་མི་རབས་བཅོ་ལྔ་བྱོན་པའི་མཚམས། །གྲུབ་ཆེན་པཀྵི་འཁྲུངས་བ་ཡན་ཆད་དུ། །མ་མགོན་བསྒྲུབ་པ་རྟགས་ཐོན་ཤ་སྟག་ལགས། །དེ་ཡི་གདམས་པ་པར་ནག་ཕྱི་ནང་གསུམ། །ཕྱི་ཡི་པར་ནག་བདག་གི་པར་བུ་དང་། །ནང་གི་པར་བུ་ཐོད་པའི་པར་བུ་དང་། །གསང་བའི་པར་ནག་གཏོར་མའི་པར་ནག་གསུམ། །ཕྱི་ནང་པར་བུ་དཀའ་ཚེགས་ཆེ་བ་བཞག །གསང་བ་གཏོར་མའི་པར་ནག་འདི་ཉིད་ནི། །འགྲོ་མགོན་རས་ཆེན་ལུགས་ཀྱི་ནང་སྒྲུབ་དང་། །ཕྱོགས་ཙམ་མཐུན་ཀྱང་དོན་ལ་འདྲ་བ་མིན། །སྟེགས་བུའམ་ནི་གཞི་མ་ནག་པོའི་སྟེང་། །ལྕགས་སྣོད་ཡངས་པའི་ནང་དུ་གཏོར་ཆེན་བཅའ། །གཏོར་མའི་སུམ་གཉིས་ཡན་ཆད་ཕྱིར་བཅད་ལ། །དེ་ལ་གྲུ་གསུམ་ཧོམ་ཁུང་གཟུགས་སུ་བྱ། །ཁྲག་བྱུག་ནང་དུ་དམིགས་པའི་ལིང་ག་ནི། །ཞལ་ཤེས་བཞིན་དུ་གཉིས་བྲིས་ཁ་སྦྱོར་སྡེབ། །འགུགས་གཞུག་ལྷ་དབྱེ་གཞུང་བཞིན་བྱས་པ་སྟེ། །


CMR056_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་སྐད་དམ་ནི་ཁྱི་སྤུ་ར་བལ་བཅིངས། །དེ་སྟེང་གཏོར་མ་བཞག་ལ་ནག་པོ་བྱ། །སྤྲོ་ན་མར་གྱི་གཏོར་ཞིལ་འཇིགས་པ་བྱ། །མ་གྲུབ་མེ་རི་བྱ་ཞིང་ཙཀ་ལི་འཛུགས། །མཐའ་བསྐོར་གཏོར་ཆུང་བརྒྱད་བཀོད་ཤ་ཁྲག་བརྒྱན། །དབུ་རྩང་ཕྱག་རྩང་ཚེ་དང་ཡུངས་ཀར་བརྒྱན། །དར་གདུགས་ནག་པོའམ་ནི་མདའ་དར་བཙུགས། །སྨན་རཀ་དྲག་པོའི་མཆོད་པ་སྣ་བདུན་བསྐོར། །ཚོགས་དང་ཐུན་གཏོར་ཟན་ལིང་བཅས་པ་འཚག །གཏོར་མའི་སྟོད་ནི་མགོན་པོ་ཡབ་ཡུམ་བསྐྱེད། །སྐེད་པ་མཆོད་པ་སྨད་ནི་ལྕགས་ཁང་དང་། །དམིགས་བྱ་གང་ཡིན་དངོས་སུ་གསལ་བར་བསྐྱེད། །ཐུན་གྱི་གྲངས་དང་སྤྱིར་གྱི་འདོན་ལུགས་ནི། །དང་པོ་སྒྲུབ་པའི་དུས་དང་འདྲ་བ་ཡིན། །སྔོན་དུ་བསྒྲུབ་པ་རྟགས་ཐོན་མ་བྱས་པར། །འདི་ཉིད་བསྒྲུབས་པས་ནུས་པ་འབྱུང་བ་ཡིན། །ཐུན་མགོར་ཕྲེང་བསྐོར་རེ་རེའི་བསྙེན་པར་བྱ། །དེ་ཚེ་སྤྱན་འདྲེན་དམིགས་པ་ཁོ་ནར་འབད་སྒྲུབ་ཐབས་ནས་བཤད་ལྟར། དེ་ནས་གཏོར་མའི་པར་བུ་ལྕགས་ཁང་ནི། །དམིགས་བྱའི་ལིང་ག་དངོས་སུ་བསྐྱེད་པར་བྱ། །དེ་ནས་གཞུང་ལྟར་བཀུག་གཞུག་གསུམ་བདུན་བྱ། །དེ་རྗེས་རྩ་སྔགས་


CMR056_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་འབྲུ་བཅུ་གསུམ་ལ། །ལས་འགྲིག་ནང་གི་བཀུག་གཞུག་སྔགས་རིང་དེ། །ཕྲེང་སྐོར་ཙམ་ཞིག་བཟླས་རྗེས་དམིགས་པ་ནི། །རང་ཉིད་སྔགས་བརྗོད་སྐུ་ལས་འོད་ཟེར་ནི། །མཐིང་ནག་ཚ་ཞིང་རྩུབ་པ་མདུན་བསྐྱེད་ཕོག །རབ་ཏུ་འཕྲོས་ནས་འགུགས་སྔགས་མཉམ་དུ་གསུངས། །ཡབ་ཡུམ་སྐུ་ལས་སྤྲུལ་པའི་མགོན་པོ་དང་། །ལྷ་མོ་གཅེར་བུ་དཔག་མེད་ཕྱོགས་བཅུར་འཕྲོས། །དམིགས་ཡུལ་ལིང་ག་བྲིས་པ་གང་ཡིན་པ། །ལྕགས་ཀྱུས་སྙིང་བཟུང་ཞགས་པས་སྐེ་ནས་ཁྲིད། །རང་དབང་མེད་པར་ལིང་གར་ཐིམ་པར་དམིགས། །ལན་གཅིག་མ་ཡིན་སྔགས་འདི་བཟླ་རིང་བྱ། །དེ་ནས་རང་གི་ཐུགས་ཀའི་འོད་ཟེར་གྱིས། །བདག་དང་འགྲོ་བ་ཀུན་གྱི་སྡིག་སྒྲིབ་དང་། །ལས་ངན་རྣམ་སྨིན་ཀུན་བསྡུས་ཁོ་ལ་ཐིམ། །ཁོ་ཉིད་ཉོན་མོངས་དུག་ལྔ་རབ་ཏུ་རྒྱས། །གཙུག་ལག་ཁང་དང་གླེགས་བམ་ཐམས་ཅད་བཤིགས། །སློབ་དཔོན་དགེ་འདུན་དགྲ་བཅོམ་ཐམས་ཅད་བསད། །བསྒྲལ་བའི་ཞིང་བཅུ་ཁོ་ལ་ཚང་བར་དམིགས། །དཔལ་ལྡན་བདེར་གཤེགས་ཐུབ་པ་ལ་སོགས་པ། །སངས་རྒྱས་ཀུན་ལ་གཟུ་དཔང་ཚིག་དེ་ཞུ། །གང་ཞིག་ལ་


CMR056_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གནང་བ་བྱིན་པར་བསམ། །ནམ་མཁའ་གང་བའི་སངས་རྒྱས་བྱང་སེམས་ལ། །ཐམས་ཅད་གཟིགས་སོགས་གཟུ་དཔང་ཚིག་དེ་ཞུ། །གཞུང་ལྟར་ལྷ་དབྱེའི་གཏོར་མ་གཅིག་བཤམས་འབུལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཞེས་སོགས། ལྷ་དབྱེའི་སྔགས་རིང་བརྒྱའམ་ཉེར་གཅིག་བརྗོད། །ཐ་མ་བདུན་ལས་ཉུང་ན་མི་དགོས་ཏེ། །ཕ་རོལ་ནུས་ལྡན་ཡིན་ན་རིགས་པས་དཔགས། །ཁོ་ལ་བསྲུང་ཞིང་སྐྱོབ་པའི་ལྷ་ཀུན་ལ། །ཁོ་རང་དུག་ལྔ་རྒྱས་པས་ཕུར་པ་བཏབ། །དམ་ཚིག་ཉམས་པས་ལྷ་ཀུན་བྲོས་པར་བསམ། །དེ་ནས་སྟེང་གི་མ་མགོན་ཐུགས་ཀ་ནས། །ཧཱུྃ་ནག་ཛ་དམར་གཉིས་ནི་ཕྱིར་ལ་འཕྲོས། །ཁོ་ཡི་ཚངས་བུག་བཤང་ལམ་གཉིས་ནས་ཞུགས། །སྙིང་ཁར་ཕྱིན་པས་ཟངས་ལྕགས་འཁོར་ལོར་གཉིས། །རྩིབས་བརྒྱད་གྲི་གུག་དབྱིབས་འདྲ་ཤིན་ཏུ་རྣོ། །སྟེང་མ་ལྕགས་འཁོར་གཡས་དང་ཟངས་འཁོར་གཡོན། །དྲག་ཏུ་འཁོར་བས་ཤ་ཁྲག་དམར་ཉིལ་གཏུབ། །མ་མགོན་འཁོར་ཚོགས་ལས་བྱེད་ཐམས་ཅད་ཀྱི། །ལ་ལས་མཚོན་ཆ་སྣ་ཚོགས་ཆར་འབེབས་ཤིང་། །ལ་ལས་ཤ་ཁྲག་རུས་པ་ཧབ་ཐོབ་ཟོས། །བྱ་རྒོད་ཐེད་ལ་རུབ་པ་ལྟར་བསྒོམ་


CMR056_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །གཞུང་གི་མ་མགོན་སྤྱི་དྲིལ་སྔགས་རིང་དེ། །ཤུབ་བུར་མ་ཡིན་སིལ་བུར་དྲག་ཏུ་བཟླས། །དེ་ཡི་སྔགས་་་་སྔགས་སྟོང་རེའི་མཚམས་སུ་ཡུངས་ཀར་གྱིས་བྲབ་པ་ཡིན་གསུངས། མཆན། ཐིམ་མན་ངག་ཞལ་ལས་ཤེས། །སྐབས་སུ་ཡུངས་ཀར་ལ་སོགས་ཐུན་རྫས་ལ། །ཁ་རླངས་མ་བཏང་ཕུ་ཡིས་བཏབ་བྱས་ལ། །གཏོར་མའི་སྟོད་ཆར་མི་བཏབ་སྨད་ཆར་བྲབ། །ཐུན་མཚམས་ལིང་ཆུང་བཀུག་གཞུག་ཉུང་བ་བྱ། །གྲི་གུག་གམ་ནི་མི་བསད་མཚོན་གྱིས་གཏུབ། །རོལ་མོ་དང་བཅས་གསོན་ཅིག་མ་བཏོན་ལ། །དབུགས་ལེན་ཡབ་ཡུམ་དྲེགས་པ་དོན་གཉིས་བསྐུལ། །པར་ནག་འདི་ཡི་བསྐུལ་བ་དངོས་ཡིན་པས། །དེ་གཉིས་རེས་མོས་བྱས་ལ་བསྐུལ་པ་བྱ། །དམིགས་པའི་ཕྱོགས་སུ་ཟོར་དུ་འཕེན་པའམ། །རྒྱུ་ལྡོག་མ་འགྲིག་ན་ཡང་དེ་ཕྱོགས་འབུལ། །གཏོར་མ་འབུལ་མི་མི་ནག་གཅེར་བུར་བསྒོམས། །གཏོར་མ་གྲི་གུག་མེ་འབར་དམར་ལིང་ལིང་། །འཁོར་ཞིང་འགྲོ་སྟེ་ཕུལ་ལམ་འཕང་བ་ཡིས། །བར་སྣང་གཟའ་རྒོད་རྒྱུག་པ་ལྟ་བུར་སོང་། །ཁོ་རང་གར་ཡོད་དེ་ཡི་སྙིང་ཁར་ཕོག །ཐོག་རྒྱབ་ལྟ་བུར་རྗེས་མེད་སོང་བར་བསམ། །དེ་ནས་


CMR056_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་ཐུན་བཟུང་ལ་སོགས་པ། །སྔ་མ་བཞིན་དུ་ཐུན་བཞིར་འབད་པར་བྱ། །གཅིག་མིན་མང་པོས་བསྒྲུབས་ན་མྱུར་བ་སྟེ། །གཞུང་བསྲང་དེ་དག་དྲག་རིམ་གསུམ་ཙམ་བྱ། །མང་བས་སྔགས་རྒྱུན་མ་ཆད་བྱུང་ན་མཆོག །ཉུང་ན་སྔགས་རྒྱུན་མི་དགོས་ཅི་ནུས་བཟླས། །སྔགས་ལ་གྲངས་མེད་རྟགས་དང་དུས་ཀྱི་ཚད། །དུས་ནི་རབ་ཀྱི་ཞག་བདུན་འབྲིང་བཅུ་བཞི། །ཐ་མས་ཀྱང་ནི་ཉེར་གཅིག་ངེས་པར་འགྲུབ། །ཐུན་པར་མང་ཉུང་དམིགས་པ་གསལ་མི་གསལ། །ཕ་རོལ་སྟོབས་དང་བསོད་ནམས་ཆེ་ཆུང་བསྐྱེད། །ལྷ་མེད་བསོད་ནམས་ཆུང་ལ་བདུན་རེས་ཆོག །ཐུན་པ་མང་ན་ཞག་གསུམ་ཙམ་གྱིས་འོང་། །བྱ་དང་རི་དྭགས་གཅན་གཟན་དགྲ་དངོས་སོགས། །བཟུང་དང་བཅིག་དང་བཅིང་སོགས་ཁུག་པའི་རྟགས། །དམག་ཇག་ཕར་ལ་འགྲོ་དང་རི་དྭགས་དང་། །དེ་ནི་རྦད་རན་དགྲ་ལ་ཆས་པའི་རྟགས། །བཤའ་བསད་མགོ་སྙིང་ནང་རོལ་གཏོང་བ་དང་། །ཤ་ཁྲག་ལོངས་སྤྱོད་བྱེད་པ་སོད་པའི་རྟགས། །ལན་རེ་མ་ངེས་ལན་གསུམ་བྱུང་ན་ངེས། །ཤ་བཙོས་རུས་པ་བརྡུང་དང་པགས་པ་རྙེད། །དེ་བྱུང་སྲུང་ཟློག་རིམ་གྲོས་ཀྱང་མི་བསླུ། །


CMR056_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ནང་རྟགས་མ་བྱུང་ཕྱི་རྟགས་འབྱུང་མི་སྲིད། །དུས་དང་གྲངས་ཚད་མ་ངེས་རང་རྟགས་གཙོ། །དེ་ནས་གཟའ་སྐར་ཐེབས་པའི་དུས་དང་བསྟུན། །གཏོར་མའི་སྟོད་ཆ་སྣོད་གཙང་ནང་དུ་བཞག །སྨད་ཆ་ཚུར་ལ་མི་ལེན་ཕར་འགྲོ་སྟེ། །ལས་འགྲིགས་ནང་གི་ཕུར་འདེབས་རྒྱས་པར་བྱ། །ལས་འགྲིགས་ནང་གི་སྔགས་རིང་བརྗོད་བཞིན་དུ། །ཐུན་རྫས་གང་ཡོད་རྣམས་ཀྱིས་ལིང་ག་བྲབ། །ལིང་ག་གཉིས་ལས་མེད་དེ་མང་ཡངརུང་། །གཞན་རྣམས་བཞག་ལ་གཅིག་ནི་གཏུབས་བྱས་ཏེ། །རྐང་པ་གཡོན་པའི་མཐེའུ་ཆུང་ནས་བཟུང་སྟེ། །གྲི་གུག་གམ་ནི་མི་བསད་མཚོན་གྱིས་གཏུབ། །ཤོག་དུམ་ཐོད་པའམ་ནི་ལྕགས་སྣོད་བླུགས། །དེ་འཕྲོ་ལིང་ག་ཧོམ་ཁུང་ཡོད་པའི་སྟེང་། །སྔར་ལྟར་ལྷ་བསྐྱེད་གཏོར་མ་མནན་ལ་བཞག །ཤོག་ལིང་བྱེད་དང་ཟན་ལིང་མང་པོ་དང་། །ཤ་ཁྲག་ཡམ་ཤིང་མར་ཁུ་ལ་སོགས་པ། །དྲག་པོའི་སྦྱིན་སྲེག་བྱ་ཚུལ་སྤྱི་དང་མཚུངས། །སྦྱིན་སྲེག་སྔགས་ཀྱི་ཁ་བསྒྱུར་ཞལ་ལས་ཤེས། །ཐབ་ཏུ་མ་མགོན་བསྐྱེད་པ་སྤྱི་དང་མཚུངས། །དེ་ནས་ཐལ་བ་ཁྲག་ཆུས་གཞིལ་བར་བྱ། །ཐལ་བ་དེ་ལ་མང་ཉུང་


CMR056_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་གསུམ་བགོས། །མང་བ་གཉན་སར་དྲག་པོའི་རླུང་ལ་ཕྱར། །དེ་མ་འཛོམས་ན་རྒྱ་གྲམ་ལམ་དཀྱིལ་བླུགས། །ཆུང་བ་ཆ་གཅིག་གཏོར་མདོས་ནང་དུ་བླུག །ཐེབས་ལྡོག་ཕྱོགས་དང་དགྲ་ཕྱོགས་འགྲིགས་པའི་དུས། །གསེར་སྐྱེམས་དཀར་གཏོར་བཏང་བ་སྔོན་སོང་ནས། །གཏོར་མའི་ལྷ་དེ་ནམ་མཁར་བཏེག་བྱས་ལ། །གཏོར་མ་མེ་འབར་མཚོན་ཆའི་ཕུང་པོར་གྱུར། །གསོན་ཅིག་མ་དང་བཞེས་འབོད་བཏོན་ལ་འཕང་། །དུག་པོ་དར་ནག་བརྡབ་ཅིང་རྟ་བྲོ་བརྡུང་། །ནང་དུ་ཕྱིན་ནས་གཞུང་ལྟར་གཡུལ་རྒྱལ་གྱེར། །ཐལ་བ་ཆ་རེ་ལིང་ག་དང་བཅས་པ། །ལྷ་འདྲེ་མ་རུངས་གདུག་པ་གནས་པའི་སར། །བྲག་སྣ་ཆུ་མིག་ཤིང་གཅིག་དྲུང་ལ་སོགས། །ལྟོ་འཕྱེ་རྒྱུ་ཕྱོགས་ཤེས་པས་ས་བརྐོས་ལ། །ཧ་ཀྱང་རིང་ན་རང་ལ་ལྡོག་ཉེས་དང་། །གྲུ་གང་ལས་ཐུང་ཕན་གནོད་མེད་པར་བཤད། །གྲུ་གང་སོར་བཞིའམ་ཚད་དེ་མནན་བྱས་ཏེ། །སྦྱིན་སྲེག་ཐལ་བ་ལིང་ག་མཉམ་དུ་མནན། །འགུགས་གཞུག་ལན་གསུམ་བྱས་རྗེས་ཐུན་གྱིས་བྲབ། །ཡུལ་དེས་ལྷ་འདྲེ་བོས་ལ་དཀར་གཏོར་སྦྱིན། །ང་ཉིད་མ་ལེན་ཁོ་ཉིད་ལེན་པའི་ཚུལ། །མི་ལ་བཤད་


CMR056_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལྷ་འདྲེ་ཡོས་རྡོར་བྱེད། །ངུ་འབོད་མཆི་མ་བཏང་ཚུལ་བྲང་ཡང་བརྡུང་། །ལྷ་འདྲེ་ཁྱོད་ལ་མཐུ་རྩལ་སྟོབས་ཡོད་ན། །ཞག་བདུན་ཟླ་གཅིག་ལ་སོགས་དུས་ཚོད་འདིར། །འདི་ལ་རྟགས་སྟོན་གལ་ཏེ་རྟགས་མེད་ན། །ཁྱེད་ལ་མཐུ་རྩལ་མེད་ཅེས་འཇིག་རྟེན་འཕྱ། །ལྷ་འདྲེ་ཀུན་གྱིས་སྡུན་ན་ངོ་ཡང་ཚ། །མཐུ་རྩལ་ཅི་འདུག་ད་ལྟ་རེམ་ཞེས་བརྗོད། །འདི་རུ་དམར་གཏོར་གཅིག་གམ་གསུམ་བཤམས་ལ། །གཞུང་གི་བཙན་བདུད་ཀླུ་གསུམ་བསྐུལ་བ་བྱ། །དགྲ་ཕྱོགས་གཏོར་མ་ཕུལ་བའི་ཁྲག་རྗེས་བསྟོད། །དེ་ནས་སས་གཡོགས་རོ་གཡམ་རྒྱ་གྲམ་བཀབ། །དམ་དུ་བརྡུང་ཞིང་མི་ཡིས་མི་མངོན་བྱ། །ཕྱི་མིག་མི་ལྟ་ཚུར་ལ་འོང་བའི་ལམ། །ཐོ་བརྩེགས་བྱ་ཁྱུང་བསྒོམ་ལ་བོན་སྐོར་བྱ། །སྒབ་མར་ཚེར་མ་དྲུད་ཅིང་ཁྱུང་སྔགས་བཟླས། །ཁྱིམ་དུ་ཕྱིན་ནས་རྣམ་འཇོམས་གཟུངས་ཆུས་བཀྲུ། །ཤིན་ཏུ་མྱུར་དགོས་ལིང་ག་མང་བྱས་ལ། །གཉེན་ས་མང་པོར་བྱས་ན་ཤིན་ཏུ་མྱུར། །ས་རུ་སྦས་པས་མཐོང་དོགས་མི་ཕོད་ན། །རྭ་ཅོར་བཅུག་ལ་ཤིང་དང་ལ་ཆས་བསྒར། །རེ་ཞིག་ནང་དུ་ཆུ་ཡང་མི་འགྲོ་བྱ། །གཏིང་རྡོ་བཏགས་


CMR056_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཚོ་གཉན་ནང་དུ་འཕང་། །དེ་བྱེད་ཆོག་པའི་གདམས་ངག་ཞལ་ལས་ཤེས། །དེ་ལྟར་མ་མགོན་གཏོར་ནག་པར་བུ་ཡི། །སྲོག་སྒྲུབ་མནན་བསྲེགས་འཕང་གསུམ་མཐའ་བསྡུད་བཅས། །སྔོན་ཆད་ཡི་གེར་མ་གྲགས་སྙན་དུ་བརྒྱུད། །སངས་རྒྱས་བསྟན་པ་སྲུང་བའི་མཚོན་ཆ་འདི། །སྙིང་གི་བུ་མཆོག་བརྩོན་འགྲུས་ཁྱོད་ལ་གདམས། །རང་ལ་རྩ་བའི་བླ་མར་འཛིན་པ་དང་། །ཆོས་ལུགས་འདི་ཡི་བསྟན་ལ་ཕན་ངེས་པ། །མ་གཏོགས་གཞན་ལ་སྤེལ་བར་བྱ་བ་དང་། །བསྟན་དོན་དེ་ལ་ཕན་པ་མ་ཡིན་པའི། །རང་འདོད་རང་དོན་ཁོ་ནར་འདི་བསྒྲུབས་ན། །ལས་ཀྱི་མཐའ་ཟློག་མནར་མེད་དམྱལ་བར་འགྲོ། །མ་མགོན་སྲུང་མ་རྣམས་ཀྱི་ཐུགས་ཀྱིས་ཁྲེལ། །འཁོར་གྱི་བཀའ་སྡོད་རྣམས་ཀྱིས་བཀའ་ཆད་ཕོག །དེ་སྐད་ཤུགས་འཆང་མེ་ཕོ་རྟ་ཡི་ལོ། །ཞེ་སྡང་མེ་འབར་ཁྱི་ཡི་ཟླ་བ་ཡི། ཉེར་དགུའི་དགོང་མོ་ལྷ་འདྲེ་གློག་འགྱུའི་དུས། །སྔགས་ནག་རཱ་ག་ཨ་སྱས་སྨྲས་པ་སྟེ། །རུ་པ་སྔགས་ནག་བརྩོན་འགྲུས་རྒྱ་མཚོས་བྲིས། །བརྩེ་བ་བྲལ་བའི་བསྟན་བཅོས་འདི་བརྩམས་པས། །ཉེས་ལྟུང་ཡེ་ཤེས་སྲུང་མ་རྣམས་ལ་བཤགས། །དགེ་བས་དཀོན་མཆོག་
དབུ་འཕང་མཐོ་བར་ཤོག །མངྒ་ལཾ།། གནད་འགག་གང་ཆེ་བ་ཞལ་ཤེས་གདའ་བས་དཔེ་འདི་ཁོ་ནས་མི་ཆོག སྤེལ་རུང་མི་རུང་ཡང་གོང་དུ་གསལ་བས་ཤེས་པར་བྱོས་ཤིག །ཅེས་མཆན་བུ་འདི་སློབ་བུའི་བྱས་སོ། །མངྒ་ལཾ།།


previousཞིང་བཅུ་ཚང་བའི་བསྟན་དགྲས་དོ་བསྡོས་ན། ༼ཀཾ༽ །མ་མགོན་གཏོར་ནག་སྲོག་གི་པར་བུ་ཡོད། །next